གྲྭ་བཙུན་བཟང་པོ་ཞིག་བྱ་དགོས་ལ་སྤྱི་དམངས་དེ་བས་ཡག་པོ་ཞིག་བྱ་དགོས།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22



        སྤྱི་དམངས་ཞེས་པ་ནི་བཅའ་ཁྲིམས་ཀྱི་ཐ་སྙད་ཅིག་ཡིན་ཏེ། རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ཡོད་ཅིང་རྒྱལ་ཁབ་དེའི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གཞིགས་ཏེ། དབང་ཆ་ཡོད་པ་དང་འོས་འགན་འཁུར་དགོས་པའི་མི་ལ་གོ་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ཡོད་པའི་མི་ཞིག་ཡིན་ན་རྒྱལ་ཁབ་དེའི་སྤྱི་དམངས་ཡིན། སྤྱི་དམངས་ཞེས་པའི་ཐ་སྙད་འདིས་རྒྱལ་ཁབ་དང་མི་སྒེར་བར་གྱི་གཏན་ཆགས་ཀྱི་བཅའ་ཁྲིམས་འབྲེལ་བ་མཚོན་པ་དང་། རྒྱལ་ཁབ་གང་གི་སྤྱི་དམངས་ཡིན་ན། རྒྱལ་ཁབ་དེའི་བཅའ་ཁྲིམས་ཀྱིས་གནང་བའི་དབང་ཆ་ཡོད་ལ། རྒྱལ་ཁབ་ལ་རང་ཉིད་ཀྱི་དབང་ཆ་སྲུང་སྐྱོང་བྱེད་རྒྱུའི་རེ་ཞུ་འབུལ་ཆོག དུས་མཚུངས་སུ་རྒྱལ་ཁབ་དེའི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་ཡང་ཡོད་པ་དང་། ད་དུང་རྒྱལ་ཁབ་ཀྱིས་བདག་གཉེར་བྱེད་པར་དང་ལེན་བྱ་དགོས།
        རང་རྒྱལ་རྩ་ཁྲིམས་ཀྱིས་གཏན་འབེབས་བྱས་དོན། ཀྲུང་གོ་རྒྱལ་ཁབ་ཀྱི་ཁོངས་མི་ཡིན་ན། ལོ་ཚད་དང་སྐྱེས་ཁོངས། ལས་རིགས། མི་རིགས། རིགས་རུས། ཆོས་ལུགས་དད་མོས་སོགས་ཀྱི་ཁྱད་པར་མེད་པར། ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་པས། ཚང་མར་ཀྲུང་གོའི་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་དབང་ཆ་ལོངས་སུ་སྤྱོད་ཆོག དུས་མཚུངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འོས་འགན་བསྒྲུབ་དགོས། རང་རྒྱལ་ཀྱི་སྤྱི་དམངས་ནི་བཅའ་ཁྲིམས་ཐད་ནས་ཚང་མ་འདྲ་མཉམ་ཡིན་པས། བཅའ་ཁྲིམས་ཀྱིས་དམིགས་བསལ་སྤྱི་དམངས་ཁས་མི་ལེན།
        ང་ཚོ་ཀྲུང་གོའི་ནང་བསྟན་གྱི་གྲྭ་བཙུན་ཚོ་དགེ་རྒན་དང་ལས་བྱེད་པ་བྱེད་རྒྱུའི་ལས་དང་སྐལ་བ་མ་ཐོབ་གོང་། དེའི་སྐྱེས་ཁོངས་སོགས་ཀྱི་དབང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཁོངས་མི་ཡིན་དགོས། དུས་ཚོད་ཀྱི་ཐད་ནས་བཤད་ན། ཐོག་མར་སྤྱི་དམངས་ཡིན་པ་དང་དེ་རྗེས་གྲྭ་བཙུན་ཡིན་དགོས། འདི་ནི་བཤད་མི་དགོས་བཤམས་ནས་བཞག་ཡོད་པའི་གནས་ལུགས་ཤིག་རེད། དེ་ནས། སྤྱི་དམངས་ཞེས་པ་ནི་ཁྱུ་ཚོགས་ཀྱི་ཐ་སྙད་ཅིག་རེད། དེའི་ནང་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་བཅས་པའི་ལས་རིགས་སོ་སོ་དང་གྲལ་རིམ་སོ་སོའི་རྒྱལ་ཁོངས་ཡོད་པའི་མི་ཚང་མ་འདུས་ཡོད། སྤྱི་དམངས་ཀྱི་ཐོབ་ཐང་དང་གྲྭ་བཙུན་གྱི་ཐོབ་ཐང་བར་ཕན་ཚུན་གོ་ལྡོག་མིན་ལ་འགལ་ཟླའང་མ་ཡིན། དེ་ལས་ལྡོག་ཏེ། གྲྭ་བཙུན་གྱི་ཆོས་ལུགས་དད་མོས་དེ་སྤྱི་དམངས་ཀྱི་ཐོབ་ཐང་ཡོད་པར་བརྟེན་ནས་རྒྱལ་ཁབ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ་རེད། ཆོས་ལུགས་དད་པ་རང་མོས་ཡིན་པའི་དབང་ཆ་ཡང་དག་པར་སྤྱོད་ཆོག རེད་དེ། གྲྭ་བཙུན་ཚོ་ལ་སྤྱི་དམངས་ཀྱི་དབང་ཆ་ཡོད་པ་དང་ཆབས་ཅིག་ཏུ། བཅའ་ཁྲིམས་ཀྱིས་གཏན་འབེབས་བརྩི་སྲུང་དང་རྒྱལ་ཁབ་ཀྱི་བདག་གཉེར་དང་ལེན་བྱ་དགོས།
        ལྟ་བ་ལྷ་དང་མཉམ་རུང་སྤྱོད་པ་མི་དང་མཐུན་དགོས་ཞེས་པ་ལྟར། སངས་རྒྱས་ཆོས་ལུགས་ལའང་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཡོད་དེ། འཇིག་རྟེན་མི་ཆོས་ནི་དྲང་དོན་དང་། དམ་པ་ལྷ་ཆོས་ནི་ངེས་དོན་ཡིན། དེའི་ཕྱིར། སངས་རྒྱས་ཆོས་ལུགས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལས་འཇིག་རྟེན་གྱི་བྱ་བ་མི་གླེང་པའང་མ་ཡིན། དོན་ངེས་ཅན་ཞིག་གིས་སྒོ་ནས་བཤད་ན། སངས་རྒྱས་ཆོས་ལུགས་ཀྱིས་འཇིག་རྟེན་མི་ཆོས་འགངས་ཆེ་བྱེད་པ་ཡིན། འཇིག་རྟེན་མི་ཆོས་ཀྱི་སྒོམ་དང་ཉམས་ལེན་སོགས་མ་བྱས་ན། དམ་པ་ལྷ་ཆོས་ཀྱི་ཐར་བའི་གོ་འཕང་མི་འཐོབ་བོ། །

རང་རྒྱལ་གྱི་རྩ་ཁྲིམས་ལས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བྱེད་པའི་འོས་འགན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་བྱེད་པ། སྤྱིའི་རྒྱུ་ནོར་ལ་བདག་སྐྱོང་། ངལ་རྩོལ་གྱི་སྒྲིག་ཁྲིམས་ལེགས་སྲུང་། ཐུན་མོང་གི་སྒྲིག་ལམ་ལ་བརྩི་སྲུང་། སྤྱི་ཚོགས་སྤྱིའི་སྤྱོད་བཟང་ལ་བརྩི་བཀུར་བྱ་དགོས་པ་བཅས་གཏན་འབེབས་བྱས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་ནང་དུའང་དགེ་འདུན་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་དགོས་པ་དང་། རྒྱལ་ཁྲིམས་བརྩི་སྲུང་བྱེད་པ། འབད་པས་རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་རྒྱལ་སྲུང་རྒྱལ་སྐྱོང་བྱ་དགོས་པ་བསྟན་ཡོད།

        དཔེར་ན། ཤཱཀྱ་ཐུབ་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། རྒྱལ་པོ་གསལ་རྒྱལ། རྒྱལ་པོ་མ་སྐྱེས་དགྲ་སོགས་རྒྱ་གར་གྱི་རྒྱལ་པོ་གྲགས་ཅན་དག་ལ་ཉམས་ལེན་བྱས་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་དགོས་པ་དང་། དམངས་གཙོ་ཁྲིམས་སྐྱོང་སྤེལ་དགོས་པ། དགེ་བ་བཅུའི་ལམ་སྲོལ་བསྟན་ནས་མི་དམངས་རྣམས་ལྟོ་རྒྱགས་རྒྱབ་དྲོད་དང་། སྤྱི་ཚོགས་དུས་བདེ་ཞོད་འཇགས་ཡོང་བར་བྱ་དགོས་པའི་བཀའ་སློབ་ཐེངས་མང་གནང་། ད་དུང་དཔེར་ན། སངས་རྒྱས་ཆོས་ལུགས་ཀྱི་བདེན་པ་བཞི་དང་རྟེན་འབྲེལ་བཅུ་གཉིས་སོགས་ཆོས་ཀྱི་རྣམ་གྲངས་ལས། རང་སེམས་གཙང་མ་བྱ་དགོས་པ་དང་། སྐྱེ་འཆི་ལས་འདས་པ། གཞོན་ནུ་དང་བུད་མེད། རྒན་རབས་སོགས་ཁྱིམ་པ་རྣམས་ཀྱིས་འཚོ་ཐབས་སྒྲུབ་པ་དང་ཁྱིམ་སྐྱོང་རྒྱུ་གཉེར། གྲོགས་པོ་སྒྲིག་པ། བླ་མར་གུས་པ། ཕས་བུ་སྐྱོང་བ། བུས་དྲིན་ལན་ཚོར་བ་སོགས་འཇིག་རྟེན་པའི་འཚོ་བ་ཡག་པོ་བསྒྲུབས་ནས་ཚེ་འདི་དང་ཚེ་ཕྱི་མའི་བདེ་བ་འཐོབ་བར་བཀའ་སློབ་མང་པོ་གནང་ཡོད། བསྟན་དོན་འདི་རིགས་ཀྱིས་སངས་རྒྱས་ཆོས་ལུགས་པ་རྣམས་ལ་ནམ་ཡིན་རུང་སྙིང་རྗེའི་བསམ་བློ་དང་ཤེས་རབ་ཆེན་པོས་གཞན་གྱི་བློ་སྒོ་འབྱེད་པ་དང་། སྤྱི་ཚོགས་གཙང་དག་བྱས་ནས་རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་སེམས་ཅན་བདེ་ལམ་དུ་འགོད་བར་འབད་པ་ལྷོད་མེད་བྱ་དགོས་པའི་བླང་བྱ་བསྟན་ཡོད།
        སངས་རྒྱས་ཀྱིས་གསུང་རབ་གཞན་པ་མང་པོ་ལས་སློབ་བུ་རྣམས་ལ་རྒྱལ་ཁབ་ལ་བློ་དཀར་བ་དང་གཉེན་ཉེ་ལ་བཀུར་བསྟི་ཆེ་བ། བུ་ཕྲུག་ལ་བྱམས་བརྩེ་ཡོད་པ། གྲོགས་པོ་ལ་ཡིད་ཆེས་ལྡན་པ། སྤང་བྱ་ལྔ་སྤོང་བ། དགེ་བ་བཅུ་གཉེར་བ། ཕར་ཕྱིན་དྲུག་ཉམས་སུ་ལེན་ནས། ཡུལ་དུས་གང་ལའང་བཀའ་བརྩི་ཁྲིམས་ཁུར་གྱི་སྤྱི་དམངས་བཟང་པོ་བྱས་རྗེས། ད་གཟོད་འཁོར་འདས་ཀྱི་ཆོས་ཉམས་ལེན་བྱ་དགོས་ཞེས་དུས་རྒྱུན་དུ་བཀའ་སློབ་གནང་པ་རེད། སངས་རྒྱས་ཆོས་ལུགས་ཀྱི་དམིགས་པ་འདི་ཚོ་དོན་དངོས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་སྤྱི་དམངས་ཀྱི་ཁེ་ཕན་དང་འོས་འགན་གཉིས་ལ་གཞི་མཐུན་ས་མང་པོ་ཡོད་པར་མཐོང་བས། ཚད་ངེས་ཅན་ཞིག་ནས་འབྲེལ་མཐུད་རང་བཞིན་ལྡན་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1