མི་ན་བ་རིང་དུ་འཚོ་ཐབས་མཐོང་བ་མེ་ལོང།

ཚུལ་ཁྲིམས་རིན་ཆེན་དང་མགོན་པོ་གྲགས་པ། (ཁྲེན་ཏུའུ།) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


            འགྲོ་བ་མིའི་བདེ་གནས་རིང་དུ་འཚོ་ཐབས་ལ་ཉིན་རེ་རེ་བཞིན་རྒྱུན་དུ་སྤྱོད་པ་དང་། དུས་སུ་སྤྱོད་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ་། ཟས་ཀྱི་ཚུལ་ཤེས་པར་བྱ་བ། ཁ་ཟས་བསྡམ་པར་བསྟན་པ། ཁ་ཟས་བསྲུང་བ་དང་ཟས་ཚོད་རན་པར་བཟའ་བ་བསྟན་པ་བཅས་སོ། །
1.དུས་སུ་སྤྱོད་པ་ལས་ནི་དགུན་གྱི་དུས་སུ་ནི་སྤྱོད་ལམ་འདི་ལྟར་བསྔགས་ལ། ལུས་ཀྱི་སྟོབས་འཕེལ་བའི་དགུན་གྱི་གྲང་ཞིང་བསིལ་བའི་རང་བཞིན་གྱི་ཆེས་ཆེར་འཕེལ་བའི་དབང་གིས། ལུས་ཁམས་ཀྱི་བ་སྤུའི་བུ་ག་རྣམས་ཟུམ་སྟེ་སྒོ་བཀག་པས་ལུས་ཀྱི་མེ་ཡི་མཚན་ཉིད་རྣམས་དྲོད་རླངས་ཕྱིར་མ་ཤོར་བར་ནང་དུ་འཁྱིལ་བས་ན་མེ་དྲོད་དེ་སྟོབས་དང་ལྡན་ཞིང་། ལྷག་པར་དུ་རླུང་མེ་མཉམ་གྱིས་ཀྱང་མེ་དྲོད་དེ་ཉིད་ཆེས་ཆེར་འབར་བ་བཅས་ཀྱི་ནུས་པས་ཟས་སྐོམ་རྣམས་མྱུར་དུ་ཞུ་ཞིང་འཇུ་བར་བྱེད་པས་ན། དུས་སྐབས་སུ་ཟས་སྐོམ་བཟའ་བཏུང་ཉུང་བར་གྱུར་ན་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་འབྲི་བར་འགྱུར་ལ། རྒྱུ་མཚན་དེ་ཕྱིར་དེའི་སྐབས་སུ། ཟས་སྐོམ་མངར་སྐྱུར་ལན་ཚྭ་དག་མང་ཤས་གྱུར་པའི་རིགས་རྣམས་ཀྱིས་ཕོ་བ་འགྲངས་པར་བྱེད་དགོས་ལ། དགུན་གྱི་སྐབས་སུ་ཉིན་ཞག་གི་དབང་དུ་བྱས་ན་ཉིན་མོ་ལས་མཚན་མོ་རིང་བས་ན་ཐོ་རེངས་ཀྱི་དུས་སུ་བཀྲེས་པར་གྱུར་རོ། ཞག་རེ་བཞིན་བཀྲེས་སྐོམ་དུ་གྱུར་ན་མེ་དྲོད་ཤུགས་བརྟན་མི་ནུས་པར་ལུས་ཟུངས་རྣམས་ལྷག་པར་འབྲི་བར་འགྱུར་བའི་ཕྱིར། རྒྱུད་ལས། ཏིལ་མར་བྱུག་གསུངས་ལ། ཟས་རིགས་གང་བསྟེན་དགོས་སྙམ་ན་དེའི་སྐབས་སུ། ལུག་ཤ གཡག་ཤ གཅན་གཟན། ཉ་ཤ་བཅས་ཀྱི་ཁུ་བ་དང་སྣུམ་རིགས། སྦྲང་རྩི། འབྲུ་རྙིང་། བུ་རམ། ཟན་དྲོན་དང་། སྐོམ་གྱི་རིགས་ནི། འབྲི་ཡི་ཞོ་དང་། དར་བ་དང་། ཆང་བཟང་དང་འོ་མ་ཆུ་སྐོལ་སོགས་ཟས་སྐོམ་སྣུམ་བཅུད་ཆེ་བའི་རིགས་བཟའ་བ་དང་། གཞན་ཡང་དགུན་གྱི་དུས་འདིར་གྲང་ངར་ཆེ་བའི་དབང་གིས། རིག་དྭགས་གཡི། སྤྱང་ཀི། ལུག་སོགས་ཀྱི་པགས་གོས་དང་། བལ་ལས་བཟོས་པའི་གྱོན་ཆས་སོགས་མདོར་ན་ལུས་ཁམས་སུ་རྟག་ཏུ་བགོ་བར་བྱ་ལ། དེ་བཞིན་དུ་དྲོད་རིགས་ཀྱི་དུགས་དང་། མེ་ཉི་བཅས་ལ་ལུས་ཁམས་ཚད་རན་པར་བསྲོ་ཞིང་སྡོད་གནས་ཀྱང་ཉི་འོད་ཕོག་པའི་དཀྱིལ་འཁོར་དུ་སྡོད་པར་བྱའོ། །
2 དུས་བཞིའི་སྤྱོད་ལམ་ལས་དཔྱིད་ཀྱི་སྤྱོད་བཟང་སྟོན་པར་བྱ་བ། དགུན་གྱི་རང་བཞིན་ལས་ལྡོག་པར་འགྱུར་བའི་དབང་གིས་དགུན་དུས་གྲང་བའི་ཆ་ཤས་ཀྱིས་བད་ཀན་ཁོང་དུ་གསོག་བ་དེ་ཉིད་བསྒོངས་ཤིང་ལྡང་བར་མི་ནུས་བར་དེ་ཉིད་དཔྱིད་ཀྱི་དུས་ལ་བབས་པར་ན་ཉི་འོད་ཚ་མོས་དྲོས་པའི་སྟོབས་ཀྱིས་བ་སྤུའི་བུ་ག་རྣམས་ཀྱང་ཕྱེ་ནས་ནང་གི་དྲོད་ཕྱིར་ཤོར་བའི་མེ་དྲོད་སོགས་ཉམས་པས་ན་བད་ཀན་གྱི་ནད་དེ་ཉིད་ལྡང་བའི་སྐབས་ཡིན་ལ། དེས་ན་བད་ཀན་གྱི་མགོ་བོ་གནོན་པའི་སྨན་རོ་གསུམ་ཏེ་རོ་ཁ་བ་དང་། རོ་ཚ་བ། རོ་བསྐ་བ་གསུམ་གཙོ་ཆེ་བའི་རིགས་རྣམས་དང་ལོ་ལོན་པའི་ནས་རྙིང་པའི་ཟན་དང་། བྱ་དང་རི་དག་སོགས་སྲོག་ཆག་ཀྱི་ཤ་དང་། སྦྲང་རྩི། ཆུ་སྐོལ་བཅའ་སྒའི་གདུས་ཐང་མདོར་ན་ནུས་པ་ཡང་ལ་རྩུབ་པའི་ཟས་སྐོམ་བསྟེན་དགོས་སོ། དྲོ་བའི་གནས་སུ་ལུས་རྩོལ་བས་བཅག་ཅིང་། སྡོད་པའི་གནས་ཀྱང་སྤོས་དང་མེ་ཏོག་སོགས་དྲི་ཞིམ་ཞིང་ལྗོན་ཤིང་སྣ་ཚོགས་གང་བའི་སྐྱེད་མོས་ཚལ་གྱི་ཉི་གྲིབ་འོག་ཏུ་འདུག་བར་བྱ་བའོ། །

        དཔྱིད་དུས་ཀྱི་སྐབས་སུ་ཉི་མ་བྱང་བགྲོད་ཀྱི་མཐར་ཐུག་སྟེ་འོད་ཟེར་རབ་ཏུ་ཚ་བའི་དོན་གྱིས་ལུས་ཟུངས་ཀྱི་སྟོབས་འཕྲོག་པར་བྱེད་པའི་ཕྱིར། དེ་ཚེ་ཟས་སྐོམ་གང་བསྟེན་དགོས་པ་ནི་རོ་མངར་ཞིང་ནུས་པ་ཡང་བ་དང་། སྣུམ་པ། བསིལ་བ་བཅས་ཀྱི་རིགས་གཙོ་བོར་བཟའ་བཏུང་བྱེད་དགོས་སོ། །དེའི་སྐབས་བཟའ་བ་གང་སྤང་དགོས་བསམ་ན་ནི། རོ་ལན་ཚྭ་བ་དང་། ཚ་བ། སྐྱུར་བ་བཅས་ཀྱི་རིགས་རྣམས་དོ་སྣང་དགོས་ལ། རབ་ཏུ་གྲང་བའི་གངས་ཆུ་སོགས་ཀྱིས་ལུས་པོ་ཁམས་ཡང་ཡང་དུ་བཀྲུ་བ་དང་། ཆང་དང་ཆུ་བསྲེས་པའི་བཏུང་བ་བསྟེན་པ་ལས་ཆང་རྐྱང་བ་ནི་སྐོམ་བཏུང་བ་མི་རིགས་སོ། །གྱོན་ཆས་གང་འདྲ་ཞིག་བྱེད་དགོས་བསམ་ན་རྒྱུ་སྤུ་ལས་གྲུབ་པ་ཡིན་ན་སྲབ་གོས་དང་དེང་སང་ལྟ་བུ་རས་གོས་ཡང་ལ་འཇམ་བས་བགོ་བའོ། །

གནས་ཁང་ཡང་ཞིང་བསིལ་བའི་ཆ་ཤས་ཡོད་པ་དྲི་བཟང་ཞིམ་པོའི་རིགས་ཀྱིས་ཆུས་ཆག་ཆག་བཏབ་པར་རླུང་འགྲོ་ས་ཡོད་པ་དང་། ས་གཙང་ཞིང་ཡིད་དུ་འོང་བར་མེ་ཏོག་སོགས་ལོ་འདབ་ཅན་གྱིས་བསྐོར་བ། ཧ་ཅང་ཉི་མ་མི་ཕོག་བའི་ནང་དུ་སྡོད་པ་དང་། ཡང་ན་ཁོར་ཡུག་གཙང་ལ་ཡལ་འདབ་རྒྱས་ཤིང་སྣུམ་པའི་རྩི་ཤིང་གི་བསིལ་གྲིབ་ཡོད་ས། རླུང་དལ་ལྡང་བར་ཆར་ཟིམ་དུ་འབབ་པའི་བསེར་བུའི་ངད་དང་ལྡན་པའི་གནས་སུ་འདུག་པར་བྱེད་དགོས་ལ།

3 དུས་བཞིའི་སྤྱོད་ལམ་ལས་དབྱར་གྱི་ལམ་བཟང་སྟོན་པར། དབྱར་གྱི་དུས་ནི་ནམ་མཁའ་ལ་སྤྲིན་ནམ་ཆུའི་རྡུལ་ཆེན་པོ་འདུས་ནས་ཉིད་འོད་མི་གསལ་ཆར་ཆུ་འབབ་པའི་ཆུ་ཡིས་ས་གཞི་རྣམས་བརླན་པར་བྱས་པ་དང་། ཆུ་ཐིགས་ཕྲ་མོའི་རྡུལ་དང་བཅས་པའི་ཀླུང་སོགས་ཆུ་རྣམས་ཀྱང་རྙོག་མ་ཅན་དུ་འགྱུར་བ་བཅས་ཀྱིས་ཕོ་བའི་མེ་དྲོད་ལ་གནོད་ཅིང་ཟས་མ་ཞུ་བ་སོགས་ཀྱིས་ཉེས་པ་འཕེལ་བར་གྱུར་པས་ན་དུས་དེར་མེ་དྲོད་སྐྱེད་པར་བྱེད་པའི་ཟས་སྐོམ་དང་སྤྱོད་ལམ་རིགས་བསྟེན་དགོས་པར་ཡིན་ལ། མེ་དྲོད་སྐྱེད་པའི་ཟས་སྐོམ་ནི་རོ་མངར་སྐྱུར་ལན་ཚྭ་གསུམ་དང་། ནུས་པ་ཡང་ཞིང་དྲོ་ལ་སྣུམ་པའི་རིགས་བཟང་བ་སྟེ། དེས་ན་འབྲུ་རྙིང་གི་ཟན་ཆང་ངམ་སྦྲང་ཆང་དང་དར་བ་ཁ་རུ་ཚྭར་སྦྱར་བའམ་ཚ་བ་ལྔ་ཡིས་ཕྱེ་མ་བཏུང་། རབ་ཏུ་སྐྱུར་བ་དང་ལན་ཚྭ་དང་ཟས་སྣུམ་པ་བཅས་བསྟེན་དགོས། ཡང་ན་ཤ་ཁུ། འབྲི་མར་སོགས་ཟས་སྐོམ་གྱི་རིགས་བསྟེན་པ་དང་། གནས་པའི་ཁང་པའང་ཡང་སྟེང་སོགས་སུ་བརླན་གཤེར་བསིལ་བའི་རེག་བྱ་དང་བྲལ་ཏེ་དྲོ་ཞིང་སྐམ་པའི་སར་གནས་པར་བྱ་དགོས་པ་ཡིན་ནོ། །

4 དུས་བཞིའི་སྤྱོད་ལམ་ལས་སྟོན་གྱི་སྤྱོད་པ་མཐོང་གསལ་མེ་ལོང་། དབྱར་དུས་སུ་བསིལ་བས་མགོ་མནན་ཏེ་མཁྲིས་ནད་ཁོང་དུ་གསོག་པ་ཡིན་ཀྱང་། དེ་འཕྲལ་སྟོན་དུས་སུ་བབས་ནས་ལུས་ཉི་མའི་འོད་ཟེར་གྱིས་གདུང་བ་དང་མཁྲིས་ནད་འདི་ལྡང་བར་འགྱུར་ཞིང་། 《 རྒྱུད་ལས།》 དབྱར་བསིལ་འཕྲལ་དུ་ལུས་ལ་ཉི་ཟེར་གདུངས། ཆར་དུས་བསགས་པའི་མཁྲིས་པ་སྟོན་ན་ལྡང་། །དེ་བསལ་ཕྱིར་ན་མངར་ཁ་བསྐ་བ་བསྟེན། །ག་བུར་ཙན་དན་ཨུ་ཤིང་དྲི་ལྡན་པའི། གོས་བགོ་ཁང་པ་ཆག་ཆག་བཏབ་པར་འདུག ཅེས་གསུངས་སོ། །
རྒྱུ་མཚན་དེའི་ཕྱིར་ཆར་དུས་སུ་བསགས་པའི་མཁྲིས་པའི་ནད་དེ་ཉིད་སྟོན་གྱི་ཚེ་ལྡང་བར་བྱེད་པ་ཡིན་ལ། དེ་བསལ་བར་བྱེད་པའི་ཕྱིར་དུས་དེའི་སྐབས་སུ་རོ་མངར་བ་རོ་ཁ་བ་རོ་བསྐ་བ་བཅས་དང་ལྡན་པའི་ཟས་སྐོམ་རིགས་བཟའ་བ་དང་། ག་བུར་དང་། ཙན་དན་དཀར་པོ། གུར་གུམ་གྱི་དྲི་དང་ལྡན་པའི་གོས་བགོ་བ་དང་། གནས་ཁང་ཡང་སྨན་བཟང་པོ་དེ་རིགས་ཀྱིས་སྤོས་ཆུས་ཆག་ཆག་བཏབ་པའི་གནས་སུ་འདུག་པར་བྱ་དགོས་པ་ཡིན་ནོ། །
        དོན་བསྡུས་ཏེ་ཅུང་ཟད་ཞིག་ཞུས་ན། 《 རྒྱུད་ལས།》 ཟས་སྐོམ་དབྱར་དང་དགུན་ཁར་དྲོ་བ་བསྟེན། དཔྱིད་རྩུབ་སོས་དང་སྟོན་ཁ་བསིལ་བར་བྱ། དབྱར་དང་དགུན་ནི་དང་པོའི་རོ་གསུམ་བསྟེན། དཔྱིད་ཀ་ཐ་མའི་རོ་གསུམ་སོས་ཀ་མངར། སྟོན་ཁ་མངར་ཁ་བསྐ་བ་བསྟེན་པར་བྱ། །སྟོན་དཔྱིད་བཤལ་སྐྱུགས་དབྱར་ཁ་འཇམ་རྩི་བསྔགས། དམན་ལྷག་ལོག་ན་དེ་དང་འཚམ་པར་དཔྱད། གསུངས་སོ། །ནམ་ཟླ་དུས་དྲུག་གི་སྤྱོད་ལམ་དེ་དག་ཐམས་ཅད་མདོར་ཧྲིལ་གྱིས་བསྡུས་ནས་བཤད་ན། ཟས་དང་སྐོམ་དང་སྤྱོད་ལམ་གང་ཡང་དབྱར་གྱི་དུས་སུ་ནུས་པ་དྲོ་བའི་རིགས་དང་། དཔྱིད་ཀའི་དུས་སུ་ནུས་པ་རྩུབ་པའི་རིགས། སོས་ཀ་དང་སྟོན་ཁ་གཉིས་ཀྱི་དུས་སུ་ནུས་པ་བསིལ་བའི་རིགས་བཅས་ཁོ་ན་བསྟེན་པར་བྱ་ཞིང་། དེ་ཡང་རོའི་དབང་དུ་བྱས་ན་དབྱར་དགུན་གཉིས་ཀྱི་དུས་སུ་དང་པོའི་རོ་སྐྱུར་མངར་ལན་ཚྭ་གསུམ་དང་། དཔྱིད་ཀའི་དུས་སུ་ཐ་མའི་རོ་ཁ་ཚ་བསྐ་གསུམ། སོས་ཀའི་དུས་སུ་རོ་མངར་བ། སྟོན་ཁའི་དུས་སུ་རོ་མངར་བ་དང་ཁ་བ་བསྐ་གསུམ་བཅས་སོ་སོར་བསྟེན་དགོས་པ་དང་། དེ་བཞིན་དུ་སྟོན་དུས་སུ་མཁྲིས་པ་སེལ་བའི་སླད་དུ་བཤལ་གཏོང་བ་དང་། དཔྱིད་དུས་སུ་བན་ཀན་སེལ་བའི་སླད་དུ་སྐྱུགས་གཏོང་བ། དབྱར་དུས་སུ་རླུང་སེལ་བའི་སླད་དུ་འཇམ་རྩི་གཏོང་བ་བཅས་སོ་སོར་བསྔགས་པ་ཡིན་ལ། དེ་དག་ནམ་ཟླ་དུས་དྲུག་སོ་སོར་མཚན་ཉིད་དང་བསྟུན་ནས་བྱ་དགོས་པ་ཡིན་ཞིང་། གལ་ཏེ་དུས་དེ་རྣམས་སོ་སོར་མཚན་ཉིད་དམན་ལྷག་ལོག་པ་སོགས་འབྱུང་སྲིད་ན་ཡང་དེ་དང་འཚམ་པའི་ཟས་སྤྱོད་ཀྱི་སྤང་བླང་ཤེས་པར་བྱ་བ་དགོས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1