བོད་དུ་སྒྲ་བསྒྱུར་སློབ་གྲྭ་ཐོག་མར་བཙུགས་པའི་སྐོར་རགས་ཙམ་གླེང་བ།

ཚེ་དབང་ལྷ་མོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


ད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམ་བྷོ་ཊའི་ཞལ་ཐང་། དཀོན་མཆོག་རྡོ་རྗེས་པར་བླངས།

   གཅིག ཡིག་བསྒྱུར་ལོ་ཙཱའི་བྱུང་བ།

   མི་རིགས་མི་འདྲ་བའི་སྐད་རིགས་བྱུང་བ་ནས་སྒྲ་བསྒྱུར་གྱི་ལས་ཀ་བྱུང་བ་དང་། སྐད་རིགས་མཚོན་བྱེད་ཀྱི་ཡིག་རིགས་མི་འདྲ་བ་བྱུང་བ་ནས་ཡིག་སྒྱུར་གྱི་ལས་ཀ་བྱུང་ཡོད་པའི་གོ་རིམ་ནི་སྨོས་མ་དགོས་པ་རེད། དེ་ཡང་འཛམ་གླིང་མི་རིགས་སོ་སོའི་ཡི་གེ་བྱུང་བའི་དུས་རིམ་མི་འདྲ་བ་དང་བསྟུན་ནས་ཡིག་བསྒྱུར་ལོ་ཙཱའི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཐུང་ཡང་མི་འདྲ་བ་མང་པོ་ཡོད་པ་ལས་ཆེས་སྔ་བའི་ཡིག་བསྒྱུར་ལོ་ཙཱ་ག་དུས་བྱུང་བའི་སྐོར་དེ་ལའང་བཞེད་པ་མི་འདྲ་བ་མང་པོ་ཡོད་པ་སྟེ། ཐཱན་ཙེ་ཞེས་ཀྱི་《 ་ནུབ་ཕྱོགས་ཡིག་བསྒྱུར་ལོ་རྒྱུས་རགས་ཙམ་གླེང་།》བའི་ཁྲོད་གཞན་གྱི་འབྲེལ་ཡོད་རྒྱུ་ཆ་ཁ་ཤས་ལས་བཤུས་པ་དེ་སྤྱི་ལོ་སྔོན་གྱི་ལོ་གྲངས་3000དུས་ནས་རྗེས་སུ་ཡོབ་གླིང་རིག་གནས་དང་འབྲེལ་བ་ཧ་ཅང་དམ་པའི་ཤར་ཕྱོགས་གནའ་བོའི་ཨེ་སི་རིན་བཙན་རྒྱལ་(東方古國亞述帝國)སྐབས་སུ་དངོས་སུ་ཡིག་བསྒྱུར་ལོ་ཙཱ་བྱུང་ཡོད་ཟེར་བ་དང་། གཞན་ཡང་། གནའ་བོའི་པ་པི་ལིན་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་ས་པ་པི་ལིན་ནི་ཧན་མའོ་ལ་པི་རྒྱལ་པོས་དབང་བསྒྱུར་གྱི་དུས་ནས་སྐད་རིགས་མང་པོ་བེད་སྤྱོད་བྱེད་པའི་གྲོང་ཁྱེར་ཞིག་ཡིན་ལ། རྒྱལ་པོའི་རྒྱལ་ཁབ་ཀྱི་སྲིད་དོན་མང་པོ་ལོ་ཙཱ་བར་བརྟེན་ནས་སྒྲུབ་དགོས་པ་སྟེ་ལོ་ཙཱ་བས་རྒྱལ་པོའི་བཀའ་ཁྲིམས་སོ་སོ་དང་དགོངས་དོན་སོགས་རྒྱལ་ཕྲན་སོ་སོའི་ཡི་གེར་བསྒྱུར་ནས་འབངས་མི་སེར་ལ་སྤེལ་གྱི་ཡོད་པར་བཤད།
   རང་རེ་བོད་མི་རིགས་ཀྱི་ཡི་གེ་བྱུང་བ་ནས་བཟུང་ཡིག་བསྒྱུར་ལོ་ཙཱའི་བྱེད་སྒོ་དེའང་རིམ་གྱིས་འཕེལ་བ་སྟེ། 《 རྣམ་འབྱེད་འཕྲུལ་ལྡེ།》 ལས། རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས། གནམ་རི་སྲོང་བཙན་ཡན་ཆན་དུ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་ཡིག་བསྒྱུར་བའི་ལོ་པཎ་རེ། བྱ་ཐབས་གསུང་རབ་རེ་རེ་བཞག་ཅེས་གསུངས་ཡོད་ཅེས་ཆོས་རྒྱལ་དང་། ཐུ་མིའི་གོང་ན་སྒྲ་བསྒྱུར་ཡོད་པ་མ་ཚད་ཡིག་སྒྱུར་ཡང་ཡོད་པར་བཤད་ཡོད།
   ཆོས་ལྡན་རྒྱལ་རབས་(སྤྱི་ལོ་629_841)སྐབས་སུ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་དམ་པའི་ཆོས་སྲོལ་བཏོད། ལོ་ཙཱ་བ་ཐུ་མི་སམ་བྷོ་ཊས་མདོ་སྡེ་དཀོན་མཆོག་སྤྲིན་དང་། པདྨ་དཀར་པོ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བོད་སྐད་དུ་བསྒྱུར། དེ་རྗེས་ཆོས་རྒྱལ་གྱི་བཀས་རྒྱ་གར་གྱི་སྨན་པ་བྷ་ར་ངྷ་ཛ་དང་། རྒྱ་ནག་གི་སྨན་པ་ཧན་ཝེན་ཧང་། སྟོད་ཕྱོགས་ཏ་ཟིག་གི་སྨན་པ་ག་ལེ་ནོས་ཞེས་བྱ་བ་གསུམ་སྤྱན་དྲངས་ནས་རྒྱ་གར་གྱི་སྨན་པས་《འབུ་ཤག་མ་བུ་ཆེ་ཆུང་།》དང་《སྦྱོར་བ་མར་གསར།》
རྒྱ་ནག་གི་སྨན་པས་《རྒྱ་དཔྱད་ཐོར་བུ་ཆེ་ཆུང་།》 ཏ་ཟིག་གི་སྨན་པས་《མགོ་སྔོན་བསྡུས།》དང་། དེ་ཕོ་རྨ་བྱ་ནེ་ཙོ་གསུམ་གྱིས་དཔྱད་རྣམས་དོན་འགྱུར་བྱས་ནས། གསུམ་ག་བགྲོས་ཏེ་བསྡོམས་ནས་《 མི་འཇིགས་པའི་མཚོན་ཆ།》ཞེས་བྱ་བ་བམ་པོ་སོ་བདུན་ཡོད་པ་བརྩམས་ནས་ཕུལ། ཞེས་སྐབས་དེར་སྐད་རིགས་མང་པོའི་ཡི་གེ་བསྒྱུར་ཡོད་པའི་ལོ་རྒྱུས་ཡོད་པ་རེད། དེ་རྗེས་མེས་ཨག་ཚོམ་ཀྱི་དུས་སུ་ཧྭ་ཤང་མ་ཧའ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙི་ཙི། ཁྱུང་པོ་དམ་ཚུགས། ཅོག་ལ་སྨོན་འབར་ཞེས་བྱ་བ་རྣམས་ཀྱིས་གསོ་དཔྱད་ཀྱི་དཔེ་ཆ་བསྒྱུར་ཞིང་། སྔར་ནས་བསྒྱུར་བ་དང་གསར་དུ་བསྒྱུར་བ་རྣམས་ཀྱི་དོན་སྙིང་པོ་བླངས་ནས་གསོ་དཔྱད་《སོ་མ་རཱ་ཛ་སྟེ་ཟླ་བའི་རྒྱལ་པོ།》ཞེས་བྱ་བ་ལེའུ་བརྒྱ་དང་བཅོ་ལྔ་པ་བརྩམས་པར་སྣང་། འདི་ཀླུ་སྒྲུབ་ཀྱིས་མཛད་པ་རྒྱ་གར་ནས་བསྒྱུར་བར་འདོད་པ་དང་། རྒྱ་ནག་ནས་བསྒྱུར་བའི་འདོད་སྲོལ་ཡོད་ཀྱང་། ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་ལས་གོང་གསལ་གྱི་མཁས་པ་དག་གིས་བརྩམས་པར་འདོད།
   སྐབས་དེར་བྱང་《ཁོག་སྟོད་ཀྱི་དམར་བྱང་གསལ་བའི་སྒྲོན་མེ།》ལེའུ་ཞེ་གཉིས། 《 སྨད་ཀྱི་དམར་བྱང་འཕྲུལ་གྱི་ལྡེ་མིག》ལེའུ་ཉེར་ལྔ་པ། 《 ཡན་ལག་གི་བཅོས།》ལེའུ་ཞེ་གཉིས་པ། 《 རོ་བཀྲ་འཕྲུལ་གྱི་མེ་ལོང་།》ལེའུ་ཉེར་དྲུག་པ། 《 རོ་བཀྲ་ཐག་གུ་དགུ་སྦྱོར།》 《 གསོན་ཐིག་རོ་ཐག་གི་རྣམ་བཞག་དྲང་སྲོང་མིའི་ཁོག་པ།》ལེའུ་བཅུ་པ། 《 རིན་པོ་ཆེའི་དབྱིག་ལེའུ་བདུན་ཅུ་པ།》ལ་སོགས་པ་ཡུལ་སོ་སོའི་སྨན་གཞུང་རྣམས་བསྒྱུར་ནས་རྒྱལ་པོ་ལ་ཕུལ། ཕྱིས་དེ་རྣམས་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོམ་བུར་བཞུགས་པ་ལ་《 བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ།》ཞེས་གྲགས་ཟེར་རོ། ཞེས་སོགས་མེས་ཨོག་ཚོམ་གྱི་སྐབས་སུ་ནང་ཆོས་བོད་དུ་བསྒྱུར་པའི་ལོ་རྒྱུས་ཆེར་མ་གསལ་ཡང་། གསོ་རིག་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བའི་ལོ་རྒྱུས་ཤེས་བྱ་ཀུན་ཁྱབ་སོགས་ལས་འཁོད་པ་ལྟར་རོ། །

   དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད་ཐོག་མར་འཛིན་པའི་སྐབས་སུ་རྒྱ་གར་ནས་སྨན་པ་ངྷརྨ་རཱ་ཛ་དང་། རྒྱ་ནག་ནས་མ་ཧྭ་ཀྱིན་ད་བྱུང་སྟེ། ཙན་པ་ཤི་ལ་ཧ་དང་གསུམ་ལ་སྤྲུལ་པའི་སྲས་གསུམ་དུ་གྲགས་ཏེ། དེ་གསུམ་བགྲོས་ནས་རྒྱལ་ཁམས་གསུམ་པོའི་ལུགས་དང་བསྟུན་པའི་སྨན་དཔྱད་ཀྱི་བསྟན་བཅོས་རིན་ཆེན་སྤུངས་པའི་སྐོར་ཞེས་བྱ་བ་བརྩམས་ནས་རྒྱལ་པོ་ལ་ཕུལ་དང་། གསོ་དཔྱད་ཀྱི་དཔེ་མང་པོ་རྒྱ་དཀར་ནག་དང་། ཏ་ཟིག ཁ་ཆེ་སོགས་ཀྱི་སྐད་ཡིག་ནས་བོད་སྐད་དུ་བསྒྱུར་ཞིང་། བླ་སྨན་རྣམས་ཀྱིས་བསྒྱུར་བའི་སྨན་དཔྱད་ཀྱི་གཞུང་རྣམས་ཕྱོགས་གཅིག་ཏུ་སེང་ལྡེང་གི་གླེགས་ཤིང་དུ་བཞུགས་པ་ལ་《རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོ།》ཞེས་གྲགས། དེ་ལྟར་བདེན་པའི་དབང་དུ་བྱས་ནས་པོ་ཏི་བཞི་ལྔ་ཙམ་ལོངས་པར་འདུག་གོ ཞེས་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་གསུངས་སོ། གོང་གསལ་གནས་ཚུལ་འདི་དག་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་སྒྲ་བསྒྱུར་གླིང་བཙུགས་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་བཟང་པོ་ཞིག་གྲུབ་འདུག །

གནའ་གཞུང་དཔེ་མཛོད་ཁང་། དཀོན་མཆོག་རྡོ་རྗེས་པར་བླངས། 

   གཉིས། སྒྲ་བསྒྱུར་གླིང་ངམ་ལོ་ཙཱ་བའི་སློབ་གྲྭ་བཙུགས་པ།
   སྤྱིར་བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་བྱོན་ནས་ལེགས་སྦྱར་གྱི་སྐད་དང་ཡི་གེ་ལ་མཁས་པར་གྱུར། ཕྱིས་སུ་བོད་དུ་ཕེབས་ཏེ་རྒྱ་གཞུང་མང་པོ་བོད་སྐད་དུ་བསྒྱུར། ལོ་ཙཱ་བ་གསར་པ་གསོ་སྐྱོང་གནང་བ་ནས་བཟུང༌། རྒྱལ་རབས་རིམ་བྱུང་གི་དུས་སུ་ལོ་ཙཱ་བ་འགའ་ཞིག་བྱུང་ཡོད་པ་གོང་གསལ་ལྟར་རོ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དགུང་ལོ་བཅུ་བདུན་སོན་པ་དང་དམ་པའི་ཆོས་ལ་ཐུན་མིན་གྱི་དད་པ་སྐྱེས་ནས་བོད་ཁ་བ་ཅན་གྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱེད་པའི་ཐུགས་འདུན་དྲག་པོ་འཁྲུངས་ནས་སྤྱི་ལོ་761པའི་ལྕགས་གླང་ལོར་ཟ་ཧོར་གྱི་མཁན་པོ་བོ་དྷྭི་ས་ཏྭ་གདན་དྲངས་ནས་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང༌། བསམ་ཡས་གཙུག་ལག་ཁང་གི་བཀོད་པ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཡོངས་སུ་བཞེངས་པ་དང་། དམ་པའི་དར་སྤེལ་གཏོང་བ་ལ་ལོ་ཙཱ་བ་མཁས་པ་མང་པོ་ཞིག་མེད་ན་ཐབས་མེད་པར་གཟིགས་ཏེ། བོད་ཕྲུག་རྣམས་ལ་ལོ་ཙཱ་བསླབས་པས་རྒྱ་གར་སྐད་ཀྱི་སྒྲ་གདངས་གསལ་པོ་སྨྲ་མ་ནུས་པར་རྒྱལ་པོ་ཐུགས་ཡིད་ཆད་པ་དང་། གུ་རུ་པདྨ་འབྱུང་གནས་ཀྱིས་ཐུགས་གསོས་གནང་སྟེ་རིག་སྟོབས་རྒྱས་ཤིང་། ཁ་ལྕེ་བདེ་བའི་སློབ་མ་ལུང་བསྟན་པ་ལ་ཀ་ཅོག་ཞང་གསུམ་བྱུང་བ་དང་། བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་པའི་སྐོར་པདྨ་བཀའ་ཐང་ལས། དེ་ནས་དམངས་ཀྱི་ཕྲུག་གུ་རིག་པ་ཅན༔ ཁ་སྤྲོ་གསང་ཞིང་སྐྱེ་མཆེད་དྭངས་པ་དང་༔ ཤེས་རབ་ཆེ་ཞིང་ཁ་ལྕེ་བདེ་བ་རྣམས༔ རྒྱ་གར་ཡུལ་དུ་སྒྲ་བསྒྱུར་སློབ་ཏུ་གཏོང་༔ འཕྲལ་སྐད་ཆོས་སྐད་ཐམས་ཅད་སློབ་པ་ལ༔ མཁན་པོས་སྒྲ་བསླབས་བསྒྱུར་དུ་བཅུག་པ་ནི༔ ན་མོ་བུདྡྷ་ཡཿ ན་མོ་དྷརྨྨཱ་ཡཿ ན་མཿསངྒྷ་ཡཿ བོད་སྤྲུག་ཁ་ལྕེམ་བདེ་ཡེ་མ་ཤེས༔ མ་མོ་སྤུད་པ་ཡཿ མ་མོ་སྤང་མ་ཡཿ མ་མོ་ཕ་བ་ཡཿ སྒྲ་དེ་བོད་ཀྱི་སྐད་དུ་བསྒྱུར་བསླབས་པ༔ སངས་རྒྱས་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ ཆོས་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ བོད་སྤྲུག་ལྕེ་ཡིས་མ་འགྱུར་འདི་སྐད་ཟེར༔ ཕར་འགེལ་ཐག་ཐམ་མོ་སྦབས་ཧུ་ཧིཿ ཆོས་ཡ་ཐག་ཐམ་མོ་སྦབས་ཧུ་ཧིཿ འེ་འུན་ལ་ཐག་ཐམ་མོ་སྦབས་ཧུ་ཧིཿ སློབ་དཔོན་ཆེན་པོ་པདྨས་སྒྲ་བསྒྱུར་བསླབས༔ ན་མོ་གྷུ་རུ་བེཿ ན་མོ་དེ་ཝཱ་ཡཿ ན་མོ་ཌཱ་ཀཱི་ནྱཻཿ བོད་སྤྲུག་ཇི་ཙམ་བསླབས་ཀྱང་མ་ཤེས་ཏེཿ མ་མོ་སྦུ་འུ་ཡཿ མ་མོ་འདྲེ་བྷ་ཡཿ མ་མོ་བྷ་ཁྱི་ཡཿ རྒྱ་སྐད་དེ་དག་བོད་སྐད་བསྒྱུར་ནས་བསླབས༔ བླ་མ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ ཡི་དམ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ མཁའ་འགྲོ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ༔ བོད་སྤྲུག་བྱིས་པས་དེ་ཡང་མ་ཤེས་ཏེཿ མནའ་མ་ཡ་ཐག་ཐམ་མོ་སྦབས་ཧུ་ཧིཿ བྱི་བ་མ་ཡ་ཐག་ཐམ་མོ་སྦབས་ཧུ་ཧིཿ ཤ་འབོ་ཐང་ཐག་ཐམ་མོ་སྦབས་ཧུ་ཧིཿ སློབ་དཔོན་རྣམ་གཉིས་བཞད་ཅིང་ཕྱག་རྡབ་མཛད༔ རྒྱལ་པོ་ཐུགས་མུག་མང་དུ་བཤུམས་པ་ཡིས༔ ཞེས་དང་། དེ་ནས་གུ་རུ་ལུང་བསྟན་གནང་བར། གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡིཿ གནས་གཞི་ཞིག་གི་བྲང་ཁང་དམིག་གུ་ན༔ ཕ་མིང་པ་གོར་ཧེ་འདོད་བྱ་བ་ལ༔ མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུཿ གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ སྤྲུལ་པའི་ལོ་ཙཱ་རྩོད་མེད་གྲགས་པ་འབྱུང་༔ དབུ་རུ་འཕན་ཡུལ་སྐབས་ཞེས་བྱར༔ ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དང་༔ ཡུམ་མིང་འབྲོ་བཟའ་རྡོ་རྗེ་ལྕམ་གྱི་བུཿ ཤཱཀྱ་ཐུབ་ཉེར་གནས་ཙུནྡ་ཚེ་འཕོས་པ༔ སྐྱེས་མཆོག་སྐ་བ་དཔལ་བརྩེགས་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ རུ་ལག་ཤངས་ཀྱི་དར་མ་སྒང་བྱ་བར༔ ཡབ་མིང་ཅོག་རོ་ཀླུ་ཡི་རྒྱལ་འབྱུང་དང་༔ ཡུམ་ནི་འབྲང་བཟའ་མཛེས་མ་གཉིས་ཀྱི་བུཿ དགེ་བསྙེན་ལིཙྪ་བྱི་ནི་ཚེ་འཕོས་པ༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ བློ་རིག་བཀྲ་ཤིང་ཁ་ལྕེ་བདེ་བའི་ཕྲུ་གུ་གསུམ་འོས་སྦྱོར་གནང་བའི་གསུང་ཡོད་འདུག
   སྤྱི་ལོ་766པའི་མེ་རྟ་ལོར་བསམ་ཡས་གཙུག་ལག་ཁང་ཡོངས་སུ་གྲུབ་པ་དང༌། བསམ་ཡས་སྒྲ་བསྒྱུར་གླིང་ཞེས་པའི་ལོ་ཙཱ་བའི་སློབ་གྲྭ་ཞིག་བཙུགས་ནས་སྒྲ་བསྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་གནང ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་དངོས་ཀྱིས་སློབ་གྲྭའི་དབུ་འཛིན་གནང་ཞིང་སློབ་གྲྭ་བ་རྣམས་ལ་འཚོ་བའི་མཐུན་རྐྱེན་གོང་གི་སྲིད་གཞུང་ནས་སྦྱར། རྒྱ་གར་ནས་གདན་དྲངས་བའི་པཎྜི་ཏ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་སློབ་ཁྲིད་གནང་བ་དང༌། བཻ་རོ་ཙ་ན་དང༌ ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུ་ཡི་རྒྱལ་མཚན་གསུམ་གཙོ་བོར་བྱས་པའི་བོད་ཡུལ་སྟོད་སྨད་བར་གསུམ་ནས་སྙིང་རུས་ཆེ་ཞིང་བློ་རིག་བཀྲ་བའི་གཞོན་ནུ་བརྒྱ་དང་བརྒྱད་སློབ་མ་དངོས་སུ་བསྡུ་ལེན་བྱས་ནས་ལེགས་སྦྱར་གྱི་སྐད་ཡིག་བསླབས། སློབ་མ་སྡུད་ལེན་གྱི་སྒྲིག་ཁྲིམས་སྐོར་ལ། སློབ་མ་བསྡུ་བའི་ཡུལ་ནི་བོད་ཀྱི་རྒྱལ་པོའི་མངའ་ཁོངས་ཀྱི་ས་ཆ་གང་རུང་ལས་སྡུད་ལེན་བྱེད་ཆོག་པ་དང༌། སློབ་མའི་ཆ་རྐྱེན་ལ་རང་ལོ་བརྒྱད་ཡན་ཆོད་དང༌། བཅོ་བརྒྱད་མན་ཆོད་ཡིན་པའི་གཞོན་ནུ་ལུས་ལ་ནད་དང་དབང་པོ་སོགས་ལ་སྐྱོན་མེད་པ། བསམ་པ་བཟང་ཞིང་ཡོན་ཏན་ལ་དགའ་ཞེན་ཡོད་པ། བློ་རིག་གསལ་ཞིང་ཤེས་རབ་ཆེ་བ་བཅས་ཀྱི་སློབ་མ་སྡུད་ལེན་བྱེད་རྒྱུ་གཏན་འབེབས་གནང༌། སྐབས་དེར་སློབ་མ་དངོས་སུ་བསྡུས་པའི་མིང་ཐོ་ཁག་གཅིག་《པད་མ་བཀའ་ཐང་།》ལས།
   ཡར་ཀླུང་སྦ་མི་ཁྲི་གཞེར་ས་ཤི་ཏ། །
   འཁོན་རྗེ་ཀླུ་དབང་སྲུང་བ་ཞང་སེ་བཙན། །
   ཤུད་བུ་ཁོང་སླེབ་སྦ་ལོ་རཏྣ་དང༌། །
   རྨ་བན་རིན་ཆེན་མཆོག་དང་ཡར་ལྷ་བུ། །
   ཞེས་སོགས་མིང་ཐོ་རྒྱས་པ་པདྨ་བཀའ་ཐང་ལས་གསལ་བར་ལྟར་རོ། །དེ་ལྟར་ལོ་ཙཱ་བ་རྣམས་སློབ་མཐར་ཕྱིན་པ་དང་སླར་ཡང་རྒྱ་གར་དུ་ཕེབས་ཏེ་སྐད་ཡིག་ལ་སྦྱོང་བརྡར་དང་མདོ་སྔགས་ཀྱི་ཆོས་རྣམས་འཚོལ་བ་ལ་གསེར་གྱི་པ་ཏྲ་བདུན་རེ་དང༌། གསེར་ཕྱེ་བྲེ་དགུ་རེ་བསྐུར་ནས་རྒྱ་གར་དུ་བཏང༌། རྒྱ་གར་ཤར་ནུབ་ཀུན་ཏུ་ཉུལ་ཅིང་དམ་ཆོས་ཀྱི་དཔེ་ཆ་མང་པོ་བསྣམས་ཏེ་ཕྱིར་བོད་དུ་ལྡོག རྒྱ་གར་གྱི་པཎྜི་ཏ་བི་མ་མི་ཏྲ་དང་ལ་སོགས་པའི་རྒྱ་གར་གྱི་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། བོད་ཀྱི་ལོ་ཙཱ་བ་རྣམས་དང་ལྷན་ཅིག་ཏུ་སྔོན་རྗེས་སུ་བོད་དུ་བསྒྱུར་པ་ལ། 《 གསང་སྔགས་ཕྱི་པ་ཡོ་ག་སྡེ་གསུམ་རྒྱུད།》 《 གསང་སྔགས་ནང་པ་ཡོ་ག་རྣམ་གསུམ་རྒྱུད།》 《 ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོ།》 《 འདའ་ཀ་ཡེ་ཤེས་ངེས་དོན་སྒོམ་པའི་མདོ།》 《 བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་མདོ།》 《 རྡོ་རྗེ་རྣམ་པར་འཇོམས་པའི་མདོ།》 《 འཇམ་དཔལ་གསང་བདག་གི་རྒྱུད།》 《 སྤྱོད་འཇུག》 《 དབུ་མའི་ཚོགས་གསུམ་དགོངས་འགྲེལ།》 《 བྱམས་ཆོས་སྡེ་ལྔ།》ལ་སོགས་པ་རྣམས་སོ། །
   གསུམ། ལོ་ཙཱ་གཙོ་བོ་འགའ་ཞིག་ངོ་སྤྲོད།
   1. ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན། ཁོང་ནི་བོད་ལྗོངས་སྙེ་མོ་རྫོང་ཁོངས་སུ་སྐུ་འཁྲུངས། འཁྲུངས་དུས་སྤྱི་ལོ་754པའི་ཤིང་རྟ་ལོ་ཡིན་ཞེས་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས་གསལ། བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་མཁན་སད་མི་བདུན་གྱི་ཡ་གྱལ་ཞིག་ཡིན་ལ། སྤྱི་ལོ་766ལོར་བསམ་ཡས་སྒྲ་བསྒྱུར་གླིང་དུ་སློབ་ལོ་ཙཱ་བསླབས། དེ་རྗེས་རྒྱ་གར་དུ་སློབ་སྦྱོང་བྱེད་པར་སོང་ནས་ལེགས་སྦྱར་གྱི་ཡི་གེ་བྱང་ཆུད་པར་སྦྱངས་པ་མ་ཟད་སྐད་རིགས་གཞན་དག་མང་པོ་ཞིག་ཀྱང་སྦྱངས། སློབ་མཐར་ཕྱིན་རྗེས་ཕྱིར་བོད་ལྗོངས་སུ་ལོག་སྟེ་བསམ་ཡས་སྒྲ་བསྒྱུར་ལོ་ཙཱའི་སློབ་གླིང་དུ་བཀའ་བསྟན་རྣམས་བསྒྱུར་ཞུས་ཀྱི་ཕྱག་ལས་གནང་། འདི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཞང་ཡེ་ཤེས་སྡེ་དང་མི་གཅིག་ཡིན་པ་པདྨ་བཀའ་ཐང་ལས། བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར༔ མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས༔ སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས༔ བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས༔ རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིས༔ སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག༔ མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུར༔ ཞེས་པ་ལྟར་ན་བཀའ་བསྟན་གཉིས་ཀྱི་ནང་དུ་མདོ་སྔགས་གང་བསྒྱུར་བ་དེ་དག་གི་མཇུག་བྱང་དུ་མཚན་སོ་སོར་བཀོད་པ་ཡིན་འདུག འོན་ཀྱང་བཀའ་ཐང་ཟངས་གླིང་མའི་ནང་དུ་བེེ་རོ་ཙཱ་དང་ཞང་ཡེ་ཤེས་སྡེ་གཉིས་གང་ཟག་སོ་སོར་ཡིན་པའང་བཤད་འདུག །
   2. ཅོག་རོ་ཀླུའི་རྒྱལ་མཚན། ཤིང་ལུག་སྤྱི་ལོ་755ལོ་གཙང་རུ་ལག་ཤངས་ཀྱི་ཡུལ་དུ་སྐུ་འཁྲུངས་པ་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས་གསལ། པདྨ་བཀའ་ཐང་ལས། རུ་ལག་ཤངས་ཀྱི་དར་མ་སྒང་བྱ་བར༔ ཡབ་མིང་ཅོག་རོ་ཀླུ་ཡི་རྒྱལ་འབྱུང་དང་༔ ཡུམ་ནི་འབྲང་བཟའ་མཛེས་མ་གཉིས་ཀྱི་བུཿ དགེ་བསྙེན་ལིཙྪ་བྱི་ནི་ཚེ་འཕོས་པ༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱོན་པའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་དང་། ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཡང་ཡིན། འདི་ཉིད་ཀྱི་འགྱུར་ལ། འཁོར་ལོ་དང་པོར་གཏོགས་པ། དགེ་སློང་ཕའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མདོར་བསྡུས་ནས་སྟོན་པ་ཕའི་སོ་ཐར་གྱི་མདོ་ཤློ་ཀ་བདུན་བརྒྱ། བམ་པོ་གཉིས་པ། དེའི་དོན་རྒྱ་ཆེར་བཤད་པ་ཕའི་རྣམ་འབྱེད་ཤློ་ཀ་ཉིས་ཁྲི་བཞི་སྟོང་དགུ་བརྒྱ་བམ་པོ་བརྒྱད་ཅུ་རྩ་གསུམ་པ། དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་བཅུ་རྩ་བཞི་བསྡུས་ནས་སྟོན་པ་མའི་སོ་ཐར་གྱི་མདོ་ཤློ་ཀ་བརྒྱད་བརྒྱ་བམ་པོ་གཉིས་པ། དེ་དག་གི་དཀའ་བའི་གནས་རྣམས་ཞུ་ལེན་གྱི་སྒོ་ནས་་གཏན་ལ་ཕབ་པ་འདུལ་གཞུང་ཕྱི་མའམ། གཞུང་བླ་མའམ་གཞུང་དམ་པར་གྲགས་པ་ཞུ་བ་མ་རྫོགས་པ་ཤློ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས་པ། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་སུ་བསྒྱུར་པ་སོགས་སོ། །
   3. སྐ་བ་དཔལ་བརྩེགས། སྤྱི་ལོ་757པའི་མེ་བྱ་ལོར་འཁྲུངས་པ་《བོད་ཡིག་ཚིག་གཏེར་རྒྱ་མཚོ།》ལས་གསལ། འཁྲུངས་ཡུལ་པདྨ་བཀའ་ཐང་ལས། དབུ་རུ་འཕན་ཡུལ་སྐབས་ཞེས་བྱར༔ ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དང་༔ ཡུམ་མིང་འབྲོ་བཟའ་རྡོ་རྗེ་ལྕམ་གྱི་བུཿ ཤཱཀྱ་ཐུབ་ཉེར་གནས་ཙུནྡ་ཚེ་འཕོས་པ༔ སྐྱེས་མཆོག་སྐ་བ་དཔལ་བརྩེགས་ཞེས་བྱ་བ༔ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔ ཞེས་འཕན་པོའི་ཡུལ་དུ་ཡིན་པར་གསུངས། བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་དུ་གྲགས་པའི་ཡ་གྱལ་ཡིན་ལ། ལོ་ཙཱ་བ་རབ་དགུའི་ནང་གསེས་ཆུང་བ་གསུམ་གྱི་ཡ་གྱལ་དང་རྗེ་འབངས་ཉེར་ལྔའི་ནང་གསེས་ཤིག་ཀྱང་ཡིན། འདི་ཉིད་ཀྱི་འགྱུར་ལ། འཁོར་ལོ་དང་པོར་གཏོགས་པ་འདུལ་བ་ལུང་གི་སྐོར་ལས། རབ་བྱུང་གི་གཞི་སོགས་འདུལ་བའི་སྐོར་ཡོངས་སུ་རྫོགས་པ་བམ་པོ་བརྒྱ་དང་དགུ་བ། དགེ་སློང་མའི་རྣམ་འབྱེད་ཤོ་ལོ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པ། ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་ལོ་ཙཱ་བ་ནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པ་སོགས། །
   4. རྨ་རིན་ཆེན་མཆོག ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་དབུ་རུ་འཕན་ཡུལ་གྱི་རྨ་གཙོ་ཞེས་པར་སྐུ་འཁྲུངས་ཤིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་སད་མི་བདུན་གྱི་ཡ་གྱལ་ཞིག་ཡིན་ལ། ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་ཡ་གྱལ་དང་རྗེས་འབངས་ཉེར་ལྔའི་ནང་གི་གྲུབ་ཐོབ་ཅིག་ཀྱང་ཡིན། འདི་ཉིད་ཀྱི་འགྱུར་ལ། མདོ་མང་སྐོར་ལས། ཆེད་དུ་བརྗོད་པའི་ཚོམས་བམ་པོ་བཞི་དང་ཚོམས་སུམ་ཅུ་རྩ་གསུམ་པ་ལོ་ཙཱ་བ་རིན་ཆེན་མཆོག་གིས་བསྒྱུར་ཅིང་དཔལ་བརྩེགས་ཀྱིས་ཞུས་པ། འདི་མདོ་སྡེ་པ་རྣམས་ཀྱིས་བསྟན་བཅོས་སུ་འདོད་ཀྱང་། བྱེ་སྨྲས་བཀའ་ཡིན་པར་འདོད། ། བསྟན་འགྱུར་ལས། ཁྱད་པར་དུ་འཕགས་པའི་བསྟོད་པ་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་མཆོག་གི་འགྱུར། སླད་ཀྱིས་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་སོགས་ཡོད། །
   5. གཉགས་ལོ་ཛྙཱ་ན་ཀུ་མཱ་ར། (མཚན་གཞན་ལ་གཉགས་ལོ་ཡེ་ཤེས་གཞོན་ནུ་ཡང་ཞུ།)སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་ཡར་ཀླུང་འཕྱོང་རྒྱས་སུ་སྐུ་འཁྲུངས་ཤིང་། གཉགས་ཀྱི་རུས་རྒྱུད་ཀྱི་ལོ་ཙཱ་བ་ཞིག་སྟེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་ཡ་གྱལ་དང་གྲུབ་ཐོབ་རྗེས་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཀྱང་ཡིན། འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། མཚན་ཡང་དག་པར་བརྗོད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་ནས་ཐུགས་ཀྱི་སྲས་ཉང་ཏིང་ངེ་འཛིན་གྱིས་ཞུས་པ་སོགས་སོ། །

   6. ངན་ལམ་རྒྱལ་བ་མཆོག་དབྱངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་དང་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་སྟེ་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་དབུ་རུ་འཕན་ཡུལ་དུ་སྐུ་འཁྲུངས་ཤིང་གདུང་རུས་ངན་ལམ་ཡིན། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་མི་བདུན་གྱི་ཡ་གྱལ་ཞིག་ཡིན། རྗེ་འདི་ཉིད་སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ་《རྦ་བཞེད།》ལས་བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས་ཞེས་གསུངས་ཤིང་། ཡི་དམ་རྟ་མགྲིན་ལ་བཅོལ་ནས་དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་སྟེ་ཚེ་ཡི་རིག་འཛིན་བརྙེས་པར་གྲགས། 《 གྲུབ་མཐའ་ཤེལ་གྱི་མེ་ལོང་།》ལས་རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེངས་གསུམ་ཐོན་ཞེས་གསུངས་སོ། བསྒྱུར་རྩོམ་གཙོ་གྲས་ནི《 བསྟན་འགྱུར།》 ལས་《 འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ།》 སོགས་བཞུགས་སོ། །  

བོད་ཀྱི་དགོན་སྡེ་ཐོག་མ་བསམ་ཡས་གཙུག་ལག་ཁང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1