གལ་ཏེ་ཅི་ཞིག་ལ་བདེ་ཐང་ཟེར་ཞེས་དྲི་བ་ཞིག་བཏོན་ཚེ། མི་མང་ཆེ་ཤོས་ཤིག་གིས་ཁ་ལ་བཟའ་རྒྱུ་དང་ལག་ལས་ཀ་འཛོམས་པ། ལུས་ལ་ན་ཚ་མེད་པ་དེ་བདེ་ཐང་རེད་ཟེར་ངེས་ཡིན། འདི་ལྟར་ལན་བཏབ་ན་ནོར་འཆུག་མེད་མོད། འོན་ཀྱང་དེ་འདྲའི་འཐུས་སྒོ་ཚང་བ་ཞིག་མ་རེད། བདེ་ཐང་ནི་འགུལ་སྐྱོད་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་གོ་རིམ་ཞིག་ཡིན། ནད་གཞི་དང་བདེ་ཐང་ནི་རྒྱུན་མཐུད་རང་བཞིན་གྱི་གོ་རིམ་ཞིག་ཡིན་ཞིང་། དབྱེ་མཚམས་ངེས་ཅན་ཞིག་མེད། ཆེས་བདེ་ཐང་གི་སྐབས་ནས་ཅུང་བདེ་ཐང་ཡིན་པ། ནད་རྟགས་ཅི་ཡང་མེད་པ་ནས་ལུས་ཁམས་ཅུང་མི་བདེ་བ། ལུས་ལ་ནད་ཕོག་པ་ནས་ནད་ལྕི་མོར་གྱུར་བ་དང་མཐའ་མཇུག་ཚེ་སྲོག་ཤོར་བ་སོགས་གོ་རིམ་ཧྲིལ་བོ་དེ་འགྱུར་མེད་རང་སོར་གནས་པ་ཞིག་གཏན་ནས་མིན་ལ། དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འབྱུང་བཞིན་ཡོད་པས། མཐའ་གཅིག་ཏུ་བདེ་ཐང་ཡིན་པ་དང་མཐའ་གཅིག་ཏུ་ནད་གཞི་ཕོག་ནས་འདུག་པ་ཞིག་གཏན་ནས་མེད། དེའི་རྐྱེན་གྱིས་བདེ་ཐང་ནི་འགུལ་བསྐྱོད་རང་བཞིན་དང་རྒྱུན་མཐུད་རང་བཞིན་གྱི་གོ་རིམ་ཞིག་ཡིན་ལ། རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་བཞིན་ཡོད་མོད། འོན་ཀྱང་མི་རྣམས་ཀྱིས་ཤུགས་རྐྱེན་དེ་དག་བསྒྱུར་བཅོས་བྱེད་པ་བརྒྱུད་ནས་རང་ཉིད་ཀྱི་བདེ་ཐང་སྲུང་འཛིན་བྱ་ཆོག
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བདེ་ཐང་ལ་མཚན་གཞི་འདི་འདྲ་ཞིག་བཞག་ཡོད་དེ། བདེ་ཐང་ནི་ལུས་ཁམས་དང་སེམས་ཁམས། སྤྱི་ཚོགས་བཅས་ཀུན་འཛོམས་ཀྱི་རྣམ་པ་ཞིག་ཡིན་པ་མ་གཏོགས་ནད་བྱུང་མེད་པ་དང་ལུས་སྟོབས་བཟང་བ་དེ་ཁོ་ནས་བདེ་ཐང་གི་མཚན་ཉིད་མཚོན་མི་ཐུབ། ཅེས་པ་དང་། གཤམ་གསལ་ཕྱོགས་བརྒྱད་ཀྱི་ཐད་ནས་བྱེ་བྲག་གི་ཚད་གཞི་བཏོན་ཡོད།
1. སྤྲོ་བ་ཆེན་པོས་ཐུན་གསུམ་པོའི་བཟའ་བཏུང་ལེགས་པར་སྤྱོད་པ་དང་། ཁ་ཟས་ལ་གདམ་གསེས་མེད་པ། ཡི་ག་དང་ཟས་སྤྱོད་པའི་དུས་ཚོད་གཅིག་མཐུན་ཡིན་པ།
2. མགྱོགས་པོར་གཉིད་ཁུག་པ་དང་གཉིད་མཐུག་པོར་ལོག་སྟེ། གཉིད་སངས་རྗེས་ཀླད་པ་གསལ་བ་དང་སེམས་ཤུགས་འཕེལ་བ།
3. བཤང་གཅི་ཤར་མར་འདོར་ཞིང་བློ་བདེ་བག་ཕེབས་ཀྱི་ཚོར་བ་ལྡན་པ།
4.སྐད་ཆ་བཤད་སྐབས་ཐོགས་པ་མེད་པ་དང་ཡང་དག་ཡིན་པ། བསམ་གཞིགས་ཀྱི་ཤེས་ཚོར་རྣོ་བ། ལུས་ཟུངས་རྒྱས་པ། སྙིང་དང་གློ་བའི་ནུས་པ་རྒྱུན་ལྡན་ཡིན་པ།
5. འགུལ་སྐྱོད་རང་མོས་དང་དོ་མཉམ་ཞིང་གོམ་ཁ་ཡང་བ་དང་། ཚོར་བ་རྣོ་བ།
6. ཡ་རབས་སྤྱོད་བཟང་དང་གཤིས་ཀ་འཇམ་ཞིང་ཁོར་ཡུག་མི་འདྲ་བའི་འགྱུར་ལྡོག་ལ་གོམས་སླ་བ།
7. འཚོ་གནས་ཀྱི་ཐབས་ཤེས་ཡག་པོ་ཞིག་ཡོད་དགོས་ཤིང་། གནད་དོན་ལ་ལྟ་བ་དང་དོན་དག་གང་ཞིག་བསྒྲུབ་པ། མི་གཞན་དང་འབྲེལ་འདྲིས་བྱེད་པ་སོགས་མི་མང་ཆེ་ཤོས་ཀྱིས་དང་ལེན་བྱ་ཐུབ་པ།
8. མི་དང་མིའི་བར་གྱི་འབྲེལ་བ་ལེགས་པ་དང་། མཐའ་འཁོར་གྱི་མི་དང་འབྲེལ་འདྲིས་བྱེད་པའི་འདུན་པ་དྲག་པོ་སྐྱེས་ཤིང་། གདམ་གསེས་ཡོད་པའི་སྒོ་ནས་གྲོགས་པོ་བསྒྲིག་སྟེ། ཕན་ཚུན་བར་གྱི་ཟོལ་མེད་བརྩེ་དུང་ལ་གཅེས་འཛིན་བྱེད་པ་དང་། ཕ་རོལ་བར་བརྩི་བཀུར་བྱེད་པ། བློ་ཁོག་ཡངས་པ་བཅས་སོ། །
གོང་གསལ་གྱི་ཚད་གཞི་དེ་དག་ལས་བདེ་ཐང་ནི་གོ་དོན་ཧྲིལ་བོ་ཞིག་ཡིན་ཞིང་། མི་དང་འབྲེལ་བའི་ཕྱོགས་གང་གི་ཐད་ནས་ཀྱང་རྒྱུན་ལྡན་མིན་ཚེ་བདེ་ཐང་གི་རྣམ་པ་ཧྲིལ་པོ་དེར་ཤུགས་རྐྱེན་ཐེབས་ངེས་ཡིན་པ་རྟོགས་ཐུབ། །