རྒྱ་བོད་ཡིག་བསྒྱུར་གྱི་བསྡུས་སྣོན་སྒྱུར་ཐབས་སྐོར་ཅུང་ཙམ་གླེང་བ།

བློ་བཟང་རྣམ་རྒྱལ། (དཀར་མཛེས།) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


        ཀུན་གྱིས་མཁྱེན་གསལ་ལྟར་གནའ་ནས་ད་བར་རྒྱལ་ཁབ་བམ་མི་རིགས་གང་ཞིག་ཡིན་རུང་། ནུས་པ་གང་ཡོད་ཀྱིས་མི་རིགས་རང་གི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། དུས་མཚུངས་སུ་མི་རིགས་གཞན་གྱི་ཚན་རྩལ་སོགས་ཁྱབ་གདལ་དུ་སོང་བའི་ལེགས་ཆ་ཀུན་ཐབས་བརྒྱ་ཇུས་སྟོང་གིས་བསྡུ་ལེན་བྱས་པའི་བརྒྱུད་རིམ་ཁྲོད་ཡིག་བསྒྱུར་རིག་པས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་སློབ་གསོ་དང་དམག་དོན། ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕྱོགས་གང་ཐད་ལ་ཆུ་བོའི་ཕ་རོལ་ཏུ་བརྒལ་བྱེད་ཀྱི་གསེར་ཟམ་ལྟ་བུའི་ནུས་པ་གལ་ཆེན་འདོན་གྱི་ཡོད་ལ། ལྷག་པར་དུ་དེང་སང་འཛམ་གླིང་ཡོངས་སུ་ཚན་རྩལ་དང་ཆ་འཕྲིན་ལས་རིགས་དབྱར་མཚོ་རྒྱས་པ་ནང་བཞིན་འཕེལ་རྒྱས་འགྲོ་བཞིན་པ་དང་སྦྲགས། ཡིག་སྒྱུར་རིག་པར་ཡོད་པའི་སྲོག་རྩ་ལྟར་གྱི་ནུས་པའང་ཉིན་བཞིན་མངོན་གསལ་དོད་པོར་འགྱུར་བཞིན་ཡོད། ཡིག་སྒྱུར་ཐབས་ཤེས་གང་ལ་གང་འཚམ་ཞིག་ཁོང་དུ་ཆུད་རྒྱུ་ནི་དེང་དུས་སྤྱི་ཚོགས་ཀྱིས་ང་ཚོ་ཤེས་ལྡན་མི་སྣར་གནང་བའི་དགོས་ངེས་ཀྱི་ཆ་རྐྱེན་དོན་ཚན་གལ་ཆེན་ཞིག་ཏུ་གྱུར་ཟིན། དེ་ཡང་རྒྱ་བོད་ཡིག་སྒྱུར་ལས་ཀ་ལ་མཚོན་ན། སྣོན་སྒྱུར་དང་བསྡུས་སྒྱུར་གཉིས་པོ་ནི་ཡིག་སྒྱུར་བྱ་བའི་ཁྲོད་མི་སྤྱོད་ཐབས་མེད་ཀྱི་ཐབས་ཤེས་རིགས་གཉིས་ཡིན་ལ་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ཡིག་བསྒྱུར་ཁྲོད་རྩོམ་རིགས་གང་ཞིག་བསྒྱུར་རུང་། ཐ་སྙད་དང་བརྡ་སྤྲོད་ཀྱི་སྒྱུར་བྱ་དང་འཕྲད་ཚེ་ཅིས་ཀྱང་སྒྱུར་ཐབས་དེ་གཉིས་བེད་སྤྱོད་བྱ་དགོས། ཡིག་བསྒྱུར་ལག་ལེན་སྐབས་སྒྱུར་ཐབས་དེ་གཉིས་བེད་སྤྱོད་བྱེད་ཚུལ་ཚད་ཐོག་མ་ཟིན་ན་འགྱུར་མ་སྐབས་ཚིག་དོན་བསྐྱར་ཟློས་དང་། ནང་དོན་ཆད་ལྷག རྗོད་ཚིག་སྐམ་ཞིང་སྙན་ཆ་ཞན་པ། ཚིག་སྦྱོར་བརྗོད་མི་བདེ་བ་སོགས་གནད་དོན་སྣ་ཚོགས་འབྱུང་སྲིད་པ་དེ་བཤད་ཅི་དགོས།
        དང་པོ། སྣོན་སྒྱུར་དང་བསྡུས་སྒྱུར་གཉིས་ཀྱི་རྩ་བའི་ཁྱད་ཆོས་དང་ཚད་གཞི་བཤད་པ།
        སྤྱིར་སྣོན་སྒྱུར་དང་བསྡུས་སྒྱུར་གཉིས་པོ་ནི་རྒྱ་བོད་ཡིག་སྒྱུར་སྐབས་ཀྱི་སྟབས་བདེའི་ལེགས་ཆ་འཛོམས་པའི་སྒྱུར་ཐབས་ཀྱི་རིགས་ལ་ངེས་ཤིང་། རྟག་པར་རྒྱ་བོད་སྐད་གཉིས་ཀྱི་ཁྱད་ཆེ་སའི་གནད་དོན་ཐག་གཅོད་བྱེད་ཆེད་ཐ་སྙད་དང་བརྡ་སྤྲོད་ཀྱི་བསྒྱུར་བྱའི་ཐད་ལ་བེད་སྤྱོད་བྱེད་ཀྱི་ཡོད། ཡིག་བསྒྱུར་གྱི་ཚད་གཞིའི་ཐད་སྒྱུར་ཐབས་གཉིས་ཀས་མ་ཡིག་གི་བརྗོད་དོན་འབུར་དུ་ཐོན་པ་དང་། འགྱུར་མའི་མིང་གི་སྡེབ་སྦྱོར་གྱི་འབྲེལ་བ་མཐུན་སྦྱོར། འགྱུར་མའི་མིང་གི་བརྡ་སྤྲོད་གྲུབ་ཚུལ་གྱི་བྱེད་ནུས་དང་ཚིག་སྦྱོར་གྱི་གོམས་གཤིས། ཚིག་སྡུད་བྱེད་སྲོལ་བཅས་དང་ཡང་མཐུན་སྦྱོར་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད།
ཀ སྣོན་སྒྱུར་བཤད་པ།
        སྣོན་སྒྱུར་ཞེས་པ་ནི་མ་ཡིག་གི་རྗོད་ཚིག་སྔ་ཕྱིའི་བརྗོད་དོན་དང་གཏན་ཚིགས་ཀྱི་འབྲེལ་བར་གཞིགས་ནས་མ་ཡིག་གི་བརྗོད་དོན་སྔར་ལས་ལྷག་པར་ཇི་བཞིན་འགྱུར་ཡིག་ཏུ་ཕབ་སྒྱུར་བྱེད་པ་དང་། འགྱུར་ཡིག་གི་རྗོད་ཚིག་གི་རྣམ་པར་བརྗོད་བདེ་ཞིང་གོ་སླ་བའི་ཁྱད་ཆོས་དངོས་སུ་འཛོམ་ཐུབ་ཆེད། འགྱུར་ཡིག་ནང་མ་ཡིག་གི་ཡིག་ཐོག་ཏུ་མེད་པའི་མིང་ཚིག་ཁ་ཤས་ཁ་སྣོན་བྱེད་པའི་སྒྱུར་ཐབས་ལ་གོའོ། སྤྱིར་བཏང་དུ་སྣོན་སྒྱུར་གྱི་བྱེད་ནུས་གཙོ་བོར་གཤམ་གྱི་དོན་ཚན་དག་ཏུ་བསྡུས་ཆོག
1 མ་ཡིག་གི་ཚིག་དོན་གསལ་བའི་ཆེད་དུ་སྣོན་སྒྱུར་བྱེད་པ།
        དཔེར་ན་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》ལས་བྱ་མ་བརྒྱ་བུ་བརྒྱ། ཤིང་ཟླུམ་པོ་རྩ་རྩེ། ཉིན་གཅིག་མི་རེས་ལུག་ཤ་སྦུབས་རེ་ཟ་བ་པགས་པ་མཉེས་ཟིན་པ་དང་། ཆང་བན་རེ་འཐུང་བ། མ་བཟི་བ་སོགས་འགྲུབ་པར་དཀའ་བའི་རིག་པ་མང་པོ་འགྲན་བཅུག་པས……ཞེས་པའི་ཚན་པ་ནང་གི་བྱ་མ་བརྒྱ་བུ་བརྒྱ། ཤིང་ཟླུམ་པོ་རྩ་རྩེ་་ཞེས་པའི་ཚིག་དེ་གཉིས་བོད་ཡིག་ཁྲོད་བསྡུས་བྲིས་བྱས་པ་ནི་རྩོམ་ཡིག་གི་བརྗོད་དོན་དེ་བོད་ཡིག་ཤེས་མཁན་གྱི་རྒྱ་ཆེའི་ཀློག་པ་པོ་དང་ཉན་མཁན་རྣམས་ལ་ཆ་མཚོན་ན། བོད་ཡིག་གི་ཚིག་དེ་མཐོང་བ་ཙམ་གྱིས་རང་ཤུགས་སུ་གཅིག་བརྟེན་གཅིག་དྲན་གྱིས་རྩོམ་ཡིག་གི་བསྟན་དོན་དངོས་ལ་བསམ་གཞིགས་འཇུག་ཐུབ་པས་རང་སར་ཆུ་རྒྱུག་པའི་ཤུལ་ལ་ཡུར་བ་ཆགས་པ་ལྟར་གོ་བ་ལེན་ཐུབ་ཀྱི་ཡོད། འོན་ཀྱང་རྒྱ་ཡིག་ཏུ་ཕབ་དུས་རྩོམ་གྱི་ཚིག་ཁའི་དོན་ལྟར་鸡百母百雏,圆木根梢ཞེས་བསྒྱུར་ན། རྒྱ་ཡིག་ཀློག་པ་པོ་རྣམས་ལ་བོད་ཡིག་ཀློག་འདོན་གྱི་ཆུ་ཚད་མེད་པའི་རྐྱེན་གྱིས་འགྱུར་མའི་ནང་དོན་ལ་མགོ་འཁྲུལ་ནས་ཅི་ཡིན་འདི་ཡིན་མི་ཤེས་པའི་གནད་དོན་འབྱུང་སྲིད་པས། རྒྱ་ཡིག་ཏུ་སྒྱུར་ཚེ་རྒྱ་ཡིག་ཀློག་པ་པོ་རྣམས་ལ་མ་ཡིག་གི་བསྟན་དོན་དངོས་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཟབ་མོ་ཡོང་ཆེད། རྒྱ་ཡིག་གི་རྗོད་སྲོལ་དགོས་པ་དང་བསྟུན་ནས་ཚིག་སྔ་ཕྱིའི་དོན་དང་འཚམ་པའི་མིང་ཚིག་འོས་འཚམ་ཞིག་གསར་དུ་བསྣན་ནས་于是他们又拿出母鸡雏鸡各一百只,要辨出各自的母和雏来;又摆出很多原木,要辨出木的根梢来…ཞེས་པར་བསྒྱུར་དགོས།
2 འགྱུར་མའི་མིང་ཚིག་གི་སྡེབ་སྦྱོར་འབྲེལ་བ་དང་མཐུན་པའི་ཆེད་དུ་སྣོན་སྒྱུར་བྱ་དགོས།
        དཔེར་ན། “如今的年轻人不知艰苦、不经摔打,一天只知道吃父母,刮家人,很可能变成温室的花朵,经不起人世的风雨”。ཞེས་པར་དཔྱད་ན། རྒྱ་ཡིག་སྐབས་བྱ་བའི་མིང་吃དང་刮གཉིས་པོ་ནི་རྒྱ་ཡིག་གི་དངོས་པོའི་མིང་父母མ་ཟད། 家人དང་ཡང་མཉམ་དུ་བསྡེབས་ནས་མ་ཡིག་གི་མཚོན་དོན་གསལ་པོར་བསྟན་ཐུབ་ཀྱི་ཡོད། འོན་ཀྱང་བོད་ཡིག་ཏུ་སྒྱུར་ཚེ། མ་ཡིག་གི་བརྗོད་དོན་ཧྲིལ་བོར་མ་གཞིགས་པ་དང་། མ་ཡིག་གི་ཚིག་ཤུགས་ན་མཚོན་པའི་རྒྱུ་ནོར་ཞེས་པའི་ཐ་སྙད་དེ་གསར་དུ་མ་བསྣན་ན། བོད་ཀྱི་མིང་ཚིག་གི་སྡེབ་སྦྱོར་ལྟར་དངོས་པོའི་མིང་ཕ་མ་དང་ཁྱིམ་མི་གཉིས་པོ་ནི་བྱ་ཚིག་ཧམ་ཟའི་ཡུལ་ཚིག་བྱེད་མི་རུང་། གལ་ཏེ་རྒྱ་ཡིག་གི་ཚིག་སྦྱོར་གྱི་ཁྱད་ཆོས་ལྟར་བྱས་ན། གཅིག་ནས་ཚིག་སྦྱོར་བརྗོད་མི་བདེ་ལ། གཉིས་ནས་མ་ཡིག་གི་ཧམ་ཟའི་བསྟན་དོན་འཁྲུལ་བའི་ཉེན་ཁ་ཆེ། དེར་བརྟེན་བོད་ཀྱི་མིང་ཚིག་གི་སྡེབ་སྦྱོར་དགོས་པ་དང་བསྟུན་ནས་ཚིག་སྔ་ཕྱིའི་བསྟན་དོན་དང་འཚམ་བའི་རྒྱུ་ནོར་ཞེས་པའི་ཐ་སྙད་དེ་གསར་དུ་བསྣན་ན། བྱ་ཚིག་ཧམ་ཟའི་ཡུལ་ཚིག་ཏུ་གྱུར་ནས་བོད་ཀྱི་མིང་ཚིག་གི་སྡེབ་སྦྱོར་དང་མཐུན་ལ། རྒྱ་ཡིག་གི་ཚིག་དོན་ཀྱང་ཆད་མེད་ཇི་བཞིན་མཚོན་ཐུབ་ཀྱི་ཡོད། དེ་ཡང་བོད་ཡིག་ཏུ། གལ་ཏེ་དེང་དུས་ཀྱི་ན་གཞོན་རྣམས་ཀྱིས་དཀའ་ཚེགས་མི་ཤེས་པ་དང་སྡུག་བསྔལ་མ་མྱངས་ནས་ཉིན་ལྟར་ཕ་མ་དང་ཁྱིམ་མའི་རྒྱུ་ནོར་ཧམ་ཟ་བྱས་ན། སྲིད་པ་འཁོར་བའི་དཀའ་སྡུག་བཟོད་མི་ཐུབ་པའི་དྲོད་ཁང་གི་མེ་ཏོག་ལྟ་བུར་འགྱུར་ཤས་ཆེ། ཞེས་པར་བསྒྱུར་ཡོད།
3 .བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པའི་ཆེད་དུ་སྣོན་སྒྱུར་བྱེད་པ།
        དཔེར་ན་《མི་ལ་རས་པའི་རྣམ་ཐར།》ནས། ལག་པ་གཡས་སུ་ཡོག་པ་ཞིག་ཁྱེར། གཡོན་དུ་ཐལ་བ་སྤར་གང་ཁྱེར། སྐས་རིང་བ་ལས་བབས། ཐུང་བ་ལས་མཆོངས་ནས་ཕྱིར་ཐོན་བྱུང་སྟེ། ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་ནས་ཞེས་བཀོད་པའི་དོན་ཚན་ལས་མི་ལ་རས་པའི་མ་བུ་གཉིས་བར་ཐོན་པའི་བྱ་སྤྱོད་ཤེས་བྱ་རབ་དང་རིམ་པ་དེ་བརྗོད་ཡོད། དོན་ཚན་དེར་གོ་བ་ལེན་དུས་གལ་སྲིད་མ་ཡིག་གི་བརྗོད་དོན་སྔ་ཕྱི་དང་ཟུང་འབྲེལ་མ་བྱས་ནས་ཐད་ཀར་སྐབས་ཐོག་སྒྱུར་བྱའི་བརྗོད་པའི་ཐད་དོན་ལྟར་གོ་བ་བླངས་ན། བརྗོད་པའི་ཁྲོད་ལ་བྱ་བ་གསལ་བྱེད་ཀྱི་བྱེད་པོ་དངོས་སུ་མེད་ལ་བྱ་བ་འཇུག་སའི་ལས་ཀྱི་དངོས་པོ་ཡང་གསལ་པོར་བཀོད་མེད་པའི་ཕྱིར། མི་རྣམས་ཀྱིས་བརྗོད་པ་མཐོང་དུས་བརྗོད་བྱའི་ཁྲོད་ཀྱི་བྱེད་པོ་དང་བྱེད་ལས་བར་གྱི་དབྱེ་བ་གསལ་པོར་འབྱེད་མི་ནུས་པ་དང་། ཐ་ན་བརྗོད་བྱའི་དོན་ཀྱི་ཐད་ལ་ལོག་རྟོགས་ཀྱང་འབྱུང་སྲིད། དེར་བརྟེན་རྒྱ་ཡིག་ཏུ་ཕབ་སྒྱུར་བྱེད་ཚེ་གོང་གི་གནད་དོན་སྔོན་འགོག་བྱེད་ཆེད། མ་ཡིག་གི་ཚིག་སྔ་ཕྱིའི་བསྟན་དོན་ལ་གཞིགས་ནས་མ་ཡིག་གི་བྱེད་པོ་她(བརྗོད་པ་ལས་བསྟན་པའི་བྱ་བ་རབ་དང་རིམ་པ་བྱེད་མཁན་མི་ལ་རས་པའི་ཡུམ།)ཞེས་པ་གསར་ཏུ་བསྣན་པ་དང་། མ་ཡིག་ནང་གི་ཐལ་བ་དེ་གདོང་ལ་བཏབ། ཡོག་པ་དེ་མགོ་ལ་ལན་འགའ་བརྒྱབ་ཅེས་པའི་ཚིག་ཁ་ཁྲོད་ཀྱི་བྱ་ཚིག་བཏབ་དང་བརྒྱབ་གཉིས་ཀྱི་འཇུག་ཡུལ་“我”(མི་ལ་རས་པ་རང་ཉིད།)གསར་ཏུ་བསྣན་ན་ཀློག་མཁན་རྣམས་ཀྱིས་འགྱུར་ཡིག་མཐོང་བ་ཙམ་གྱིས་འགྱུར་མའི་རྗོད་ཚིག་གི་ཐོག་ནས་བྱ་གླག་གིས་ལུ་གུ་འཛིན་འཛིན་ལྟར་ཧ་ཅང་ལས་སླ་པོར་མ་ཡིག་གི་བྱ་ཚིག་ལས་མཚོན་པའི་བྱེད་ལས་ཀྱི་དབྱེ་བ་དེ་གསལ་པོར་འབྱེད་ཐུབ་ཀྱི་ཡོད་པས། བརྗོད་པ་དེ་ཡང་རྒྱ་ཡིག་ཏུ་“她右手拿着一根拥火棍,左手抓了一把灰土,下楼时,过长梯阶就滑,遇短梯阶便跳,急急忙忙地跑出门来,撒了一把灰在我脸上,用拥火棍朝我头上打了几下……”ཞེས་པར་བསྒྱུར་ཡོད།
ཁ། བསྡུས་སྒྱུར་བཤད་པ།
        བསྡུས་སྒྱུར་ཞེས་པ་ནི་མ་ཡིག་གི་བརྗོད་དོན་ཆད་ལྷག་གང་ཡང་མེད་པར་ཇི་བཞིན་ཕབ་སྒྱུར་བྱས་པའི་རྨང་གཞིའི་ཐོག འགྱུར་མའི་བརྗོད་སྲོལ་དང་བསྟུན་ནས་མ་ཡིག་གི་ཡིག་ངོས་ཀྱི་མིང་ཕྲད་ཁ་ཤས་བསྡུས་པའི་ཐབས་ཤེས་ལ་གོ་ཞིང་། དེའི་བྱེད་ནུས་གཙོ་བོ་ནི་གཤམ་གྱི་དོན་ཚན་བཞིར་བསྡུས་ཆོག
1 མ་ཡིག་གི་ཚིག་དོན་བསྐྱར་ཟློས་མི་འབྱུང་ཆེད་ཚིག་བསྡུས་པ།
        དཔེར་ན། རྒྱ་ཡིག་གི་ཚིག་གྲུབ“要结合民族地区的实际,培养大批德才兼备的民族工作干部”དེ་བོད་ཡིག་ཏུ། མི་རིགས་ས་གནས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་མི་རིགས་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱེད་དགོས། ཞེས་བསྒྱུར་པ་ལྟར། འགྱུར་མའི་ཁྲོད་རྒྱ་ཡིག་གི་ “工作干部”བོད་ཡིག་ཏུ་ལས་བྱེད་པར་སྒྱུར་དོན་ནི་མ་ཡིག་གི་ཡིག་ངོས་ཀྱི་ཐད་དོན་ལྟར་ཇི་བཞིན་ཕབ་སྒྱུར་བྱས་ན། འགྱུར་མའི་ཁྲོད་ལས་ཀ་ལས་བྱེད་པ་ཞེས་པའི་ཚིག་དོན་བསྐྱར་ཟློས་བྱུང་བའི་སྐྱོན་དེ་ཐོན་སྲིད་པས། དེ་ཡང་干部ཡི་དོན་དུ་工作གཏོགས་ཟིན་པས་འགྱུར་མའི་ཁྲོད་ཚིག་དོན་བསྐྱར་ཟློས་མི་འབྱུང་ཆེད་རང་གི་ཚིག་སྡུད་བྱེད་སྲོལ་ལྟར་མ་ཡིག་གི་“工作”ཞེས་པའི་མིང་དེ་བསྡུས་པ་རེད།
ཡང་རྒྱ་ཡིག་གི་དཔེ་བརྗོད་“健全和完善学生德育管理制度”ཞེས་པ་བོད་ཡིག་ཏུ། སློབ་མའི་ཀུན་སྤྱོད་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་སྒྱུར་དོན་ཡང་བོད་ཡིག་གི་འཐུས་ཚང་ཞེས་པའི་བསྟན་དོན་ནི་རྒྱ་ཡིག་གི་ “健全和完善”གཉིས་ཀྱི་བསྟན་དོན་དང་གཅིག་ཏུ་གྱུར་བས། བོད་ཡིག་ཏུ་སྒྱུར་ཚེ་བོད་ཀྱི་བརྗོད་སྲོལ་ལྟར་ཡིག་ངོས་ནས་“健全”ཞེས་པའི་མིང་དེ་བསྡུས་ཡོད།
2 འགྱུར་མའི་ཚིག་གི་སྡེབ་སྦྱོར་གྱི་འབྲེལ་བ་མཐུན་སྦྱོར་ཡོང་ཆེད་བསྡུས་སྒྱུར་བྱེད་པ།
        དཔེར་ན། རྒྱ་ཡིག་གི་ཚིག་གྲུབ་ “关于开展消防安全工作检查验收的通知” ལ་དཔྱད་ན། རྒྱ་ཡིག་ཁྲོད་ “开展”་ ནི ་རྗོད་ཚིག་(谓语)དང་། “检查验收”ནི་ཡུལ་ཚིག་(宾语)རེད། འོན་ཀྱང་བོད་ཡིག་གི་བྱེད་ལས་(动宾)སྡེབ་ཚུལ་ལ་གཞིགས་ན། “开展……检查验收”ནི་བོད་ཀྱི་ཚིག་གི་སྡེབ་སྲོལ་དང་མི་མཐུན་པས་འགྱུར་མའི་ཁྲོད་ “开展”ཞེས་པའི་ཚིག་དེ་བསྡུས་ནས། མེ་འགོག་བདེ་སྲུང་ལས་དོན་ཞིབ་བཤེར་རྩིས་ལེན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོར་བསྒྱུར་ཡོད། ཕར་བལྟས་ནས་བོད་ཡིག་ཁྲོད་ཡིག་ངོས་ཀྱི་ཚིག་བར་ཉུང་ནའང་། དོན་དངོས་སུ་མ་ཡིག་གི་བསྟན་དོན་གང་ཡང་ཆད་ལྷག་བྱུང་མེད།
3 འགྱུར་མའི་ཚིག་སྡུད་བྱེད་སྲོལ་དང་མཐུན་པའི་ཆེད་དུ་ཚིག་སྡུད་བྱེད་པ།
དཔེར་ན། “21世纪是一个变幻莫测的世纪,是一个催人奋进的世纪”ཞེས་པའི་ཚིག་གྲུབ་ལ་དཔྱད་ན། དེ་ཚིག་ཚོགས་རིགས་ཤིག་ཡིན་པར་མ་ཟད། ད་དུང་ཚིག་སྔ་ཕྱིའི་རྗོད་ཚིག་གི་གྲུབ་ཆ་རེད་དང་ཡུལ་ཚིག་གི་གྲུབ་ཆ་དུས་རབས་གཉིས་ཀ་གཅིག་ཏུ་ངེས་པས། བོད་ཀྱི་ཚིག་ཕྱི་མས་སྔ་མ་བསྡུས་པའི་གོམས་སྲོལ་ལྟར་བྱས་ན། ཚིག་གྲུབ་དེ་བོད་ཡིག་ཏུ། དུས་རབས 21པ་ནི་འཕོ་འགྱུར་ཚོད་མི་ཐིག་ཅིང་རྟུལ་ཕོད་ཆེན་པོས་མདུན་དུ་སྐྱོད་དགོས་པའི་དུས་རབས་ཤིག་རེད་ཅེས་བསྒྱུར་ཆོག
4 འགྱུར་མའི་ཚིག་སྦྱོར་གྱི་གོམས་གཤིས་དང་མཐུན་པའི་ཆེད་དུ་ཚིག་སྡུད་བྱེད་པ།
        དཔེར་ན་རྒྱ་ཡིག་གི་ཚིག་གྲུབ་“请问就没有自己择校的权力吗?”ཞེས་པར་དཔྱད་ན། ཚིག་གྲུབ་དེའི་ནང་གི་“请问”ཞེས་པའི་ཚིག་དེ་དྲི་བའི་ཚིག་ཤུགས་ཏུ་འཇུག་པས། བོད་ཡིག་ཏུ་ཚིག་སྡུད་བྱེད་ཐབས་སྤྱད་ནས། རང་ཉིད་ལ་སློབ་གྲྭ་འདེམ་པའི་དབང་ཆ་མེད་དམ། ཞེས་པར་སྒྱུར་ཆོག
མདོར་ན་གོང་དུ་བརྗོད་པ་ལྟར། མ་ཡིག་གི་བསམ་བློའི་ནང་དོན་འགྱུར་མའི་ཐོག་ཇི་བཞིན་ཕབ་སྒྱུར་ཐུབ་པ་དང་། འགྱུར་མའི་ཚིག་སྦྱོར་ལ་བརྗོད་བདེ་ཞིང་གོ་སླ་བའི་ཁྱད་ཆོས་འཛོམ་པ། བོད་ཀྱི་སྐད་ཡིག་གི་བརྗོད་སྲོལ་དང་གཅིག་མཐུན་ཡོང་བ་བཅས་བྱ་དགོས་ན། ཅིས་ཀྱང་ཡིག་སྒྱུར་ལག་ལེན་ཁྲོད་སྣོན་སྒྱུར་དང་བསྡུས་སྒྱུར་གྱི་ཐབས་ཤེས་གཉིས་གང་ལ་གང་འཚམ་གྱིས་བེད་སྤྱོད་བྱ་དགོས། སྐད་རིགས་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་གསལ་པོར་ཤེས་ན། སྤྱིར་བཏང་དུ་སྣོན་སྒྱུར་དང་བསྡུས་སྒྱུར་གཉིས་བེད་སྤྱོད་མང་ཙམ་བྱས་ཀྱང་ཡིག་བསྒྱུར་གྱི་དམིགས་བྱའི་ཕན་འབྲས་ཐོབ་ཐུབ་པའི་རྒྱུ་མཚན་ནི་ཐབས་ཤེས་དེ་གཉིས་ཀྱིས་མ་ཡིག་གི་བསམ་བློའི་ནང་དོན་ཇི་བཞིན་ཕབ་སྒྱུར་བྱས་ཐོག གཙོ་ཆེར་འགྱུར་མའི་སྐད་རིགས་བརྗོད་སྲོལ་གྱི་ཁྱད་ཆོས་འབུར་དུ་ཐོན་པར་མཐོང་ཆེན་བྱེད་ཀྱི་ཡོད་པས་སོ། རེད་དེ་ཡིག་བསྒྱུར་གྱི་ལག་ལེན་དུ་བསྒྱུར་བྱའི་དགོས་པར་མ་གཞིགས་ནས་སྒྱུར་ཐབས་གཉིས་པོ་གང་བྱུང་དུ་བེད་སྤྱོད་བྱེད་མི་འོས། རྒྱུ་མཚན་ནི་ཐབས་ཤེས་དེ་གཉིས་རྒྱུན་སྤྱོད་ཀྱི་སྒྱུར་ཐབས་གཙོ་བོ་གཉིས་སུ་གྱུར་ཡང་། སྒྱུར་ཐབས་སུ་ཐབས་ཤེས་དེ་གཉིས་མ་གཏོགས་གཞན་གཏན་ནས་མེད་པ་ཞིག་མ་ངེས་པའི་ཕྱིར། དེ་གཉིས་ཀྱི་བེད་སྤྱོད་བྱེད་ཚད་གནད་དུ་མ་འཁེལ་ན་འགྱུར་མའི་རྗོད་ཚིག་གི་དོན་མི་གསལ་ཞིང་སྙན་ཆ་ཞན་བ་དང་། ཚིག་རོ་མང་ནས་དོན་མེད་སྙོགས་བཟོ་བཅས་སྐྱོན་ཆ་ཐོན་སྲིད། དེར་བརྟེན་ཡིག་བསྒྱུར་གྱི་ལག་ལེན་སྐབས་སུ་དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ནས་སྒྱུར་ཐབས་སྣ་ཚོགས་གང་ལ་གང་འཚམ་གྱིས་བེད་སྤྱོད་བྱས་ཐོག སྒོ་ཀུན་ནས་སྒྱུར་ཐབས་སྣ་ཚོགས་བེད་སྤྱོད་གཏོང་ཚུལ་ཁོང་དུ་གསལ་པོར་ཆུད་ནས་རང་གི་ཡིག་སྒྱུར་ལག་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་པ་ཆེན་པོ་ལྡན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1