དེང་སྐབས་འཛམ་བུ་གླིང་ན་ནད་གཞི་ཚབས་ཆེ་བའམ་གཅོང་ནད་ཀྱི་ནད་གཞི་དང་ནད་གཞི་གསར་པ་མང་པོ་ཞིག་ཟས་སྤྱོད་ལོག་པའམ་ཚུལ་བཞིན་མི་བསྟེན་པའི་རྐྱེན་གྱིས་ཡོང་གི་ཡོད་པ་དངོས་འབྲེལ་གྱི་གནས་ཚུལ་ཆགས་ཡོད། ང་རང་ཚོའི་སྤྱི་ཚོགས་ནང་ལ་ཡང་དམིགས་སུ་དགུང་ལོ་བགྲེས་པ་དང༌། དགོན་སྡེ་ཁག་ལ་ཤ་མར་ཞག་རྩི་ཆེ་བའི་ཟས་བསྟེན་དྲགས་པའི་གཅོང་ནད་ཀྱི་ནད་གཞི་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་རེད། སྤྱིར་བོད་པ་མང་ཆེ་བའི་ཐབ་ཚང་ནང་ལ་ཤ་མེད་ན་ཟས་བཟའ་རྒྱུ་མེད་པའམ་བཟོ་རྒྱུ་མེད་པའི་བསམ་བློ་ཤུགས་ཀྱིས་སླེབས་བཞིན་ཡོད། མང་པོ་ཞིག་གིས་ཟས་ནང་ལ་ཤ་མེད་ན་ཟུངས་ཉམས་པའམ་ཡང་ན་རླུང་འཕེལ་བའི་རྐྱེན་བརྗོད་པའི་ཕྱོགས་གཅིག་ནས་བལྟས་ན་རྒྱུ་མཚན་ཡོད་ཀྱང༌། སྤྱིར་གང་ཟག་སོ་སོའི་རང་བཞིན་ལ་བརྟེན་ནས་ཤ་དང་མར་ལ་སོགས་པ་དགོས་མེད་རྟོགས་དགོས། དཔེར་ན། གང་ཟག་ཞིག་གི་ཕོ་བའི་འཇུ་སྟོབས་ཧ་ཅང་ཞན་པའམ་ཡང་ན་ལུས་ལ་དྲོད་ཧ་ཅང་ཆེ་བའི་རང་བཞིན་ཡོད་ན་ཤ་མར་ལ་སོགས་པ་མང་པོ་བསྟེན་དྲགས་པའི་རྙིང་ནད་དང༌། མཆིན་ནད། ཁྲག་ཤེད་ལ་སོགས་པའི་ནད་གཞི་ཡོང་ཉེན་ཆེ་བ་མངོན། ཡང་རླུང་གི་རང་བཞིན་ཡིན་པ་ཞིག་ལ་སྤྱིར་ཤ་མར་ལ་སོགས་པ་འཕྲོད་བཞིན་ཕན་བསྐྱེད་ཡོད་ཀྱང༌། ཟས་ནང་ནུས་པ་འཇམ་པ་དཀར་ཟས་རིགས་དང༌། སྒོག་ཙོང་ལ་སོགས་པ་བསྟེན་ན་མ་འགྲིག་པ་མེད། བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་གི་ཟས་ཀྱི་ལེའུ་ནང་སྔོ་ཚོད་ཀྱི་ཕན་ཡོན་འབྱུང་བ་ལྔའི་རང་བཞིན་དང་ནུས་པ་ལ་གཞིགས་ནས་འགྲེལ་བཤད་ཁ་གསལ་ཡོད་པས་ད་ལན་འདི་ག་རྒྱུན་དུ་ཡོངས་གྲགས་ལོངས་སུ་སྤྱོད་པའི་སྔོ་ཚོད་ཁ་ཤས་ཀྱི་རོ། ངོ་བོ། ཕན་ནུས་དང་དོ་སྣང་བྱེད་དགོས་པ་རྣམས་གསལ་བཤད་ཞུས་ཡོད།
ཞོག་ཁོག (土豆)
རོ་མངར་ལ་ངོ་བོ་བསིལ་ཞིང་བད་སྨུག་དང་ཕོ་བའི་ཟུག་གཟེར་འཇོམས། སྐྱུག་མེར་འགོག བཤང་འགག་སེལ། གཞན་ཡང་རྗེན་པ་ལེབ་གཏུབ་བྱས་པ་ལུས་པགས་དང་རུས་ཚིགས་ལ་སྦྱར་བས་པགས་ཁྲ་དང་སྐྲངས་གཟེར་འཇོམས་པ་ལ་ཡང་ཕན། ཡང་དོ་སྣང་གནང་དགོས་པ་ལ་ཕོ་དྲོད་ཞན་ཞིང་གྲང་བའི་རིགས་ཏེ། ལུས་ཤ་ཚོ་ཆེ་བ་དང༌། དབུགས་བསགས་ནད། གསང་གནས་ནད། གཅིན་སྙིའི་ནད། རོ་ཙ་ཉམས་པ་བཅས་ལ་གནོད་ཅིང༌། ཞོག་ཁོག་ལྗང་ཁུའམ་སྤུ་རྡོག་ཡོད་པ་རྣམས་ལ་དུག་རྫས་ཀྱི་ཆ་ཡོད་པས་རྒྱུན་དུ་འཛེམ་དགོས།
ལ་ཕུག (萝卜)
རོ་མངར་ལ་ཚ་ཞིང་ངོ་བོ་དྲོད། ལ་ཕུག་གིས་མེ་དྲོད་སྐྱེད་ཅིང་ཟས་འཇུ། ལུད་པ་འདོན། ལྐོག་ནད་དང་སྐད་འགགས་སེལ། རྨ་རིགས་འཇོམས། རླུང་ནད་སེལ། ཆམ་ནད་དང་སྐྲན་ནད་སྔོན་འགོག་བྱེད། དབུགས་བསགས་ནད་དང༌། འབམ་ནད་དང་འཁྲུ་བ་གཅོད་པར་ཡང་ཕན། ཡང་དོ་སྣང་གནང་དགོས་པ་ལ་ཁྲག་མཁྲིས་ཚ་བའི་ནད་རིགས་ལ་གནོད། རྗེན་པས་ཁ་བསྲེག་ཅིང་ཕོ་ཁ་ན་བར་བྱེད།
པད་ལོག (莲花白)
རོ་མངར་ལ་ངོ་བོ་བསིལ་ཞིང་ཕོ་བའི་སྦོ་འཁྲོག་དང་ཟུག་གཟེར་འཇོམས། གཉིད་འགུག ཕོ་བའི་སྨུག་པོ་སེལ། གཞན་ཡང་སྙིང་རླུང་དང་འབྲས་ནད་སྔོན་འགོག་བྱེད་པར་ཕན་ཞིང༌། ལོ་མ་སྣུམ་ལ་ཆེ་བ་རྣམས་ཀྱིས་ལུས་ཕྱི་ལ་འབྱར་བྱས་པས་རྨ་འབྲུམ་དང༌། ཆུ་སེར་སྲིན་ཐོར། ཟ་རྐོང་བཅས་ལ་ཕན་པར་བཤད། དོ་སྣང་གནང་དགོས་པ་ལ་ཕོ་བའི་འཇུ་སྟོབས་ཞན་པ་དང་གྲང་བའི་རིགས་ལ་གནོད།
སུར་སྔོན། (青椒)
རོ་ཅུང་ཟད་མངར་ལ་ངོ་བོ་བསིལ་བཞིན་གཞང་འབྲུམ་སེལ། སྲིན་གསོད། ཆུ་སེར་འོར་ནད་དང་མཛེ་ནད་འཇོམས། འབྲས་དང་སྐྲན་འགོག་པ་བཅས་ལ་ཕན། ཡང་དོ་སྣང་བྱ་དགོས་པ་ལ་ཚོད་མ་འདི་འཇུ་དཀའ་ཞིང་གྲང་བ་མཁལ་རྐེད་ན་བའི་རིགས་ལ་གནོད།
ཙོང༌། (葱)
རོ་ཚ་ལ་ངོ་བོ་དྲོད། ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་འཇུ། དང་ག་འབྱེད། གཉིད་འགུག རླུང་དང་བད་ཀན་སེལ། སྲིན་ཐོར་འཇོམས། རྐང་འབམ་སེལ། རོ་ཙ་སྐྱེད། གཞན་ཁྲག་ཤོར་གཅོད་ཅིང་ཕོ་ལོང་གི་འབྲས་ནད་སྔོན་འགོག་བྱེད་པ་ལ་ཡང་ཕན། དོ་སྣང་བྱ་དགོས་པ་ལ་མཁྲིས་ཚད་དང༌། ལུས་པོར་དྲིས་མནམ་པ། རྔུལ་ནག་མང་བའི་རིགས་ལ་གནོད།
ཁ་ཏིག་ཚལ། (苦瓜)
རོ་ཁ་ལ་ངོ་བོ་བསིལ་བཞིན་ཚ་བ་དང༌། དུག་རིགས། སྐོམ་ཚད། རླུང་ཚད་དང་མཁྲིས་པའི་ནད་བཅས་ལ་ཕན་ཞིང༌། གཅིན་སྙིའི་ནད་ལ་ཕན་པོ་ཡོད། ཡང་དོ་སྣང་བྱ་དགོས་པ་ལ་ཕོ་བའི་མེ་དྲོད་ཞན་པོ་དང་ཕོ་བ་ན་བའི་རིགས་ལ་གནོད།
གོང་ལ་ཕུག (胡萝卜)
རོ་མངར་ལ་ངོ་བོ་སྙོམས་བཞིན་ཟུངས་ཁྲག་གསོ། མཆིན་སྟོབས་སྐྱེད། ཚ་བ་སེལ། དུག་འཇོམས། མིག་གསལ་བར་བྱེད། མཚན་ལོང་སེལ། པགས་པ་རྩུབ་པོ་འཇམ་པར་བྱེད། གཞན་ཡང་བཤང་འགག་སེལ་ཞིང༌། འབྲས་ནད་སྔོན་འགོག་བྱེད་པ་བཅས་ལ་ཕན། དོ་སྣང་བྱ་དགོས་པ་ལ་ཕོ་བའི་མེ་དྲོད་ཞན་པའི་རིགས་ལ་གནོད།
སྒ་སྨུག(姜)
རོ་ཚ་ལ་ངོ་བོ་དྲོད་བཞིན་ཕོ་བའི་སྦོ་འཁྲོག་དང་གཟེར་ཟུག་འཇོམས། བད་ཀན་སྦེ་སྣབས་དང་ལུད་པ་སེལ། ཁ་ཟས་འཇུ་བ་དང་མེ་དྲོད་སྐྱེད། འཁྲུ་སྐྱུགས་གཅོད། ཁྲག་གར་པོ་སླ་བར་གཏོང༌། ཟླ་མཚན་འགག་པ་འདྲེན། གློ་ལུ་བ་སེལ། རོ་ཙ་གསོ། རྔུལ་ནག་ཐོན་པ་བཅས་ལ་ཕན། ཡང་དོ་སྣང་བྱ་དགོས་པ་ལ་སྒ་སྨུག་གིས་ལུས་དྲོད་ཚ་བ་སློང༌། ཁ་སྐམ་པ་དང༌། བཤང་བ་འགག་པར་བྱེད། །