རྒྱལ་རོང་མ་ཧཱ་ཡུལ་གྱི་གེ་སར་རྡོ་བརྐོས་སྒྱུ་རྩལ།

གཉགས་ཆོས་ཉིད་རྡོ་རྗེ། 〔དར་མདོ།〕 དཀོན་རྡོར་གྱིས་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


ཚོན་ཁྲ་ཅན་གྱི་གེ་སར་རྡོ་བརྐོས་རི་མོ།

   ཟླ་བ་ལྔ་པའི་དཔྱིད་རླུང་གིས་བསུས་པའི་མཐོ་སྒང་ནི་ཕྱུག་པོའི་བུ་མོ་གནས་ལ་འགྲོ་བའི་སྒེག་འཕྱོར་བཞིན་མདོག་ལྔའི་མེ་ཏོག་གི་རྒྱན་ཕྲེང་འདེགས་བཟོད་དཀའ་བ་ཙམ་དུ་སྤྲས་ཤིང་། ཕ་གའི་མེ་ཏོག་སེར་ཆེན་གྱི་གསེར་འོད་འཕྲོ་བའི་ཐང་དཀྱིལ་ན་ཆགས་པའི་དགོན་སྡེ་ཁྲ་མོ་ཡང་། གསེར་གྱི་སྡེར་མ་ལ་མུ་ཏིག་གི་ཚོམ་བུ་བཀོད་པ་དང་འདྲ་བར། རིག་རྩལ་དང་རང་བྱུང་གི་སྡེབ་སྦྱོར་གཟུགས་གཅིག་ཏུ་འདྲེས་པའི་ངོ་མཚར་སྒྱུ་མའི་ལྟད་མོ་ལེགས་བྱས་བསོད་ནམས་ཀྱི་ཞིང་དུ་གྲུབ་པ་སྟེ། དེ་ནི་མདོ་ཁམས་ར་བ་སྒང་གི་རི་རྒྱུད་དུ་གཏོགས་ཤིང་ཆུ་བོ་རྒྱལ་མོ་རྔུལ་ཆུའི་ནུབ་འགྲམ་དུ་ཆགས་པའི་དཀར་མཛེས་ཁུལ་རོང་བྲག་རྫོང་གི་མ་ཧཱ་སྐྱིད་ལུང་སྡེ་བའམ་སྐྱིད་ལུང་འབྲོག་སྡེ་ཕྱུག་མོར་གྲགས་པ་དེ་ཡིན། །

གེ་སར་རྡོ་བརྐོས་སྒྱུ་རྩལ་གྱི་གནས་མཆོག་རོང་བྲག་མ་ཧཱ་ཡུལ།

   དེ་རིང་ནི་སྤྱིར་བཏང་གི་ས་ཆ་འདིར་སྤྱིར་བཏང་མིན་པའི་དུས་ཚོད་ཅིག་སྟེ། འཛམ་གླིང་གེ་སར་རྒྱལ་པོས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་ལ་མངའ་དབང་མཛད་པའི་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་གྱི་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་བཀྲ་ཤིས་ལྷ་ཉིན་དཀར་པོ་ལ། ཡུལ་སྡེ་འདིར་གནའ་སྔ་མོ་ནས་གེ་སར་ནོར་བུ་དགྲ་འདུལ་གྱི་མཛད་པ་ལས་འཕྲོས་པའི་གཏམ་རྒྱུད་རྒྱ་ཆེ་ལ་རྒྱང་རིང་བ་མང་པོ་རླུང་ལྟར་དུ་ཁྱབ་ཅིང་། གེ་སར་གྱི་ཕྱག་རྗེས་དང་བཞུགས་ཁྲི། འབྲུག་མོའི་མཚེར་ཤུལ་དང་སྟག་རོང་གི་མི་རྒྱུད་སོགས་གནའ་ཤུལ་ངོ་མཚར་ཅན་དང་མ་ཧཱ་སྐྱིད་ལུང་དགོན་གསང་སྔགས་ཆོས་སྡེ་གླིང་འདེབས་པ་པོ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་མཛད་པའི་གེ་སར་གྱི་སྒྲུབ་པ་དང་། གེ་སར་གྱི་ཆོས་སྒྲུང་། གེ་སར་གྱི་བསང་གསོལ་འདྲ་མིན་དང་། བླ་མའི་གདུང་རབས་ལས་བྱོན་པའི་རྗེ་བཙུན་མ་ཟླ་གསལ་དབང་མོའི་ཧོར་འདུལ་གྱི་སྒྲུང་དང་བསྟོད་སྒྲུབ་གསོལ་གསུམ་གྱི་གསུང་སྐོར་སོགས་དང་། ལྷག་པར་དུ་གེ་སར་ལྷ་ཁང་དང་། གེ་སར་རྡོ་མཁར། གེ་སར་ལབ་ཙེ། གེ་སར་བསང་ཁྲི། གེ་སར་རྡོ་བརྐོས་སོགས་འབོར་ཆེན་ཡོད་པས། ན་ལོར་དཀར་མཛེས་ཁུལ་དུ་གེ་སར་ཤུལ་རྗེས་འཚོལ་སྐྱོབས་ཀྱི་ལས་འགུལ་དུ་རྒྱལ་ཡོངས་ཀྱི་གེ་སར་རིག་པའི་ཆེད་མཁས་པ་སྤྱི་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དབྱང་ཅ་མིང་སོགས་ཀྱིས་ངོ་མཚར་བསྔགས་པའི་མེ་ཏོག་མགྲིན་གཅིག་འཐོར་ཏེ། ས་གནས་གཅིག་ན་གེ་སར་འཁོར་བཅས་ཀྱི་རྡོ་སྐུ་ཁོ་ན་འབོར་ཆེ་བ་ལྔ་བརྒྱར་ཉེ་བ་ཙམ་ཡོད་པ་ནི་ད་སྔོན་ས་གནས་གང་དུའང་མ་དར་ཞིང་། འཛམ་གླིང་ན་མེད་པའི་གེ་སར་རིག་གནས་ཀྱི་མངོན་རྗེས་གསར་པ་ཞིག་རྙེད་དོ་ཞེས་ཡང་ཡང་བརྗོད་པ་ལྟར་ལགས་ཤིང་། གཞན་ཡང་ཡུལ་སྡེ་འདིར་གེ་སར་འཁྲབ་སྟོན་གྱི་སྲོལ་རྒྱུན་དར་ཆེ་བ་ཡོད་དེ། དེ་ལའང་ནང་གསེས་སུ་དགོན་པའི་འབག་འཆམ་དང་དམངས་ཁྲོད་ལྷ་མོའི་འཁྲབ་ཚན་ཅན་རིགས་གཉིས་སུ་ཡོད་པ་རྣམས་ཀྱང་། ལོ་རྒྱུས་ཀྱི་མཚོན་དོན་ཟབ་ལ་སྒྱུ་རྩལ་གྱི་གསོན་ཉམས་ལྡན་པ། དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བ་སོགས་ཀྱི་ནང་གསེས་སུ་གྱུར་པ་《རྟ་རྒྱུགས། 》 《གསེར་གླིང་། 》 《ནོར་འགྱེད། 》 《དམྱལ་གླིང་། 》 《སྤྱི་བསངས། 》 《ཁྲོམ་འཆམ། 》 《འབག་འཆམ། 》བཅས་འཁྲབ་ཚན་རིགས་མང་དུ་ཡོད་པས། དེ་རིང་ནི་མཆོག་སྤྲུལ་ཨོ་རྒྱན་རིག་འཛིན་ཉིད་ནས་སྔར་གྲ་སྒྲིག་བྱས་ཟིན་པའི་ལྷ་ཤིང་ཤུག་པའི་དེའུ་འབུར་དང་འདྲ་བའི་བསང་ཁྲི་ལ་གཡས་སྐོར་བྱེད་ཅིང་། སྨུག་ལ་ཁྲོ་ཉམས་ཅན་གྱི་བཞིན་མདངས་ལ་དཔོག་དཀའ་བའི་ལྟ་བ་ཐོར་བྱུང་གི་ཉམས་ཤིག་དང་། དགྲ་འདུལ་དཔའ་ཆས་ཀྱི་འཁོར་གསུམ་ལས་རྫོགས་པའི་ངང་། ཨོ་ལྷ་གསོལ་ལོ། ཞེས་གསུང་སྐད་གདངས་མཐོ་ལ་ཞལ་ལྕེ་སྒྲ་དག་པའི་བསྟོད་གསོལ་གྱི་ཚིག་མཚམས་རེ་བཞིན་མི་མང་ཀི་ཀི་བསོ་བསོ་ལྷ་རྒྱལ་གྱི་འབྲུག་སྟོང་དུས་གཅིག་ཏུ་སྒྲོག་པ་དང་། དུད་སྤྲིན་དཀར་པོའི་ལྡིང་སྐོར་ལ་བསྡོངས་པའི་རླུང་རྟ་སྣ་ལྔའི་འཕུར་སྐྱོད་ཀྱིས་གནམ་ས་བར་སྣང་མེད་པར་གཅིག་ཏུ་འདྲེས་པའི་འཇའ་ཚོན་གྱི་གུར་ཁང་དུ་དཀྲིགས་པར་གྱུར་ཏོ། །  

གེ་སར་རྡོ་བརྐོས་སྒྱུ་རྩལ། 


རྩོམ་ཡིག་སྔོན་མ།
ཉག་རོང་སྤང་རིང་ཟམ་པ།
རྩོམ་ཡིག་རྗེས་མ།
རླུང་རྟ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1