སངས་རྒྱས་ཀྱི་གསུང་རབ་ཏུ། ཚུལ་ཁྲིམས་ལྡན་ན་ཆོས་ཀྱི་བསྟན་པ་དར་ཞེས་ཡང་ཡང་གསུངས་ཡོད། སྡོམ་ཁྲིམས་ནི་མུན་ནག་ནང་གི་སྒྲོན་མེ་ལྟ་བུ་དང་རྒྱ་མཚོའི་གླིང་གི་གྲུ་གཟིངས་ལྟ་བུ་ཡིན་ཏེ། སངས་རྒྱས་ཆོས་ལུགས་ཐོར་ཞིག་མི་འགྲོ་བའི་རྟེན་གཞི་ཡིན་ལ། སེམས་ཅན་རྣམས་སངས་རྒྱས་ཀྱི་སར་བགྲོད་པའི་ཚད་གཞི་ཡང་ཡིན། སྐྱབས་འགྲོའི་སྡོམ་པ་སྲུང་ན་ང་ཚོ་ངན་སོང་གསུམ་དུ་མི་ལྟུང་བ་དང་། སྤང་བྱ་ལྔ་སྲུང་ན་ང་ཚོར་མིའི་ལུས་ཐོབ་པ། དགྲ་བཅོམ་པའི་བསླབ་པ་སྲུང་ན་ང་ཚོ་འཁོར་བ་ལས་ཐར་བ། བྱང་ཆུབ་སེམས་དཔའི་བསླབ་པ་སྲུང་ན་ང་ཚོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ། ཏིང་ངེ་འཛིན་གྱི་བསླབ་པ་སྲུང་ན་ཚེ་འདིར་གྲུབ་པ་ཐོབ་བོ། ལུགས་སྲོལ་མེད་ན་དོན་མི་འགྲུབ་པས། སངས་རྒྱས་ཀྱིས་འདུལ་ཁྲིམས་བཅས་པ་ནི་དགེ་འདུན་པ་རྣམས་ཀྱིས་འདུལ་ཁྲིམས་སྲུང་ན་ད་གཟོད་དགེ་འདུན་པའི་སྡེ་གཙང་མར་གྱུར་ནས་དམ་པའི་ཆོས་ཡུན་རིང་དུ་གནས་པ་ཡིན་ཞེས་པའི་བསླབ་བྱ་ཐོབ་ཆེད་དུ་ཡིན། ང་ཚོས་རྒྱལ་སྲིད་ཁྲིམས་བཞིན་དུ་སྐྱོང་དགོས་ཞེས་པ་ཡང་རྒྱལ་ཁབ་ཡུན་རིང་བརྟན་གནས་བདེ་འགོད་དང་། སྤྱི་ཚོགས་བདེན་པ་དྲང་གཞག མི་དམངས་འབྱོར་ཕྱུག་ལྡན་པ་བཅས་མངོན་འགྱུར་ཡོང་བའི་ཆེད་དུ་ཡིན།
ཆོས་ལུགས་ནི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཡིན་ཏེ། དེའི་ཐུན་མོང་གི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཆ་ཤས་དེས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཚད་མཐུན་དང་དག་བཅོས་བྱེད་པ་དང་ལེན་བྱ་དགོས། ཆོས་ལུགས་བྱེད་སྒོ་ནི་སྤྱི་ཚོགས་ཀྱི་བྱ་སྤྱོད་ཡིན། ཆོས་ལུགས་དད་པ་རང་མོས་ནི་ཆོས་ལུགས་བྱེད་སྒོ་རང་མོས་དང་གཅིག་མཚུངས་མ་ཡིན་པས། བཅའ་ཁྲིམས་ཀྱིས་བཀག་རྒྱ་ཐེབས་ངེས་ཡིན། རྒྱལ་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་བས། རྒྱལ་ཁབ་གང་ཡིན་རུང་དེ་འདྲ་མིན་པ་གཅིག་ཀྱང་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་ལུགས་དང་དད་པས་རྐྱེན་བྱས་པའི་བཟོད་མེད་དང་མཐོང་ཆུང་གི་བསྒྲགས་གཏམ་རྣམ་པ་ཚང་མ་མེད་པ་བཟོ་བ་ཞེས་པའི་ནང་དུ། ཆོས་ལུགས་སམ་དད་པའི་རང་མོས་དེ། བཅའ་ཁྲིམས་ཀྱི་གཏན་འབེབས་བྱས་པ་དང་། ཐུན་མོང་གི་བདེ་འཇགས་དང་གོ་རིམ། འཕྲོད་བསྟེན་ནམ་ཀུན་སྤྱོད། མི་གཞན་གྱི་རྩ་བའི་དབང་ཆ་དང་རང་དབང་བཅས་ཀྱི་དགོས་མཁོ་ཁག་ཐེག་བྱེད་པའི་གཞི་ཁྱོན་ལས་འདའ་མི་རུང་ཞེས་བསྟན་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཡོད་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ཞེས་གཏན་འབེབས་བྱས་ཡོད། ཀྲུང་གོའི་སྤྱི་དམངས་ཀྱི་ཐོབ་ཐང་ཡོད་པའི་གྲྭ་བཙུན་ཚང་མའི་བྱ་བ་ཀུན་སྤྱོད་ཚང་མ་རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གཞི་ཁྱོན་ལས་འདའ་མི་རུང་། སྤྱི་དམངས་ཀྱི་ཐོབ་ཐང་ནི་སྐྱེ་དུས་ནས་ཡོད་དེ། ང་ཚོ་སུ་ཡིན་རུང་སྐྱེ་དུས་ནས་ཀྲུང་གོའི་སྤྱི་དམངས་ཡིན། གྲྭ་བཙུན་གྱི་ཐོབ་ཐང་རྗེས་ནས་བྱུང་བ་ཡིན། བཅའ་ཁྲིམས་ཀྱི་མདུན་དུ་དམིགས་བསལ་སྤྱི་དམངས་གཅིག་ཀྱང་མེད། གྲྭ་བཙུན་ཚང་མར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ལ། བཅའ་ཁྲིམས་ཀྱི་ཚོད་འཛིན་ཡང་ཐེབས་པ་ཡིན། ཁྲིམས་ལས་བརྒལ་བའི་གྲྭ་བཙུན་དང་དགོན་པ་ཡོད་མི་ཆོག
རང་རྒྱལ་གྱི་རྩ་ཁྲིམས་ནང་། རྒྱལ་ཁབ་ཀྱིས་ཚུལ་མཐུན་གྱི་ཆོས་ལུགས་བྱེད་སྒོ་ལ་སྲུང་སྐྱོང་བྱ་དགོས། མི་སུ་ཡིན་རུང་ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་དང་སྤྱི་དམངས་ཀྱི་ལུས་པོའི་བདེ་ཐང་ལ་གནོད་འཚེ། རྒྱལ་ཁབ་ཀྱི་སློབ་གསོ་ལམ་ལུགས་ལ་བར་ཆད་བཅས་བྱེད་པའི་བྱེད་སྒོ་སྤེལ་མི་ཆོག ཉེ་བའི་ལོ་འགའ་ལ། མ་གཞི་གཤིས་བཟང་རྒྱུད་དྲང་ཡིན་པའི་གྲྭ་བཙུན་ཁ་ཤས་བཅའ་ཁྲིམས་ཀྱི་ཤེས་བྱ་མ་ཤེས་པས། སེམས་ངན་ཟུར་བཅངས་ཁ་ཤས་ཀྱིས་དཀྲུག་ཤིང་ངན་སྐུལ་བྱས་ནས་ཁྲིམས་འགལ་གྱི་བྱ་འགུལ་འགའ་ལ་ཞུགས་པ་དང་ཐ་ན་ནག་ཉེས་ཅན་དུ་གྱུར་འདུག ཁོ་ཚོར་ཁྲིམས་འབྲེལ་ཁུར་འཁྲི་ཕོག་རྗེས། གཅིག་ནས་རང་ཉིད་ཀྱི་ཆོས་བསྒྲུབ་རྒྱུར་བར་ཆད་བྱུང་བ་དང་། གཉིས་ནས་དགོན་པ་དང་ཆོས་ལུགས་བཅས་ལའང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པས། ངོ་མ་འཕྲོ་བརླག་ཆེན་པོ་རེད། ཁྲིམས་སྐྱོང་ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་ལ་འགྲོ་བའི་དེང་སང་། གྲྭ་བཙུན་རྣམ་པས་ཆོས་སློབ་སྦྱོང་དང་ཚུལ་ཁྲིམས་སྲུང་བས་མ་ཚད། བཅའ་ཁྲིམས་ཀྱིས་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་དུ་གཏང་རྒྱུའང་གལ་ཆེ། ཚུལ་ཁྲིམས་དང་བཅའ་ཁྲིམས་མཉམ་དུ་སྦྲེལ་ནས། ཁྲིམས་སྐྱོང་སྡོམ་སྲུང་གཉིས་ཀ་གོམས་གཤིས་དང་། ཚད་གཞི། གཞི་ཐིག་བཅས་སུ་འཛིན་དགོས། །