བསླབ་ཁྲིམས་རྒྱུད་ལ་ལྡན་དགོས་པར་མ་ཟད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའང་ལག་བསྟར་བྱ་དགོས།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


        ཏང་གི་སྐབས་བཅོ་བརྒྱད་པའི་སྙན་ཞུ་ལ་ཚིག་འབྲུ་བཅུ་གཉིས་སམ་ཡི་གེ་ཉེར་བཞིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་ནང་དོན་དེ་ཕྱོགས་བསྡུས་དང་གསལ་སྟོན་མཛད་ཡོད་དེ། འབྱོར་ཕྱུག དམངས་གཙོ། དཔལ་ཡོན། འཆམ་མཐུན་དར་སྤེལ་དང་། རྒྱལ་གཅེས། ལས་བཀུར། དྲང་བདེན། མཛའ་མཐུན་བཅས་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ཧུར་ཐག་བྱ་དགོས་པ་དེ་ཡིན། འདི་ནི་རང་རྒྱལ་གྱིས་ཐེངས་དང་པོར་ཡིག་ཆའི་རྣམ་པས་རྒྱལ་ཁབ་དང་སྤྱི་ཚོགས། སྤྱི་དམངས་གསུམ་ཀའི་ཐད་ཀྱི་རིན་ཐང་དམིགས་འབེན་དང་རིན་ཐང་སྤེལ་ཕྱོགས། རིན་ཐང་ཚད་གཞི་བཅས་གསལ་པོར་བསྟན་པ་རེད།

        འབྱོར་ཕྱུག དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཡིན་ལ། རིན་ཐང་དམིགས་འབེན་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་གཞི་རྩའི་འདུ་ཤེས་ཀྱི་བསྡུས་དོན་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་ཁྲོད་ནས་རིམ་པ་མཐོ་ཤོས་བཟུང་ཡོད། རིམ་པ་གཞན་གྱི་རིན་ཐང་འདུ་ཤེས་ཐད་ལ་སྤྱི་ཁྱབ་བཀོད་འདོམས་ཀྱི་ནུས་པ་ཐོན་ཡོད། རང་དབང་། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་བཅས་ནི་སྤྱི་ཚོགས་བཟང་པོ་མཚོན་པའི་མངོན་སུམ་གསལ་རྗེན་གྱི་གླེང་བརྗོད་རེད་ལ། སྤྱི་ཚོགས་ཀྱི་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་གཞི་རྩའི་འདུ་ཤེས་ཀྱི་བསྡུས་དོན་ཡིན། དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ངོ་བོ་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་འགྱུར་མེད་དམ་བཅའ་དང་ཡུན་རིང་ལག་བསྟར་བྱས་པའི་སྲོག་ཤིང་གི་རིན་ཐང་འདུ་ཤེས་ཡིན། རྒྱལ་གཅེས། ལས་སྤྲོ། དྲང་བདེན། མཛའ་མཐུན་བཅས་ནི་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་ཡིན། མི་སྒེར་གྱི་ཀུན་སྤྱོད་ཐད་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་གཞི་རྩའི་འདུ་ཤེས་ཀྱི་བསྡུས་དོན་ཡིན། དེས་སྤྱི་ཚོགས་ཀུན་སྤྱོད་ནི་འཚོ་བའི་མངའ་ཁོངས་སོ་སོར་ཁྱབ་ཡོད་དེ། སྤྱི་དམངས་ཀྱིས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་གཞི་རྩའི་ཀུན་སྤྱོད་ཚད་གཞི་ཡིན་ལ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱ་བྱེད་གདམ་བསལ་བྱེད་པར་གདེང་འཇོག་བྱེད་སའི་གཞི་རྩའི་རིན་ཐང་ཚད་གཞི་ཡིན། གཞན་ལ་ལྷག་བསམ་ཟོལ་མེད་བྱ་དགོས། མཛའ་མཐུན་གྱིས་སྤྱི་དམངས་ཕན་ཚུན་བར་བརྩི་བཀུར་དང་ཕན་ཚུན་སེམས་ཁུར། ཕན་ཚུན་རོགས་རམ། འཆམ་མཐུན་མཛའ་གནས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་མིའི་བར་གྱི་འབྲེལ་བ་བྱེད་སྟངས་གསར་པ་ཆགས་པར་འབད་པ་བྱ་དགོས་པ་བསྟན་ནོ། །

        རིམ་པ་འདི་གསུམ་པོ་མཉམ་དུ་སྦྲེལ་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་དང་། རྒྱལ་གཅེས་རིང་ལུགས་གཙོ་སྙིང་བྱས་པའི་མི་རིགས་ཀྱི་བསམ་བློ། བཅོས་བསྒྱུར་གསར་གཏོད་གཙོ་སྙིང་བྱས་པའི་དུས་རབས་ཀྱི་བསམ་བློ། སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ངོ་ཚའི་འདུ་ཤེས་བཅས་གཅིག་བསྡུས་སུ་མཚོན་པ་རེད། དེའི་ནང་དོན་དང་སྙིང་པོ། བཞེད་དོན་བཅས་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་ནང་ནས་ཀྱང་འདྲ་འབྲེལ་རེ་ཡོད་དོ། །དཔེར་ན། མདོ་སྡེ་ལུང་རིང་པོ་ལས་སྐབས་དེར་རྒྱ་གར་རྒྱལ་ཁབ་ཆེན་པོ་བཅུ་དྲུག་གི་ཡ་གྱལ་ཏེ་ཡུལ་མ་གྷ་དྷའི་རྒྱལ་པོ་མ་སྐྱེས་དགྲ་ཡིས་རྒྱལ་ཁབ་ཆེན་པོ་གཞན་ཞིག་སྟེ་བྷ་ཏའི་རྒྱལ་ཁབ་འདུལ་དགོས་བསམ། དམག་མ་འགྲོ་གོང་བློན་ཆེན་ཞིག་སངས་རྒྱས་ཀྱི་སར་དགོངས་འཆར་ཞུ་བར་མངགས། སངས་རྒྱས་ཀྱིས་བྷ་ཏའི་རྒྱལ་ཁབ་ལ་ཡོད་པའི་ཁྱད་ཆོས་བདུན་གསུངས་པ་རེད། སངས་རྒྱས་ཀྱི་དགོངས་པར། ཁྱད་ཆོས་བདུན་པོ་འདི་བསྒྲུབ་ཐུབ་ན་རྒྱལ་ཁབ་གཅིག་དེ་རྒན་གཞོན་ཚང་མ་གཤིས་འཇམ་ཁ་མཉེན་དང་མི་མཐུན་གཡུལ་ལས་རྒྱལ། རྒྱལ་ཁབ་བདེ་ལ་བཀོད། གནོད་འཚེ་ཀུན་ལས་གྲོལ་བར་གྱུར་གསུངས། བློན་པོ་ཆེན་པོས་སངས་རྒྱས་ཀྱི་གསུང་ལ་ཉན་རྗེས་ཞུས་པ། རྒྱལ་ཁབ་དེའི་མི་དམངས་ཀྱིས་ཁྱད་ཆོས་སྣེ་གཅིག་དོན་དུ་གཉེར་བའང་བསམ་གྱིས་མི་ཁྱབ་པ་ཡིན་པས་བདུན་ཡོད་ན་སྨྲས་ཅི་དགོས་ཞེས་བཤད། སངས་རྒྱས་ཀྱི་བཀའ་སློབ་བྱས་པར་བརྟེན་ནས་སྐབས་དེར་རྒྱ་གར་གྱི་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འཐབ་འཁྲུག་ཅིག་བཟློག་ཐུབ་པ་རེད།

        གོང་གི་དཔེར་བརྗོད་ལས་ང་ཚོས་ཤེས་རྒྱུར། སངས་རྒྱས་ཀྱི་གསུངས་པའི་དོན་དག་བདུན་པོ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ནི་གཅིག་མཐུན་ཡིན་ཏེ། གཅིག་ནི་ཡང་ཡང་འདུ་འཛོམ་དང་དངོས་དོན་ལབ་གླེང་ཡིན། མང་ཚོགས་ཧུར་ཐག་གིས་ཞུགས་པ་དེས་དམངས་གཙོའི་ངང་ཚུལ་གསལ་པོར་གྱུར་བ་ཡིན། གཉིས་ནི་རྒྱལ་བློན་བར་ལ་གཤིས་འཇམ་ཁ་མཉེན་དང་གོང་འོག་བར་ལ་བརྩི་བཀུར་ཡོད་པ། མི་དང་མི་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་ཡོད་པའི་སྤྱི་ཚོགས་འབྲེལ་བའི་ཁྲོད་དུ། དཔལ་ཡོན་དང་འཆམ་མཐུན་གྱི་རྣམ་པ་དེ་བྲིས་པའི་རི་མོ་བཞིན་དུ་མངོན་གསལ་དོད་པོ་ཡིན། གསུམ་ནི་ཆོས་བཀུར་འཛེམ་བྱོལ་དང་། གུས་སྲོལ་མི་འགལ་བ། གུས་སྲོལ་དང་སྒྲིག་ལམ་ལ་དགོས་ངེས་ཀྱི་བརྩི་བཀུར་ཐོབ་པ། ཁྲིམས་སྐྱོང་གི་ལམ་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་མངོན་གྱུར་བྱུང་བ་རེད། བཞི་ནི་ཕ་མ་ལ་བཀུར་བསྟི་དང་རྒན་རབས་ལ་གུས་ཞབས། ལྔ་ནི་དགོན་སྡེ་ལ་གུས་ནན་དང་ལྷ་གནས་ལ་གུས་སྲུང་། ལས་སྤྲོའི་བསམ་བློ་ནི་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པར། ཕ་མ་དང་རྒན་རབས་ཀྱི་ཁ་ཏ་ལས་བྱུང་བ་དང་། རང་བྱུང་ཁམས་དང་ལྷ་འདྲེ་སོགས་ལ་གུས་ཤིང་སྐྲག་པ་ལས་བྱུང་བ་ཡིན། དྲུག་ནི་ཕོ་རང་སེམས་དཀར་ན་དཀར་ལེ་ཡིན། །རྒྱ་མཆོད་རྟེན་ས་དཀར་རྡོ་དཀར་ཡིན་པས། ། རང་སེམས་ལ་འཁྲུལ་བ་མེད་ན་བར་དོ་ལ་འཇིགས་སྐྲག་མེད། འདི་ནི་ཡིད་ཆེས་ཀྱི་འགྲེལ་བཤད་ཡག་ཤོས་ཡིན་པར་མ་ཟད། པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་རང་གཤིས་གསལ་བ་ཡིན། བདུན་ནི་དགོན་པའི་རབ་བྱུང་བ་སྡོམ་ཁྲིམས་སྲུང་མཁན་རྣམས་མིག་འབྲས་བཞིན་དུ་གཅེས་ཤིང་དཀའ་ངལ་སེལ་ཐབས་བྱ་དགོས་ཞེས་པ་འདི་ནི་མཛའ་མཐུན་གླེང་བ་ཡིན།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཁྱབ་སྤེལ་གཏོང་བ་ལ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་མ་རྐང་བཙུགས་ཤིང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ཉིང་བཅུད་དང་ཀུན་སྤྱོད་སྙིང་པོ་བསྡུ་ལེན་ནན་པོར་བྱས་ནས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བའི་འབྱུང་རྩ་གསོ་སྐྱོང་དང་རྒྱུན་འཁྱོངས་བྱེད་སྤྱད་དུ་གྱུར་དགོས། ཀྲུང་གོར་གཞི་རྐང་ཡོངས་སུ་ཚུགས་པའི་ཀྲུང་གོའི་སངས་རྒྱས་ཆོས་ལུགས་ཀྱིས་ཀུན་སྤྱོད་ཀྱི་བསམ་བློ་དར་སྤེལ་དང་ལག་བསྟར་བྱེད་པའི་ཐད་ལ་ཐུན་མོང་མ་ཡིན་པའི་ཐོན་ཁོངས་ཆ་རྐྱེན་ལྡན། དེ་ཉིད་དངོས་སུ་ལག་ལེན་བསྟར་ཆོག་པའི་ཀུན་སྤྱོད་སྒྲིག་སྲོལ་དང་། འཐུས་སྒོ་ཚང་བའི་སྐུལ་སློང་དང་ཚད་འཛིན་བྱེད་པའི་སྒྲིག་གཞི་དེས། མིག་སྔར་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་ཁ་སྣོན་དང་ཕན་རོགས་ཀྱི་ནུས་པ་ཐོན་པ་རེད། ཉེ་བའི་ལོ་འགའ་རིང། ང་ཚོས་མཐའ་གཅིག་ཏུ་མི་ཡུལ་གྱི་སངས་རྒྱས་ཆོས་ལུགས་ཞེས་པ་བསྐྲུན་དགོས་ཟེར་བ་རེད། མི་ཡུལ་གྱི་སངས་རྒྱས་ཆོས་ལུགས་ཞེས་པ་ནི་རྒྱལ་གཅེས་ཆོས་གཅེས་དང་། སྤྱོད་ལམ་གྱི་མིག་དཔེར་གྱུར་པ། ལེགས་སྐྱེས་སུ་འཕུལ་འདོད་པ། འཆམ་མཐུན་ལ་ཕྱོགས་པའི་སངས་རྒྱས་ཆོས་ལུགས་ཤིག་ཡིན་པ་རེད། མིའི་རིགས་ཀྱི་དེང་རབས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དེས་སངས་རྒྱས་ཆོས་ལུགས་ཀྱིས་བསྟན་རྒྱུ་ཡོད་པའི་དོན་དག་ཅིག་བསྒྲུབ་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་དེས་སངས་རྒྱས་ཆོས་ལུགས་ལ་གསར་གཏོད་ཡོད་དགོས་པའི་འབོད་སྐུལ་གཏོང་བ་རེད། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་མུ་མཐུད་དུ་གཏིང་ཇེ་ཟབ་ལ་འགྲོ་བ་དང་བསྟུན་ནས། མི་ཡུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་འདུ་ཤེས་དེ་འགངས་ཆེན་ནང་གི་གལ་ཆེར་གྱུར་ནས། དེང་རབས་སྤྱི་ཚོགས་ཁྲོད་དུ་ཧ་ཅང་འཕྲོད་པོ་དང་གསོན་སྟོབས་ཇེ་ཆེའི་ངང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱ་བར་བྱས་རྗེས་གལ་ཆེན་འཇོག་ངེས་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1