མར་མེ་ཚེ་འབར།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ། [ཟི་ལིང] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སྦྲང་ཆར། སྤེལ་དུས། 08-22


17

རང་སྦྱོང་ལ་བརྟེན་ནས་སློབ་ཆེན་གྱི་སྒོ་ཐེམ་བརྒལ་པའི་བརྩོན་འགྲུས་རྒྱ་མཚོ་ཡི་སློབ་གྲྭ་ཆེན་མོའི་འཚོ་བ་ནི་དེ་ལྟར་མགོ་བརྩམས། མགོ་བརྩམས་ནས་སློབ་སྐབས་ཤིག་མཇུག་བསྡུ་ལ་ཉེ་ཡང་། ཁོས་སོས་དལ་ངང་རྒྱ་སྲང་དུ་ཉུག་པ་ཞིག་ཕྱིར་དྲན་ཇི་ལྟར་བྱས་ཀྱང་ཡིད་ལ་འཁོར་རྒྱུ་མི་འདུག ཁོ་ཚོའི་ཉལ་ཁང་ནང་བསྡོམས་པས་སློབ་མ་དྲུག་ཡོད་དེ། གསུམ་ནི་ཀན་ལྷོའི་ཕྱོགས་ནས་ཡོང་བ་དང་། རང་ཐེ་བའི་མི་གསུམ་ནི་མཚོ་སྔོན་ཕྱོགས་ཀྱི་ཡིན། ས་ཕྱོགས་ཀྱི་དབང་གིས་ཐོག་མར་ཁོ་ཚོ་སློབ་ཁང་ནང་འགྲོ་བ་དང་ཟ་མ་ཟ་རུ་འགྲོ་བ་བཅས་ཀྱི་གནས་སྐབས་གང་ཡིན་རུང་། རང་བཞིན་དུ་སྐོར་ཁག་གཉིས་བྱས་ཏེ་ཁོ་ནི་མཚོ་སྔོན་གྱི་སློབ་གྲོགས་རྟ་མགྲིན་སོགས་དང་འགྲོགས་ནས་འགྲོ་བར་བྱེད་ཀྱང་། ད་ནི་ཕན་ཚུན་ལོབས་ཟིན་པས་བཟང་ཁ་མཐུན་ཕྱོགས་བྱས་ནས་འགྲོ་བཞིན་ཡོད། དེ་ཡང་བཟང་ཁ་མཐུན་ཕྱོགས་སུ་འབོད་པ་ནི་ལས་དབང་གཅིག་པ་དང་རང་གཤིས་འདྲ་བ། ད་དུང་ཕན་ཚུན་མཁོ་རེ་ཡོད་པ་བཅས་ཀྱི་རྨང་གཞིའི་སྟེང་གྲུབ་པ་དང་འདྲ་སྟེ། ཁོ་ཚོ་མི་དྲུག་པོ་ལས་ཀླུ་ཆུའི་ཕྱོགས་ནས་ཡོང་བའི་གསར་བུ་སངས་རྒྱས་སུ་འབོད་པ་དེ་ཡང་ཁོ་དང་འདྲ་བར་རང་སྦྱོང་ལ་བརྟེན་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ་ཞིག་ཡིན་འདུག དེའི་དུས་སློབ་གྲྭའི་ནང་ངལ་རྩོལ་བྱ་རྒྱུ་ཅུང་མང་སྟེ། ངལ་རྩོལ་མེད་པའི་དུས་ཚོད་ནང་ཁོ་གཉིས་ནི་རྒྱུན་དུ་སློབ་ཁང་ནང་ཡོང་བ་ཆེས་སྔ་བ་དང་། སློབ་ཁང་དང་འབྲལ་བའང་ཆེས་རྗེས་མ་ཡིན། ཁོ་གཉིས་ལས་གཅིག་གིས་རྒྱ་ཡིག་དང་རྒྱ་ཡིག་ལ་འབྲེལ་བའི་བསླབ་བྱ་ཁག་ལ་སློབ་སྦྱོང་བྱེད་པ་དང་། ཅིག་ཤོས་ཀྱིས་བོད་ཡིག་དང་བོད་ཡིག་ལ་འབྲེལ་བའི་བསླབ་བྱ་ཁག་ལ་ལྟ་ཀློག་མང་བོ་བྱེད་བཞིན་ཡོད་པས། ཕན་ཚུན་ལ་མི་ཤེས་པའི་སྐོར་འདྲི་བའི་ཁྲོད་ནས་རིམ་གྱིས་བཟང་སར་གྱུར་པ་དང་། ཕན་ཚུན་ལ་རོགས་རམ་བར་མེད་བྱེད་པའི་བརྒྱུད་རིམ་ནང་དུ་ཡིད་གཅུགས་གྲོགས་པོར་གྱུར་ནས་ཡོད།

1979ལོའི་ཟླ12པའི་ཚེས31ཉིན། གཟའ་ཟླ་བ། གནམ་ངོ་རུབ།

སང་ཉིན་ནས་བཟུང་། ཡང་ལོ་གཅིག་གིས་ཇེ་ཆེར་བུད་སོང་། རང་ཉིད་ལ་མཚོན་ན། ལོ་གཅིག་གིས་ཇེ་ཆེར་སོང་ཡང་། ཤེས་བྱ་ཡོན་ཏན་ཇེ་མཐོར་འགྲོ་ཐུབ་ཀྱིན་མི་འདུག དེའི་རྒྱུ་རྐྱེན་ལ་བསམ་བློ་བཏང་ཚེ། བསླབ་ཕྱིའི་དཔེ་ཆ་མང་བོ་ཀློག་མ་ཐུབ་པ་དེར་ཐུག་ཡོད།

བརྩོན་འགྲུས་རྒྱ་མཚོས་སློབ་སྦྱོང་ལ་ཧུར་བརྩོན་བྱས་འདུག་ཟེར། གཙོ་བོ་རྒྱ་ཡིག་ལ་ཤུགས་སྣོན་རྒྱག་བཞིན་མཆི་ཟེར། རྒྱ་ཡིག་གི་ལྷུག་རྩོམ་སྙན་ངག་དང་སྙན་ངག་སྐོར་ལ་བལྟས་པ་ཡིན་ཟེར།

འོ་ན་བདག་གིས་ཇི་ལྟར་བྱེད་དམ།

སང་ཉིན། ང་གང་ལའང་མི་འགྲོ། སེམས་རྣལ་དུ་ཕབ་ནས་རྒྱ་ཡིག་གི་དཔེ་ཆ་རེ་ལ་བལྟ་དགོས། སྙན་ངག་སྐོར་གྱི་དཔེ་ཆ་ཡིན་ན་ལྷག་ཏུ་བཟང་།

དེ་རིང་ནི་སྤྱི་ལུགས་ལོ་གསར་གྱི་ཉིན་མོ་རེད། མདང་དགོང་འཛིན་གྲྭ་ཧྲིལ་པོ་སྤྲོ་ཚོགས་ལ་ཞུགས་ནས་འགོར་བར་བརྟེན། ཉི་མ་སྔ་མོ་ནས་ཤར་འདུག་ཀྱང་། སློབ་གྲོགས་མང་ཤོས་ད་དུང་བག་ལྷོད་པའི་ངང་གཉིད་འདུག

བརྩོན་འགྲུས་རྒྱ་མཚོ་གཉིད་ལས་སད་འཕྲལ་མགོ་བོ་བཀྱགས་ཏེ་ཕར་ཕྱོགས་སུ་བལྟས་ཙམ་བྱས་དུས། ཁོའི་གྲོགས་པོ་སངས་རྒྱས་ཀྱིས་ཉལ་ཆས་ཕྱེ་མ་འགེབ་ཅིག་བྱས་ནས་བཞག་ཡོད་པ་མཐོང་བས། སེམས་སུ་ཕལ་ཆེར་ཁོ་གཙང་སྤྱོད་ཁང་དུ་ཕྱིན་པ་འདྲ་སྙམ་སྟེ། ཁ་ཚུར་འཁོར་ནས་མུ་མཐུད་དུ་གཉིད་རྩིས་བྱས། ཡིན་ནའང་གཉིད་ཟེར་བ་དེ་ནི་འཇའ་ཚོན་ཡལ་བ་ནང་བཞིན་ད་ནི་རྗེས་ཟིན་རྒྱུ་མེད་པར་བརྟེན། ཁོའི་དྲན་ཤེས་ཀྱི་བྱ་རྒྱལ་རྒོད་པོ་ནི་མདང་དགོང་གི་རྨི་ལམ་ལ་བརྟག་པའི་མཁའ་ལམ་དུ་ཤོར།

སློབ་ཆེན་དུ་ཡོང་མཚམས་ནས། བརྩོན་འགྲུས་རྒྱ་མཚོ་སྔོན་ཆད་ལས་རྨི་ལམ་རྨི་ཐེངས་མང་བ་ཞིག་ཏུ་གྱུར་ཏེ། ཕ་མ་སྤུན་མཆེད་ལས་གཞན་གངས་ལྷ་མེ་ཏོག་ནི་ཁོའི་རྨི་ལམ་ནང་གི་མི་སྣ་གཙོ་བོ་ཡིན། མདང་དགོང་ཡང་མི་སྣ་གཙོ་བོ་དེ་སྔར་བཞིན་ཁོའི་རྨི་ལམ་དུ་འཛུལ་འོངས། རྨི་ལམ་ནང་ཁོ་རང་ཁྱིམ་གྱི་གཞོགས་ཁང་ནང་ཕྱིན་པར། གངས་ལྷ་མེ་ཏོག་རང་གི་ཨ་ཁུ་སྔོན་ཆད་བཞུགས་མྱོང་སའི་ཚ་ཐབ་སྟེང་སྐྱིལ་མོ་ཀྲུང་དུ་ཙོག་འདུག མིག་ཟུང་བཙུམས་ནས་ཡོད་ཚུལ་ནི་སྒོམ་སྒྲུབ་ལ་གཞོལ་བ་དང་ཧ་ཅང་མཚུངས། རིམ་ཅན་དུ་མོ་ནི་མོའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་མར་མེ་ཚེ་འབར་དེ་རུ་གྱུར་པ་དང་། འོད་སྣང་རབ་ཏུ་གསལ་བ་ནི་མུན་ནག་སྟུག་པོའི་ཁྲོད་དཔལ་འབར་བསྒྲོན་པ་དང་མཚུངས། ཁོས་འོད་སྣང་གསལ་བོ་དེ་ལ་མིག་ཟུང་ཡོ་བ་མེད་པར་ལྟ་བཞིན་པའི་སྒང་ལ། གར་ཡོང་མི་ཤེས་པའི་རླུང་ཚུབ་དྲག་པོ་ཞིག་གིས་ཁང་བའི་སྒེའུ་ཁུང་གི་དྲ་མ་ནང་ཕྱོགས་སུ་བསློགས་སོང་ལ། དེ་དང་བསྟུན་ནས་དྲག་རླུང་ཁང་བའི་ནང་ལྡང་སྟེ་མུན་ནག་ཁྲོད་ཀྱི་མར་མེ་ཚེ་འབར་དེ་གཟིམས་ལ་ཁད་ཅིག་བྱས། ཁོས་འོད་སྣང་གསལ་བོ་དེ་སྐྱོབ་སླད་ཤེད་ཤུགས་གང་ཡོད་སྤྱད་ནས་དྲ་མ་ལེགས་པོར་སྔར་མལ་དུ་སྤྲད་པ་ན། རླུང་ཚུབ་དྲག་པོས་ཁང་བའི་སྒོ་མོ་སྒེའུ་ཁུང་གི་དྲ་མ་ནང་བཞིན་ཕྱི་ཕྱོགས་སུ་བསྒྱེལ། སྒོ་དང་དྲ་མ་ཕྱི་བསྒྱེལ་ནང་བསློགས་ཡང་ཡང་བྱས་པ་གང་ཞིག ཁོས་ཐབས་ཤེས་གང་ཡོད་སྤྱད་ནས་ཕྱིར་སྤྲད་པར། མར་མེ་ཚེ་འབར་གཟིམས་ལ་ཁད་བྱེད་པའི་ཚུལ་ཡང་རིམ་བཞིན་སོར་ཆུད་པ་བྱུང་། རླུང་ཚུབ་འཇགས་པ་དང་བསྟུན་ནས་སྒོ་དང་དྲ་མ་ཡང་སྔར་བཞིན་བརྟན་པོར་གྱུར་ཅིང་།
མར་མེའི་འོད་སྣང་ཡང་དཔལ་འབར་ནང་བཞིན་ཇེ་ཆེ་དང་ཇེ་གསལ་ལ་ཕྱིན། ལྟ་ཕྱོགས་ཤིག་གིས་ཁོས་མར་མེ་ཚེ་འབར་གྱི་རྐོང་བུའི་ནང་གི་མར་ཁུ་སུམ་ཆའི་གཅིག་ལས་མེད་པ་མཐོང་བར། སེམས་ནང་ངེས་པར་མར་སིལ་བུ་མང་བོ་ཁྱེར་ཡོང་དགོས་སྙམ། དེའི་ཚེ་མར་མེ་ཚེ་འབར་དེ་ཉིད་རིམ་བཞིན་དུ་ཡིད་ཀྱི་དགའ་མ་གངས་ལྷ་མེ་ཏོག་ཏུ་གྱུར་སོང་སྟེ། མོས་མིག་ཟུང་བཙུམས་ནས་སྔར་ལྟར་སྐྱིལ་མོ་ཀྲུང་དུ་ཙོག་འདུག ཡིན་ནའང་ལུས་པོ་བསྐམས་ནས་སྡོང་རིད་ཅིག་དང་འདྲ་ཐོག མིག་དང་འགྲམ་པ་སྐོབས་སུ་ལྷུང་བའི་མཚུངས་སུ། མིག་ཁྲུམ་དང་མཁུར་ཚོས་ཚུར་ལ་བསྒྱིངས་ནས་ཡོད
……

ཁོས་ཆོ་མེད་པའི་རྨི་ལམ་དེར་ཡང་དང་བསྐྱར་དུ་བརྟགས་ནའང་། གནས་ལུགས་འདི་ཞེས་པ་ཞིག་ཡིད་ལ་འཛིན་རྒྱུ་མ་བྱུང་། དེ་ལྟ་ནའང་ཁོའི་སེམས་ནི་བདེ་ལ་འབབ་ཐབས་བྲལ་ཏེ། ཁོའི་སེམས་པ་བདེ་ལ་འབབ་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་མཛེས་ལྡན་ཡིད་ཀྱི་ཐིག་ལེ་གངས་ལྷ་མེ་ཏོག་གིས་སློབ་གསོའི་ལས་དོན་དུ་སྡུག་མང་བོ་མྱོང་བཞིན་ཡོད་སྙམ་པ་དེ་རེད། དེ་སྔོན་བསྐུར་ཡོང་བའི་ཡི་གེ་ལས། མོས་ད་ལོ་སློབ་གྲྭར་རྡོ་སོལ་རླངས་འཁོར་གང་དྲུད་ཟིན་ལ། ཉིན་དེ་དག་ནང་སློབ་མ་ཚོས་བཏུས་པའི་ཨོང་རིལ་སོགས་དང་བསྲེས་ནས་དགུན་དུས་ཀྱི་འབུད་ཤིང་གྲ་སྒྲིག་བྱས་འདུག་ཟེར་བས། སྔོན་ཆད་མེད་པའི་ལས་ཀ་དེ་འདྲ་ཅི་ལ་བསྒྲུབ་དགོས་སོང་བ་ཡིན་ནམ། ཞིབ་ཏུ་བསམས་ན་དེ་ཡོད་ཚད་སློབ་མ་ཚོའི་དྲོད་གྲང་བསམ་པ་མ་ཡིན་ནམ། རང་ཉིད་དེ་གར་ཡོད་ཚེ་རང་གིས་ཀྱང་ཚམ་ཚོམ་མེད་པར་ཕུ་ཐུང་དཔུང་རྩར་བརྫེས་ནས་ལས་ཀ་དེ་སྒྲུབ་བཞིན་ཡོད་ངེས། གྲོང་ཁྱེར་དང་གཞི་རིམ་གྱི་བར་ཁྱད་ནི་ཅི་འདྲའི་ཆེ་བ་ལ་ཨང་། སློབ་ཆེན་དང་སློབ་ཆུང་གི་མཐོ་དམའ་ནི་ཅི་འདྲའི་བློས་དཔག་པར་དཀའ་བ་ལ་ཨང་། གནས་འདི་གར་ཆ་བཞག་ན་དྲོད་རླངས་བསྐྱེད་སའི་ཁང་བ་ཆུང་ངུ་ཞིག་གིས་ཐོག་ཁང་མང་བོར་དབྱར་གྱི་དུས་ཚིགས་ནང་བཞིན་དྲོད་ཁོལ་བསྐྱེད་འགྲོ་བ་མ་ཡིན་ནམ། འདི་འདྲའི་སློབ་སྦྱོང་གི་ཆ་རྐྱེན་འཛོམས་པར་ད་དུང་གཉིད་ནས་འདུག་ས་ཞིག་གང་ན་ཡོད་དམ།

བརྩོན་འགྲུས་རྒྱ་མཚོས་དེ་ལྟར་དྲན་པར་རྐང་མྱུར་ལག་མྱུར་གྱིས་ཡར་ལ་ལངས་དགོས་བྱུང་། ཁོས་གྱོན་ཆས་གོན་ཞིང་ཁ་ལག་བཀྲུས་ནས་ཕྱིར་ཉལ་ཁང་དུ་ཡོང་དུས། བཟང་ས་སངས་རྒྱས་ཀྱིས་རང་གིས་ནངས་ཇ་འཐུངས་རྗེས། ཁོ་ལའང་འབྲས་དྭངས་དང་རྗེན་ཐོ། སྲན་ཆུར་སྐྱུར་མོ་སོགས་ནངས་ཟས་རན་ཚད་ཅིག་ཁྱེར་ནས་ཡོང་འདུག

མྱུར་མོར་ཐུངས་དང་། ཕྱི་རོལ་ཏུ་ཁ་བ་བབས་ཡོད་པས། འུ་གཉིས་དེ་རིང་ཆུ་མིག་ལྔ་ལྡན་རི་བོའི་སྐྱེད་ཚལ་ནང་འདྲ་པར་བསྐྱོན་དུ་འགྲོ། རྗེས་དྲན་གྱི་རི་མོ་ཕབ་ཏུ་འགྲོ།

སངས་རྒྱས་ཀྱིས་རང་གི་ཉལ་ཆས་ལྟེབ་ཞོར་དེ་ལྟར་བརྗོད།

ཁ་བ་བབས་འདུག་ཟེར་རམ། གནས་འདི་ལའང་ཁ་བ་འབབ་ངེས་སམ།

བརྩོན་འགྲུས་རྒྱ་མཚོ་ཡིད་མ་ཆེས་པར་སྒེའུ་ཁུང་ཁར་ཕྱིན་ཏེ་བལྟས་པ་ལ། ཕྱི་རོལ་གྱི་རི་ངོས་ནི་དངོས་གནས་དཀར་བོང་བོང་དུ་འདུག་པས། སེམས་ལ་རང་ཉིད་གློ་བུར་ཕ་ཡུལ་དུ་སླེབས་འདྲའི་ཚོར་སྣང་བྱུང་བས། ཡུད་ཙམ་རིང་ལྟ་ས་གཅིག་ལ་བལྟས་ནས་བསྡད།

མྱུར་མོར་ཐུངས་ཤིག མ་འཐུངས་ན་ཟ་མ་འཁྱག་རྒྱུ་རེད།

ཡ། ངས་ད་འཐུང་། ཁྱོད་ཀྱི་བསམ་ཚུལ་དེ་ཧ་ཅང་འགྲིག འུ་གཉིས་ཀྱིས་རྗེས་དྲན་གྱི་འདྲ་པར་ཞིག་བསྐྱོན་ན་འགྲིག ད་དུང་རྒྱ་སྲང་དུའང་ལན་གཅིག་ཉུག་ན་བཟང་།

ཁོས་དེ་ལྟར་བརྗོད་འཕྲལ་བྲེལ་མྱུར་ངང་ནངས་འཚལ་འཐུང་། གྲོགས་པོ་སངས་རྒྱས་ནི་ལུས་པོ་ཉམ་ཆུང་བ་མ་གཏོགས། གཟུགས་ཀྱི་རིང་ཚད་ནི་ཕལ་ཆེར་བརྩོན་འགྲུས་རྒྱ་མཚོ་ལྟ་བུ་ཞིག་ཡོད་པས། གསར་བུ་གཟུགས་རིང་ཚོའི་གྲས་སུ་བཞག་ཆོག ལྷག་དོན་དཀར་ཞིང་གཙང་བའི་གདོང་དུ་ཁ་སྤུ་ཕྲ་ལ་རིང་བ་ཞིག་བསྐྱུར་སྣང་ལ། གྱོན་ཆས་གྲ་དག་གོན་རྒྱུར་དགའ་བས་གསར་ཡག་ཅིག་མི་འདུག་ཅེས་སུས་ཀྱང་བརྗོད་པར་ཁག ལྷག་དོན་དེ་རིང་ཁོ་གཉིས་ཀྱིས་གྱོན་ཆས་ཇེ་མཐུག་ལ་བཏང་ནས། དེའི་དུས་དར་ཁྱབ་ཆེ་བའི་དམག་ལྭ་སེར་པོ་ནང་ཚངས་སྲབ་བུ་ཅན་རེ་གོན་པར་བརྟེན། ཉལ་ཁང་གི་སྒོ་ལས་བུད་དེ་ལྟག་སྒོའི་ཕྱོགས་སུ་ཕྱིན་པ་ལ། ལམ་བར་དུ་འཕྲད་པའི་རིགས་མི་གཅིག་པའི་སློབ་མ་ཕོ་མོ་མང་བོས་ཁོ་གཉིས་ཀྱི་ཕྱོགས་སུ་ཕྱི་མིག་བར་མེད་འཕངས་འོངས།

ཁོ་གཉིས་ཆུ་མིག་ལྔ་ལྡན་རི་བོའི་སྐྱེད་ཚལ་གྱི་སྒོ་ཆེན་ཁར་ཕྱིན་པར། དེ་གར་མི་ཚོགས་ནི་གྲོག་ཚང་བརྡོལ་པ་ལྟར་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་མཐོང་བ་ལ། སྒོ་ཆེན་ཁར་མཉམ་ལེན་འདྲ་པར་ཞིག་བསྐྱོན་པ་ལས་ནང་དུ་འགྲོ་འདོད་མ་སྐྱེས།

འདྲ་པར་བསྐྱོན་རྗེས་སུ། ཁོ་གཉིས་ཀ་སྔ་གཞུག་བྱས་ནས་བྱང་ཕྱོགས་སུ་སྲང་ལམ་ཆེ་བ་ཞིག་ཡོད་པ་བསྙེགས་ནས་སོང་། ལམ་བར་དུ་ཚོང་ཁང་མང་ཞིང་ཚོང་རྫས་མོད་པོ་ཡོད་པར། འདི་གར་རེག་རེག་དང་དེ་གར་ལྟ་ཞིབ་བགྱིས་ཏེ་ཕྱིན་པས། གཞི་ནས་ལྷོ་ཡི་གཞི་སྲང་ཆེ་བར་འབོད་པ་དེར་སླེབས། སངས་རྒྱས་ལ་མཚོན་ན་གཙོ་བོ་བྱིས་པའི་གྱོན་ཆས་དང་རྩེད་ཆས་སོགས་ལ་བལྟ་རྒྱུར་དགའ་བས། ཚོང་ཁང་ཆེ་བ་དེའི་ནང་ཕྱིན་རྗེས་དུས་ཡུན་རིང་བོ་ཞིག་ལ་སྒོར་མ་བུད།

དྲོས་ཇའི་དུས་སུ་སྐམས་ཤའི་འཐེན་ཐུག་འཐུང་བའི་ཚེ། བརྩོན་འགྲུས་རྒྱ་མཚོའི་གདོང་ལ་འཛུམ་ཞིག་མངོན་བཞིནགྲོགས་པོ་ལགས། ཁྱོད་ཀྱིས་ང་ལ་དོན་དག་ཅིག་གསང་ནས་ཡོད་པ་མ་ཡིན་ནམཞེས་དྲིས་པར།

ཕ་རོལ་པོས་ཀྱང་ཁོས་ཅི་ཞིག་འདྲི་བཞིན་པ་རྟོགས་པས། ངོ་གདོང་དམར་པོར་འགྱུར་བཞིནགསང་བ་དེ་ད་ནི་གསང་བ་ཞིག་ཏུ་བརྩི་དགོས་དོན་མི་འདུག ཚོང་རྫས་དེ་དག་མཐོང་ཚེ། ངས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་དྲན་འོངསཞེས་དལ་ལྷོད་ལྷོད་ངང་བརྗོད་བྱུང་།

ཁྱོད་བཟའ་སྒྲིག་བྱས་ཟིན་ནམ། ངས་ཅུང་ཙམ་ཡང་མཉམ་འཇོག་བྱེད་མ་ཐུབ། སྲུ་མོ་ད་ལྟ་གང་དུ་ཡོད་དམ། བྱིས་པ་ལོ་དུ་ལ་བུད་ཟིན།

བརྩོན་འགྲུས་རྒྱ་མཚོས་གྲོགས་པོའི་གནས་ཚུལ་ཤེས་འདོད་ཀྱི་དྲི་བ་ལུ་གུ་རྒྱུད་དུ་བསྟར།

ང་གཞེས་ནིང་ལོར་བཟའ་སྒྲིག་བྱས་པ་ཡིན། ནག་མོནི་ཨ་ཕའི་མནའ་བཅད་ཅིག་གི་བུ་མོ་ཡིན། བཟའ་ཚང་ཕ་མས་བསྒྲིགས་ཀྱང་ངེད་གཉིས་ཧ་ཅང་མཐུན། ད་ལྟ་མོས་རྫོང་ཐོག་ཏུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་ནས་ཡོད། ཡོང་འབབ་མི་བཟང་རྒྱུ་མེད་པས། ངའི་འཚོ་བའི་ཡོན་སོགས་མོས་སྟེར་བ་ཡིན། བུ་ཕྲུག་ཀྱང་ལོ་གཅིག་ལ་བུད་ཟིན། ཁ་རིས་ངོ་ཚུགས་མོ་ལ་རིག་པས་ཧ་ཅང་སྙིང་རྗེ།

ཁོས་ཐུག་པ་འཐུང་མཚམས་བཞག་ནས་དེ་སྐད་སྨྲས་རྗེས། སྒེའུ་ཁུང་ཆེ་བ་དེའི་ཤེལ་སྒོ་བརྒྱུད་ནས་ཡུད་ཙམ་ལ་ཕྱི་རོལ་ཏུ་བལྟས་ནས་བསྡད་སོང་།

མྱུར་མོར་ཐུངས་ཤིག མ་འཐུངས་ན་ཐུག་པ་འཁྱག་རྒྱུ་རེད།

བརྩོན་འགྲུས་རྒྱ་མཚོས་ཀྱང་ད་ནངས་གྲོགས་པོས་རང་ལ་བཤད་མྱོང་བའི་སྐད་ཆ་དེ་འདྲ་ཞིག་མཚམས་འདིར་རྗེས་ཟློས་བྱས།

ཡ་ཡ། སློབ་གྲྭ་གྲོལ་ཁར་ང་ཚོང་ཁང་འདིར་ཡང་བསྐྱར་ཐེངས་གཅིག་ཡོང་དགོས། ངས་བུ་ཕྲུག་ལ་རྩེད་ཆས་ཤིག་ཉོ་དགོས། གྲོང་ཁྱེར་གྱི་བྱིས་པ་ཚོར་ཅི་དགོས་ན་དེ་ཡོད་འདུག

ཁོས་དེ་སྐད་སྨྲས་རྗེས་མུ་མཐུད་དུ་ཐུག་པ་འཐུང་།

ང་ཚོའི་འཛིན་གྲྭའི་ནང་བཟའ་སྒྲིག་བྱས་ཟིན་པ་ད་དུང་འགའ་རེ་ཡོད། ཁོ་ཚོས་ཕན་ཚུན་གསང་བ་བྱེད་བཞིན་པས། ངས་ཀྱང་ཁྱོད་ལ་མ་བཤད་པ་ཡིན། ཁྱོད་ཁོང་ཁྲོ་ལངས་མི་སྲིད་དམ།

ཡུད་ཙམ་ནས་སངས་རྒྱས་ཀྱིས་དཀར་ཡོལ་ཕར་འདེད་ཙམ་བྱས་ནས་དེ་ལྟར་ལབ་བྱུང་།

ག་ལ་སྲིད། ག་ལ་སྲིད། མི་ལ་གསང་བ་མེད་པ་ཞིག་ག་ལ་སྲིད། ངས་ཁྱོད་ལ་ཆ་རྒྱུས་ལོན་ཐུབ། སློབ་གྲོགས་ཚོར་ཆ་རྒྱུས་ལོན་ཐུབ།

བརྩོན་འགྲུས་རྒྱ་མཚོར་བཤད་རྒྱུ་ཅང་མ་རྙེད་པས། གྲོགས་པོའི་ཁམས་དང་བསྟུན་ནས་དེ་སྐད་བརྗོད།

སྔ་དྲོ་ཁྱོད་ཀྱིས་ངའི་མོས་པར་བརྩི་འཇོག་བྱས་ནས་ལམ་ཐག་འདི་འདྲ་རིང་བོ་ཞིག་ལ་བུད་ཡོང་། ངས་ཉོ་འདོད་པའི་དངོས་པོ་དེ་རྙེད་ཟིན་པས། ད་ནི་ང་ལ་བསྒྲུབ་རྒྱུའི་དོན་དག་ཅི་ཡང་མེད། ཕྱི་དྲོ་ངས་ཁྱོད་ཀྱི་མོས་པར་བརྩི་འཇོག་བྱས་ནས་ཁྱོད་ཀྱི་རྗེས་འདེད་རྒྱུ་ཡིན། ཁྱོད་གང་ལ་འགྲོ་འདོད་ན་ང་དེ་གར་སོང་ཆོག

ལམ་དུ་ཆས་ཁར་སངས་རྒྱས་ཀྱིས་ཁོ་ལ་དེ་སྐད་ལབ་འོངས་པར། བརྩོན་འགྲུས་རྒྱ་མཚོ་གློ་བུར་གང་དུ་འགྲོ་རྒྱུའང་ཁྲིགས་མ་ཞོག་པར་ཡུད་ཙམ་ལུས། ཁོས་བསམ་བློ་ཞིག་བསྐོར་རྗེས་འདི་གའི་ཞིན་ཧྭ་དཔེ་ཁང་དུ་དཔེ་དེབ་སྣ་ཚོགས་འདུག་ཅེས་སྨྲ་བ་དྲན་པས། གྲོས་ཁ་བསྡུར་བའི་ཚུལ་དུའོ་ན་འུ་གཉིས་དཔེ་འཚོང་ཁང་དུ་ཕྱིན་ན་ཅི་འདྲ་རེད། སོ་སོར་མཁོ་བའི་དཔེ་ཆ་འདྲ་ཡོད་ཀྱང་སྲིདཅེས་བརྗོད་པ་ལ། གྲོགས་པོསབཤད་རྒྱུ་ཞིག་ག་ལ་ཡོད། དཔེ་འཚོང་ཁང་ནི་གནས་འདི་དང་ཐག་ཉེ་བས། ཅང་ལ་འགྲོ་མི་དགོསཟེར་ཞོར་སྔོན་ལ་ལམ་ཁྲིད་ནས་བུད་སོང་།

གྲོང་ཁྱེར་གྱི་དཔེ་འཚོང་ཁང་ནི་རྫོང་སོགས་གཞི་རིམ་གྱི་དཔེ་ཁང་དག་དང་ཡེ་ནས་མི་འདྲ་སྟེ། ཐོག་ཁང་ཧྲིལ་པོའི་ནང་དཔེ་ཆ་བཤམས་ནས་འདུག ལྷག་པར་བསླབ་ཚན་སོ་སོ་དབྱེ་བ་བཀར་བ་ཧ་ཅང་གསལ་བས། ཁོ་གཉིས་ཀྱིས་ཅང་མ་འགོར་བར་ཉིས་ཐོག་གི་རང་ལ་མཁོ་བའི་སྐད་ཡིག་དང་རྩོམ་རིག་སྐོར་གྱི་དཔེ་སྒྲོམ་ཡོད་ས་དེ་བཙལ་ནས་རྙེད་བྱུང་། དེ་གར་ཕྱི་གླིང་གི་རྩོམ་རིག་གཞུང་ལུགས་དང་བརྩམས་ཆོས་གྲགས་ཅན་སྐོར་ཞིག་བདོག་པར་མ་ཟད། རྒྱལ་ནང་གི་མཁས་པ་དང་རྩོམ་པ་པོ་གྲགས་ཅན་དག་གི་ཕུལ་བྱུང་བརྩམས་ཆོས་ཀྱང་འདུག དཔེ་ཆ་དེ་དག་གི་གྲས་ལས་ཁོ་གཉིས་ཀྱིས་རང་ལ་མཁོ་བའི་དཔེ་ཆ་འགའ་རེ་ཟུར་དུ་བླངས་པའི་དུས་མཚུངས་སུ། རང་ཉིད་ཆེས་ཀློག་པར་དགའ་བའི་རྩོམ་དག་ལའང་དེ་ག་རང་དུ་ལྟ་བར་བྱེད།

བརྩོན་འགྲུས་རྒྱ་མཚོས་ཁོ་ཆེས་བལྟ་རྒྱུར་དགའ་བའི་ཨའེ་ཆིང་གི་སྙན་ངག་ལ་ལྟ་མགོ་བརྩམས། བལྟས་ཀྱིན་བལྟས་ཀྱིན་ཁོ་ནི་སྙན་ཚིག་དེ་དག་གི་བརྗོད་བྱ་དང་རྗོད་བྱེད། ཡིད་བརྙན་དང་དབྱངས་འགྲོས་སྣ་ཚོགས་ནང་བྱིངས་པར་གྱུར་པས། གྲོགས་པོ་སངས་རྒྱས་ནི་གང་དུ་འདུག་པའང་མཉམ་འཇོག་མ་བྱུང་ལ། དེ་གར་ལངས་བསྡད་ནས་དུས་ཡུན་ཅི་འདྲ་ཞིག་འགོར་བའང་ཚོར་མ་ཐུབ། ཚོར་སྣང་བྱུང་དུས་གྲོགས་པོས་ཁོའི་མདུན་དུ་མགྲོན་པོ་འགའ་ཁྲིད་ནས་སླེབས་འདུག་སྟེ། ཞིབ་ལྟ་བྱས་དུས་དེ་ནི་མགྲོན་པོ་ཆ་མེད་ཅིག་མ་ཡིན་པར། རང་རེའི་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན་གཙོ་བོ་དཀོན་མཆོག་རྡོ་རྗེ་སོགས་རེད། ཁོའི་རོགས་སུ་བུད་མེད་དར་མ་ཞིག་དང་མིག་ཤེལ་ཐོགས་པའི་བུ་མོ་གཞོན་ནུ་མ་ཞིག་ཀྱང་མཆིས།

ཀྲུའུ་རེན་བདེ་མོ། ཁྱེད་རྣམས་དཔེ་འཚོང་ཁང་དུ་ཡོང་བ་ཡིན་ནམ།

བརྩོན་འགྲུས་རྒྱ་མཚོ་ཚབ་ཚུབ་ཏུ་གྱུར་པས། ངག་ལས་རང་དབང་མེད་པར་སྐད་ཆ་དེ་འདྲ་ཞིག་ཤོར་ལ། ལག་གི་དེབ་དེ་དཔེ་སྒྲོམ་ནང་བཞག་སྟེ། ཕར་ཕྱོགས་སུ་རང་ལ་མཁོ་བའི་དཔེ་ཆ་འགའ་བདམས་ཡོད་པ་དེ་ལག་ཏུ་བླངས།

བདེ་མོ། ཁྱོད་དཔེ་ཆར་བལྟ་རྒྱུར་དགའ་མཁན་ཞིག་ཡིན་ཟེར་བ་གོ་མྱོང་ཡང་། དཔེ་འཚོང་ཁང་དུའང་འདི་ལྟར་གཟབ་ནན་ངང་ལྟ་བཞིན་པ་ཐོག་དང་པོར་མཐོང་བ་ཡིན། ང་ཚོ་ལ་ཁྱོད་ལྟ་བུའི་སློབ་མ་མང་ཙམ་ཡོད་ན་ཅིས་མི་ཆོག

ཀྲུའུ་རེན་གྱིས་རང་འགུལ་སྒོས་ཁོ་ལ་ལག་འཇུ་བྱེད་ཞོར་དེ་ལྟར་བརྗོད་འོངས།

རྒན་ལགས། ཁོ་ནི་བདག་གིས་མིག་དཔེ་བལྟ་སའི་སློབ་གྲོགས་བརྩོན་འགྲུས་རྒྱ་མཚོ་རེད། ཆུང་དུས་ཀྱི་མིང་ལ་རྒྱ་མཚོ་ཟེར་ཡང་། བརྩོན་འགྲུས་ཆེ་བས་ཁོའི་དགེ་རྒན་གྱིས་བརྩོན་འགྲུས་རྒྱ་མཚོ་ཞེས་བཏགས་ནས་མིང་དུ་ཐོགས་ཟིན་པ་ཞིག་རེད། ངེས་པ་དོན་གྱི་མིང་དོན་འབྱོར་བའི་སློབ་གྲོགས་བཟང་བོ་ཞིག་ཡིན།

སངས་རྒྱས་ཀྱིས་དེ་ལྟར་མཚམས་སྦྱོར་བྱས་པ་ལ། ཀྲུའུ་རེན་ཁོང་ཉིད་དགོད་ཙམ་བྱས་འཕྲལངས་རྒྱུས་ལོན་བྱུང་བ་ལྟར་ན་ཁྱོད་ཀྱང་ཁོའི་རྗེས་སུ་ཆོད་ལ་ཉེ་ཟེར་བས། ཁྱོད་ཀྱི་མིང་གི་མཐའ་ལའང་བརྩོན་འགྲུས་ཤིག་སྦྱོར་དགོས་པ་མ་ཡིན་ནམ། དེ་ལ་འབྱོར་མི་འབྱོར་གཉིས་ཀ་ཡོད་ངེས། གང་ལྟར་ཀྱང་ཁྱོད་གཉིས་ཀྱི་སྟེང་ན་འདྲ་ས་མང་བོ་ཞིག་འདུག་པས། དུས་ཕྱིས་སུ་ཕན་ཚུན་རོགས་རམ་བྱས་ན་འགྲིག ངག་རྒྱུན་དུའངབརྩོན་འགྲུས་བྲག་ལ་མདའ་ཟུག ལེ་ལོ་སྤང་ལ་མེ་ཤོརཟེར་བ་ཡིན་པས། བརྩོན་པ་བསྐྱེད་པའི་ཐད་བྲག་ལ་མདའ་ཟུག་པ་ལྟ་བུ་ཞིག་ཡིན་དགོས། དེ་ལྟར་བྱུང་ན་མི་ཅི་འདྲ་ཞིག་ཡིན་ཡང་ཡོན་ཏན་རྒྱུད་ལ་མི་འབྱོར་བ་མེད་པས། གོ་ཆ་བཟང་བོ་དེ་མི་ཚེ་གང་བོར་འདོར་མི་རུངཞེས་ལབ་པ་དང་།
ཡང་མཐུད་དེ
གཞན་དུ་འཚོ་བ་སོགས་ཕྱོགས་གང་ཐད་ནས་དཀའ་ངལ་ལ་འཕྲད་ཚེ་ང་བཙལ་ཏེ་ཡོང་རོགས། རང་གི་ཚོད་ཀྱིས་ཁྱོད་ཚོ་ལ་རོགས་རམ་བྱེད་ངེསཞེས་སྨྲས་མ་ཐག ཡངད་ང་ཚོ་འགྲོ་རྒྱུ་ཡིན། ཁྱོད་གཉིས་ཀྱིས་སོས་དལ་བའི་ངང་དཔེ་ཆ་ཀློགས་ཤིགཅེས་ཟེར་ཞོར་ཕྱོགས་གཞན་དུ་ཆས་སོང་།

སངས་རྒྱས་ཀྱིས་ཁོ་ཚོ་བསྐྱལ་ཏེ་གྲལ་ཤར་སྔོན་མ་དེའི་ཕག་ཏུ་ཡལ་ལ་ཉེ་བའི་སྐད་ཅིག་མ་དེར། བུ་མོ་གཞོན་ནུ་མ་དེ་བསམ་བཞིན་ཅུང་གཞུག་ལ་བསྡད་དེ་བརྩོན་འགྲུས་རྒྱ་མཚོར་ཕྱོགས་ནས་ལག་པ་གཡུག་གཡུག་ཅིག་བྱས་འོངས།

སྦྱོར་བ་གློ་བུར་བ་དེས་ཁོ་ནི་ད་ཅི་ཀྲུའུ་རེན་མཐོང་བ་དང་འདྲ་བར་ཚབ་ཚུབ་ཏུ་གྱུར་པས། ལག་ཏུ་བསྣམས་པའི་དཔེ་དེབ་འགའ་ཡོད་པའང་ཐང་ལ་ཐོར།

ཁོ་ནི་རང་ཉིད་ལ་དགོད་རྒྱུ་ཞིག་ཡོང་ཞོར་ཐང་གི་དཔེ་ཆ་དེ་དག་ཚགས་སྒྲིག་བྱེད་བཞིན་པའི་སྒང་ལ། སངས་རྒྱས་ནི་དལ་བྲེལ་མེད་པར་ཁོའི་གམ་དུ་སླེབས་ཡོང་།

ཁྱོད་ཀྲུའུ་རེན་ལ་ཆ་རྒྱུས་ཤིན་ཏུ་ཆེ་བར་འདུག ཁོང་གིས་ཁྱོད་ཐུགས་ལ་འབབ་བཞིན་ཡོད་པ་རེད།

བརྩོན་འགྲུས་རྒྱ་མཚོས་དཔེ་ཆ་དེ་དག་ཚགས་སྒྲིག་བྱས་རྗེས། ཡར་ལང་ཞོར་གྲོགས་པོར་དེ་ལྟར་བརྗོད།

ཀྲུའུ་རེན་གྱིས་ང་ལས་ཁྱོད་བློར་འབབ་བཞིན་འདུག ཚུལ་དེ་ནི་ཁོའི་ཚིག་ཟུར་ལས་ཀྱང་གོ་ཐུབ་པ་མ་ཡིན་ནམ། དོན་ངོ་མར་ང་ལ་ཆ་རྒྱུས་ཡོད་ས་ནི་ཨ་ནེ་མཁའ་མོ་སྐྱིད་ཡིན། མོ་ནི་ང་ཚོའི་ས་ཆ་ནས་ཕྱིར་བུད་པའི་ལས་བྱེད་པ་ཐོག་མའི་སྐོར་རེད། ང་ཚོའི་བར་ཤ་ཉེ་ཡི་འབྲེལ་བའང་ཡོད།

སངས་རྒྱས་ཀྱིས་ཡ་ཡོ་མེད་པར་དེ་ལྟར་བཤད་བྱུང་། འཆད་ཞོར་དུ་རང་གིས་བདམས་པའི་དཔེ་དེབ་དེ་དག་ཚུར་བླངས་རྗེས། མུ་མཐུད་དུབུ་མོ་དེ་ནི་ཁོ་གཉིས་ཀྱི་སྲས་མོ་རེད། མིང་ལ་ཡེ་ཤེས་ལྷ་མོ་ཟེར། མོར་ད་དུང་ནུ་བོ་ཞིག་ཀྱང་ཡོད་དེ། ནུ་བོ་དེ་ད་ལྟ་གང་དུ་ཡོད་པ་ངས་ཀྱང་གསལ་བོ་མི་ཤེས། ཡིན་ནའང་བུ་མོ་འདི་ནི་ང་ལ་ཆ་རྒྱུས་ཞིབ་མོ་ཡོད། མོས་ཀྱང་ཆུང་དུས་ནས་རྒྱ་ཡིག་བོད་ཡིག་གཉིས་ཀ་སྦྱངས་ནས་ཡོང་བ་རེད། འོན་ཀྱང་ད་ལོ་སློབ་ཆེན་དུ་ཞུགས་རྗེས་ཀྲུའུ་རེན་གྱིས་ཐབས་བཀོད་འཐེན་ནས་མོ་ནི་རྒྱའི་སྐད་ཡིག་སྡེ་ཁག་ཏུ་བཅུག་འདུག དེ་མིན་ཚེ་ང་ཚོ་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་སྲིདཅེས་ཤར་ཤར་དུ་བརྗོད་སོང་།

མ་གཞི་དེ་འདྲ་ཞིག་ཡིན་ནམ།བརྩོན་འགྲུས་རྒྱ་མཚོས་བསམས་ནས་ཡུད་ཙམ་བསྡད་རྗེས། ངག་ལས་དབང་མེད་དུ་སྐད་ཆ་དེ་འདྲ་ཞིག་ཤོར།

18

དགུན་གྱི་ཙག་རླུང་དང་འགྲོགས་པའི་གནམ་ལོ་གསར་བ་ཞིག་ཡང་བསྐྱར་སླེབས་བྱུང་།

ལོ་གསར་སྔོན་གྱི་ཉིན་དེ་དག་ལ་གནམ་ངོ་ནི་རུབ་རུབ་ལ་བསྡད་སོང་བས། སྤྲིན་ཚོགས་ཀྱི་རྔམ་ཁ་མཐུག་པའི་བར་གསེང་ནས་ལན་རེར་ཁ་བའི་འདབ་མའང་ཅ་ལེ་ཅོལ་ལེར་བབས་ཡོང་། ཁ་བའི་འདབ་མ་འཚུབ་པའི་ཁྲོད་དུ། སངས་རྒྱས་སྐྱབས་ཕ་བུ་གཉིས་ཀ་རྫོང་མཁར་ལ་ལན་འགར་བརྒྱུགས་པ་བརྒྱུད་ནས། ད་ནི་ཁྱིམ་འདི་གའི་ལོ་གསར་དུ་མཁོ་བའི་དངོས་པོ་ཙག་ཙིག་ཉོས་ཚར་བར་མ་ཟད། རྒྱ་ལོ་ཚེས་གསུམ་ཉིན་བུ་སྐལ་བཟང་འབུམ་ལ་གཉེན་སྟོན་གྱི་ཆོ་ག་བཤམས་པར་མཁོ་བའི་དངོས་ཆས་དག་ཀྱང་ཚགས་སུ་ཆུད། ལྷག་དོན་སྣུམ་གོར་བཙོ་བ་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབས་ཟིན་པས། ད་ནི་བག་ལྷོད་པའི་ངང་དུ་གནམ་ལོ་གསར་བའི་དགའ་སྟོན་ལ་རོལ་ཆོག་ཆོག་ཡིན།

གནམ་ལོ་གསར་བའི་ཚེ་ན་རི་བསང་ལ་འགྲོ་བ་དང་ལབ་ཙེ་བསྟོད་པར་བྱེད་པ། ལོ་གསར་ཕར་སྐྱེལ་ཚུར་སྐྱེལ་བྱེད་ཚུལ་སོགས་སྔ་ལོ་དང་འདྲ་ནའང་། ད་ལོའི་ལོ་གསར་སྐབས་སུ་སྔར་མེད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་ནི་གནམ་གཤིས་གློ་བུར་ཇེ་བཟང་ལ་ཕྱིན་པ་དེ་རེད། རྒན་པ་ཉམས་མྱོང་ཅན་དག་གི་གཏམ་ལནངས་སྔ་དྲོའི་སྤྲིན་དམར་ཆུ། དགོང་ཕྱི་དྲོའི་སྤྲིན་དམར་མེཞེས་འབྱུང་བ་ལྟར། གནམ་གང་གི་ཕྱི་དྲོ་དེར། ནུབ་རིའི་ཕང་བ་རུ་མཚམས་སྤྲིན་དམར་སེར་ལི་ཁྲིའི་མདོག་ཅན་ཞིག་ཤར་བ་དེས། ཉིན་འདི་གཉིས་ནང་དྲོད་ཁོལ་འཁྱིལ་བའི་ཉི་འོད་ཕ་མ་འདྲ་བ་དེ་ཡུལ་ལུང་འདིར་སེར་ལམ་མེར་བསུས་འོངས།

དྲོད་འཇམ་གྱི་ཉི་འོད་འོག་ཏུ། དེ་རིང་སྒོར་ཐང་སྡེ་བའི་སྐྱེས་ཕོ་མོ་མང་བོ་ཞིག་མ་བསྐུལ་དང་བླངས་ཀྱིས་སངས་རྒྱས་སྐྱབས་ཚང་ལ་འདུས་ཡོད། ཁོ་ཚོ་ནི་ཁྱིམ་འདི་གར་སྤེལ་པའི་ཕྱི་ཉིན་གྱི་གཉེན་སྟོན་ལ་རོགས་བྱེད་མཁན་དག་ཡིན། ཉིན་དེའི་ལས་ཀའི་མགོ་པར་སློབ་ཆེན་པ་བརྩོན་འགྲུས་རྒྱ་མཚོ་བསྐོས་འདུག་པས། ཁོའི་གཅིག་གྱུར་གྱི་བཀོད་འདོམས་འོག གསར་བུ་སྐོར་ཞིག་གིས་ལྷས་ཞོལ་མར་ཇ་དང་འབྲས་ཐུག་སྐོལ་སའི་ཐབ་ཀ་སོགས་ལས་བཞིན་ཡོད་ལ། སྐོར་ཞིག་གིས་གྲི་དང་ཚལ་གྲི་རྡར་བཞིན་ཤ་གཙབས་པའི་ལས་ལ་བྲེལ་བཞིན་མཆི། གཞོན་སྐྱེས་རྐང་བདེ་ལག་བདེ་མང་ཤོས་ཀྱིས་ལྷས་གོང་མར་ཀ་བ་རིང་བོ་འགའ་བཙུགས་ཐོག དེ་དག་གི་མགོ་ལ་གདུང་ལྕམ་རིང་བོ་དུ་མ་སྦྲེལ་པ་དང་། དེའི་སྟེང་དུ་རུ་ཁག་ནང་སྟོན་དུས་འབྲུ་སྐེམ་སྤྱད་དུ་བཀོལ་བའི་རས་དཀར་མཐུག་པོ་དེ་བཀབ་ནས་སང་ཉིན་སྟོན་མོ་བྱེད་སའི་གནས་ཁང་འབེབས་བཞིན་མཆི།

ཉིན་གུང་ཡོལ་བ་ན། ཨ་མ་ལྷ་མོ་བྱམས་ནི་མེ་ཁང་ནང་མ་ཁོམ་པར་འདུག་པའི་སྐྱེས་མ་དག་གི་གྲས་ལས་ཕྱིར་བུད་དེ། བརྩོན་འགྲུས་རྒྱ་མཚོ་སོགས་ཡོད་སར་ཕྱིན་ནསཨ་ཕ་གང་དུ་བུད་སོང་ངམ། དྲོས་ཇ་ཁོལ་ཟིན་པས། བཏུང་རྒྱུ་ཡིན་ནམཞེས་དྲིས་བྱུང་།

ལས་ཀ་འདི་སྐར་མ་འགའི་རྗེས་ནས་འགྲུབ་པར་འགྱུར་བས། ང་ཚོ་འཐུང་དུ་ཡོང་ངེས། ཁྱོད་ཀྱིས་ཤ་འཐག་པའི་ལས་ཀ་གྲུབ་ཟིན་པའི་སྐྱེས་པ་དེ་ཚོ་བོས་ཤིག ད་ཚང་མ་ལྟོགས་བཞིན་ཡོད། བརྩོན་འགྲུས་རྒྱ་མཚོས་ཨ་མར་ལན་དེ་ལྟར་བཏབ་རྗེས། ཡང་ཅི་ཞིག་རྟོགས་འདོད་པ་ལྟརཨ་ཕ་ཁོ་བར་བ་ཚང་ལ་བུད་ཐལ། ཅུང་ཙམ་ནས་ཕྱིར་ཡོང་ཟེར། ཁོ་ལ་དོན་དག་འདྲ་ཡོད་པ་མིན་ནམཞེས་དྲིས།

དོན་དག་ཆེན་པོ་མེད། ཀ་ར་དཀར་པོ་གང་དུ་བཞག་ཟིན་པ་མི་ཤེས་པས། ཁྱོད་ཁོམ་ན་བཙལ་ཏེ་ཁྱེར་ཡོང་རོགས།

མོས་དེ་སྐད་ལབ་རྗེས། ཁོ་ཚོས་གསར་དུ་ཕུབ་པའི་རས་ཁང་ལ་ལྟ་ཞོར་ཕྱིར་མེ་ཁང་ཕྱོགས་སུ་ཕྱིན།

ཡ། གསར་བུ་ཚོ། ད་རས་ཁང་བཀབ་པ་གྲལ་དག་ཐོག བཀན་མོ་ཡང་འདུག་པས། སང་ཉིན་འདང་རྒྱག་ཅི་ཡང་མེད། འགྲོ། ད་དྲོས་ཇ་འཐུང་དུ་འགྲོ། དགེ་རྒན་ཡི་དམ་སྐྱབས། ཁྱོད་སོང་ལ་ཐབ་ཀ་ལས་མཁན་དེ་ཚོ་བོས་ཤོག ཚང་མས་དཀའ་ལས་མྱངས་སོང་། ང་འགྲོ་ལ་ལག་པ་བཀྲུ་སྤྱད་ཀྱི་ཆུ་གྲ་སྒྲིག་བྱེད།

ཡ་ཡ།

སྒོར་ཐང་རུ་ཁག་གི་དགེ་རྒན་ལོ་ཆུང་དེས་ཡ་ལན་སྟེར་ཞོར་ལྷས་ཞོལ་མར་བརྒྱུགས།

དྲོས་ཇར་རོལ་རྗེས་སུ། སྐྱེས་པ་ཚོ་ནི་ཚ་ཐབ་སྟེང་གྲལ་དུ་འཁོད་ནས་ཆང་འཐུང་མགོ་བརྩམས་ཟིན་ལ། ཆང་འཐུང་ཞོར་དུ་ཕྱི་ཉིན་གྱི་སྟོན་མོའི་མགོ་རྔ་བར་གསུམ་ལ་གྲོས་ཁ་བསྡུར་བའི་ལས་སུ་ཞུགས། གྲོས་བསྡུར་མཁན་གྱི་མགོ་གཙོ་ནི་རུ་གཙོ་ཀུན་བཟང་ཡིན་ཏེ། ཁོས་ནངས་དུས་ཀྱི་དྲི་སྐོར སྤྲོད་མཁན་ནས་ཕྱི་དྲོའི་གོང་ཆང སྤྲོད་མཁན་རེ་རེ་ཚགས་བཙུགས་ཤིང་གཏན་འབེབ་བྱས་པར། དེར་འདུས་ཐམས་ཅད་ཀྱིསལགས་སོཟེར་ནས་ཁོང་གི་གསུང་བ་ལ་མངོན་པར་བསྟོད་དོ། །

1980ལོའི་ཟླ2པའི་ཚེས17ཉིན། གཟའ་ཉི་མ། གནམ་ངོ་དྭངས།

སང་ཉིན་ཏེ། རྒྱ་ལོ་ཚེས་གསུམ་ཉིན། བརྩོན་འགྲུས་རྒྱ་མཚོའི་ཕུ་བོ་སྐལ་བཟང་འབུམ་གྱི་གཉེན་སྟོན་བྱ་རྒྱུ་ཡིན་པས། ཨ་ཕ་ངེད་གཉིས་སྟོན་མོར་འགྲོ་དགོས།

སྟོན་མོ་དེར་ཞུགས་ཆེད། ད་ལོའི་དགུན་ཁར་ཨ་ཕས་ང་ལ་བོད་ལྭ་ཆ་ཚང་ཞིག་བཟོས་བྱུང་བར། ངས་ཀྱང་རང་གི་ཟླ་ཕོགས་ལས་དངུལ་གྱི་རྣ་ལུང་དང་གའུ་རན་ཚོད་ཅིག་རྡུང་དུ་བཅུག དེ་རིང་སྔ་དྲོ་ཚོད་ལྟའི་ཚུལ་དུ་གོན་པ་ལ། ལོ་གསར་བསྐྱལ་ཡོང་མཁན་སུ་ཡིན་ཡང་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མ་བྱུང་།

ཡག་ལ་དགའ་བ་ནི་བུད་མེད་ཚོའི་རང་གཤིས་ཡིན་ལ། བསྟོད་པར་དགའ་བ་ནི་མིའི་རིགས་ཀྱི་སྤྱི་གཤིས་ཡིན་པས། དེ་རིང་ང་ལ་དེ་གཉིས་ཀ་ཐོབ་ཟིན།

སང་ཉིན་གྱི་སྟོན་ཐོག་ཏུ་དེ་རིང་ནང་བཞིན་འཐོབ་སྲིད་དམ།

ཕྱི་ཉིན་སྔ་མོ་སྐྱ་རེངས་ཀྱིས་སྐྱ་མདའ་མ་བཏང་གོང་ནས་སྡེ་བའི་བུད་མེད་མང་བོ་སྔ་ཕྱི་བྱས་ནས་ཁྱིམ་འདི་གར་སླེབས་ཡོང་། ཁོ་ཚོ་སླེབས་འཕྲལ་ཇ་དཀར་ཡོལ་གང་རེ་འཐུངས་ཚར་མ་ཚར་གྱི་མཚམས་ནས་ཟ་མ་བཟོ་བའི་ལས་ཀའི་ནང་ཞུགས་འགྲོ་བས། ཁྱིམ་དེ་གར་སོས་དལ་དུ་སྡོད་པའི་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག

དེ་སྔོན་བར་བ་གཉིས་ཀྱིས་གྲོས་བྱེད་དུས། ཨ་ཞང་ཚང་གིས་བུ་མོ་བསྐྱལ་ནས་ཡོང་རྒྱུའི་ཐོག་ལ་བཞག་ཡོད་པས། མནའ་མའི་སྐྲ་སླེ་བ་དང་རྒྱན་འདོགས་པ་ཚང་མ་ཕ་རོལ་ནས་སྒྲུབ་ངེས་པར་བརྟེན། ལྟོས་བཅས་ཀྱིས་བཤད་ན་གཉེན་ཚང་གི་མ་སྲུ་ཚོའི་ལས་ཀ་རབ་ཅིག་བསྲི་ཚགས་བྱས་སོང་ཞེ་ནའང་འགལ་བ་ཅང་མེད། ཡིན་ནའང་དེ་ལ་དཀའ་ས་ཞིག་ཡོད་པ་ནི་དྲི་སྐོར་མགོ་མའི་སྟེང་ལ་སྨན་ཤར་ལོ་ཆུང་འགའ་རེ་མནའ་མའི་མཐུར་མདའ་ལེན་དུ་འགྲོ་དགོས་པས། ནངས་ལས་ཚར་བ་དང་བསྟུན་ནས་མ་སྲུ་ཚོས་དེའི་སྐོར་གྱི་གྲོས་ཁ་བསྡུར་ནས་རེ་རེ་བཞིན་བཀོད་སྒྲིག་བྱེད་བཞིན་མཆི།

ནམ་ལངས་ནས་ཉི་རྩེ་ས་ལ་ཕོག་པ་དང་བསྟུན་ནས། ཁྱིམ་འདི་གར་བྲེལ་བ་ཆེས་ཆེ་བ་ནི་རུ་གཙོ་ཀུན་བཟང་དང་སློབ་ཆེན་པ་བརྩོན་འགྲུས་རྒྱ་མཚོ་གཉིས་རེད། ཁོ་གཉིས་ཀྱིས་དྲི་སྐོར་མགོ་མར་འགྲོ་བའི་མི་རྟ་གང་ཧྲག་ཚོར་ཆང་དང་ཆང་དཀར། ཁ་བཏགས་ལ་སོགས་པ་ཆད་པ་མེད་པར་བྱིན་པའི་མཚུངས་སུ། རྟ་ཁ་ལེན་པར་འགྲོ་བའི་སྨན་ཤར་དག་ལའང་དེ་བཞིན་དུ་ལམ་འཇུག་བྱས་ལ། ལམ་དུ་ཡོད་ཚད་བཀྲ་ཤིས་དང་བདེ་ལེགས་ངང་བསུ་བའི་ཁ་ཏའང་ཡང་ཡང་གནང་།

ཀི་སྒྲ་སྣ་ཚོགས་སྡེ་ཟུར་ནས་གྲག་དུས་སུ། ཉི་མ་ནི་ཐག་ཚད་གསུམ་གྱི་ས་ལའང་འཕགས་ཟིན་པས། སྔ་དྲོའི་དུས་ཚོད་ལས་ཉིས་ཆའི་གཅིག་ནི་ཤེས་མིན་ཚོར་མིན་དུ་ཕྱི་སྣུར་བྱེད་ས་མི་འགྲོ་བར་བཏང་ནས་ཡོད། དེ་ལྟ་ནའང་ཨ་ཞང་ཚོ་ནི་ཡོང་དང་མི་ཡོང་ཞེས་ནས་སྡོད་པར་བྱེད་པས། ཐབ་ཀྱི་ཤ་མོག་ཚོས་ལ་ཉེ་སྟེ་ཅི་བྱེད་མི་ཤེས་པའི་གཉེན་ཚང་གི་མ་སྲུ་ཚོ་ནི་བྲེལ་བ་ལངས་ནས་སྡོད་བཟོད་མི་ཐུབ་པའི་ཨར་ལ་གཏད་འདུག ཡིན་ནའང་གཉེན་ཚང་གི་ལོ་ལོན་བསམ་ཤེས་ཚོས་བཀོད་སྒྲིག་ཞིབ་མོ་དང་། གསར་བུ་ཅང་ཤེས་ཚོས་བཀུར་ཤེས་འདྲེན་ཤེས་བྱེད་པར་མ་ཟད། ཐབས་མཁས་བཤད་མཁས་སྣ་ཚོགས་ལ་བརྟེན་ནས། དུས་ཡུན་རིང་བོ་མ་འགོར་བར་ཨ་ཞང་ལྕགས་ཐར་གཙོར་བྱས་ཨ་ཞང་དང་ཨ་ནེ་ཡོད་ཚད་གཡང་ཁྱིམ་གྲུ་བཞིའི་གདན་གྲལ་ལ་འཁོད་པར་བྱེད་ཐུབ་སོང་།

འབབ་ཇ་འཐུང་བཞིན་པའི་ཚེ་ན། ཕྱི་རོལ་ཏུ་རླངས་འཁོར་གྱི་ལྡིར་སྒྲ་ཞིག་གྲག་པ་དང་མཉམ་དུ། པེ་ཅིན་རྟགས་ཅན་གྱི་འཇེབ་འཁོར་སེར་སྐྱ་ཞིག་ཁྱིམ་འདི་གའི་སྒོ་ལམ་དུ་ཏན་སེར་བསྡད་བྱུང་། ཕ་རྒན་སངས་རྒྱས་སྐྱབས་དང་བརྩོན་འགྲུས་རྒྱ་མཚོ་གཉིས་ཀ་མཉམ་པོར་སྒོར་བུད་པར། རླངས་འཁོར་ལས་ཅུས་ཀྲང་འཇིགས་མེད་རབ་བརྟན་ཕ་བུ་གཉིས་དང་ཁ་ལོ་པ་བཅས་གསུམ་པོ་སྔ་ཕྱི་བྱས་ནས་བབས་ཡོང་། སྐྱེས་པ་གཉིས་ཀྱིས་རྒྱ་ལྭ་ནང་ཚངས་ཅན་སོ་མ་རེ་གོན་འདུག་ཀྱང་། གངས་ལྷ་མེ་ཏོག་གིས་རྣ་བར་རྣ་ལུང་དང་སྐེ་ལ་གའུ། མགོ་ལ་ཝ་ཞྭ་དང་ལུས་ལ་གོས་གསེར་ཐེལ་མའི་ཚ་རུ། རྐང་ལ་ཀོ་ལྷམ་འོད་ཅན་བཅས་བཏགས་ཤིང་གོན་ཡོད་པས། དངོས་གནས་ནམ་མཁའི་ལྷ་མོ་མི་ཡུལ་དུ་བྱོན་པ་འདྲ་བ་ཞིག་སྣང་བར་བརྟེན། བརྩོན་འགྲུས་རྒྱ་མཚོ་ཡང་ཏབ་ཅིག་རང་གི་མིག་ལ་རང་ཉིད་ཡིད་མི་ཆེས་པར་གྱུར།

བྱིས་པ་འགའ་རེསསློབ་གཙོ་བུད་ཡོང་ཐལཞེས་ཟེར་ཞོར་ཁྱིམ་ནང་དུ་བརྒྱུགས་ཏེ་ཕྱིན་པར། ཁྱིམ་ནས་ཀྱང་སྐྱེས་པ་ཕོ་མོ་སྐོར་ཞིག་སྒོར་བུད་བྱུང་ལ། འགྲུལ་པ་དེ་ཚོས་ཁྱེར་ཡོང་བའི་ལེགས་སྐྱེས་ཆེ་ཆུང་ཚང་མ་འཛིན་རོགས་བྱེད་བཞིན་འགྲུལ་ཁང་དུ་བཤར་ནས་ཡོང་།

སངས་རྒྱས་སྐྱབས་ཕ་བུ་གཉིས་དང་མག་པ་བན་དེ་བཅས་ཀྱིས་རེས་སྐོར་ནས་སྣེ་ལེན་བྱས་འོག ཁོ་ཚོས་ཁྱམས་རའི་སྟོན་ཐོག་ཏུ་དྲི་ཟའི་གདངས་དང་འདྲ་བའི་གླུ་པ་གླུ་མ་ཚོས་ལེན་བཞིན་པའི་དམངས་གླུ་སྣ་ཚོགས་ལ་ཉན་ཞོར་ཟས་རིགས་ཞིམ་པོར་རོལ། ཅུས་ཀྲང་འཇིགས་མེད་རབ་བརྟན་ལ་མཚོན་ནའང་རིག་གནས་དང་སྒྱུ་རྩལ་ལ་མོས་པ་ཆེན་པོ་ཡོད་པའི་སྐོར་ཡིན་པས། ཁོས་རང་ལ་ལག་ཟུང་བཏེགས་ནས་ཆང་སྐལ་སྟེར་དུ་ཡོང་མཁན(སྡེ་བ་འདིའི་ནང་སྐབས་དེར་མགོ་ལོག་དང་ཟི་ལིང་ཕྱོགས་སུ་བྱ་བ་ལས་བཞིན་པ་དག)ཚོ་ལ་ལེན་མཁན་རེ་རེ་སྡེ་བ་གང་གི་ཡིན་པ་བཅས་རྩད་གཅོད་བྱས་པ་དང་སྦྲགས། དེ་ཚོའི་གླུ་ཡི་འགུགས་སྟངས་དང་ཚིག་གི་འཇོག་ཕྱོགས། སྐད་ཀྱི་སྙན་ཆ་བཅས་ལ་གདེང་འཇོག་མི་དམན་པ་བྱེད་ཞོར། ཕྱོགས་ཡར་མར་གྱི་ཁ་བརྡ་སྣ་ཚོགས་བྱས་ནས་བསྡད།

ཕྱི་དྲོའི་མཚམས་སུ། གངས་ལྷ་མེ་ཏོག་གཙང་སྤྱོད་ཁང་དུ་འགྲོ་དགོས་ཟེར་བས། བརྩོན་འགྲུས་རྒྱ་མཚོས་མོ་ཁྱིམ་མཚེས་ཚང་གི་ར་སྟོང་དུ་ཁྲིད་སོང་།

བོད་ལྭ་སྔ་དྲོ་ལྟར་འོར་བཅངས་བྱས་རྗེས་སུ། ཁོ་གཉིས་ཀྱིས་མོ་ཚང་གི་གཞིས་ཀ་སྟོང་བ་དེའི་ཕྱོགས་སོ་སོར་ཞིབ་ཏུ་བལྟས། དྲིན་ཆེན་ཨ་ཁུ་ཡུན་རིང་བཞུགས་མྱོང་བའི་ཁང་བ་ཆུང་ངུ་དེ་ནི་ཁེར་རྐྱང་དུ་ལུས་པའི་བགྲེས་སོང་ཞིག་དང་འདྲ་བར་གཞིས་ཀའི་གྲུ་ཟུར་དུ་མདོག་ཤོར་ནས་འདུག་པ་དང་། བྱ་འདབ་བཅས་སུ་བྱ་བྱིའུ་སྣ་ཚོགས་ཀྱིས་ཚང་བཅོས་ཏེ་རྟུག་པ་དཀར་པོ་རྩིག་ངོས་དང་ཐང་གཅལ་སོགས་སུ་གང་འདོད་ལ་གཏོར་ནས་ཡོད། མདོག་ཡལ་ཞིང་ཐོར་ལ་ཉེ་བའི་སྒོ་ཡི་ལྕགས་ལུང་ནང་ཟྭ་རྙིང་ཞིག་བསྣར་འདུག་པས། ནང་རོལ་གྱི་དངོས་པོ་ལག་མཐིལ་ཙམ་ཡང་མཐོང་ལམ་དུ་མངོན་དཀའ། གཞིས་ཀའི་ཐང་ངོས་ནི་འབར་འབུར་མི་སྙོམས་ཏེ། ས་ཅུང་སྐོབས་སུ་ལྷུང་བའི་གནས་སུ་རྩྭ་ལྡུམ་སྣ་ཚོགས་ཚང་ཚིང་དུ་སྐྱེས་པར། འཇག་མས་ཤུགས་གླུ་ལེན་པའི་སྐྱོ་ཉམས་དེ་དབང་མེད་དུ་ཤར་ཡོང་།

གནས་འདི་ནི་བདག་གི་ལྟེ་ཁྲག་འཕོ་ས་ཡིན།

ཡུད་ཙམ་ནས་གངས་ལྷ་མེ་ཏོག་གིས་ཤུགས་རིང་ཞིག་ཕྱུང་རྗེས་དེ་ལྟར་ཟེར།

རང་གི་ལྟེ་ཁྲག་འཕོ་ས་ལ་རང་གིས་བདག་པོ་བརྒྱབ་ན་འགྲིག

བརྩོན་འགྲུས་རྒྱ་མཚོས་མིག་ཟུང་ཡོ་བ་མེད་པར་མོའི་གདོང་ལ་ཅེར་ནས་དེ་སྐད་སྨྲས།

བདག་པོ་རྒྱག་རོགས་ཀྱི་གླག་རྒོད་རྒྱང་རིང་བསྐོར་ནས་ཕྱིན་སོང་བས། གླག་རོག་མོའི་གམ་དུ་ནམ་དུས་ཤིག་ལ་བསླེབ་སྲིད་དམ།

གླག་རྒོད་པོ་མཁའ་མཐའ་ཇི་ལྟར་འགྲིམས་ཀྱང་། མཇུག་མཐའི་འབབ་ས་ཉག་གཅིག་ནི་རང་འཕུར་སའི་བྲག་ཐེམ་ཐོག་མ་དེ་ཡིན།

སེམས་ཀྱི་གླག་རྒོད། ཇི་སྲིད་ས་སྒང་མ་འཇིག་བར་དུ། ང་ཡི་སེམས་པ་ལ་འགྱུར་བ་མེད།

ཡིད་ཀྱི་གླག་མོ། ཇི་སྲིད་གངས་རི་མ་ཞུ་བར་དུ། ང་ཡི་བརྩེ་དུངས་ལ་འགྱུར་བ་མེད།

ཁང་ཆུང་གི་གྲུ་ག་དེར། ཁོ་གཉིས་ཀྱིས་ལག་ཟུང་གཅིག་ནང་གཅིག་གིས་བཞག་བྱུང་། ཁོ་གཉིས་ཀྱི་མཆུ་འདབ་གཅིག་ཐོག་གཅིག་ལ་སྦྱར་སོང་།

དུངས་སེམས་ཀྱི་མཚོ་མོའི་ཀློང་དུ་དུས་ངེས་ཅན་ཞིག་ལ་བྱིང་ནས་རླབས་ཁར་གཡེང་བ་ལ། རྣ་ལམ་དུ་བརྩོན་འགྲུས་རྒྱ་མཚོ་ཚང་དུ་ཨ་ཞང་རྣམ་པས་གཏམ་རིང་ཐུང་ཅི་རིགས་བཤད་བྱུང་བར། གཉེན་ཚང་གིསལགས་སོདངབཟང་གིཟེར་བའི་སྒྲ་སྣ་ཚོགས་བསྒྲགས་པ་ཐོས་འོངས།

ད་ནི་ཨ་ཞང་ཚང་གིས་ལེགས་སྐྱེས་སྟེར་བཞིན་པས། འུ་གཉིས་ཀྱང་སྟོན་ཐོག་ལ་འགྲོ་འེ།

ཡུད་ཙམ་ནས་བརྩོན་འགྲུས་རྒྱ་མཚོས་རང་གི་བོད་ལྭ་ཡང་གངས་ལྷ་མེ་ཏོག་ནང་བཞིན་འོར་བཅངས་ཤིག་བྱས་རྗེས་དེ་ལྟར་བརྗོད།

རྒྱ་མཚོ། ཨ་ཕ་ངེད་གཉིས་ཀྱིས་ལེགས་སྐྱེས་ཨ་ཞང་ཚང་ལ་འགྲོགས་ནས་སྟེར་དགོས་སམ། གཉེན་ཚང་ལ་འགྲོགས་ནས་སྟེར་དགོས་པ་ཡིན།

གངས་ལྷ་མེ་ཏོག་གིས་གློ་བུར་དེ་ལྟར་དྲིས་པ་ལ། བརྩོན་འགྲུས་རྒྱ་མཚོས་ཀྱང་ཡུད་ཙམ་ལ་གདེང་ཚོད་མ་རྙེད་པར་བསམས་ནས་ཅུང་ཙམ་བསྡད་རྗེསངས་བལྟས་ན་མགྲོན་པོ་ཚོའི་གྲས་སུ་བཞག་ནས་བྱིན་པས་ཆོག འོ། དེ་ནི་ཨ་ཕ་ལ་གཅིག་དྲིས་ན་ཤེས་འགྲོཞེས་ཡིད་གཉིས་ཐེ་ཚོམ་དུ་བདོག་པའི་ལན་ཞིག་བཏབ་བྱུང་།

ང་དོ་དགོང་རྫོང་ཐོག་ཏུ་འགྲོ་ན་མི་འདོད། རྡུལ་སྤྲུགས ལ་བལྟ་རྒྱུ་མང་ཟེར་བས་བསྡད་ན་བསམས། ཁྱོད་འཐད་པ་ཨེ་ཡིན། གཞན་དུ་སྡེ་མི་དག་གིས་ཅང་བཤད་མི་འགྲོའམ།

ཁོ་གཉིས་གཞིས་ཀ་སྟོང་བ་དེ་ལས་ཕྱིར་འབུད་དུས། གངས་ལྷ་མེ་ཏོག་གིས་རང་གི་སེམས་ཀྱི་དྲན་ཕྱོགས་དག་དེ་ལྟར་སྦ་གསང་མེད་པར་བཤད།

དེ་འདྲ་བྱུང་ན་རབ་རེད། ང་གཏམ་ཁུ་བྱུག་གྲག་འདྲ་འདི་ལ་མི་འཐད་པར་གང་ལ་འཐད་ངེས། རྡུལ་སྤྲུགས་ནི་སྡེ་མི་ཚོའི་མཚན་སྟོན་ཡིན་པས། དངོས་གནས་བལྟ་རྒྱུ་ཉན་རྒྱུ་གཉིས་ཀ་ཡོད། སྒོར་ཐང་སྡེ་བའི་སྐྱེས་ཕོ་མོ་ཚང་མས་ཁྱོད་ལ་དགའ་བསུ་ཞུ་ངེས། ཁོ་ཚོའི་སེམས་གཏིང་གི་སློབ་གཙོ་བཀའ་དྲིན་ཅན་ལ་དགའ་བསུ་ཞུ་ངེས། མི་བདེན་ན་ཁྱོད་ཀྱིས་དོ་དགོང་ལྟོས་དང་ཆོག བརྩོན་འགྲུས་རྒྱ་མཚོས་རང་སེམས་ཀྱི་སྤྲོ་བ་གནོན་མི་ནུས་པའི་ཚུལ་དུ་དེ་ལྟར་བརྗོད་འཕྲལ། ཡང་ཅི་ཞིག་དྲན་བྱུང་བ་ལྟརདོན་དངོས་སུ་ཨ་མ་དང་ཨ་ཅེ་གཉིས་ཀས་ཀྱང་ཁྱོད་ཁྱིམ་འདི་གར་ཞག་གཅིག་ཡིན་རུང་ཨེ་འདུག་བསམ་བཞིན་ཡོད། སེམས་ཀྱི་ཁ་བརྡ་ཅི་རིགས་ཁྱོད་ཀྱི་སྙན་ལམ་དུ་དབུལ་ན་འདོད་ཡོདཅེས་ཀྱང་ལབ།

ཚུལ་དེ་ངས་སྔ་མོ་ནས་ཤེས་ཡོད། དེ་འདྲ་ཡིན་ན་ཨ་མ་ཁོ་ཚོས་ངའི་ཨ་ཕར་བཤད་རོགས་བྱས་ན་འགྲིག སྔ་མོ་ནས་འུ་ཅག་གི་འཆར་གཞི་ཨ་ཕར་ཤེས་སུ་བཅུག་ན་བཟང་།

གལ་ལ་ཐུག་དུས་བུད་མེད་དག་གི་ཤེས་རིག་ནི་སྐྱེས་པ་ཚོ་ལས་ལྡབ་འགྱུར་གྱིས་སྐྱེན་ཏེ། གངས་ལྷ་མེ་ཏོག་གིས་བརྩོན་འགྲུས་རྒྱ་མཚོའི་བློ་ཡི་སྒོ་གླེགས་དེ་ལྟར་ཚེགས་མེད་དུ་བཀྲོལ་བྱུང་།

རིག་བཟང་མ། གཏམ་དེ་བས་ལྷག་པའི་བདེན་པ་ཞིག་གང་ན་ཡོད། ང་ད་འགྲོ་ལ་སྒྲུབ་འོངས།

ཁོ་གཉིས་སྒོ་ཆེན་ལས་ནང་དུ་ཕྱིན་པ་ལ། བརྩོན་འགྲུས་རྒྱ་མཚོ་ནི་ཟོག་བཙལ་ཞིག་དང་དབྱེར་མེད་པར་མེ་ཁང་ཕྱོགས་སུ་ཡར་ལྟ་མར་ལྟ་བྱེད་ཞོར་བུད་སོང་།

སྟོན་གྲལ་དུ་ལེགས་སྐྱེས་སྟེར་མཁན་དག་གིས་མུ་མཐུད་དུ་ལག་ལ་གོས་དང་ཁ་བཏགས། སྒོར་མོ་སོགས་བཟུང་ནསམགྲོན་པོ་ཆེ་གེ་མོ་ལ་ལེགས་སྐྱེས་ག་གེ་མོ་འདི་འདྲ་ཡོད་པས། ཚང་མ་དགའ་མཉེས་བྱེད་རོགསཞེས་སྐད་འགག་ལ་ཁད་བྱེད་བཞིན་བརྗོད་པར།

གྲལ་འདབས་སུ་ལངས་འདུག་པའི་སྡེ་མི་དག་གིས་བར་མཚམས་མེད་པརལགས་སོདངབཟང་གིཞེས་ཡང་ཡང་བསྐྱར་ཟློས་བྱེད།

ལགས་སོདངབཟང་གིཞེས་པའི་ཡིག་འབྲུ་བཞི་པོ་བསྒྲགས་མཚམས་ཆད་པ་ནི། གཉེན་ཚང་གི་ཉིན་དེའི་ཡོང་སྒོ་མཐའ་དག་བསྡུས་ཚར་བའི་རྟགས་ཡིན་པས། མག་པ་དང་མནའ་མ་སོགས་ཀྱང་གྲལ་འདབས་ནས་ཡར་ལངས་འགྲོ་ལ། དེ་ཚོ་ལངས་མ་ཐག་ཏུ། ཁོ་གཉིས་ཀྱི་མདུན་སར་སྤུངས་པའི་ལེགས་སྐྱེས་ཡོད་ཚད་ནི། གསར་བུ་འབྲོང་ཕྲུག་འདྲ་བ་བཞི་ཡིས་ཆེས་འོག་ཏུ་བཏིངས་ཡོད་པའི་གདན་དཀར་གྱི་གྲུ་ཟུར་ནས་བཟུང་སྟེ་མེ་ཁང་ནང་ཁྱེར་ཡོང་བ་ཡིན།

གཉེན་ཚང་གི་ཉེ་མི་དག་གིས་ལེགས་སྐྱེས་དེ་ཚོ་ཕར་བསལ་ཚུར་ལེན་བྱེད་པའི་སྐབས་སུ། སྟོན་གྲལ་ནས་ཡང་བསྐྱར་གླུ་པ་གླུ་མ་དག་གི་འགྱུར་ཁུགས་སྟོང་ལྡན་གྱི་སྐད་ངག་གོ་འོངས་ལ། གཉེན་ཚང་གི་གསར་བུ་རེ་གཉིས་ནི་གྲལ་བར་དུ་ཕྱིན་ཏེ་ཆང་དཀར་ནང་དུ་ཆང་ཁ་སྣོན་བྱེད་པ་དང། དུ་བ་སྟེར་བ་བཅས་ཀྱི་ལས་དག་སྤེལ་ནས་ཨ་ཞང་ཚང་ལ་བཀུར་བསྟི་དང་སྲི་ཞུ་རྣམ་དག་སྒྲུབ་འགྲོ།

མཚམས་ཤིག་ལ། སངས་རྒྱས་སྐྱབས་བཟའ་ཟླ་གཉིས་ཀ་ཅུས་ཀྲང་འཇིགས་མེད་རབ་བརྟན་སོགས་སྡོད་སའི་འགྲུལ་ཁང་དུ་ཕྱིན་ཏེ། དེ་ག་རང་དུ་ཁ་བརྡ་བྱས་ནས་དུས་ཡུན་ངེས་ཅན་ཞིག་འགོར།

ཨ་ཕ། བར་བ་རྒན་གཞོན་གཉིས་ཀྱིས་ཁྱོད་འབོད་བཞིན་འདུག སྐོན ནམ་ཚོད་བཅའ་དགོས་པའི་སྐོར་འདྲི་བཞིན་ཡོད།

སྟོན་ཐོག་ལ་ཕེབས་པའི་འགྲུལ་པ་དག་སྒོར་བུད་ནས་ཅང་མ་འགོར་བར། བརྩོན་འགྲུས་རྒྱ་མཚོ་འགྲུལ་ཁང་ནང་ཡོང་ནས་དེ་སྐད་དྲིས།

ཡ་ཡ། ང་ད་འགྲོ། རྒྱ་མཚོ། ཁྱོད་ཀྱིས་ཅུས་ཀྲང་ཕ་བུ་གཉིས་དང་རང་རེའི་སྡེ་བའི་ལས་བྱེད་སོགས་ལ་ཆང་སྐལ་ཞིག་བྱིན། ཁོ་ཚོར་བག་ཕེབས་པའི་ངང་ཆང་འཐུང་དུ་འཇུག་རོགས།

ཕ་རྒན་སངས་རྒྱས་སྐྱབས་ཀྱིས་བུ་ལ་དེ་ལྟར་ལས་བཅོལ་བྱས་རྗེས། ཡང་ཁ་ཕྱིར་འཁོར་ནསལྷ་མོ་བྱམས། ཁྱོད་ཀྱང་ང་དང་མཉམ་དུ་འགྲོ་དགོས་པར་འདུག སྐོན་བཅའ་དུས་ཤ་ཉེ་རྣམས་ལ་ཆད་ལྷག་འབྱུང་དུ་འཇུག་མི་རུང་། བྱུང་ཚེ་དུས་ཕྱིས་སུ་འཁང་ར་བྱེད་མཁན་མང་འགྲོ། དོན་འདི་གཟབ་ནན་བྱས་ན་ལེགསཟེར་ཞོར་སྒོར་བུད་པ་ལ། ལྷ་མོ་བྱམས་ཀྱིས་ཀྱང་ཅུས་ཀྲང་འཇིགས་མེད་རབ་བརྟན་གཙོར་བྱས་དེར་ཡོད་ཚང་མརཁྱོད་ཚོས་ཟོདངཁྱོད་ཚོས་ཐུངསཞེས་ལབ་རྗེས་ཁྱོ་གའི་རྗེས་འབྲངས་ནས་སྒོར་བུད།

ད་ནི་བརྩོན་འགྲུས་རྒྱ་མཚོའི་འགན་ཁུར་ཕལ་ཆེར་གྲུབ་ཟིན་པས། འདི་གར་བསྡད་དེ་ཆང་རེ་འཐུང་ན་འགྲིག ཅུས་ཀྲང་ནས་མགོ་བརྩམས་ཏེ་ཆང་ཕོར་དྲུག་རེ་བརྩེ་ན་འགྲིག ཁྱོད་ཚོས་ལྟོས་ན་དེ་འདྲ་ཞིག་ཨེ་རེད།

མགོ་ལོག་ཏུ་བྱ་བ་སྒྲུབ་པའི་ལས་བྱེད་རྒྱགས་པ་དེས་དེ་ལྟར་གྲོས་གཞི་གསར་བ་ཞིག་བཏོན་བྱུང་བར། ཚང་མསདེ་ཧ་ཅང་བཟངཟེར་ནས་ཁོ་ལ་རྒྱབ་སྐྱོར་བྱས་བྱུང་།

ཁྱེད་རྣམ་པ་ངོ་མ་ཐུགས་རྒྱལ་བཞེངས་མི་ཉན། ད་ཅི་མ་ཁོམ་པས་སེམས་ལྷོད་ལ་བབས་ནས་ཆང་སྐལ་ཞིག་ཀྱང་སྟེར་མ་ཐུབ། ཕུ་བོའི་གཉེན་སྟོན་ལ་ནུ་བོས་ཆང་ཞིག་མ་འཐུངས་ན་ག་ལ་འགྲིག ཡིན་ནའང་གོང་ནས་བཤད་པའི་ཆང་ཕོར་དྲུག་ནི་ཅུང་མང་འདུག་པས། གསུམ་རེ་བརྩེ་ན་ཨེ་ཆོག་གམ།

བརྩོན་འགྲུས་རྒྱ་མཚོར་ད་ནི་སྐེ་ཚིགས་བསྲིངས་ནས་མ་དགའ་ན། གཉའ་བ་བསྒོངས་ནས་མི་དགའ་ཟེར་བའི་དཔའ་སྤོབས་དེ་རྒྱས་ཞོར་གྲོས་སྡུར་བའི་ཚུལ་དུ་ཀུན་གྱི་ཁ་གཏད་དུ་ཙོག་མ་ལངས་སུ་བསྡད་ནས་ལབ།

འདི་གར་མི་མང་བས། གསུམ་རེ་བརྩེ་ན་ཆོག ཆང་འཐུང་སོ་མ་ཡིན་པས་དམིགས་བསལ་བྱིན་ཆོག་ཆོག་རེད།

ཅུས་ཀྲང་འཇིགས་མེད་རབ་བརྟན་ཅུང་བཟི་འདུག་ཀྱང་། ཁོའི་གདོང་ལ་ཞིབ་ཏུ་བལྟས་ཙམ་བྱས་རྗེས་དེ་ལྟར་བརྗོད།

ཅུས་ཀྲང་ལ་བརྩེ་ན་མི་འགྲིག་པས། ཆང་སྐལ་སྟེར་བར་བྱ། ཁྱེད་ཀྱིས་གཅིག་ཐུངས། ངས་གཉིས་འཐུང་།

བརྩོན་འགྲུས་རྒྱ་མཚོས་ཆང་ཕོར་ནང་ཆང་ལྡུག་ཞོར་དེ་ལྟར་སྨྲས།

ཡུམ་མིན་ན། གསར་བུ་ཟེར་ན་འདི་འདྲ་ཡིན་དགོས། སློབ་ཆེན་ལ་ཞུགས་ཚེ་ཤེས་རྒྱ་ཡོད་པ་ཁོ་ནའང་གཞན་དག་དང་མི་མཚུངས་པར་འདུག

བརྩོན་འགྲུས་རྒྱ་མཚོས་རང་སྐལ་གྱི་ཆང་འཐུང་བཞིན་པ་རིག་པས། ཅུས་ཀྲང་གིས་དེ་སྐད་ལབ་ཞོར་ཆང་ཕོར་གང་བོ་སྒོག་གེར་མིད།

བར་སྐབས་དེར་སྟོན་གྲལ་དུ་བར་བ་རྒད་པོ་དེས་སྐད་བསལ་ཙམ་བྱས་རྗེསཡ། ད་མཚམས་འདི་ནས་ཨ་ཞང་བརྒྱ་ཐམ་པ་བོས་སྙན་དབང་ཞིག་གཡོར་དང་།
སྐུ་རྒྱལ་བོད་ཀྱི་གཉེན་སྟོན་གྱི་འགྲོ་ལུགས་ལྟར་དུ། བར་འདི་ནི་སྐོན་ལ་ཡར་སྐོན་མར་སྐོན། ཟོག་ལ་རྩྭ་རེས་ཆུ་རེས་ཀྱི་ལོ་རྒྱུས་ཡིན་པས
……ཟེར་ནས་སྐོན་བཅའ་བའི་འགྲོ་ལུགས་དེ་སྒྲུབ་མགོ་བརྩམས།

འགྲུལ་ཁང་ནང་གི་འགྲུལ་པ་ཚོར་མཚོན་ན་འགྲོ་ལུགས་དེ་དག་ནི་ཁོ་ཚོ་དང་འབྲེལ་བ་ཡེ་ནས་མེད་པ་ལྟར། མུ་མཐུད་དུ་མཛུབ་མོ་རྩེ་བ་དང་ཆང་འཐུང་བའི་ནང་ལ་མགོ་འཁོར་ནས་ཡོད།

དུས་ཡུན་ག་འདྲ་ཞིག་འགོར་བ་ཤེས་ཚོར་མ་བྱུང་སྟེ། མཚམས་ཤིག་ལ་གླུ་པ་གླུ་མ་ཚོས་བཀྲ་ཤིས་འཇོག་པའི་གླུ་གཅིག་གཉིས་ཤིག་ཀྱང་བླངས་བྱུང་བར། གངས་ལྷ་མེ་ཏོག་ལ་གློ་བུར་འཚུབ་ཆ་ཞིག་ལངས་ཏེ་ཨ་ཕའི་གམ་དུ་ནུར་ཙམ་བྱས་རྗེས། སྐད་དམའ་མོསཨ་ཞང་ཚོ་གྲོལ་བཞིན་ཡོད་པས། ང་ཚོ་ཡང་གྲོལ་ན་འགྲིག ད་ཆང་མ་འཐུངས། ཨ་ཕཞེས་རེ་བའི་མིག་གིས་བརྩེ་བའི་ཡབ་ཀྱི་གདོང་ལ་ལྟ་བར་བྱེད།

ང་ཡང་དོ་དགོང་མི་འགྲོ། ཁྱིམ་འདི་གར་འདུག་རྒྱུ་ཡིན། བུ་མོ་དང་མཉམ་དུ་རྡུལ་སྤྲུགས་ལ་རོལ་ནས་འདུག་རྒྱུ་ཡིན།ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས་གཟབ་ནན་ངང་དེ་སྐད་སྨྲས་པ་དང་།
ཡང་གློ་བུར་བགད་བྱུང་ལ། བགད་ནས་ཡུད་ཙམ་བསྡད་རྗེས
ཨ་ལ། ངས་ཀུ་རེ་བརྩེས་པ་ཡིན། བུ་མོ་གནས་ལ་འགྲོ་རན་དུས། ཨ་ཕ་ད་དུང་སེམས་མ་བདེ་བར་འདུག་པ་ཞིག་གང་ན་ཡོད། ཁྱོད་ལའང་རང་དབང་བྱིན་ན་འགྲིག གནས་འདི་རུ་ཁྱོད་ཀྱི་དགེ་གྲོགས་དང་སློབ་མ། ཁྱིམ་བདག་དང་བཟང་ས་སྟེ། ཡོད་ཚད་ཀྱི་ཡོད་ཚད་འདུག་པས། དོ་དགོང་ཡིད་ཚིམས་པ་ཞིག་རྩེས་རོགས། རང་ཉིད་ནམ་ཡོང་འདོད་ན་དེའི་དུས་ཡོང་ཆོག ང་ཚོ་ལམ་ལ་ཆས་རྒྱུ་ཡིནཟེར་ནས་གློ་བུར་ཡར་ལངས་བྱུང་།

དགོང་ཁའི་མཚམས་སྤྲིན་འོག་ཏུ། སངས་རྒྱས་སྐྱབས་ནང་མི་འཁོར་དང་བཅས་པ་གཙོར་བྱས་སྒོར་ཐང་སྡེ་བའི་སྡེ་མི་ཡོངས་ཀྱིས་གོང་ཆང་འདྲེན་ཞོར་ཨ་ཞང་ཚོར་སྐྱེལ་མ་བྱས་པའི་མཚུངས་སུ། ཡུལ་གྲུ་འདིར་ཕྱོགས་ཀུན་ནས་སྔ་ཕྱིར་རོགས་རམ་མང་དུ་བྱས་མྱོང་བའི་ཅུས་ཀྲང་བཀའ་དྲིན་ཅན་དེ་ལའང་གོང་ཆང་དྲངས་ཤིང་རྣམ་དག་སེམས་ཀྱིས་སྐྱེལ་མ་བྱས།

ལོ་གསར་གྱི་སྔོན་ཏག་ཏག་ལ། ཡུལ་འདི་གར་ཞིང་ས་དང་ཕྱུགས་ཟོག་སྒེར་ལ་དབང་བའི་སྲིད་ཇུས་དེ་དངོས་འབེབས་བྱས་པར་བརྟེན། ད་ནི་དུད་ཁྱིམ་སོ་སོའི་བཟའ་མི་དག་རང་རང་སར་སྒོ་ཕྱུགས་དག་ལ་བདག་བྱེད་དུ་ཕྱིན་པ་དང་། ལས་ཀ་དེ་ཚོ་བསྒྲུབས་ཚར་བར། སྡེ་མི་ཆེ་ཆུང་ཀུན་པོ་ཡུལ་ལུང་འདིའི་ལུགས་སྲོལ་ལྟར་སངས་རྒྱས་སྐྱབས་ཚང་ལ་དགོང་འཚལ་འཐུང་དུ་སླེབས་འོངས། དེ་ནས་ལོ་ཡི་ཆེ་ཆུང་ལྟར་ལྷས་ཀྱི་རས་ཁང་ནང་གདོང་གྲལ་དུ་སྐྱེས་པ་ལོ་ལོན་བསམ་ཤེས་རྣམས་དང་། གཡས་གྲལ་དུ་བུད་མེད་རྒན་གཞོན་དག གཡོན་གྲལ་དུ་གསར་བུ་ཅང་ཤེས་ཚོ་བཅས་བྱས་ནས་གྲལ་ལ་འཁོད། དེ་ཡང་དགོང་འཚལ་ལ་སྣེ་ལེན་བྱེད་མཁན་ནི་ཁྱིམ་འདི་དང་འབྲེལ་ཡོད་ཀྱི་ཚོ་བ་གཅིག་པའི་མི་དང་གཉེན་ཉེ་དག་ཡིན་ཏེ། དཔལ་ཆེན་སོགས་གཞོན་ནུ་འགའ་རེས་ཤིང་སྡེར་སྐྱེལ་བ་དང་། ལ་ལས་ཤ་མོག་ཁྱེར་ཡོང་བ། འགའ་རེས་ཇ་ལྡུག་པ་དང་། འགའ་རེས་ཐུར་མ་སྟེར་བ་སོགས་བྱས་ནས་རྡུལ་སྤྲུགས་སུ་འབོད་པའི་སྡེ་བའི་སྟོན་མོ་དེ་ཡང་ཉིན་དཀར་གྱི་སྟོན་མོ་འདྲ་བ་ཞིག་བྱས་བྱུང་། ཟས་སྟོན་གྱི་བར་མཚམས་སུ། ཕ་རྒན་སངས་རྒྱས་སྐྱབས་དང་མག་གསར་སྐལ་བཟང་འབུམ་གཉིས་སྔ་ཕྱིར་གྲལ་རྔར་ཡོང་ནས་དལ་མོ་བྱས་ཏེ་སྡེ་མི་རྣམས་ལརྒྱགས་ཚད་ཅིག་ཟོདངདལ་མོ་བྱས་ཏེ་ཐུངསཟེར་ནས་ཟས་སྐུལ་ཡང་ཡང་བྱེད།

ཟས་སྟོན་གྱི་མཇུག་བསྒྲིལ་པ་དང་སྦྲགས་ཏེ་ཆང་སྟོན་གྱི་མགོ་བརྩམས་སོང་སྟེ། ཆང་དཀར་རེ་རེ་གྲལ་བར་དུ་དྲངས་ནས་ལོངས་ཟིན་པ་ལ། ཚོ་བ་གཅིག་པའི་གླུ་པ་གླུ་མ་གསུམ་གྱིས་གྲལ་སོ་སོར་གླུ་སྒོ་ཕྱེ། གནས་འདི་གར་ཚུལ་དེ་ལགླུ་སྒོ་ཕྱེཟེར་བ་ནི་ངེས་པ་དོན་དང་མཐུན་ཏེ། དེ་ནི་ཆུ་རགས་གང་ཞིག་གི་ཁ་ཕྱེ་བ་ནང་བཞིན་གླུ་པ་ཡིན་མིན་དང་སྐད་ངག་སྙན་མིན། གླུ་ཡོད་མེད་སོགས་ཀྱི་བཀག་རྒྱ་ཡེ་ནས་མེད་པར། གླུ་ཉོག(གཙོ་བོ་གསར་བུ་ཚོ་ཡིན)ཟེར་བ་དེ་དཀྲུགས་མགོ་བརྩམས།

ཨ་ཡེ་བསམ་ཤེས་མང་བོའི་རེ་བ་ལྟར། བར་མཚམས་འདིར་སློབ་གཙོ་གངས་ལྷ་མེ་ཏོག་ནི་གཡས་གྲལ་གྱི་གྲལ་མགོ་རུ་མར་འཁོར་ནས་སྡོད་དུ་བཅུག་འདུག གླུ་པ་མང་ཤོས་ཀྱིས་རང་རང་གི་གླུ་ཡི་མཆོད་པ་དེ་རང་སེམས་སུ་གོ་ས་ངེས་ཅན་བཟུང་ཡོད་པའི་སློབ་གཙོ་ལ་འབུལ་བར་བྱེད་པས། ཅང་མ་འགོར་བར་གཡས་གྲལ་གྱི་གྲལ་མགོ་རུ་ཆང་དཀར་མང་བོ་ཞིག་སྤུངས་བྱུང་། ཆང་དཀར་མང་དུ་སྤུངས་པའི་ཚུལ་དེ་མཐོང་བ་ལ། སྨན་ཤར་སྐད་ངག་གང་བདེ་ཚོའང་ཁོག་དཔུང་ལངས་ནས་གླུ་ཉོག་གི་ནང་དུ་ཞུགས་པར། གླུ་པ་གླུ་མ་ཚོ་ནི་གྲལ་བར་དུ་འཁོར་བ་ལ་ཕན་ཚུན་གཟུར་ནས་འགྲོ་དགོས་པའི་ཚད་ལ་སླེབས།

དགོང་མོ་དེར། བརྩོན་འགྲུས་རྒྱ་མཚོ་ཅུང་ར་བཟི་སོང་བས། ཁོ་ཡང་རང་འགུལ་ངངགླུ་ཉོགདེའི་ནང་ཞུགས་ལ། ཞུགས་ནས་དུས་ཡུན་ངེས་ཅན་ཞིག་ཕྱིན་མཚམས་སུ། ཁ་དཔེར་ཡངཤ་ཟོས་ཀིན་ཟོས་ཀིན་རྐང་ལ་དགའ། གླུ་བླངས་ཀིན་བླངས་ཀིན་ཤགས་ལ་དགའཟེར་བ་ནང་བཞིན། ཤེས་ལ་མ་ཤེས་པའི་བར་དུ་ཁོ་དང་རང་སྡེའི་གླུ་པ་བཀྲ་ཤིས་ཚེ་རིང་གཉིས་ནི་གླུ་ཤགས་ལེན་པའི་ལེའུ་ཡི་ནང་དུ་ཆས། བར་སྐབས་དེར་ཁོས་དཔེ་དེབ་སོགས་ལས་གླུ་ཤགས་མང་བོ་ཞིག་སྦྱངས་ཡོད་པ་ནི་གོར་མ་ཆག་སྟེ། ཁོས་བླངས་པའི་གླུ་ཤགས་མང་ཆེ་བ་ནི་སྡེ་མི་དག་གིས་སྔོན་ཆད་གོ་མ་མྱོང་བ་རྐྱང་རྐྱང་ཡིན་པས། གྲལ་བར་དུ་གླུ་རྩེད་རིགས་ལ་དགའ་བའི་ལོ་ལོན་དག་གིསཨ་ཚེ་རིང་རྒྱུ་གཉིས་ཀཟེར་ནས་བསྟོད་པ་བྱེད་པའི་སྐད་ནི་བར་མེད་དུ་ཐོས་ཡོང་།

མཇུག་མཐར་གསར་བུ་གསར་མོ་སྐོར་ཞིགཨ་རྩེདསོགས་རྩེད་རིགས་སྐོར་ཞིག་ནང་ཞུགས་ཏེ་བརྩེས་ཚར་བ་ལ། སྡེ་དཔོན་ཀུན་བཟང་གིསད་ནི་ང་ཚོའི་དོ་དགོང་གི་མགྲོན་གྱི་གཙོ་བོ་གངས་ལྷ་མེ་ཏོག་གདན་དྲངས་ནས་འདིར་ཚོགས་ཁྲོམ་པར་རྩེད་མོ་ཞིག་འཁྲབ་སྟོན་བྱས་ན་ཅི་འདྲ་རེདཟེར་བར། དེར་ཡོད་ཚང་མ་མཉམ་འུར་བྱུང་ནསདེ་རེད། དེ་རེདཟེར་ནས་དགའ་འབོད་བྱས་པར། མོ་ཡང་བར་སྐབས་དེར་སྤྲོ་སེམས་མཁའ་དང་མཉམ་པའི་དུས་སུ་ཁེལ་ཡོད་པས། ཡ་ཡོ་དང་འཛེམ་དོགས་ཅི་ཡང་མེད་པར་གྲལ་རྔ་རུ་བུད་ཡོང་ལ། ཡོང་ནས་བརྩོན་འགྲུས་རྒྱ་མཚོའི་རྣ་སྒོར་ཤུབ་བུའི་ཚིག་འགའ་ལབ་པར། ཕ་རོལ་པོས་དེ་མ་ཉིད་དུ་རང་གི་སློབ་མ་དཔལ་ཆེན་དང་ལས་རབ་ར་མགོ་སོགས་བོས་ནས་མཉམ་པོར《རྩྭ་ཐང་དུ་མི་ནུབ་པའི་ཉི་མ་འཕགས་ཡོང》ཞེས་པའི་སོག་གླུ་དེ་རྒྱ་སྐད་ཀྱིས་མཉམ་ལེན་བྱས། མཉམ་ལེན་གྱི་སྒྲ་དང་འགྲོགས་ནས་གར་གྱི་ཉམས་དགུ་རྫོགས་པའི་བྲོ་ཡི་སྟངས་སྟབས་ཤིག རས་ཁང་ཆེ་བ་དེའི་ནང་རིམ་བཞིན་ཀུན་གྱི་མིག་དབང་གསོ་བའི་བདུད་རྩི་རུ་སྨིན་བྱུང་། ཆད་མེད་དུ་སྨིན་བྱུང་།

19

དུས་ཀྱི་ཆབ་ཀླུང་ནི་རྟ་རྒོད་སྲབ་ལས་ཤོར་པ་ལྟར་སྡོད་པ་མེད་པར་སྔོན་ནས་སྔོན་དུ་རྒྱུག་བཞིན་ལ། ཆབ་ཀླུང་བཞིན་སྡོད་པ་མེད་པར་རྒྱུག་པའི་དུས་ཀྱི་ཁུགས་སོའི་ནང་། མི་རྣམས་ལ་རྗེས་དྲན་དང་ཕྱིར་རྟོག་བྱ་བར་རིགས་པའི་དོན་དག་མང་བོ་ཞིག་ཀྱང་མིའི་རིགས་སོ་སོའི་ལོ་རྒྱུས་ཀྱི་ཤོག་ལྷེ་ཕལ་བའི་ངོས་སུ་ཕབ་དང་འབེབས་བཞིན་ཡོད་པ་རེད་ཨང་།

ལོ་སར་རྗེས་ཀྱི་སློབ་སྐབས་དེ་ཡང་ཆབ་ཀླུང་ཇི་བཞིན་བརྩོན་འགྲུས་རྒྱ་མཚོའི་མིག་སྔུན་དུ་བཞུར་ནས་ཕྱིན། བཞུར་རྒྱུན་དེའི་ནང་དུ་ཁོ་ལ་སློབ་གླིང་འདི་རུ་སྔ་ན་མེད་པའི་མཚན་སྙན་གློ་བུར་བ་ཞིག་རྒྱས་བྱུང་ལ། མཚན་སྙན་རྒྱས་བྱེད་ཀྱི་རྒྱུ་དག་ཕར་དེད་ཚེ་དོན་དག་གཉིས་ལ་ཐུག་ཡོད་དེ། སྔ་མ་ནི་སློབ་གླིང་གཞུང་ནས་སྤེལ་པའི་རིག་རྩལ་འགྲན་སྡུར་ཞིག་ཏུ། ཁོས་རང་ཉིད་ལ་ཁ་བྱང་ལག་བྱང་དུ་སོང་བའི་དིང་གླིང་བརྒྱུད་དེ《པེ་ཅིན་གྱི་གསེར་རི་ནས》ཞེས་པ་དེ་བུས་སོང་བ་རང་ཡིན་ཏེ། མདོ་འཛིན་པ་ཡེ་ཤེས་ལྷ་མོས་ཁོ་མཚམས་སྦྱོར་བྱེད་ཞོར་གར་སྟེགས་སུ་གདན་དྲངས་པ་ལ། ཁོས་བཟང་ས་སངས་རྒྱས་ཀྱིས་ཁྱེར་ཡོང་བའི་བོད་ལྭ་གྲ་དག་དེ་གཡར་ནས་གོན་ཞིང་བར་མཚམས་སུ་བོད་བྲོ་སྟབས་བདེ་ལ་ཟོར་ཡང་བ་རེ་འཁྲབ་ཞོར་དུ་བུས་པར། ཚོགས་ཁང་དུ་རིགས་སོ་སོའི་སློབ་མ་མང་བོས་སྐབས་དེར་རྒྱུགས་ཆེ་བའི་གླུ་དབྱངས་དེ་མཉམ་ལེན་བྱེད་པའི་མཇུག་འབྲས་ཤར་བར་བརྟེན། ཕྱི་ཉིན་ནས་བཟུང་ཀུན་གྱིས་ཁོ་ལདིང་གླིང་པཟེར་བའི་མིང་གསར་བ་ཞིག་བཏགས་ནས་ཀུན་ལས་ཁྱད་དུ་འཕགས་པར་བཏང་བྱུང་བ་དེ་ཡིན་ལ། ཕྱི་མ་ནིལྔ་བཞིཡི་དུས་སུ་སློབ་གླིང་ནང་ཁུལ་གྱི་སྡེ་ཁག་སོ་སོའི་བར་ལྒང་ལི་འགྲན་སྡུར་ཞིག་སྤེལ་པར། ཁོ་དང་གྲོགས་པོ་སངས་རྒྱས་སོགས་གདུང་མ་ཡིན་པའི་གྲངས་ཉུང་མི་རིགས་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་རུ་དཔུང་གིས། རུ་ཁག་གཞན་དག་སྔ་ཕྱིར་ཕམ་པར་བཟོས་ཏེ་ཨང་དང་པོའི་རྟགས་མ་བླངས་སོང་བ་དེ་ཡིན། དོན་དག་སྔ་ཕྱི་གཉིས་ལས། ཕྱི་མ་ལ་མཚོན་ན་ཁོག་དཔུང་ཆེས་ཆེ་བའི་འགྲན་སྡུར་ཞིག་ཡིན་པས་ན། མཐའ་མའི་རྒྱལ་ཁ་ལེན་ཉིན་དེར། ཁོ་ཚོའི་སྡེ་ཁག་གི་སློབ་མ་ཕོ་མོ་ཀུན་པོས་ཁོ་ནི་ལྟ་མཁན་མང་བོའི་ཚོགས་དབུས་སུ་གནམ་ལ་འཕངས་ནས་རྟེན་འབྲེལ་ཞུས་པར་མ་ཟད། ལྦུ་ཆང་མཆོད་པ་དང་ཤོག་སྦག་བཀད་པ་སོགས་བྱས་ནས་དགའ་སྟོན་གྱི་ཆོ་ག་གྱ་ནོམ་པ་སྤེལ་པར། ཕ་རོལ་པོའི་རུ་ཁག་ནང་རུ་མི་རེ་གཉིས་ངུ་ཁ་ཤོར་པའི་དོན་དག་བྱུང་བ་བཅས་ཡིན་པས། སྡེ་ཁག་གཞུང་ནས་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་སོགས་ཀྱིས་རང་སྡེ་ཁག་གི་རུ་མི་དེ་ཚོར་གསོལ་སྟོན་བཤམས་ནས་རྟེན་འབྲེལ་ཞུས་ཐོག བརྩོན་འགྲུས་རྒྱ་མཚོ་ལ་བྱ་དགའི་དངུལ་རན་ཚོད་ཅིག་ཀྱང་བྱིན།

1980ལོའི་ཟླ8པའི་ཚེས30ཉིན། གཟའ་སྤེན་པ། གནམ་ངོ་དྭངས།

དེ་རིང་སྔ་དྲོ། བརྩོན་འགྲུས་རྒྱ་མཚོ་སློབ་ཆེན་དུ་འགྲོ་དགོས་ཟེར་ནས་རྫོང་ཐོག་ཏུ་བུད་ཡོང་བས། ངེད་གཉིས་རྨ་ཆུའི་འགྲམ་ངོགས་སུ་འཆམ་འཆམ་དུ་ཕྱིན།

དབྱར་གནང་གི་སྐབས་སུ། ཁོས་ངེད་གཉིས་ཀྱི་བརྩེ་དུངས་རྒྱབ་ལྗོངས་བྱས་ནས་རོགས་འཐེན་ཞིག་བྲིས་ཡོད་ཟེར་བས། ངས་སྡོང་རྒན་ཞིག་གི་གྲིབ་བསིལ་ལ་བརྟེན་ནས་རྩོམ་ཧྲིལ་པོར་བལྟས་པ་ཡིན། རོགས་འཐེན་དེར་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་པས་ཚིག་སྦྱོར་ཧ་ཅང་བདེ། མགོ་ཡི་དུམ་ཚན་དེར་ངས་ལན་འགར་བལྟས་པས་བློ་ལ་ཚེགས་མེད་དུ་བུད་ཡོང་། དེ་བས་དོ་དགོང་དུས་ཚོད་ངེས་ཅན་ཞིག་འདུག་པས་ཅུང་ཙམ་འདྲེན་པ་ལ།

ས་འཇིག་རྟེན་ཆགས་ཚུལ་མི་བཤད།།

ས་འཇིག་རྟེན་ཆགས་ཚུལ་བཤད་ན།།

རིའི་རྒྱལ་པོ་རི་རབ་ཟེར་བ།།

གླིང་ཆེན་པོ་བཞི་ཡིས་མི་ཚད།།

གླིང་ཆུང་ཆུང་བརྒྱད་ཀྱིས་གྲུབ་ཡོད།།

གླིང་ཆུང་ཆུང་གྲངས་ཀ་མི་འདྲེན།།

གླིང་ཆེན་པོའི་མིང་ཙམ་གླེང་ན།།

ཤར་ཕྱོགས་སུ་ལུས་འཕགས་གླིང་ཡོད།།

ལྷོ་ཕྱོགས་སུ་འཛམ་བུ་གླིང་ཡོད།།

ནུབ་ཕྱོགས་སུ་བ་གླང་སྤྱོད་ཡོད།།

བྱང་ཕྱོགས་སུ་སྒྲ་མི་སྙན་ཡོད།།

གླིང་ཆེན་པོ་བཞི་ཡི་ནང་ནས།།

ཕོ་ང་ཡི་སྐྱེས་ས་སྐྱེས་ཡུལ།།

ལྷོ་འཛམ་བུ་གླིང་གི་དབུས་རེད།།

གངས་དཀར་པོ་ར་བའི་དཀྱིལ་རེད།།

ཆབ་ཆུ་བོ་ཀུན་གྱི་མགོ་རེད།།

ཆུ་རྨ་ཆུ་བཞུར་སའི་གནས་རེད།།

ཆུ་རྨ་ཆུ་ལི་མའི་ཁུགས་སོ།།

ས་འཛོམས་པོ་རྨ་གཞུང་གཡང་ར།།

…… 

འདི་ལྟར་ཤར་ཤར་དུ་བཏོན་ནས་བལྟས་ཚར་དུས། ང་ནི་ངོ་ཚའི་དབང་གིས་ཁ་ངོ་ཧྲིལ་པོ་འབར་ལ་ཁད་བྱས་སོང་། དེ་བས་ངས་རྩོམ་འདི་གང་དུའང་འཕུད་མི་ཆོག་ཅེས་བརྗོད་པ་ལ། ཁོས་ཀྱང་ང་ལ་ཁས་ལེན་དམ་བཅའ་བྱས་ཡོང་།

ཁོ་ལ་མཚོན་ན་ཁས་ལེན་དམ་བཅའ་ལས་འགོངས་མི་སྲིད་དེ། ཚུལ་དེར་ང་སྔོན་ཆད་ལྟར་ཡིད་ཆེས་ཀྱིས་ཁེངས་ཡོད།

རང་སྟེང་གི་ལེགས་ཆ་དེ་ཚོ་སློབ་གླིང་གི་སྟེགས་བུ་བརྒྱུད་ནས་ཕྱིར་མཚོན་བླ་ལྷག་བྱུང་བ་ཡིས། སློབ་སྐབས་རྗེས་མའི་སྒོ་མོ་ཡོངས་སུ་ཕྱེ་ནས་སློབ་གྲོགས་ཀུན་པོ་ཕྱོགས་བཞི་མཚམས་བརྒྱད་ནས་འདུས་ཡོང་བར། བརྩོན་འགྲུས་རྒྱ་མཚོ་ནི་གནས་གང་དུ་ཕྱིན་ཀྱང་མི་མང་ཤོས་ཀྱིས་ཁ་གྲག་ཅིང་འཚམས་འདྲི་བྱས་བྱུང་བར་མ་ཟད། འགའ་རེས་བཟང་ས་བསྒྲིག་འདོད་ཀྱིས་རང་སའི་ལེགས་སྐྱེས་སྣ་ཚོགས་སྟེར་བའང་ཡོད། དེ་ལས་ཀྱང་བློ་ཡུལ་ལས་འགོངས་པ་ནི། རང་སྡེ་ཁག་གི་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་ཡི་བུ་མོ་ཡེ་ཤེས་ལྷ་མོས་མུ་མཐུད་དུ་བོད་ཡིག་སྦྱང་འདོད་ཟེར་ནས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་ལ། ཕ་རྒན་གྱིས་ཀྱང་མོའི་ཤེད་ལ་མ་འདང་བར་ད་ལྟ་མོ་བོད་ཡིག་འཛིན་གྲྭ་འདིའི་ནང་སྤར་ཡོང་ལ། སྤར་ནས་བརྩོན་འགྲུས་རྒྱ་མཚོ་དང་མདུན་ཅོག་གཅིག་བྱས་ནས་བསྡད་བྱུང་།
ཁོ་གཉིས་མཉམ་དུ་ཟླ་གཅིག་ལྷག་རིང་བསྡད་པའི་དུས་ཡུན་ནང་། མོས་རང་འགུལ་གྱིས་བརྩོན་འགྲུས་རྒྱ་མཚོར་འཚོ་བའི་ཐད་དུ་རོགས་རམ་གང་མང་བྱེད་པར་མ་ཟད། རྒྱ་ཡིག་སོགས་བསླབ་བྱ་ཁག་ཏུའང་རམ་བུ་སྣ་ཚོགས་བཏེགས་འོངས། སློབ་གྲོགས་ཡིན་པ་ལ་ཕན་ཚུན་རོགས་རམ་བྱེད་པ་ནི་རྒྱུན་ལྡན་ཡིན་པས། ཁོས་ཀྱང་མོར་བོད་ཡིག་ཟུར་ཁྲིད་བྱེད་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་ཅི་ཐུབ་བྱས་ནས་ཁྱོད་བཟང་ང་བཟང་གི་འབྲེལ་བ་དེ་སྔར་ལས་ཇེ་དམ་ལ་བཏང་།

ཁོ་གཉིས་ཀྱི་འབྲེལ་བ་ཇེ་དམ་ལ་སོང་བ་དང་།
འགྲོགས་ཡུན་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། བརྩོན་འགྲུས་རྒྱ་མཚོར་མིག་སེར་ལངས་མཁན་འགའ་རེ་བྱུང་ལ། དེ་དག་གིས་ཁོ་ལ་རྣམ་འགྱུར་སྡུག་པོ་སྟོན་པའི་མཚུངས་སུ། ཚིག་མཚོན་སྣ་ཚོགས་འཛོམས་ས་འཕྲད་ས་ནས་འཛེམ་མེད་དུ་གཏོང་བར་བྱེད། ད་དུང་འགྲན་སློང་བའི་བཟོ་འདྲ་ཡང་གང་སར་སྟོན་པར་འགྱུར། ལྷག་པར་རྒྱའི་སྐད་ཡིག་སྡེ་ཁག་ནང་སྒོམ་པ་རྒྱལ་ཟེར་བའི་གསར་རྒོད་འབྲོང་ཕྲུག་འདྲ་བ་ཞིག་ཡོད་པ་ནི་ཚོད་ཚོད་ལ་ཁོ་གཉིས་འགྲོགས་ནས་བསྡད་ཡོད་སར་བུད་ཡོང་བ་དང། དེ་ནས་ཁོ་ཕར་ལ་འདེད་ཅི་ཐུབ་ཀྱིས་ཡེ་ཤེས་ལྷ་མོར་ཁ་ཡག་ངོ་དགའ་ཡི་ཚིག་གང་སྙན་མོད་པོ་ལབ་འགྲོ། གནས་སྐབས་དེ་འདྲར་འཕྲད་ཐེངས་རེར། ཁོ་ནི་རང་འགུལ་གྱིས་གནས་དེ་དང་རྒྱང་བཀྱེད་ཅི་ཐུབ་བྱས་ནས་གྲོགས་པོ་སངས་རྒྱས་སོགས་དང་འགྲོགས་ཏེ་ལྒང་ལི་རྩེ་བའམ། ཡང་ན་དཔེ་མཛོད་ཁང་དུ་ཕྱིན་ནས་བསླབ་ཕྱིའི་དཔེ་ཆ་སྣ་ཚོགས་ལ་ལྟ་བ་བཅས་བྱས།

ཉིན་དེ་དག་ནང་ཁོ་ནི་མོ་དང་གཡོལ་ཅི་ཐུབ་བྱས་ནའང་། སློབ་ཁྲིད་ཀྱི་སྐབས་སུ་མདུན་ཅོག་གཅིག་གི་སྟེང་སྡོད་དགོས་པས་གཡོལ་ས་མི་འགྲོ། གཡོལ་མི་ཐུབ་པའི་གནས་སྐབས་དེར། ཡེ་ཤེས་ལྷ་མོས་ཁོའི་དཔེ་དེབ་འཇུག་སའི་ཁུག་མ་སེར་པོ་དེའི་ནང་ཡི་གེ་ཞིག་བཞག་འདུག

ཡི་གེ་ནི་རྒྱ་ཡིག་གིས་བྲིས་སྣང་སྟེ། ནང་དོན་ཐད་མོའི་སེམས་ཀྱི་དུངས་པ་ཡོད་ཚད་དམར་རྗེན་དུ་བསྟན་སྣང་བ་ཞིག་རེད། ན་ནིང་དཔེ་འཚོང་ཁང་དུ་ཐོག་དང་པོར་རིག་མཚམས་ནས་ཡིད་ཀྱི་དབང་བོ་ཁྱོད་ཕྱོགས་སུ་ཤོར་པ་དང་། ལྷག་པར་དིང་གླིང་འབུད་ལ་མཁས་ཤིང་ལྒང་ལི་རྩེ་བར་ནང་བྱན་ཆུད་པར་མ་ཟད། བོད་ཀྱི་རིག་གནས་ལ་ཤ་ཞེན་དང་སློབ་སྦྱོང་ལ་བརྩོན་པ་ཤིན་ཏུ་ཆེ་ཚུལ་སོགས་ལ་ཡི་རང་བ་བཅས་ཀྱི་བསླུ་བྲིད་ལས། རང་ཉིད་བསམ་གཟས་ནས་ཁྱོད་ཀྱི་གམ་དུ་ཡོང་བ་དང་། མི་ཚེ་འདུན་མའི་ལམ་བུ་གང་ཞིག་སུས་ཀྱང་བཟློག་པ་མེད་པར་ཁྱོད་ཕྱོགས་སུ་འཐེན་ཚར་ཚུལ་སོགས་གསལ་བོར་བྲིས་འདུག་པས། ཁོ་ནི་གློ་བུར་ཉ་མོ་དོལ་ལ་ཚུད་པ་དང་གཅན་གཟན་གཟེབ་ནང་བཅུག་པ་ལྟར་སྡོད་བཟོད་མེད་པར་བཏང་།

ཕྱི་ཉིན་དགོང་མོ། བརྩོན་འགྲུས་རྒྱ་མཚོས་འཛོམས་ཆད་བྱས་པ་ལྟར། ཁོ་གཉིས་ནི་དུས་ལ་ཡོལ་བ་མེད་པར་སློབ་གྲྭའི་རྒྱབ་རིའི་ངོས་སུ་ཕྲད། མོ་ཡོང་དུས་སྐབས་དེ་གར་དར་ཁྱབ་ཆེ་བའིརླུང་ལྭརིང་བོ་དེ་གོན་འདུག་ལ། གདོང་དུ་མིག་ཤེལ་དང་སྐེ་ལ་སྐེ་དཀྲིས་སྲབ་མོ་ལས་གཞན། རྐང་དུ་ཀོ་ལྷམ་ཕྱི་རྟིང་ཅུང་མཐོ་བ་ཅན་དེ་གོན་ཡོད་པས། ལས་བྱེད་དབང་ཐང་ཅན་གྱི་བུ་ཕྲུག་ཚོའི་བཟོ་ལྟ་མངོན་པར་ཐོན་ཡོད། མོས་བརྩོན་འགྲུས་རྒྱ་མཚོས་གཏད་ཡོང་བའི་ཚགས་པར་དེ་བླངས་ནས་ཁོའི་གམ་དུ་ཙོག་འཕྲལ་ཡ་ཡོ་མེད་པརཁྱོད་ཀྱིས་ང་འདི་གར་འབོད་དོན་ནི་འུ་གཉིས་ལ་ལས་འབྲེལ་མེད་ཅེས་བརྗོད་འདོད་པ་མ་ཡིན་ནམཞེས་དྲིས་བྱུང་།

དེ་མིན། ག་ལ་ཡིན། འུ་གཉིས་ཀྱིས་སེམས་ལྷོད་ལ་ཕབ་ནས་ཁ་བརྡ་ཞིག་བྱས་ན་འགྲིགབརྩོན་འགྲུས་རྒྱ་མཚོས་ལག་སོར་གྱིས་རང་གི་འཇིལ་ལིར་འཁྱིལ་བའི་སྐྲ་ལོ་ཤད་ཙམ་བྱས་རྗེས་དེ་ལྟར་སྨྲས་ལ། ཡང་བསམས་ནས་ཡུད་ཙམ་བསྡད་རྗེསཡིན་ནའང……ཞེས་ཅི་ཞིག་བརྗོད་རྩིས་བྱས་པར།

ཡེ་ཤེས་ལྷ་མོས་ཁོའི་ཁ་ཕྲོགས་ནསཡིན་ནའང་ཁྱོད་ལ་དགའ་རོགས་ཡོད་པ་མིན་ནམ། སྒོམ་པ་རྒྱལ་ཟེར་བ་དེ་ཡོད་པ་མིན་ནམ། ཁྱོད་ཀྱིས་དེ་ལྟར་འདྲི་འདོད་པ་ཨེ་རེདཅེས་ཅུང་འཚབ་པའི་ངང་དུ་འདྲི་བར་བྱེད།

ཡིན། ཁོའི་ཚུགས་ཀར་བལྟས་ནས་ངས་དེ་ལྟར་འདྲི་འདོད་སྐྱེས་མྱོང་། ངའི་བསམ་ཚུལ་ཡིན་ན་ཁོ་མི་བཟང་རྒྱུ་མི་འདུག ཁྱོད་ཚོ་ཕ་ཡུལ་གཅིག་གི་ཡིན་པས་ལྷག་ཏུ་བཟང་བ་རེད། གོ་ཐོས་སུ་ཁོ་ཚང་ནི་ཀན་ལྷོའི་ཕྱོགས་སུ་རྒྱུ་ལོངས་སྤྱོད་དང་དབང་ཐོབ་ཐང་ཀུན་པོ་འཛོམས་ནས་ཡོད་པ་ཞིག་ཡིན་ཟེར་བས། ཁྱོད་ཀྱིས་འདང་ཞིབ་མོ་བརྒྱབ་ན་འགྲིག ལྷག་དོན་ཁོ་སེམས་གཏིང་ནས་ཁྱོད་ལ་དགའ་བཞིན་ཡོད།

བརྩོན་འགྲུས་རྒྱ་མཚོས་ལྟ་ས་གཅིག་ལ་ལྟ་བཞིན་དེ་སྐད་བརྗོད།

དེ་དག་ཡོད་ཚད་གཙོ་བོ་མ་རེད། མི་ལ་སྤུས་ཚད་མེད་ཚེ་ཡོད་ཚད་ཚར་སོང་བ་ཡིན། ཁོའི་སྤུས་ཚད་དམའ་བས་ང་ཁོ་དང་འགྲོགས་ན་མི་འདོད། ལྷག་དོན་མིད་པ་ཡན་ཆད་ཀྱི་སྐད་ཆ་དེ་དག་ལ་ཉན་འདོད་མི་འདུག དེའི་རྐྱེན་གྱིས་ངས་ཁོ་ལ་ད་ལྟའི་བར་ཁས་ལེན་ཅི་ཡང་བྱས་མེད། ག་ས་གང་དུ་གཡོལ་ཅི་ཐུབ་བྱེད་བཞིན་ཡོད། ཡེ་ཤེས་ལྷ་མོས་དེ་ལྟར་ལབ་རྗེས། ཁ་ཚུར་འཁོར་ནས་བརྩོན་འགྲུས་རྒྱ་མཚོའི་གདོང་ལ་ཕུར་ཚུགས་སུ་ལྟ་ཞོརངས་ཚེ་འདིར་འཚོལ་བཞིན་པ་ནི་བུ་ཕོ་བརྩོན་འགྲུས་ཅན་དང་རང་གཤིས་ཅན། ལ་རྒྱ་ཅན། ཁ་དན་ཚིག་ལ་གནས་པའི་སྐོར་དེ་ཡིན། དེ་འདྲའི་བུ་ཕོ་ཞིག་ནི་ཐོག་མར་ཨ་ཕའི་ངག་ལས་ཐོས་བྱུང་། འཕྲོས་སུ་རང་གིས་དངོས་སུ་མཐོང་ཡོང་།
མཐོང་ནས་རང་སེམས་དེ་ལ་ཤོར་ནས་ཡོད། རང་སེམས་ཤོར་ཏེ་ངོ་ཚ་ལ་མ་འཛེམས་པར་ཡི་གེ་བྲིས་ཟིན། ད་ཁྱོད་ཀྱིས་ཧ་གོ་སོང་ངམ
ཞེས་ཤར་ཤར་དུ་བཤད་བྱུང་།

ཡུད་ཙམ་རིང་ཁོ་གཉིས་ལ་ཁ་བརྡ་མེད་པར་གྱུར། ཁ་བརྡ་མེད་པའི་དུས་ཡུན་ནང་སྟོན་རླུང་བསིལ་མོ་ཞིག་ཤོར་ཡོང་ནས་གཞོན་སྐྱེས་ཕོ་མོ་འདི་གཉིས་ཀྱི་སྐྲ་ལོ་སྒུལ་ཙམ་སྒུལ་ཙམ་བྱས། ད་དུང་སྡོང་རྩེ་རུ་ཤུ་སྒྲ་སེམས་གཙེས་པ་ཞིག་ཀྱང་བར་མེད་དུ་བསྒྲགས་འོངས།

ཡིན་ནའང་ཁྱོད་ཀྱི་དྲན་ཚུལ་དེས་ང་དཀའ་ལས་ལ་གཏད་ཡོད་པ་ཁྱོད་ཀྱིས་ཤེས་སམ། ང་འགྲོ་སྡོད་མི་ཤེས་པར་བཏང་ཟིན་པ་ཁྱོད་ཀྱིས་རྟོགས་སམ། ང་འདི་གར་ཡོང་བ་ནི་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན། ཤེས་རིག་གི་ནོར་བུ་ལེན་དུ་ཡོང་བ་ཡིན། ལེན་ཐུབ་ཚད་དེ་བླངས་རྗེས་ང་ཕྱིར་འགྲོ་དགོས། ཡུལ་མི་སྤུན་ཟླས་ང་ལ་བསྒུགས་ནས་ཡོད། བྱིས་པ་སྣབས་ལུག་དག་གིས་ང་ལ་བསྒུགས་འདུག དགེ་རྒན་རྣམ་པས་ང་ལ་བསྒུགས་ནས་ཡོད། གངས་ལྷ་མེ་ཏོག་ཕ་བུ་གཉིས་ཀྱིས་ང་ལ་བསྒུགས་འདུགཟེར་བཞིན་རང་གི་སྔར་སོང་གི་ལོ་རྒྱུས་མཐའ་དག་སྦ་གསང་མེད་པར་མོ་ལ་ཞིབ་བུར་བརྗོད།

སྐད་ཆ་དེ་དག་ལ་ཉན་ནས་བསྡད་བསྡད་རྗེས། ཡེ་ཤེས་ལྷ་མོ་ཁོང་དགོད་ཅིག་བྱས་སོང་ལ། ཁོང་དགོད་དེ་དང་མཐུད་ནསམ་གཞིར་ཁྱོད་ལ་སེམས་གཏིང་གི་མེ་ཏོག་ཅིག་ཡོད་པ་རེད་ཨང་། སེམས་གཏིང་གི་མེ་ཏོག་དེ་ནི་གངས་ལྷ་མེ་ཏོག་ཅིག་ཡིན་པར་སྨྲ་བས། དུས་དེ་རིང་ནས་བཟུང་སྟེ་ངས་མེ་ཏོག་དེ་དང་འགྲན་རྩོད་བྱེད་རྒྱུ་ཡིན། ང་རྒྱལ་སོང་ན་ཁྱོད་ཀྱི་མ་འོངས་པའི་བདག་པོར་འགྱུར་ངེས། ང་ཕམ་སོང་ན་ངའི་མ་འོངས་པའི་ལམ་ཁ་ཇོ་མོ་དགོན་པ་ཞིག་ལ་གཏད་ཡོད། ང་ཚོའི་ཕ་ཡུལ་གྱི་ཇོ་མོ་དགོན་པ་ཞིག་ལ་གཏོད་རྒྱུཞེས་ལབ་རྗེས་རྒྱང་རིང་ཕྱོགས་ལ་བལྟས་ནས་བསྡད་སོང་།

དེའི་དུས་ཁོ་གཉིས་ཀྱི་མིག་འོག་གི་ལན་གྲུ་གྲོང་ཁྱེར་ནི་གློག་ཞུ་ཁྲ་ཆིལ་དགུ་ཆིལ་གྱི་ཀློང་ན་རྣམ་པར་སྒེག་ཅིང་། ཉ་མ་གང་བའི་ཟླ་བ་ཟད་པོ་དེའང་ཤར་གྱི་མཁའ་མཐའ་རུ་དཔྱངས་ནས་ཡོད། ཟླ་འོད་འོག་ཏུ་ཡུན་རིང་སྨྲ་བ་བྲལ་པའི་གཞོན་ནུ་ཕོ་མོ་ཟུང་གི་རྡོག་སྒྲ་ནི་སློབ་རའི་ཕྱོགས་སུ་མཆེད་མགོ་བརྩམས།

ཉིན་དེ་དག་གི་རིང་ལ། བརྩོན་འགྲུས་རྒྱ་མཚོའི་སེམས་པ་སྐྱིད་པོ་ཡོང་གིན་མེད་པ་མཐོང་བར་བརྟེན། གྲོགས་པོ་སངས་རྒྱས་ཀྱིས་ཁོ་ཉལ་ཁང་དུ་བོས་ནས་གཏིང་འདྲི་ཡང་འདྲི་བྱས་པར། ཁོས་ཀྱང་གསང་མ་ཚུགས་པར་གྲོགས་པོའི་སྙན་ལ་དོན་གྱི་བྱུང་བ་རགས་རིམ་ཞིག་བསྙད་པར་བྱས།

ཚུལ་དེ་དག་ཐོས་རྗེས་སུ། སངས་རྒྱས་ལ་སྔ་ན་མེད་པའི་དགའ་སྤྲོ་ཞིག་འཕེལ་འོངས་ཏེ། ངག་ནསདེ་ནི་དོན་ངན་པ་མ་རེད་བཟང་བོ་རེད། བཟང་བོ་སྐྱིད་ཀྱི་སྣ་འདྲེན་རེད། གཞན་དག་གིས་ཡེ་ཤེས་ལྷ་མོ་འཕྲོག་རྩོད་བྱེད་བཞིན་པར། ཁྱོད་ནི་གཡང་རྫི་ཉལ་ནས་བསྡད་ན། གཡང་ཟོག་འཁོར་ནས་ཡོང་བར་ད་དུང་སེམས་སྡུག་དགོས་པ་རེད་དམཞེས་ལབ་རྗེས། ཡང་ཆེ་བརྗོད་ཀྱི་ཚུལ་དུང་ནི་གངས་ལྷ་མེ་ཏོག་ལ་ཆ་རྒྱུས་ཆེན་པོ་མེད་ནའང་། བུ་མོ་འདི་གཉིས་བསྡུར་ཚེ་ཡེ་ཤེས་ལྷ་མོ་ནི་ཁྱོད་ལ་བདེ་སྐྱིད་འདྲེན་པའི་ཕོ་ཉ་རུ་འགྱུར་ངེས་ཡིན། ཕྱི་མོ་སྒོ་དང་ལུས་སྐྱེས་གཟུགས། ནང་གི་ཤེས་རྒྱ་དང་ཁོག་གི་ཡོན་ཏན་ཏེ། མ་མཛངས་མ་ཞིག་ལ་འཛོམ་དགོས་པ་ཡོད་ཚད་མོར་འཛོམས་པས་ན། ཁ་ལ་ཡོང་བ་སྣ་སྒོ་ནས་འཆོར་དུ་མི་འཇུག་རོགས། ཤོར་ན་རྗེས་སུ་འགྱོད་པ་སྐྱེས་པའི་གཞི་མ་རུ་འགྱུར་ངེས། ཡང་གཅིག་བཤད་ན་ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་ནི་སློབ་གླིང་འདིའི་གླིང་གཙོ་གཞོན་པར་རྩ་འཛུགས་ཀྱིས་རྩད་ཞིབ་བྱས་འདུག་ཟེར་བས། ད་དུང་གོ་ས་ཡར་ལ་འཕར་བར་ལ་ཐང་མི་འདུག དེང་དུས་ཀྱི་སྤྱི་ཚོགས་སུ་རྒྱབ་རྟེན་ཞིག་མེད་ན་བྱ་བ་ཅི་ཞིག་ལས་དགོས་ཀྱང་དཀའ་ས་ཁག་ས་མང་བོ་ཡོད་པས། བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་རན་ལ་སླེབས་འདུགཅེས་སེམས་གཏམ་གྱི་ཚུལ་དུ་བཤད་འོངས།

ཡིན་ནའང་ང་ལ་སྤྱི་ཚོགས་སུ་གོ་ས་མཐོན་པོར་སྙེག་པའི་འདུན་པ་མེད། སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ན་བསམས་བྱུང་། མུ་མཐུད་དུ་དགེ་རྒན་བྱེད་ཐུབ་ན་འདོད་ཡོད། གངས་ལྷ་མེ་ཏོག་དང་མཉམ་དུ་སློབ་ཆུང་དེ་བསྐྱང་ན་བསམས་བྱུང་། ཕ་ཤུལ་བུ་ཡིས་འཛིན་ཐུབ་ན་འདོད་ཡོད།

བརྩོན་འགྲུས་རྒྱ་མཚོས་དབུགས་ཐེངས་གཅིག་གིས་དེ་ལྟར་བརྗོད།

དེ་ནི་རང་མགོ་རང་གིས་གཡོགས་པ་རང་ཡིན། འུ་གཉིས་ལྟ་བུའི་ཞིང་པའི་བུ་ཕྲུག་ཚོ་སློབ་གྲྭ་ཆེན་མོའི་སྒོ་ཐེམ་འགྲིམ་རྒྱུ་ཟེར་བ་ནི་ཅི་འདྲའི་དཀའ་ཨང་། གོ་སྐབས་འདི་འདྲ་ནི་རྫོགས་ལྡན་གྱི་དུས་སྐབས་དངོས་སུ་སླེབས་ཀྱང་ཡོད་མི་སྲིད། སྐབས་གླགས་བཟང་བོ་འདི་འདྲ་འཛིན་ཤེས་ཚེ། མི་རབས་ནས་མི་རབས་བར་གྲོང་ཁྱེར་གྱི་སྡོད་དམངས་སུ་འགྱུར་ཐུབ་སོང་བ་ལ། སྐབས་གསུམ་ལྷ་ཡི་འཚོ་བ་རོལ་ཐུབ་པར་གྱུར་པ་མ་ཡིན་ནམ། ང་ལ་མཚོན་ནའང་གཉེན་ཡ་ཕྱུག་པོ་ཚང་ལ་ཕྲད་ཟིན་པས། ད་ལྟ་ཕ་མ་གཉིས་ཀར་དཀའ་ལས་ཕྲན་ཙམ་ཡང་གཏོད་མི་དགོས། འགྲོ་སོང་མཐའ་དག་ཨ་ཞང་ཚང་དང་སྒོས་སུ་ཆུང་མ་འབྱོར་ཕྱུག་ཅན་དེས་བཏང་འགྲོ། ཁྱོད་ཀྱིས་ཀྱང་རང་གི་ལས་དབང་བསྒྱུར་པའི་ཐད་དུ་བསམ་བློ་མང་ཙམ་སྐོར་ན་བཟང་། གཉེན་དོན་ཐད་ལ་ཐུགས་གཞིག་ཟབ་མོ་གནང་ན་འགྲིག

གྲོགས་པོས་ཤ་ཚ་བའི་ཚུལ་དུ་གནས་ལུགས་བགྲང་ཅི་ཐུབ་བྱས།

དགོང་མོ་དེར། སློབ་གྲོགས་ཚང་མ་སྔ་མོ་ནས་གཉིད་དུ་ཡུར་ཟིན་ནའང་། བརྩོན་འགྲུས་རྒྱ་མཚོ་ནི་དུས་ཡུན་རིང་བོར་གཉིད་ཀྱི་བདེ་བ་དང་བྲལ་སོང་།
ཁོ་མལ་སའི་ནང་ཁ་ལོ་ཕར་འཁོར་ཚུར་འཁོར་བྱེད་ཞོར་ཡིད་ཀྱི་མེ་ལོང་ངོས་སུ་གངས་ལྷ་མེ་ཏོག་དང་ཡེ་ཤེས་ལྷ་མོ་གཉིས་ཀྱི་གཟུགས་བརྙན་རེས་མོས་སུ་ཤར་འོངས་ལ། གྲོགས་པོ་སངས་རྒྱས་དང་རང་གཉིས་ཀྱི་ཁ་བརྡའི་ནང་དོན་ཡང་འོར་དང་བསྐྱར་དུ་རྣ་ལམ་ལ་གྲགས་ཡོང
……

ཡེ་ཤེས་ལྷ་མོ་ནི་ངེས་པ་དོན་གྱིས་འགྲན་རྩོད་ཀྱི་སེམས་ཤུགས་དྲག་པའི་བུ་མོ་ཞིག་རེད། སློབ་གྲྭའི་རྒྱབ་རིའི་ངོས་སུ་བརྩོན་འགྲུས་རྒྱ་མཚོ་དང་ཁ་བརྡ་གློད་མཚམས་ནས། མོས་རྣམ་དག་སེམས་ཀྱིས་བརྩོན་འགྲུས་རྒྱ་མཚོའི་ཡིད་སེམས་གཡོ་སྐྱོམ་གཏོང་བའི་ལས་ཀ་སྣ་ཚོགས་སྒྲུབ་བྱུང་སྟེ། དེ་ལས་གཙོ་བོར་ཁོར་སློབ་སྦྱོང་གི་མཁོ་ཆས་གང་ལེགས་ཉོ་བར་མ་ཟད། ཟ་མའི་འཛིན་བྱང་དཔེ་ཆ་འཇོག་སའི་ཁུག་མའི་ནང་གསང་སྟབས་ཀྱིས་བཞག་འགྲོ་ལ། དུས་ལྟར་ཉལ་ཁང་དུ་ཡོང་ནས་གྱོན་ཆས་སོགས་ཀྱང་གཙང་མར་བཀྲུ་བར་བྱེད་པས། གསང་རྣམ་དེ་དག་ཚོར་བའི་སློབ་གྲོགས་སྐོར་ཞིག་གིས་ཁོ་ལ་ཡིད་སྨོན་བར་མེད་བྱེད་ཅིང་མཆི།

1980ལོའི་ཟླ10པའི་ཚེས24ཉིན། གཟའ་པ་སངས། གནམ་ངོ་རུབ།

ཉིན་འདི་དག་ནང་། ནམ་ཟླ་ཇེ་འཁྱག་ལ་འགྲོ་བཞིན་འདུག

ནམ་ཟླ་ཇེ་འཁྱག་ལ་སོང་བ་དང་བསྟུན་ནས། རང་གིས་སེམས་ཀྱི་རྒྱལ་སྲས་བརྩོན་འགྲུས་རྒྱ་མཚོ་ལ་བསླེས་པའི་བལ་ལྭ་དམར་སྨུག་དེའང་ཡོངས་སུ་གྲུབ། བལ་ལྭ་འདིའི་བལ་ཐིག་རེ་རེ་བསྣོལ་ནས་བརྒྱུས་པའི་བར་གསེང་དུ། ངེད་གཉིས་དུས་ནམ་ཡང་མི་འགྱུར་བའི་བརྩེ་དུངས་ཀྱི་མདུད་པ་རེ་རེ་བསྐུངས་ཡོད། མདུད་པ་མང་བོས་གྲུབ་པའི་བལ་ལྭ་འདིས། བདག་གི་སེམས་ཀྱི་རྒྱལ་སྲས་མཆོག་དེའི་ལུས་སེམས་ཧྲིལ་པོར་དྲོད་ཁོལ་སྦྱིན་པར་ཤོག

འོ། ད་དུང་བརྗེད་མི་རུང་བ་ཞིག་ལ། བལ་ལྭ་བསྐུར་པ་དང་མཉམ་དུ་འཕྲིན་ཡིག་ཅིག་ཀྱང་བྲིས་ན་འགྲིག

གཟའ་སྤེན་པའི་དགོང་མོ་ཞིག་ལ། སློབ་གླིང་གི་ཚོགས་ཁང་ཆེ་བའི་ནང་གློག་བརྙན་བསྟན་པར། ཡེ་ཤེས་ལྷ་མོས་འཛིན་བྱང་བཙལ་པ་ལྟར། བརྩོན་འགྲུས་རྒྱ་མཚོ་དང་མོ་གཉིས་སློབ་ཁང་ནང་དུ་འདུག་འདུག་བྱས་ནས་གློག་བརྙན་ལ་བལྟས། ཚོགས་ཁང་ནི་མི་མང་འདུ་ས་ཡིན་པས། མི་མང་གི་མིག་ཚོར་ལ་བརྟེན་ནས་སྒོམ་པ་རྒྱལ་དུ་འབོད་པའི་གསར་བུ་དེས། ཁོ་གཉིས་ཀྱིས་མངོན་སུམ་འཛེམ་མེད་ངང་མཉམ་འདུག་མཉམ་གླེང་བྱེད་པའི་སྦྱོར་བ་དེ་གསལ་བོར་མཐོང་།

རྣམ་པ་དེ་མིག་ལ་མ་རན་པར་བརྟེན། གློག་བརྙན་བསྟན་ཚར་ནས་ཕྱི་རུ་བུད་རྗེས་ཁོས་ཡེ་ཤེས་ལྷ་མོ་ཉལ་ཁང་གི་ཕྱོགས་སུ་སྐྱེལ་པ་ལ། སྒོམ་པ་རྒྱལ་ནི་ཁོ་གཉིས་ཀྱི་རྗེས་སུ་རིང་འདེད་བྱས་ནས་བུད་ཡོང་། དེ་ནས་ལམ་སྒུག་བྱས་པའི་འབྲས་བུར། གསར་བུ་སྟག་འདྲ་འབྲོང་འདྲ་གཉིས་ཀ་བུ་མོ་ཚོ་ཉལ་སའི་ཐོག་ཁང་གི་སྲང་བར་དེར་གདོང་ཕྲད་བྱུང་།

སྤྲང་ཕྲུག་ཁྱོད་སྤོབས་པ་ཆེ་བ་ལ། ཁྱོད་ཀྱིས་ཡེ་ཤེས་ལྷ་མོ་ངའི་ལག་ནས་མངོན་འཕྲོག་བྱེད་འདོད་དམ། སང་ཉིན་ནས་བཟུང་ཁྱོད་མོ་དང་འགྲོག་རྒྱུ་ཞིག་ཡོད་ཚེ། ངས་ཁྱོད་ཀྱི་འགྲམ་དོང་ནང་ལ་སུམ་དོང་ཕབ་རྒྱུ་ཡིན།

སྒོམ་པ་རྒྱལ་གྱིས་ཁོ་སྲང་བར་དེའི་ཕུགས་སུ་བོས་རྗེས་གདོང་ལ་ཁུ་ཚུར་བསྐོར་ནས་བཙན་གཏམ་བཤད་ཡོང་།

གསར་བུ།རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེཟེར་བ་མ་གོའམ། གཞན་སུས་ཀྱང་ད་བར་དུ་ང་ལ་སྤྲང་ཕྲུག་ཅེས་བོས་མ་མྱོང་།
ཁྱོད་ལའང་དེ་ལྟར་འབོད་པའི་དབང་ཆ་མེད། ཁྱོད་ཀྱིས་ང་ལ་ཁུ་ཚུར་འགྲན་རྒྱུ་ཟེར་ན། ང་དགའ་སོང་བ་ཡིན། ངས་ཀྱང་ཁུ་ཚུར་མ་གཡུགས་པར་ཡུན་རིང་འགོར
……

ཁྱི་ཁ་ཚུམས།

བཙན་གཏམ་འབྲུག་སྒྲ་གྲག་འདྲ་དེ་དང་ཁུ་ཚུར་ཐོག་ལྕེ་བབས་འདྲ་གཉིས་པོ་མཉམ་དུ་ཐོན་འོངས་པར། བརྩོན་འགྲུས་རྒྱ་མཚོའི་འགྲམ་དོང་དུ་ཉོག་སྒྲ་ཞིག་གྲག་བྱུང་བ་དང། དེ་མ་ཉིད་དུ་ཕ་རོལ་པོའི་མ་ནེ་འོག་ཏུའང་ཅལ་སྒྲ་ཞིག་གྲག་སོང་། ཁུ་ཚུར་ཕྱི་མ་དེ་ནི་གནད་ལ་ཕོག་དྲགས་པ་འདྲ་སྟེ། སྒོམ་པ་རྒྱལ་གྱི་རྐང་བ་ཁྱོར་ཙམ་བྱས་ནས་ཐོག་ཁང་གི་རྩིག་པར་ཁེན་པ་ལ། དེ་ལས་ལྷག་པའི་ཁུ་ཚུར་ནི་གསར་བུ་འབྲོང་ཕྲུག་འདྲ་བ་དེའི་ཁ་ངོ་དང་མགོ་བོ། ཕྱི་ལྟག་སོགས་ལ་བབས། འབབ་ཚུལ་ལྕི་མོའི་གནོན་ཤུགས་འོག ཁོས་པུས་མོ་གཡོན་པ་ཐང་ལ་བཙུགས་ནས་བསྡད་བྱུང་སྟེ། ཁ་ངོ་ལས་འཛར་བའི་ཟུངས་ཁྲག་འབྱིད་ཞོར་དབུགས་ཧར་ཧར་དུ་ལེན་པར་བྱེད།

སང་ཉིན་ནས་བཟུང་ཁྱོད་ཡེ་ཤེས་ལྷ་མོ་བཙལ་དུ་ཡོང་མི་ཆོག མོ་ཁྱོད་ལ་དགའ་བཞིན་མེད། ང་ལ་དགའ་བཞིན་ཡོད། ཁྱོད་ལ་མ་དགའ་བའི་རྐྱེན་གྱིས་ཁྱོད་ཚོའི་སྡེ་ཁག་ནས་མ་བསྡད་པར་ང་ཚོའི་སྡེ་ཁག་ནང་སྤར་ཡོང་བ་རེད། ངེད་གཉིས་ཀྱིས་མི་ཚེའི་འདུན་མ་གཅིག་ཏུ་བསྒྲིལ་རྒྱུའི་ཁ་ཆད་བཞག་ཡོད། དུས་གཏན་དུ་མི་འབྲལ་བའི་མནའ་ཚིག་བོར་ཡོད …… 

བདེན་པ་ཡིན། སྒོམ་པ་རྒྱལ། དོ་དགོང་ནས་བཟུང་སྟེ་ཁྱོད་ཀྱི་སེམས་དེ་ངའི་ཐོག་ནས་ཤི་རུ་ཆུགས། ང་གསོན་ན་བརྩོན་འགྲུས་རྒྱ་མཚོའི་མི་ཡིན། ཤི་ན་བརྩོན་འགྲུས་རྒྱ་མཚོའི་འདྲེ་ཡིན། ང་ཁོའི་རྗེས་སུ་འབྲངས་ཤག་ཤག་ཡིན། ཁྱོད་ཚོས་བཀག་ཀྱང་མི་ཁོགས། གོ་བྱུང་ངམ།

གར་ཡོང་མ་ཤེས་པར་ཡེ་ཤེས་ལྷ་མོ་ནི་ཁོ་གཉིས་ཀྱི་གམ་དུ་སླེབས་འདུག་ལ། ཚིག་དེ་དག་ཁ་ཐོག་ལྕེ་ཐོག་ལ་བླངས་ནས་ཐ་ཚིག་ནང་བཞིན་བསྒྲགས་སོང་།
ཐ་ཚིག་དེ་བསྒྲགས་ཚར་འཕྲལ
ང་ཚོ་འགྲོ་འེཟེར་ཞོར་བརྩོན་འགྲུས་རྒྱ་མཚོའི་དཔུང་བར་འཐམས་ནས་ཤར་རྒྱག་གིས་ཕྱིན།

དགོང་མོ་དེར། བརྩོན་འགྲུས་རྒྱ་མཚོ་ཉལ་ཁང་དུ་ཡོང་བ་ཧ་ཅང་འཕྱིས། ཁོ་ལ་ཡེ་ཤེས་ལྷ་མོའི་འགྲོ་རོགས་འོག་སློབ་གླིང་གི་ར་སྐོར་ནང་སྐོར་བ་བྱས། ངལ་གསོ་བྱས། སྙིང་གཏམ་བརྗོད། སེམས་གསོ་བྱས། བྱས་བྱས་པའི་མཐར་མོ་ནི་ཁོ་དང་གྱེས་ན་འདོད་ལ་མི་འདོད་པའི་ངང་ཉལ་ཁང་དུ་ཆས་སོང་།

མོ་སོང་ཤུལ་དུ། བརྩོན་འགྲུས་རྒྱ་མཚོ་གཅིག་པུ་ཁོ་ཚོ་ཉལ་སའི་ཐོག་ཁང་མདུན་གྱི་རྔམས་ཁ་དེར་གློག་སྡོང་ཞིག་བསྣར་ནས་ཡོད་པའི་སྟེང་དུ་ཙོག་ནས་ཡུན་རིང་བསྡད། ཡུན་རིང་བསྡད་པའི་དུས་ཡུན་ནང་ཁོའི་རྟོག་པ་ནི་བྱ་རྒོད་རྙི་ལས་ཤོར་པ་བཞིན་ག་ས་གང་དུ་འཕྲོས། རང་ཉིད་ལ་ཆུང་འདྲིས་གངས་ལྷ་མེ་ཏོག་ཡོད་བཞིན་དུ་ཡེ་ཤེས་ལྷ་མོར་འགྲོགས་དགོས་པ་འདི་ཅི་ཡིན་ནམ། ཡེ་ཤེས་ལྷ་མོས་སྒོམ་པ་རྒྱལ་དང་ལེན་མི་བྱེད་པར་རང་ཉིད་བདམས་དོན་ཡང་གང་ལ་ཐུག་གམ། རང་གཉིས་འདི་ལྟར་འགྲོགས་པ་ནི་ཕན་ཚུན་གྱི་སེམས་ནང་སྡུག་ཆུ་བསྐྱིལ་པ་ལས་ཅི་ཞིག་གི་འབྲས་བུ་ཡོད་དམ། བུད་མེད་ཀྱི་ཆེད་དུ་འཁོན་འཛིང་བྱུང་བ་ནི་ཅི་འདྲའི་ཐབས་སྡུག་པའི་ལས་ཤིག་རེད་ཨང་། ལྷག་དོན་མོ་ཐོག་ཁང་གི་སྲང་བར་དེར་ཇི་ལྟར་སླེབས་པ་ཡིན་ནམ། རང་གི་ཁ་ནང་ནས་ཅི་འདོད་ལ་ཤོར་པའི་ཚིག་དེ་དག་མོས་ཐོས་ཡོད་དམ། མོས་ངེས་ཅན་དུ་ཐོས་ཡོད་དེ། མེད་ན་སྒོམ་པ་རྒྱལ་ལ་ཐ་ཚིག་དེ་འདྲ་བསྒྲགས་མི་སྲིད། ཡེ་ནས་མི་སྲིད། ད་ནི་སང་ཉིན་ནས་བཟུང་མོར་གདོང་ཇི་ལྟར་གཏོད་དམ། སོས་དལ་བའི་ཉི་མ་རེ་རེ་ཇི་ལྟར་སྐྱེལ་ལམ……

ཕྱི་ཉིན་གྱི་ཉི་མ་ནི་སུས་ཀྱང་མ་ཁོགས་པར་སྔར་ལྟར་ཤར་ཡོང་བ་དང་། དགེ་རྒན་ཚོས་སློབ་ཁྲིད་ཀྱང་དུས་ལྟར་བྱས་བྱུང་བར་མ་ཟད། ཡེ་ཤེས་ལྷ་མོའང་སྔར་ལས་ལྷག་པར་ཁོ་དང་གྲིབ་མ་བཞིན་འགྲོགས་བྱུང་། ལྷག་དོན་སློབ་གླིང་གཞུང་ནས་ལྒང་ལིའི་རུ་ཁག་ཅིག་གསར་འཛུགས་བྱས་པར། བརྩོན་འགྲུས་རྒྱ་མཚོ་དང་ཁོའི་གྲོགས་པོ་སངས་རྒྱས་གཉིས་ནི་རུ་ཁག་གི་རུ་མི་གཙོ་བོའི་གྲས་སུ་བདམས་ཏེ་སྦྱོང་བརྡར་བྱས་པ་ལ། ཡེ་ཤེས་ལྷ་མོ་ནི་ཆད་པ་མེད་པར་བལྟ་རུ་ཡོང་མཁན་གྱི་ལྟད་མོ་པ་ཆེས་ཕུལ་དུ་བྱུང་བ་རུ་གྱུར་ནས་ཡོད།

ནམ་ཟླ་ཇེ་འཁྱགས་ལ་སོང་བ་དང་བསྟུན་ནས། སྔོན་ཆད་དང་འདྲ་བར་གསེར་གྱི་གྲོང་ཁྱེར་ཆེན་པོ་འདི་ལའང་ཁ་བའི་འདབ་མ་ལྷུང་སོང་། ཁ་བའི་འདབ་མའི་ཁྲོད་དུ། བརྩོན་འགྲུས་རྒྱ་མཚོའི་ལག་ལ་གངས་ལྷ་མེ་ཏོག་གིས་སྤྲིངས་པའི་འཕྲིན་ཡིག་དང་སྒོར་མོ་ལས་གཞན། སེམས་ཞིབ་མོས་བསླེས་པའི་བལ་སྐུད་ཀྱི་ལྭ་བ་སོ་མ་བཅས་མཉམ་དུ་འབྱོར། སྒོར་མོ་བླངས་ཤིང་འཕྲིན་ཡིག་བཀླགས་ལ། བལ་ལྭར་ལྟ་ཞོར་དུ་ཁོའི་སེམས་པར་ཡང་བསྐྱར་གཤོག་པ་ཐོགས་ནས་ཕ་ཡུལ་ཕྱོགས་སུ་ལྡིང་སྐོར་བརྒྱབ་སོང་། ཤར་ལུང་ཚོ་དྲུག་སློབ་ཆུང་གི་མཁའ་དབྱིངས་སུ་ལྡིང་སྐོར་བརྒྱབ་སོང་། ཆུང་འདྲིས་གངས་ལྷ་མེ་ཏོག་གི་སྔས་མགོ་རུ་ལྡིང་སྐོར་བརྒྱབ་སོང་།

20

དཔྱིད་ཀྱི་དཔལ་མོ་ཡང་བསྐྱར་སླེབས་བྱུང་།
དཔྱིད་ཀྱི་དཔལ་མོ་ནི་རྐང་འཇབ་ལག་འཇབ་ཀྱིས་རྫོང་མཁར་དང་རྒྱང་ཐག་རིང་བའི་ཡུལ་ལུང་འདིར་སླེབས་བྱུང་།

དཔྱིད་ཀྱི་དཔལ་མོས་བསྣམས་བྱུང་བ་ནི་ལྗང་མདོག་གི་ཚེ་སྲོག་སྟེ། ལྗང་མདོག་གི་ཚེ་སྲོག་ཀུན་པོར་རྩ་བ་རྒྱས་ཤིང་ཡལ་ག་ཐོགས་ལ་འདབ་སྟོང་གྲོལ་པའི་དུས་སྐབས་འདིར། སོ་ནམ་གྱི་ལས་ལ་འབད་པའི་ཡུལ་མི་དག་གི་རྣ་ལམ་དུ་ཆེས་སྙན་པ་ནི་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་རེད། སྙན་པའི་མགྲིན་གླུ་དེ་དག་གང་སར་གྲག་པའི་སྒྲ་དབྱངས་དང་འགྲོགས་ནས། ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཀུང་ཧྲེའི་ནང་བཏང་ཡོང་བའི་བརྡ་ཡིག་ཅིག་འབྱོར་བྱུང་། བརྡ་ཡིག་གི་ནང་དོན་ནི་སྤྱི་ཟླ་ལྔ་པ་ཙམ་ལ་ད་ལོ་སློབ་ཆུང་ནས་མཐར་ཕྱིན་ངེས་པའི་སློབ་མ་ཚོར་བར་རྒྱུགས་མཉམ་ལེན་བྱ་རྒྱུ་ཡིན་ཟེར་བས། སློབ་གཙོ་གངས་ལྷ་མེ་ཏོག་གིས་དགེ་རྒན་ཚོར་ཚོགས་འདུ་ལན་འགར་ཚོགས་ནས་རེབ་འདིའི་རྒྱུགས་གཞི་ལ་གྲ་སྒྲིག་གྱ་ནོམ་པ་བྱེད་དགོས་པའི་བླང་བྱ་བཏོན། བླང་བྱ་ནན་མོ་འདི་ལྟར་འདོན་དོན་ནི་སློབ་གྲྭའི་མཚན་སྙན་གྲགས་ལ་འབྲེལ་བ་ཡོད་དེ། རྒྱུ་མཚན་ནི་ལོ་འདི་དག་ནང་སློབ་ཆུང་འདིའི་སློབ་མ་ཚོས་ཁུལ་གྱི་དགེ་ཐོན་སློབ་གྲྭ་དང་འཕྲོད་བསྟེན་སློབ་གྲྭ་སོགས་ལ་རྒྱུགས་འཕྲོད་པའི་གྲངས་ཚད་མཐོ་བས་ཡིན།

བླང་བྱ་དེ་ལག་ལེན་དུ་བསྟར་བའི་འགན་ཁུར་གཙོ་བོ་དེ་ལོ་རིམ་ལྔ་པའི་འཛིན་བདག་བསྟན་འཛིན་ཚེ་རིང་གི་ཕྲག་ཏུ་བབས་ཡོད། ཕྲག་ཏུ་འགན་ཁུར་བབས་པ་དེས་ཁོ་ནི་སོས་དལ་དུ་སྡོད་ཁོམ་ཡེ་ནས་མེད་པར་སློབ་མ་ཚོར་སློབ་ཁྲིད་གནང་བ་དང་། དགེ་རྒན་ཚོར་ཟུར་ཁྲིད་བཀོད་སྒྲིག་བྱེད་པ། སློབ་གཙོར་གནས་ཚུལ་ཅི་ཡོད་སྙན་ཞུ་འབུལ་བ་བཅས་ཀྱི་ལས་དོན་སྣ་ཚོགས་ལ་མ་ཁོམ་པར་འདུག

དེ་རིང་སྔ་དྲོ་གངས་ལྷ་མེ་ཏོག་གིས་བོས་པ་ལྟར། བསྟན་འཛིན་ཚེ་རིང་ནི་མོའི་ཉལ་ཁང་དུ་སླེབས་འོངས།

དེ་གར་ཙོག་ཅིག ཉིན་འདི་ཚོར་ཁྱོད་ཀྱིས་སྡུག་མང་བོ་མྱངས་སོང་བས་ངའི་སེམས་སུ་བཟོད་དཀའ། ཡིན་ནའང་ཁ་དཔེ་ལབྱ་སྡོང་རྐོའི་སྐྱེ་བ་བླངས་བཏང་ན། མགོ་ན་རུང་སྡོང་བོ་བརྐོ་དགོསཟེར་བ་ལྟར། ང་ཚོ་དགེ་རྒན་ཚོའི་བྱ་བ་ནི་མ་གཞི་ནས་འདི་འདྲའི་དཀའ་སྡུག་ཆེ་བའི་ལས་ཀ་ཞིག་ཡིན་པས། སུ་ལའང་ངན་ཁག་དཀྲི་ས་མེད། ད་ནི་ངའི་སར་བསྒྲུབ་དགོས་པའི་དོན་དག་ཅི་ཞིག་ཡོད་དམ། སྦ་གསང་མེད་པར་བཤད་རོགས།

གངས་ལྷ་མེ་ཏོག་གིས་སྒྲོག་ཙེའི་སྟེང་གི་དཔེ་དེབ་དང་ཡིག་ཆ་སོགས་ལ་བདག་བྱེད་ཞོར་དེ་ལྟར་དྲིས།

གནས་སྐབས་སུ་དོན་དག་ཆེན་པོ་མི་འདུག དགེ་རྒན་ཀྲང་ཅན་དང་ལི་ཆིན་ཧོ་གཉིས་ལ་རྒྱ་ཡིག་དང་རྩིས་རིག་གི་ཟུར་ལྟའི་དཔྱད་གཞི་མཁོ་ཟེར་བས། ད་དུང་ལག་ལ་མ་ཡོང་ངམ།

ཁོས་སློབ་གཙོའི་གདོང་ལ་བལྟས་ཙམ་བྱས་རྗེས་དེ་ལྟར་སྨྲས།

འོ། དོན་དེ་ངས་བརྗེད་ཀྱིན་འདུག བརྩོན་འགྲུས་རྒྱ་མཚོས་ལན་གྲུ་རུ་བཙལ་ཏེ་བསྐུར་ནས་ཡོང་ཡོད།

གངས་ལྷ་མེ་ཏོག་ཕར་སོང་སྟེ་དཔེ་སྒྲོམ་གྱི་མཐའ་ནས་དེབ་འགའ་བླངས་འཕྲལཁ་སང་ཕྱི་དྲོ་སོ་མ་འབྱོར་བ་ཡིན། དེབ་ཁ་ཚང་ཡོད་པས་ཁོ་ཚོ་ལ་བདག་གཉེར་ལེགས་པོ་བྱོས་ཞེས་བཤད་རོགས། རྗེས་སུ་ད་དུང་མཁོ་བ་ཡོད་ངེསཞེས་ཟེར་ཞོར་དེབ་དག་བསྟན་འཛིན་ཚེ་རིང་གི་ལག་ཏུ་བཞག

ཁོས་དེབ་དེ་དག་ཕར་སློག་ཚུར་སློག་བྱེད་ཞོར་དུབོད་ཡིག་ལའང་འདི་འདྲའི་ཟུར་ལྟའི་དེབ་རེ་ཡོད་ན་ཅི་འདྲའི་བཟང་ཨངཞེས་ལབ་རྗེས། ཡང་ཅི་ཞིག་དྲན་པ་ལྟརངའི་འཛིན་གྲྭའི་ནང་སློབ་མ་འགའ་རེའི་ཆུ་ཚད་ཅུང་ཞན་པས། དེ་རིང་ནས་བཟུང་ཁོ་ཚོ་སློབ་གྲྭ་གྲོལ་པར་རྗེས་སུ་བཀག་ནས་ཟུར་ཁྲིད་བྱས་ན་བཟང་། དེ་ལྟ་མིན་ཚེ་དེ་དག་གིས་འཛིན་གྲྭ་སྤྱིའི་སྐར་གྲངས་མར་འཐེན་རྒྱུའི་ཉེན་ཁ་འདུགཅེས་ཚམ་ཚོམ་མེད་པར་བཤད་པ་ལ།

སློབ་གཙོསཁྱོད་ཀྱི་དྲན་ཚུལ་དེ་ཧ་ཅང་ཡག ཉིན་འདི་དག་རིང་ང་ཡང་ཡར་མར་གང་ལའང་མི་འགྲོ་བས། ཁྱོད་ཚོ་ལ་ཟུར་ཁྲིད་བྱེད་རོགས་བྱས་ཆོག དགེ་རྒན་གཞན་གཉིས་ཀའང་རང་ཁྱིམ་ལ་འགྲོ་མི་དགོས་ཚེ་མ་འགྲོ་ཞེས་བརྗོད་པར་འཚལ། ང་ཚོས་སྟོབས་ཤུགས་གཅིག་སྒྲིལ་བྱེད་རན་ལ་སླེབས་འདུག གོ་སོང་ངམཞེས་ངག་འཇམ་པོས་སྨྲས།

གོ་སོང་།བསྟན་འཛིན་ཚེ་རིང་རྐུབ་སྟེགས་ལས་ཡར་ལང་ཞོར་དེ་ལྟར་ལབ་ཅིང་། མཐུད་ནསསློབ་གཙོ་ལགས། ད་བྱ་བ་གཞན་མེད་ཚེ་ང་འགྲོ་རྒྱུ་ཡིནཞེས་ཟེར།

ཡ་ཡ། གནས་སྐབས་སུ་དེ་ལྟར་བྱོས།

གངས་ལྷ་མེ་ཏོག་གིས་ཁོ་སྒོ་ཁར་སྐྱེལ་ཞོར་དུ་བརྗོད།

ཕྱིར་ཉལ་ཁང་ནང་ཡོང་བར། མོ་ལ་ཐང་ཆད་པའི་སྣང་བ་འགོག་མེད་ཅིག་ཤར་བས་རྐུབ་སྟེགས་སོ་མ་དེའི་སྟེང་དུ་ཞོམ་མེར་ཙོག མགོ་བོ་གཡས་སུ་དཀྱོགས་ནས་སྒེའུ་ཁུང་ལས་ཕྱི་རོལ་ཏུ་བལྟས་པ་ལ། ཙན་དན་དཀར་པོའི་སྡོང་བོ་ནི་ཉི་ཟེར་གྱི་ཀློང་དུ་ཀྲོང་ངེར་འགྱིང་འདུག་ཅིང་། ལོ་མ་མཐའ་དག་ལྗང་སྣུམ་འཁྱུག་གེར་བསིལ་རླུང་གི་ཁྲོད་ན་ལམ་ལམ་འཚེར་བར་བྱེད།

མཚམས་ཤིག་ལ། སྒེའུ་ཁུང་གི་ཤེལ་སྒོའི་མར་ཞབས་ནས་གྲོག་མ་ཞིག་དཀའ་ཚེགས་ཆེན་པོས་ཡར་འགོས་ཡོང་ལ། ཡར་དཀྱིལ་ཐོ་གང་གི་སར་སླེབས་བྱུང་བར། གློ་བུར་ཡོ་སྣ་མ་བརྟན་པར་མར་ལྷུང་སོང་།
ཡིན་ནའང་དེ་ནི་དུས་ཡུན་རིང་བོ་མི་འགོར་བར་གནས་དེ་ག་རང་དུ་ཡང་བསྐྱར་འགོས་ནས་སླེབས་ཡོང་། སྔར་གྱི་གནས་ལས་ཅུང་མཐོ་སར་སླེབས་རྗེས་སུ་སླར་ཡང་མགོ་མཇུག་བཟློག་ནས་ལྷུང་བར་གྱུར། སྣང་ཚུལ་དེ་མཐོང་བས་མོར་དགོད་རྒྱུ་ཞིག་བུད་ཡོང་ལ། དུས་མཉམ་དུ་ངུ་རྒྱུ་ཞིག་ཀྱང་ཐོན་བྱུང་། ན་ནིང་ལོ་མཇུག་ཏུ། ཨ་ཕ་རྫོང་ཁག་གཞན(རྫོང་དཔོན་གཞོན་པ)དུ་ལས་སྤོར་བྱས་པ་དང་། སྔོན་ཆད་སློབ་ཆུང་འདི་གར་རེབ་ཐེངས་འགའ་ལ་ཡོང་མྱོང་བའི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་རྒྱགས་པོ་དེ་ཡང་ཁུལ་ཐོག་ཏུ་ཕྱིན་མཚམས་སུ། རང་གི་གནས་བབ་ནི་སྲོག་ཆགས་རྐེད་ཉག་དེ་དང་ཅི་འདྲའི་འདྲ་མཚུངས་སུ་གྱུར་ཡོད་ཨང་།
ཉིན་རྒྱུན་ཁ་དཔེའི་ཁྲོད་དུ
ནངས་སྔ་ལངས་ཀྱི་དེ་ཕོ། དགོང་འཕྱི་ཉལ་གྱི་སྲེག་པཟེར་བ་ལྟར་གཞུང་དོན་ལ་མ་ཁོམ་པར་སྔ་ལངས་འཕྱི་ཉལ་དང་ཡར་རྒྱུག་མར་རྒྱུག་བྱེད་དགོས། སློབ་སྐབས་གསར་བ་དེ་མགོ་བརྩམས་མཚམས་ནས་བཟུང་། རང་ཉིད་ཀྱི་སུག་པ་ལ་དལ་ཁོམ་ཞིག་ཡེ་ནས་མ་ཡོང་། མཚམས་རེར་སྡེ་བ་སོ་སོར་ཡོད་པའི་ཡན་ལག་སློབ་གྲྭའི་གནས་ཚུལ་གསར་བ་ལ་རྒྱུས་ལོན་དང་མཛུབ་སྟོན་བྱེད་དུ་འགྲོ་དགོས་པ་དང་། ལན་རེར་སློབ་གྲྭའི་གོང་དུ་ཆགས་བཞིན་པའི་ཨ་ཁུ་ཚོའི་གྲྭ་ཤག་གི་ས་ཡི་དོན་དག་བཤད་དུ་འགྲོ་དགོས། སྐབས་རེར་ད་དུང་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་སྐད་བཏང་བ་ལྟར་ལས་ཀ་ཇི་སྙེད་ལས་སུ་འགྲོ་དགོས། ཟླ་འདི་གཅིག་པུར་ཀུང་ཧྲེ་དང་རྫོང་གི་སློབ་གསོ་ཅུས། ད་དུང་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་ནང་དུ་ལན་གྲངས་འགའ་ལ་བརྒྱུགས་ཟིན། རྒྱུག་པའི་གོ་རིམ་ཁྲོད་དུ་སྔོན་ཆད་དང་མི་འདྲ་བས་དགོས་མེད་ཀྱི་ཁ་སྣ་གྱང་ལ་ཕོག་པའང་ཡོད། ཡིན་ནའང་སེམས་ལྷོད་ལ་བབས་ནས་འདང་ཞིབ་མོ་བརྒྱབ་པར། རང་ཉིད་ཀྱིས་གཞུང་དོན་འོས་མོ་ཞིག་འཁྱོངས་པ་ལྟ་ཅི། རང་དོན་ཐོ་གང་ཡང་འགྲུབ་ཀྱིན་མེད་པ་ལྟར་དུ་སྣང་། ལྷག་པར་ད་ལྟའི་བར་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་གཞིས་ཀ་སྟོང་བ་དེའི་ནང་ཁང་བ་གྱན་གཅིག་ཀྱང་ཕུབ་ཐུབ་མེད་པ་མ་ཡིན་ནམ། ཨ་ཕ་ནི་ཨ་ཕའི་སར་མ་ཁོམ་པར་འདུག་ལ། རང་ཉིད་ཀྱང་རང་ཉིད་ཀྱི་སར་མ་ཁོམ་པར་ཡོད། མི་ཁོམ་པའི་དུས་སུ་མཐར་ཕྱིན་ཁའི་སློབ་མ་ཚོར་གཅིག་གྱུར་གྱི་རྒྱུགས་ལེན་རྒྱུ་ཡིན་ཟེར་བས། རང་ཉིད་ལྟ་ཅི་དགེ་སློབ་ཡོངས་རྫོགས་ཀྱང་མི་ཁོམ་པར་བཟོས་སོང་། གཞན་དུ་ལོ་གསར་སྐབས་སུ་བརྩོན་འགྲུས་རྒྱ་མཚོར་ཕྲད་དུས་རང་དོན་རྣལ་མ་དེ་གླེངས་པ་ལ། ཁོས་ཀྱང་གནས་སྐབས་སུ་ཁྱོད་ཕ་བུ་གཉིས་ཀྱི་འགན་ཁུར་ལྕི་དྲགས་པས། རྗེས་སུ་ཨེན་ཙམ་བསྐྱུར་ན་བཟང་ཚུལ་བརྗོད་པ་དང་། ད་དུང་སེམས་རྩ་དྲོ་བྱེད་ཀྱི་སྐད་ཆ་ཞིག་བཤད་པ་ནི། རྗེས་སོར་ཁོས་ཀྱང་ཟླ་ཕོགས་མཐོན་པོ་ལེན་ཐུབ་པ་བྱུང་ཚེ། ཁང་བ་དཔེ་མེད་ཅིག་ཕུབ་རོགས་བྱེད་ངེས་ཚུལ་ལབ་ཡོང་བར་བརྟེན། མོའི་སེམས་ནས་ཀྱང་དོན་དག་དེ་གཙོ་བོ་ལས་ཕལ་བའི་གནས་སུ་བཞག་པ་དང་།
རང་དོན་དེ་ཚོ་གཡས་སུ་བསྐྱུར་ནས་གཞུང་དོན་དེ་དག་ཕྲག་ཏུ་བླངས་པ་ཡིན།

མོས་དེ་ལྟར་བསམ་གཞིག་བཏང་བར་སེམས་ཁོང་ཧྲིལ་པོ་ཁྲ་གེ་ཁྲིག་གེར་གྱུར་པས། རྐུབ་སྟེགས་ལས་ཡར་ལངས་ནས་ཁང་བའི་ནང་ཕར་འགྲོ་ཚུར་འོང་བྱས། ཕར་འགྲོ་ཚུར་འོང་བྱེད་པའི་གོ་རིམ་ནང་མོས་ད་ཅི་བསྟན་འཛིན་ཚེ་རིང་ལ་དཔེ་དེབ་བླངས་ནས་བྱིན་སའི་དཔེ་སྒྲོམ་གྱི་མཐའ་རུ། བརྩོན་འགྲུས་རྒྱ་མཚོས་རང་ལ་བསྐུར་པའི་འཕྲིན་ཡིག་དེ་ཡོད་པ་མཐོང་ལམ་དུ་མངོན་པས་ཕར་ཕྱིན་ནས་ལག་ཏུ་བླངས། འཕྲིན་ཡིག་དེ་མོའི་ལག་ཏུ་འབྱོར་ནས་དུས་ཡུན་རིང་བོ་ཞིག་འགོར་མེད་ནའང་། མོས་སྔ་ཕྱི་ལན་འགའ་ལ་བལྟས་ཟིན། ལྟ་གྲངས་མང་བས་བརྗོད་དོན་མཐའ་དག་མོའི་བློར་འགྲོ་ཡང་། ད་ནི་ཡང་བསྐྱར་སེམས་ཞིབ་མོས་ལན་གཅིག་བལྟ་དགོས་བྱུང་། ཡི་གེ་འབྲི་སྟངས་ནི་སྔར་ལྟར་ཡིན་ལ། དུངས་སེམས་མཚོན་སྟངས་ཀྱང་སྔར་བཞིན་འགྱུར་བ་མེད། འགྱུར་བ་གསར་བ་ཞིག་ཡོད་པ་ནི་ད་ལོའི་དབྱར་གནང་སྐབས་སུ་སྡེ་ཁག་གཞུང་ནས་ཁོ་ཚོ་སློབ་མ་སྐོར་ཞིག་རྩ་འཛུགས་བྱས་ནས། ཀན་ལྷོའི་ཕྱོགས་སུསྤྱི་ཚོགས་དངོས་ཞུགསལ་འགྲོ་བའི་བྱ་འགུལ་ཞིག་སྤེལ་བཞིན་པར། ཁྱོད་མི་འཐད་ཚེ་དབྱར་གནང་བཏང་མ་ཐག་ཕ་ཡུལ་དུ་ལྡོག་རྒྱུ་ཡིན་པ་དང་། འཐད་ཚེ་བྱ་འགུལ་ནང་ཞུགས་རྒྱུ་ཡིན་པ་བཅས་གྲོས་སྡུར་བའི་ཚུལ་དུ་བྲིས་འདུག

དོན་འདི་འདྲ་ལ་གྲོས་སྡུར་རྒྱུ་ཅི་ཞིག་ཡོད་དམ།

མོས་དེ་ལྟར་ཁེར་ལབ་ཅིག་བྱས་རྗེས། དལ་བ་དལ་བུར་ཕར་སོང་ནས་སྔར་གྱི་འདུག་སྟེགས་སོ་མ་དེའི་སྟེང་དུ་ཙོག་བྱུང་ལ། ཙོག་ནས་ལུས་པོ་ཇེ་བདེར་གཏོང་ཙམ་བྱས་རྗེས། མདུན་ཅོག་འགྲམ་ལས་ཤོག་བུ་དང་སྨྱུ་གུ་བླངས་ནས་འཕྲིན་ལན་འབྲི་མགོ་བརྩམས།

1981ལོའི་ཟླ4པའི་ཚེས15ཉིན། གཟའ་ལྷག་པ། གནམ་ངོ་དྭངས།

དེ་རིང་ཕྱི་དྲོར། བརྩོན་འགྲུས་རྒྱ་མཚོས་སློབ་གྲྭའི་དགེ་རྒན་ཚོར་མཁོ་བའི་རྒྱ་ཡིག་དང་རྩིས་རིག་གི་ཟུར་ལྟའི་དཔྱད་གཞི་བསྐུར་ཡོང་བས། སང་ཉིན་དུས་ལྟར་ཁོ་ཚོའི་ལག་ལ་འཕྲོད་དུ་འཇུག་དགོས། ཉིན་འདི་དག་ནང་རང་ལ་བྱ་བ་མང་བས་བརྗེད་འགྲོ་ནའང་ཐང་།

དཔེ་དེབ་དེ་དག་དང་འགྲོགས་ནས་འཕྲིན་ཡིག་ཅིག་ཀྱང་བསྐུར་འདུག དོན་བཟང་གི་འབྲས་བུ་གང་ལེགས་ཚིག་རྒྱན་གྱི་ལོ་མས་སྤྲས་ཡོད་པས་ཡང་ཡང་བལྟ་དགོས་བྱུང་། དོན་དག་གསར་བ་ཞིག་གླེང་འདུག་པ་ནི། དབྱར་གནང་གི་སྐབས་སུསྤྱི་ཚོགས་དངོས་ཞུགསལ་འགྲོ་དགོས་ཟེར་བས། འགྲོ་རུ་བཅུག་ན་བཟང་ངམ་མི་བཟང་།

མི་བཟང་རྒྱུ་ཅི་ཞིག་ཡོད་དམ། བུད་མེད་ཚང་འདི་ཕྲག་དོག་ཆེ་ཟེར་བ་ངོ་མ་བདེན་པར་འདུག སློབ་གྲྭས་རྩ་འཛུགས་བྱས་པ་ལ། སློབ་གསོའི་དམིགས་ཡུལ་ཡོད་ངེས་ཡིན། སང་ཕྱིན་ཁོ་ལ་ཕན་པའི་བྱ་བ་གང་ཞིག་ཡིན་ཡང་། རང་གིས་ཐེ་གཏོགས་བྱས་ན་མི་འགྲིག རང་ལ་ཐེ་གཏོགས་བྱེད་པའི་དབང་ཆ་མེད།

ཕྱི་དྲོའི་སློབ་ཐུན་གཉིས་པ་ཚོགས་ནས་ཅང་མ་འགོར་བར། སློབ་གྲྭའི་གོང་རོལ་ནས་རླངས་འཁོར་གྱི་སྒྲ་ཞིག་གྲག་བྱུང་བས། གངས་ལྷ་མེ་ཏོག་འགྲོས་མྱུར་མོའི་ངང་སྟེང་ཕྱོགས་སུ་རྒྱལ་དར་ལྷབ་ལྷུབ་སྐྱོད་པའི་སྒོ་ཆེན་ལས་ཕྱི་རུ་བུད། གསར་དུ་ལས་ནས་དུས་ཡུན་རིང་བོ་འགོར་མེད་པའི་སློབ་གྲྭའི་གོང་གི་གཞུང་ལམ་བརྒྱུད་ནས་རང་གི་ཨ་ཕ་རྒྱུན་དུ་སྡོད་པའི་པེ་ཅིན་རྟགས་ཅན་གྱི་འཇེབ་འཁོར་སེར་སྐྱ་དེ་འདྲ་ཞིག་ཤོར་ནས་བུད་ཡོང་ལ། མོ་དང་གོམ་པ་བཞི་ལྔའི་བར་དེར་ཏན་སེར་བསྡད་བྱུང་། ཡིན་ནའང་རླངས་འཁོར་ཆུང་བ་དེ་ལས་འབབ་མཁན་ནི་རང་ཉིད་དང་ཆེས་ཉེ་བའི་མི་དེ་མ་ཡིན་པར། རང་ལ་བྱ་བའི་ཐད་རྒྱབ་སྐྱོར་བླ་ལྷག་བྱེད་པའི་རུ་ཆེན་གྱི་ཧྲུའུ་ཅི་གཉིས་ཡིན་ལ། ཁོ་གཉིས་ཀྱི་རོགས་སུ་ཁོག་སྟོད་དུ་རྒྱ་ལྭ་ཁམ་སྨུག་གྲ་དག་གསོལ་བའི་བླ་མ་ཨ་ཚོགས་ཚང་བློ་བཟང་སྙན་གྲགས་ཀྱང་བྱོན་འདུག ཁོང་ཉིད་ཁ་ལོ་པ་དར་མ་དེས་བསྐྱོར་ནས་ཐང་ལ་བབས་ཡོང་། དགུང་ལོ་ཧྲུའུ་ཅི་གཉིས་དང་ཕལ་ཆེར་མཉམ་ནའང་། ཁོང་ནི་ཞལ་རས་དཀར་ལ་གཟུགས་སྟོབས་ཆེ་ཐོག སྐུ་ལུས་རྒྱགས་པས་ཟོ་མདོག་ཧ་ཅང་བཟང་། ད་ནི་ཞབས་དེ་འདྲ་མི་བདེ་བས། ཡོང་རོགས་གསུམ་པོས་སྐྱོར་བ་འདྲ་ཞིག་བྱས་ཏེ་ཕེབས་ཡོང་།

ཁོང་ཉིད་མཐོང་མ་ཐག་ཏུ། གངས་ལྷ་མེ་ཏོག་ལ་བྲེལ་ཚུབ་སྔར་བྱུང་མ་མྱོང་བ་ཞིག་སྐྱེས་པས། ངག་འཇམ་པོའི་ངངཁྱེད་རྣམ་པ་ཕེབས་པ་ཡིན་ནམ། ནང་དུ་ཕེབས་ཤིགཟེར་ནས་ཁོ་ཚོའི་མདུན་བསུས།

ཡིན་ཡིན། སློབ་གཙོ་བདེ་མོ་ཡིན་ནམ།

བླ་མ་ཚང་གིས་འགྲགས་ཤིང་སྦོམ་པའི་སྐད་ཀྱིས་མོ་ལ་འཚམས་འདྲི་གནང་འོངས།

ཡིན་ལགས། ཁྱེད་ལ་སྙུང་གཞི་འདྲ་མ་ཕོག་གམ། ཐུགས་བདེ་བར་ཡོད་དམ།

མོས་ཀྱང་དེ་ལྟར་འཚམས་འདྲི་བྱེད་ཞོར། ཁོང་རྣམ་པ་གདན་དྲངས་ནས་ལྷས་གོང་མར་ཕྱིན། དེ་གར་སླེབས་པརངའི་ཁང་བའི་ནང་ཕེབས་རྒྱུ་ཡིན་ནམ། འདི་གར་བཞུགས་རྒྱུ་ཡིནཞེས་བློ་ཁ་བསྡུར་བར།

བླ་མ་ཚང་གིས་ཕྱོགས་བཞིར་གཟིགས་ཙམ་བྱས་པ་དང་། དེ་ནས་ཙན་དན་དཀར་པོའི་སྡོང་བོར་གཟིགས་ཞོར་དུདེ་རིང་ནམ་ཟླ་ཧ་ཅང་བཟང་ལ། སྡོང་འོག་འདི་སྐྱིད་པར་བསམས་པས། འདི་གར་སྡོད་པར་བྱཞེས་གསུངས་བྱུང་།

འོ་ན་ཁྱེད་ཅག་གིས་ཅུང་ཙམ་སྒུག་རོགས་ཞུ། ང་འགྲོ་ལ་སྟན་འགའ་ཁྱེར་ཡོང་།

མོས་དེ་ལྟར་བརྗོད་འཕྲལ་ཉལ་ཁང་དམིགས་ནས་བརྒྱུགས།

ཅང་མ་འགོར་བར་གངས་ལྷ་མེ་ཏོག་གིས་རས་སྟན་སོ་མ་གཅིག་དང་རྙིང་བ་གསུམ་ལས་གཞན། ལག་ཕྱིས་སོ་མ་གཅིག་བཅས་ཁྱེར་ཡོང་ནས་རྡོ་ཡི་སྟེགས་བུ་དེ་དག་འབྱིད་ཙམ་བྱས་ནས་རས་སྟན་དག་ལེགས་པར་བཏིངས་རྗེས། རྡོ་ཡི་མདུན་ཅོག་གྲུ་བཞི་མ་དེ་ཡང་གཙང་མར་ཕྱིས།

བླ་མ་ཚང་གོང་ནས་མར་ལ་འཁོར་ཏེ་བཞུགས་སོང་བར། ཧྲུའུ་ཅི་གཉིས་ཀ་ཁོང་གི་ཞོལ་དུ་ཁ་སྤྲོད་བྱས་ནས་ཙོག་བྱུང་། དེ་ནས་ཡུད་ཙམ་བསྡད་རྗེས་བླ་མ་ཚང་གིསསྔོན་ཆད་ཡིན་ན་འུ་གསུམ་པོ་ནིན་ཐོག་གཅིག་གི་མི་དང་། རྟ་ཐོག་གཅིག་གི་རྟེའུཡིན་ཡང་། ད་ནི་འུ་ཅག་རྒ་བའི་ཁུར་གྱིས་མནན་ཟིན། འདང་རེ་བརྒྱབ་ན་མི་ནོན་པ་ག་ལ་སྲིད། དེའི་དུས་ང་ལ་ཁྲི་སྟོན་བྱེད་སྐབས་སྡོང་བོ་འདི་སྐེ་ཤིང་ཙམ་གྱི་སྦོམ་ཕྲ་ལས་མེད། ད་ལྟ་ལག་ཆགས་ཏེ་ཟོ་བ་ཙམ་དུ་སྐྱེས་འདུག མི་ཚེ་ནི་ཅི་འདྲའི་ཐུང་བ་ལ་ཨངགསུང་ཞོར་ཤུགས་རིང་ཞིག་ཀྱང་འཐེན་འོངས།

རེད་རེད་རེད། སྡོང་བོ་འདི་ལག་ཆགས་པ་དངོས་གནས་མགྱོགས། སྔོན་ཆད་ཁྱེད་ཚང་གི་ནང་ཆེན་གྱི་རྒྱན་ཡིན་ལ། ད་ནི་སློབ་གྲྭའི་རྒྱན་དུ་གྱུར་ཡོད། ས་ཆ་ཡུལ་ཕྱོགས་གང་ནས་བལྟས་ཀྱང་སྐྱེ་སྟོབས་ཀྱི་དཔལ་འབར་བར་འདུག

སྡོང་བོའི་སྐྱེ་སྟོབས་ལས་ཀྱང་ང་ཚོ་ས་ཆའི་འཕེལ་རྒྱས་མཚོན་ཐུབ། རྗེས་སུ་ད་རུང་སློབ་མ་མང་བོས་ཕྱོགས་ཡར་མར་ལ་རྒྱུགས་འཕྲོད་རྒྱུ་རེད། ས་ཆ་འདི་རུ་ལས་བྱེད་པ་མང་བོ་འབུད་རྒྱུ་རེད།

ཧྲུའུ་ཅི་གཉིས་ཀྱིས་བླ་མ་ཚང་གི་ཁམས་དང་བསྟུན་ནས་ཁ་བརྡ་བྱས་འོངས་པ་དེ། གངས་ལྷ་མེ་ཏོག་གིས་ཉལ་ཁང་གི་སྒོ་མོ་བརྒྱུད་ནས་ཐོས་པར་གྱུར། མོས་ཁོ་གསུམ་པོའི་ཇ་ཕོར་ནང་ཇ་ལྡུག་དུས་ལག་པ་དབང་མེད་དུ་འདར་བྱུང་། སེམས་སུ་བླ་མ་ཚང་ནི་ད་ལྟ་རྫོང་སྲིད་གྲོས་ནང་བཞུགས་སུ་གསོལ་ནའང་། ན་ནིང་ནས་བཟུང་དགོན་ཤུལ་དང་སློབ་གྲྭའི་ནང་ལན་འགའ་རེར་ཕེབས་འོངས། ཕེབས་ནས་ཀྱང་ད་ལྟའི་བར་དགོན་པ་སླར་གསོ་བྱེད་པ་དང་། གྲྭ་པ་ཇེ་མང་དུ་གཏོང་བ། གྲྭ་ཤག་འཆར་གཞི་ཡོད་པའི་སྒོ་ནས་ལས་པ་སོགས་ཀྱི་ཁ་བརྡ་ལས། སློབ་གྲྭ་གཞུང་ནས་ནང་ཆེན་མྱུར་དུ་ཕྱིར་སྤྲོད་དགོས་པའི་ཐད་ཀྱི་གསུང་ཚིག་ཅི་ཡང་འབྱོན་མ་བྱུང་། དེ་ནི་གནས་སྐབས་སུ་མ་གསུངས་པ་མ་གཏོགས། ནམ་ཉི་མ་ཞིག་ལ་གསུང་ངེས་པ་ཁོ་ཐག་ཡིན། ཧྲུའུ་ཅི་གཉིས་ཀ་བོས་ཡོད་ཚུལ་ལ་བརྟགས་ན། དོན་དེ་དེ་རིང་གླེང་རྒྱུ་ཡིན་པ་ཐག་གིས་ཆོད། གླེངས་བྱུང་ཚེ་དགེ་སློབ་ཚང་མ་གང་དུ་གནས་སྤར་དགོས་པ་ཡིན་ནམ། འདིའི་ཡན་གྱི་སློབ་གནས་མེད་པས་གཞན་དུ་སྤར་ན་བཟང་ངེས་སམ། མོས་ཇ་ཕོར་ནང་ཇ་ལྡུག་ཞོར་དུ་དེ་ལྟར་སེམས་ཁྲལ་བྱས།

ཁོང་རྣམ་པར་ཇ་དྲངས་ཏེ་རང་གནས་སུ་བདེ་བར་ཙོག་ནའང་། མོས་རང་གི་བྱིན་པ་ནི་ཆུ་ནང་གི་ཟླ་གཟུགས་ལྟར་བར་མེད་དུ་འདར་བཞིན་པ་གསལ་བོར་ཚོར།

མཚམས་དེར་བླ་མ་ཚང་གིས་རང་གི་བཞུགས་སྟངས་ཇེ་བདེར་གཏོང་ཙམ་བྱས་རྗེས། སེམས་ལྷོད་པའི་ངངཅུས་ཀྲང་འཇིགས་མེད་རབ་བརྟན་ཕ་བུ་གཉིས་ནི་ང་ཚོའི་ལུང་ཁོག་འདིར་བཀའ་དྲིན་ཤིན་ཏུ་ཆེ། ང་ལ་མཚོན་ན་ས་ཆ་འདིར་ཤེས་ལྡན་མི་སྣ་སྐྱོང་བའི་ནུས་པ་མེད་སོང་། དགེ་རྒན་རྣམ་པ་ཚོས་སློབ་བུ་མང་བོ་བསྐྱངས་ནས་ཡོད། ལྷག་པར་སློབ་གཙོ་གངས་ལྷ་མེ་ཏོག་ནི་སྐྱེས་མ་ཞིག་ཡིན་ནའང་། སྐྱེས་པ་ཚོ་ལས་ཀྱང་ལྷག་པའི་བྱས་རྗེས་མང་བོ་བཞག་དང་འཇོག་བཞིན་འདུག ན་ནིང་དོ་ཚིགས་སློབ་མ་མང་བོས་ཁུལ་ཐོག་གི་སློབ་གྲྭ་སོ་སོར་རྒྱུགས་འཕྲོད་བཞིན་མཆི་ཟེར་བས། ང་སེམས་གཏིང་ནས་དགའ་ཡོདཅེས་གསུངས་འོངས་ལ། དེ་ནས་ཤེལ་ཕོར་ནང་གི་ཇ་ལ་ཕུ་འདེབས་ཙམ་བྱས་ནས་བཞེས་འཕྲལ། ཡང་འཇམ་པའི་ངག་གིསགོ་ཐོས་སུ་ཁྱོད་ཀྱིས་ད་དུང་ཕུལ་བྱུང་དགེ་རྒན་ཚོར་བྱ་དགའ་སྟེར་བཞིན་འདུག་ཟེར་བས། སྒྲུབ་སྟངས་དེ་ཧ་ཅང་ཡག སློབ་གྲྭ་ཞིག་འཁྱོངས་དགོས་ན་ཐོག་མར་དགེ་རྒན་བཟང་བོ་ཡོད་དགོས། དེ་ནི་དགོན་པ་གང་དུ་མཁན་པོ་དགེ་བའི་བཤེས་གཉེན་གྲགས་ཅན་བཞུགས་ན། གནས་དེ་གའི་ལུང་རྟོགས་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་འཕེལ་འགྲོ་བ་དང་མཚུངས། དེར་བརྟེན། དགེ་རྒན་ཚོའི་བྱ་དགའི་འགྲོ་གྲོན་ཅི་ཡོད་ད་ལོ་ནས་བཟུང་ངས་གཏོང་རྒྱུ་ཡིན། གཞན་སློབ་གྲྭར་དཀའ་ཁག་ཅི་ཡོད་ང་ལ་དུས་ཐོག་ཏུ་ཡར་ཞུ་བྱོས་དང་། ངས་སྒྲུབ་ཐུབ་པ་ཞིག་ཡིན་ན་འཐུས་ཤོར་དུ་གཏོང་མི་སྲིདཅེས་གསུངས་མ་ཐག གངས་ལྷ་མེ་ཏོག་གིས་ཅི་ཞིག་ཞུ་བའི་ཚུལ་ལ་བསྒུགས་ནས་བསྡད་སོང་།

རིན་པོ་ཆེ་ཚང་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་སློབ་སྐབས་སྔོན་མར་ཡང་དགེ་རྒན་ཡོངས་ལ་འབྲི་དེབ་དང་སྨྱུ་གུ་མང་བོ་རིན་མེད་དུ་གནང་བྱུང་། ང་ཚོའི་སློབ་གྲྭར་གོ་མང་བོ་ཆོད་ཡོད། དེའི་རྐྱེན་གྱིས་ད་དུང་འདི་དགོས་དང་ཀན་དགོས་ཞེ་ན་ངག་ལས་འཁྲོལ་དཀའ། ལྷག་པར་དེ་རིང་ཡང་དགེ་རྒན་ཚོར་བྱ་དགའ་སྟེར་བའི་འགྲོ་གྲོན་མཆོག་ཉིད་ནས་གཏོང་ཞེས་ཁས་བླངས་པས། ང་ཚོ་ལ་འདིའི་ཡན་གྱི་རོགས་ཅི་ཞིག་དགོས་སམ། ཁྱེད་ལའང་འགན་ཁུར་ལྕི་བ་ང་ཚོས་ཤེས་ཡོད། ཚོགས་ཆེན་འདུ་ཁང་ཁོ་ནར་འགྲོ་སོང་ཅི་འདྲ་གཏོང་བཞིན་པ་དད་ལྡན་མང་ཚོགས་ཀྱི་ཁ་ན་རླུང་ལྟར་གྲག་པ་བཞིན་ཡིན། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།

གངས་ལྷ་མེ་ཏོག་གིས་དེ་སྐད་རྗོད་དུས་བླ་ལྷག་ཏུ་འཚབ་སོང་སྟེ། འཚབ་ནས་སྐད་ངག་ཅུང་འདར་བྱུང་བར་མ་ཟད། མུར་ཀོང་ནས་རྔུལ་ཆུ་ཙིག་ཙིག་ཏུ་འཛུམ་ཡོང་།

ཚུལ་དེ་མཐོང་བས་ཧྲུའུ་ཅི་ལྕགས་ཐར་གྱིས་ངག་སྒོ་བསལ་ཙམ་བྱས་འཕྲལརིན་པོ་ཆེ་ཚང་གི་གསུང་ལ་ནོར་བ་ཞིག་ག་ལ་ཡོད། སློབ་གཙོ་འདིས་སློབ་གྲྭ་འདིར་སྡུག་མ་མྱངས་པའི་བསམ་པ་མེད། དགེ་སློབ་ཡོངས་ལ་ཤ་མ་ཚ་བའི་བསམ་པ་མེད། ཤ་ཚ་བའི་རྐྱེན་གྱིས་ལོ་འདི་དག་ནང་འབྲས་བུ་མངོན་གསལ་བླངས་ཤིང་མཚན་སྙན་ཕྱོགས་སུ་མཆེད་སོང་། སློབ་གྲྭའང་མངོན་གསལ་གྱིས་འཕེལ་རྒྱས་བྱུང་འདུག སློབ་གྲྭ་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ལ། བླ་མ་ཚང་གིས་གཟིགས་སྐྱོང་གནང་བཞིན་པའི་སྒང་འདིར། གོང་རིམ་ནས་ཆོས་ལུགས་སྲིད་ཇུས་དངོས་འབེབས་ཀྱི་ཚོགས་འདུ་ཡང་བསྐྱར་ཚོགས་པ་རེད། དེ་རིང་སྔ་དྲོ་ཚོགས་པ་ཡིན། ཚོགས་ཐོག་ཏུ་དགོན་པའི་ས་ཆ་ཕྱིར་དགོན་པར་སྤྲོད་དགོས་ཚུལ་ལབ་བྱུང་། བླ་མའི་སྒར་ཁ་ཕྱིར་བླ་མར་བསློག་དགོས་ཚུལ་བརྗོད་ཡོངཞེས་སྨྲ་ཞོར་གངས་ལྷ་མེ་ཏོག་ལ་བལྟས་ཙམ་བྱས་རྗེས། ཡང་མུ་མཐུད་དུཨ་ཕས་བསྒྲུབས་པའི་སློབ་གྲྭ་སྤར་དགོས་ཟེར་ན། བུ་མོས་བསྐྱངས་པའི་སློབ་གྲྭ་བསྣུར་དགོས་ཟེར་ན། མི་སུ་ཞིག་ཡིན་རུང་གློ་བུར་དང་ལེན་བྱེད་དཀའ་བ་ཡིན། བསྣུར་འདོད་མེད་པའི་ཀུན་སློང་སྐྱེས་སྲིད། ཡིན་ནའང་སློབ་གྲྭའི་མ་འོངས་པའི་མདུན་ལམ་ལ་བསམ་བློ་བསྐོར་ཚེ། བསྣུར་དགོས་པ་ནི་སྔ་རུང་འཕྱི་རུང་གི་དོན་དག་ཡིན་པས། ངེད་གསུམ་པོ་ཆེད་དུ་སློབ་གཙོ་ཁྱོད་ལ་དོན་འདི་ཞུ་རུ་ཡོང་བ་ཡིན། གྲོས་ཁ་བྱེད་དུ་ཡོང་བ་ཡིནཞེས་ཚིག་རྔ་བསྡུམས།

གྲོགས་པོའི་གཏམ་ལ་སྐྱོར་མ་འདེགས་སླད། ཧྲུའུ་ཅི་སངས་རྒྱས་སྐྱབས་ཀྱིས་ཀྱང་མཆིལ་མ་ཞིག་སྒོག་གེར་མིད་རྗེསལྕགས་ཐར་གྱིས་བཤད་པ་དོན་ལ་གནས་འདུག སྐད་ཆ་དེ་དག་ང་ཚོ་ས་ཆའི་དངོས་ཡོད་དང་མཐུན་པ་རེད། འཇིག་རྟེན་གཏམ་ལའངརྒྱལ་པོའི་བཀའ་ལ་ཡར་བཟློག་མེདཟེར་བ་བཞིན། གོང་རིམ་ནས་སྲིད་ཇུས་བུད་ཡོང་ན། ང་ཚོས་ལག་བསྟར་མི་བྱེད་ས་མི་འགྲོ། སློབ་གྲྭའི་ས་གནས་འདི་ཅི་ཡང་མ་རེད། སྒོ་ར་སྡེ་བའི་ཚལ་ར་ཡི་མུའུ་དེ་འདྲ་བོ་དགོན་པ་གཞུང་ལ་སྤྲོད་དགོས་པར་འདུག ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་སྟེར་དགོས་ཟེར། དེ་བས་གངས་ལྷ་མེ་ཏོག་ཁྱོད་ཀྱིས་ཀྱང་བསམ་ཤེས་སྒོམ་རོགས། བསམ་བློ་ཞིབ་མོ་གཏོང་རོགས། ང་ཚོ་ཤར་ལུང་ཚོ་དྲུག་ལ་ཡོད་པ་ནི་ས་སྟོང་ཡིན། རུ་ཁག་དྲུག་པོའི་དཀྱིལ་གྱི་ས་སྟོང་གང་ཞིག་བཟང་བར་བསམས་ན། ཁྱོད་ཚོ་དགེ་རྒན་ཚོས་དེ་འདེམ་རོགས། གཏན་ཁེལ་བྱུང་ཚེ། ས་དེ་སློབ་གྲྭ་གཞུང་ནས་མ་ལོན་ན་ངེད་གསུམ་པོ་བཙལ་ཆོག ཆུ་འདྲེན་མ་ཐུབ་ན་ངེད་གསུམ་པོར་ལྟོས་ཆོགཅེས་ཁས་ལེན་དམ་བཅའ་འདྲ་བ་ཞིག་བྱས་འོངས།

བར་དེར་བླ་མ་ཨ་ཚོགས་ཚང་གིས་ཀྱང་ཅི་ཞིག་གསུང་འདོད་པ་ལྟར་གློ་ལུ་ཞིག་བྱས་པ་དང་འབྲེལ་ནསསློབ་གཙོ། ཁོ་གཉིས་ཀྱིས་བཤད་པ་ཅུང་ཐལ་ཆེ་བར་འདུག དེ་རིང་ང་ཚོ་སློབ་གྲྭའི་ནང་ཡོང་དོན་ནི་གོང་རིམ་གྱི་སྲིད་ཇུས་དང་དེ་རིང་སྔ་དྲོའི་ཚོགས་འདུའི་ནང་དོན་ཁྱོད་ལ་བརྒྱུད་སྒྲོག་བྱེད་པ་ལས་གཞན། སློབ་གནས་གསར་བར་སྤར་རྒྱུར་སྔ་མོ་ནས་འདང་བརྒྱབ་ན་བཟང་ཟེར་བ་ལས། དུས་ཡུན་ཐུང་ངུའི་ནང་སྤར་དགོས་ཟེར་བའི་ནང་དོན་མེད། རྒྱུ་མཚན་ནི་ང་ད་དུང་ལོ་འགའི་ནང་ལས་འཁྱུར་ངལ་གསོ་བྱེད་མི་ཐུབ་ལ། བཟའ་ཟླའང་གཞན་དབང་ནད་ཀྱིས་ཟིན་ནས་ཡོད་ཀྱང་། མྱུར་དུ་མུན་ནག་ཕྱི་མར་བུད་འགྲོ་བ་དེའི་སྐོར་མིན་པ་དང་། བུ་གཅིག་ཡོད་པས་ད་ལྟ་བསམ་ཤེས་ནས་དབུས་གཙང་ཕྱོགས་སུ་ལག་རྩལ་སྦྱོང་དུ་ཕྱིན་འདུག་སྟེ། དུས་ཡུན་རིང་བོ་མི་འགོར་བར་ཡོང་ངེས་ཟེར་བས། ཁྱོད་ཚོར་ལོ་གཅིག་གཉིས་ནང་སློབ་གནས་བཙལ་པ་དང་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་དུས་ཚོད་ཡོད། ཁྱོད་ལ་སེམས་ཀྱི་གནོན་ཤུགས་ཡོད་མི་རུང་། ཐོས་བྱུང་ངམཞེས་གསུང་གི་མཐའ་ལ་དྲི་བ་ཞིག་ཀྱང་འདོན་པར་བྱེད།

ཐོས་བྱུང་། གངས་ལྷ་མེ་ཏོག་གིས་དེ་སྐད་སྨྲ་དུས་ཡུན་རིང་སྨད་ནས་བསྡད་པའི་མགོ་བོ་ཡར་བཀྱགས་འོངས་ལ། ལག་གཡས་པས་མུར་གོང་ཐད་ཀྱི་རྔུལ་ཆུ་འབྱིད་ཙམ་བྱས་འཕྲལ། ལྷོད་བག་ལྡན་པའི་ངངངས་ད་ཅི་ཁྱེད་གསུམ་པོ་མཐོང་མ་ཐག་ཏུ་སློབ་གནས་ཀྱི་དོན་དེ་གླེང་ངེས་པ་རྟོགས་ཡོད། རྟོགས་པའི་རྐྱེན་གྱིས་ང་ལ་གར་ཡོང་མི་ཤེས་པའི་འཚབ་སྣང་ཞིག་སྐྱེས་བྱུང་། དྲང་མོར་བཤད་ན་ངས་ཀྱང་དེའི་ཐད་དུ་ད་དུང་འདང་ཞིབ་མོ་བརྒྱབ་མེད། དགེ་རྒན་རྣམས་ལའང་དེའི་སྐོར་གྲོས་བྱས་མ་མྱོང་། འདང་མ་བརྒྱབ་པ་དང་གྲོས་མ་བྱས་པའི་རྐྱེན་གྱིས་གློ་བུར་དོན་འདི་གླེང་ཚེ་ཅི་ཞིག་བཤད་དགོས་པའང་མི་ཤེས། ཡིན་ནའང་ཤེས་ངེས་པ་ཞིག་ནི་བླ་མའི་ནང་ཆེན་བླ་མར་ཕྱིར་སྤྲོད་དགོས་པ་དེ་ཡིན། ཕྱིར་མ་སྤྲད་ན་མི་འགྲིག་པ་དེ་ཡིན། ད་ལྟའི་བར་སློབ་གྲྭས་བཀོལ་སྤྱོད་བཟང་བོ་བྱེད་ཐུབ་སོང་བ་དེ་ཡིན། དེ་འདྲའི་དབང་གིས་འདས་པའི་ལོ་ཟླའི་ནང་ཁྱེད་རྣམ་པ་ཚོས་ང་ལ་རྒྱབ་སྐྱོར་མ་བྱས་པའི་བསམ་པ་མེད། སློབ་གྲྭར་རོགས་རམ་མ་བྱས་པའི་བསམ་པ་མེད། མེད་པའི་རྐྱེན་གྱིས་སློབ་གནས་འདེམ་པའི་དོན་འདི་ཡང་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ན་བཟང་། རུ་ཁག་སོ་སོའི་རུ་གཙོ་ཚོར་ཡང་ཤེས་སུ་བཅུག་ན་བཟང་། དགེ་རྒན་ཚོར་ཤེས་སུ་བཅུག་ན་བཟང་། མདོར་ན་ཤར་ལུང་ཚོ་དྲུག་གི་སློབ་གསོ་ལ་ཉག་མི་ཤོར་བའི་སློབ་གནས་ཤིག་བཙལ་རྒྱུ་ནི་གལ་ཆེ་སྙམཟེར།

རེད་རེད་རེད། དེ་འདྲ་ཡིན་ན་ང་ཚོ་སེམས་བདེ་སོང་བ་ཡིན། རུ་ཁག་སོ་སོ་དང་རུ་གཙོ་ཀུན་པོའི་བསམ་འཆར་ལེན་རྒྱུའི་བྱ་བ་དེ་ངེད་གཉིས་ཀྱིས་བསྒྲུབ་ཆོག སློབ་གྲྭ་འདི་དང་ཡན་ལག་སློབ་གྲྭ་སོ་སོའི་དགེ་རྒན་ཚོའི་བསམ་འཆར་དེ་ཁྱོད་ཀྱིས་ལེན་རོགས། དོན་འདི་སྣང་ཆུང་བྱེད་མི་རུང་བའི་དོན་ཆེན་གྱི་སྐོར་ཡིན་པས། དུས་སྔ་མོར་གྲ་སྒྲིག་ཡོད་པའི་སྒོ་ནས་བསྒྲུབ་ན་བཟང་།

ལྕགས་ཐར་གྱིས་གངས་ལྷ་མེ་ཏོག་གི་ཚིག་རྗེས་མཐུད་ནས་དེ་ལྟར་ལབ།

མཚམས་དེར་ཁ་ལོ་པ་དར་མ་དེ་ལྷས་གོང་མར་ཡོང་སའི་བར་ཁྱམས་བརྒྱུད་ནས་ཐད་ཀར་བླ་མ་ཨ་ཚོགས་ཚང་གི་དྲུང་དུ་བཅར་ཏེ་སྙན་ལམ་དུ་ཤབ་ཤུབ་འགའ་སྨྲས་པར། ཁོང་གིས་བསམ་བློ་ཞིག་བསྐོར་རྗེས་སྐད་གདངས་སྔར་དང་འདྲ་བརཁོ་ཚོར་ཅུང་ཙམ་སྒུགས་ཟེར་རོགས། ང་ཡུད་ཙམ་ནས་བསླེབ་ཡོངཞེས་བཀའ་ཕབ་པ་ལ། ཁ་ལོ་པ་ནི་ད་ཅི་ཡོང་ས་བརྒྱུད་ནས་འགྲོས་མྱུར་མོས་ཕྱི་རུ་ཕྱིན་སོང་།

སློབ་གཙོ། ད་ངས་རོགས་བྱེད་དགོས་པའི་དོན་དག་གཞན་མེད་དམ། ཡོད་ན་ཤོད་ཅིག ངས་སྒྲུབ་ཐུབ་པ་ཞིག་ཡིན་ན་འཐུས་ཤོར་དུ་གཏོང་མི་སྲིད།

བླ་མ་ཚང་གིས་གངས་ལྷ་མེ་ཏོག་ལ་གཟིགས་ཙམ་བྱས་རྗེས། སྔོན་ནས་གསུངས་ཟིན་པའི་ཚིག་དེ་འདྲ་ཞིག་བསྐྱར་དུ་གསུངས་བྱུང་།

གངས་ལྷ་མེ་ཏོག་ཡར་ལངས་རྗེས་དོགས་མི་བདེ་བའི་ཉམས་དང་བཅསད་ལོ་དགུན་དུས་སུ་རྡོ་སོལ་རླངས་འཁོར་གང་འཕེན་ཐུབ་ན་ཧ་ཅང་བཟང་། ནམ་ཟླ་འཁྱག་དུས་སློབ་མ་ཚོ……ཞེས་ཚིག་རྔ་སྐྱོང་མ་ཐུབ་པར་ཧྲུའུ་ཅི་གཉིས་ལ་གཏད་ནས་རོགས་བྱེད་དགོས་པའི་རྣམ་འགྱུར་ཞིག་བསྟན་པ་ལ།

སངས་རྒྱས་སྐྱབས་ཀྱིས་མྱུར་དུརིན་པོ་ཆེ་ཚང་གིས་དོན་དེའི་ཐད་རོགས་སྐྱོར་བྱེད་ཐུབ་ན་དགེ་བ་ཕུན་སུམ་ཚོགས་པ་རེད། ན་ནིང་ཅུས་ཀྲང་འཇིགས་མེད་རབ་བརྟན་གྱིས་རྡོ་སོལ་རླངས་འཁོར་གང་འཕངས་པ་དང་། དགེ་སློབ་ཚང་མས་ར་ལུད་སོགས་དང་བསྲེས་ནས་ལྒང་ལི་ཆུང་ཆུང་འདྲ་བ་མང་བོ་བཟོས་པར་བརྟེན། དགུན་དུས་སློབ་ཁང་ཇེ་དྲོར་ཕྱིན་ནས་སློབ་མ་མང་ཆེ་ཤོས་ཀྱི་རྐང་ལག་མ་ཕྱིད། ངོ་མ་ཡ་མཚན་རེདཅེས་སློབ་གྲྭར་དགུན་དུས་རྡོ་སོལ་མཁོ་བའི་ཚུལ་དེ་ཇེ་གསལ་ལ་བཏང་ནས་བརྗོད་འོངས།

དེར་འདང་རྒྱག་མེད། ནམ་མཁོ་དུས་སྐད་འཕྲོད་དུ་ཆུགས་དང་། དུས་ལྟར་སྐྱེལ་ཡོང་ངེས།བླ་མ་ཨ་ཚོགས་ཚང་གིས་དེ་ལྟར་གཟབ་ནན་ངང་གསུངས་རྗེས། ཡང་གསལ་བཤད་ཀྱི་ཚུལ་དུད་དོན་དག་གཞན་མེད་ཚེ་ང་འགྲོ་རྒྱུ་ཡིན། གྲྭ་པ་སྐོར་ཞིག་གིས་སློབ་གྲྭའི་སྒོ་ཆེན་ཁར་བསྒུགས་འདུག་ཟེར་བས། ཁོ་ཚོར་དོན་དག་ཡོད་པ་འདྲཟེར་ཞོར་ཡར་བཞེངས་པ་ན། ཧྲུའུ་ཅི་གཉིས་ཀའང་མྱུར་མོར་ལངས་ཏེ་ཚུར་ཡོང་ནས་ཁོང་གི་དཔུང་བ་གཡས་གཡོན་ནས་སྐྱོར།

ཁོ་ཚོ་དལ་བ་དལ་བུར་སློབ་གྲྭའི་སྒོ་ཆེན་ཁར་སླེབས་དུས། དེ་གར་གྲྭ་པ་རྒན་གཞོན་བཅུ་ཕྲག་ཅིག་གིས་གཟན་སྐྱོར་དང་བཅས་ལག་ཏུ་ཁ་བཏགས་སྐྱ་ཤ་ལེ་བ་རེ་བཟུང་ནས་གྲལ་འཁྱོག་པོ་ཞིག་བསྒྲིགས་ཏེ་བསྒུགས་འདུག བླ་མ་ཚང་ཕེབས་པ་མཐོང་འཕྲལ། ཚང་མས་མགོ་བོ་སྒུར་ཞོར་གདངས་དབྱངས་གཅིག་གིསརིན་པོ་ཆེ་ཚང་སྐུ་བདེ་མོཞེས་འཚམས་འདྲི་བྱས།

བདེ་མོ་ཡིན། ཁྱོད་ཚོ་བདེ་མོ་ཡིན་ནམ།བླ་མ་ཚང་གིས་ཀྱང་ཁོ་ཚོར་འཚམས་འདྲི་གནང་བྱུང་།

བདེ་མོ་ཡིན།” ཁོ་ཚོས་སྔར་ལྟར་སྐད་གདངས་མཉམ་པོར་ལན་བཏབ།

མཐུད་ནས་གྲྭ་པ་རྒན་པ་ཚོ་སྔོན་དང་ལོ་གཞོན་ཚོ་གཞུག་ཏུ་བསྒྲིགས་ནས་བླ་མ་ཚང་ལ་མཇལ།

མཇལ་ཁ་གྲུབ་རྗེས། དེར་ཡོད་ཚང་མ་ཁོང་གི་རྗེས་འབྲངས་ནས་དགོན་པའི་ཚོགས་ཆེན་འདུ་ཁང་ཕྱོགས་སུ་སྐྱོད། ལྷ་ལྡན་དགོན་པའི་ཚོགས་ཆེན་འདུ་ཁང་ནི་སློབ་གྲྭའི་རྩལ་སྦྱོང་ར་བའི་གོང་ཏག་ཏག་ན་ཡོད་དེ། སློབ་གྲྭ་དང་འདྲ་བར་སྒོ་ཆེན་གྱི་ཁ་ནི་མདུན་གྱི་གྲམ་པའི་ཕྱོགས་སུ་གཏད་འདུག མི་འདྲ་ས་ཞིག་ཡོད་པ་ནི་ཐེམ་ཐོག་ཅིག་ཏུ་ཆགས་ཡོད་པས། ཐེམ་སྐས་དམའ་མོ་འགའ་བརྒྱུད་ཚེ་གཞི་ནས་སྒོ་ཆེན་ཁར་སླེབས་འགྲོ། ད་ལྟ་འདུ་ཁང་དེའི་ཕྱིའི་རྩིག་པ་ཡོངས་སུ་གྲུབ་ཐོག ནང་གི་ཀ་བ་དང་གདུང་མ་དག་ཀྱང་བསླངས་ཤིང་ལེགས་པོར་འཕངས་འདུག་པས། བཟོ་སྐྲུན་གྱི་ལས་ཚད་ཤིན་ཏུ་མགྱོགས་ཞེས་བཤད་ཆོག

ཏིང་ཏིང་། ཏིང་ཏིང་། ཏིང་ཏིང་།

སློབ་གྲྭ་གྲོལ་པའི་ཅོང་བརྡ་ནི་སྐྱི་བསེར་རླུང་གི་རྒྱུ་བ་དང་འགྲོགས་ནས་དེར་ཡོད་ཚང་མའི་རྣ་སྒོར་འབྱོར་ལ། མཐུད་ནས་གོ་བར་འགྱུར་བ་ནི་སློབ་མ་དག་གིས་བསྒྲགས་ཡོང་བའི་འུར་སྒྲ་སོགས་ཡིན། འུར་སྒྲ་དེ་ནི་རིམ་པར་སློབ་གྲྭའི་སྟོད་སྨད་གཉིས་སུ་མཆེད་སོང་སྟེ། རྒྱང་རིང་དུ་མཆེད་པ་དང་འགྲོགས་ནས་སློབ་གྲྭའི་ཁོར་ཡུག་ནི་འཇམ་ཐིང་ངེར་གྱུར།

བར་དེར་གངས་ལྷ་མེ་ཏོག་ནི་གྲྭ་པ་དག་གི་བར་གསེང་བརྒྱུད་ནས་བླ་མ་ཚང་གི་གམ་དུ་བཅར་རྗེས། སྐད་མགོ་དམའ་མོསརིན་པོ་ཆེ་ལགས། ང་ད་ལྟ་སློབ་སྦྱོང་ཞན་པའི་སློབ་མ་འགའ་རེར་ཟུར་ཁྲིད་དུ་འགྲོ་དགོས་པས། རྗེས་མར་མཇལ་ཡོངཞེས་ཞུས་པར། ཁོང་གིསདེ་ལྟར་བྱོས། དེ་ལྟར་བྱོས། དོན་དག་ཅི་ཡོད་དུས་ལྟར་འབྲེལ་བ་བྱོསཞེས་གསུངས་ནས་དགོངས་འཁྲོལ་གནང་བྱུང་།

གངས་ལྷ་མེ་ཏོག་ནི་སྔར་བཞིན་གྲྭ་པ་དག་གི་བར་གསེང་བརྒྱུད་ནས་མཐའ་ལ་བུད་པ་དང་། དེ་ནས་ཧྲུའུ་ཅི་གཉིས་ལ་གྱེས་ཚིག་འགའ་ལབ་རྗེས། ཐད་ཀར་ཚོགས་ཆེན་འདུ་ཁང་གི་སྒོ་ཆེན་བསྙེགས་ནས་ཕྱི་རུ་ཕྱིན་སོང་།

21

བརྩོན་འགྲུས་རྒྱ་མཚོ་རེབ་འདིའི་དབྱར་གནང་གི་སྐབས་སུ་ཕ་ཡུལ་དུ་ཡོང་མ་ཐུབ། ཁོ་ཕ་ཡུལ་ལ་ཡོང་མི་ཐུབ་དོན་ནི་ཁོ་དང་སློབ་གྲོགས་འགའ་སློབ་གླིང་གིས་རྩ་འཛུགས་བྱས་ནསསྤྱི་ཚོགས་དངོས་ཞུགསསུ་ཕྱིན་པའི་རྐྱེན་གྱིས་རེད།

དེ་ཡངསྤྱི་ཚོགས་དངོས་ཞུགསཞེས་པ་ནི་ཉིན་བཅོ་ལྔའི་དུས་ཀྱི་བྱ་འགུལ་ཆུང་ཆུང་ཞིག་སྟེ། ཟླ་སྔོན་མའི་ཚེས་ཉི་ཤུའི་སྔོན་ལ་མཇུག་བསྒྲིལ་ཟིན། སྣེ་ཁྲིད་དགེ་རྒན་དང་སློབ་གྲོགས་གཞན་དག་སོ་སོའི་གནས་སུ་ཕྱིར་ལོག་ཀྱང་། ཁོ་ནི་མདོ་སྨད་ཀྱི་དགོན་སྡེ་གྲགས་ཅན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཐའ་རུ་ལུས། ཁོ་འདི་ལྟར་ལུས་པ་ནི་སློབ་གྲོགས་ཡེ་ཤེས་ལྷ་མོར་འབྲེལ་བ་ཡོད་ལ། དགོན་པའི་དགེ་བཤེས་ཐུབ་བསྟན་འབྱུང་གནས་དང་ཡང་འབྲེལ་བ་ཤིན་ཏུ་ཆེ། འབྲེལ་བ་དེའི་འཁོར་རྒྱུན་ནང་ཁོས་དབྱར་གནང་གི་དུས་ཡུན་རིང་བོ་དེ་ཇི་ལྟར་མཇུག་རྫོགས་པར་ཉེ་བ་མ་ཚོར་ཏེ། ཚོར་ངོས་སུ་ལྷག་ཅིང་ཡིད་སེམས་མགུ་བའི་བྱ་བ་ཞིག་མཇུག་གྲུབ་པར་བྱས་པ་ནི། དགོན་པའི་དགེ་བཤེས་གང་དེའི་དྲུང་དུ《དབྱངས་ཅན་དགྱེས་གླུ》ཁ་ཚང་ཞུ་ཐུབ་སོང་བ་དེ་རེད།

ཉིན་དེའི་ནམ་ཟླ་ཧ་ཅང་བཟང་། མཁའ་ལམ་དུ་ཆུ་སྤྲིན་ལག་མཐིལ་ཙམ་ཡང་མཐོང་རྒྱུ་མེད་དེ། མཐོང་ལམ་དུ་མངོན་ཡོང་བ་ནི་གཡུ་ཡི་མཎྜལ་ཕྱིས་འདྲའི་སྔོ་བསངས་ཀྱི་ནམ་མཁའ་དེ་རེད། དྲོས་ཇ་འཐུངས་རྗེས་སུ། ཡེ་ཤེས་ལྷ་མོས་ཕྱི་སྐོར་ལ་འགྲོ་རྒྱུ་ཟེར་བས། ཁོ་གཉིས་དགོན་གྲོང་གཉིས་ཀ་འདྲེས་སའི་ལམ་སྣ་དེར་སོ་སོར་གྱེས། དེ་མ་ཐག་ཏུ་ཁོ་ནི་བསང་ཆུའི་ཕྱོགས་སུ་འཐེན་པའི་ལམ་སྐྱ་བོ་དེར་ཞུགས་ནས་དགོན་པའི་མདུན་རིའི་ནགས་འདབས་སུ་སོང་།

བརྩོན་འགྲུས་རྒྱ་མཚོས་ཉིན་དེར་རྒྱ་ལྭ་ཆ་ཚང་ཞིག་གོན་ཡོད་ཅིང་། མགོ་ལསྤྱི་ཚོགས་དངོས་ཞུགས་ཚོགས་ཆུངགིས་གཅིག་གྱུར་སྒོས་བྱིན་པའི་ཞྭ་མོ་ནག་པོ་ངང་མཆུ་ཅན་དེ་གོན་སྣང་ལ། ཁོག་སྟོད་དུ་ཡེ་ཤེས་ལྷ་མོས་སྐྱེས་སུ་ཕུལ་པའི་ཕུ་ཐུང་དཀར་པོ་གོང་གོར་ཅན་རང་གོན་འདུག ཁོག་སྨད་དང་རྐང་མགོར་ཁོ་ལྒང་ལི་རྩེ་བའི་ཚེ་ན་རྒྱུན་དུ་གོན་པར་དགའ་བའི་ལུས་རྩལ་པའི་ཆས་དག་གོན་ཡོད་པས། ཡང་ཟོར་ནམ་མཁའི་བྱ་དང་མཚུངསཞེས་པའི་ཟླ་ལ་ཆས་འདུག ཁོས་དེའུ་འབུར་ཞིག་གི་སྟེང་དུ་གསོམ་སྡོང་ཁེར་སྐྱེས་ཆེ་ལ་མཐའ་སྐོར་གྱི་རྩྭ་རྫོང་ཅུང་མཐུག་པའི་གནས་ཤིག་ཡོད་པ་ནི་དེ་སྔོན་དང་འདྲ་བར་བདམས་རྗེས། གྲིབ་མ་ཁེལ་སར་སྐྱིལ་མོ་ཀྲུང་དུ་ཙོག་ནས་མདུན་ཕྱོགས་ཀྱི་མཛེས་ལྗོངས་ལ་རོལ།

ཉམས་པ་སླར་གསོཡི་སྐབས་སུ་ཁེལ་ནས་དུས་ཡུན་རིང་བོ་མ་འགོར་བའི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནི་བཟོ་པོ་རྣམས་ཀྱི་ངག་གི་འུར་སྒྲ་དང་ལག་གི་རྡེག་སྒྲའི་ཁྲོད་ན་ལང་ཚོའི་གསོན་ཤུགས་རྒྱས་བཞིན་ཡོད་ལ། བསང་ཆུ་སྔོན་མོས་ལྷུང་ལྷུང་གི་སྒྲ་དབྱངས་བར་མེད་སྒྲོག་བཞིན་གྱ་གྱུའི་ཉམས་ཀྱིས་ལུང་ཁོག་དེའི་སྨད་ཕྱོགས་སུ་རྒྱུག་གིན་གདའ། ཆུ་བོའི་འགྲམ་ངོགས་དེ་མཐོ་དམའ་དང་ཆེ་ཆུང་མི་གཅིག་པའི་ཞིང་སས་བརྒྱན་འདུག་སྟེ། ཞིང་ས་གཤིན་པོའི་གཞི་རུ་སོ་ནམ་པ་དག་གིས་གྲོ་སོགས་རྔ་བར་བྱེད། སྐབས་རེར་ཁོ་ཚོའི་ལུས་ཀྱི་ངལ་དུབ་གསོ་བྱེད་ཀྱི་དམངས་གླུ་ནི《ཨ་ཞང་ལོ་ལོ》ཡི་དབྱངས་རྟར་བཀུག་ཡོང་བ་དེ་སྐྱི་བསེར་རླུང་གི་ཁུད་དུ་གཅུད་ནས་ཕྱོགས་དང་མཚམས་སུ་མཆེད་ཡོང་།

སྟོན་སྡུད་དུས་ཀྱི་ཡོ་ལང་དེ་འདྲ་ནི་རང་གི་ཕ་ཡུལ་དང་ཡང་ཅི་འདྲའི་མཚུངས་ཨང་། ཁོས་མིག་གིས་མདུན་ཐད་དུ་ལྟད་མོར་ལྟ་ཞོར། སེམས་ནང་ཡུལ་ཕྱོགས་གཉིས་ཀྱི་སྟོན་དུས་ཀྱི་རྣམ་པ་དེ་ལྟར་གོ་སྡུར་བྱས་པར། སེམས་ཁོང་དུ་རང་དབང་མེད་པར་ཕ་ཡུལ་ཤར་ལུང་ཚོ་དྲུག་རི་མོ་བཞིན་དུ་ཤར་ཡོང་། ཕ་མ་གཉིས་ཀྱིས་ད་ལྟ་ཅི་ཞིག་བྱེད་ཀྱིན་ཡོད་དམ། ཕུ་བོ་དང་སྲུ་མོ་གཉིས་ཀ་ད་ལྟ་ཅི་ཞིག་ལ་བྲེལ་བཞིན་ཡོད་ངེས། ལྷག་པར་དུངས་པའི་ཀྱོ་བ་ཐོག་མར་ཤོར་སའི་གངས་ལྷ་མེ་ཏོག་གིས་བར་སྐབས་འདིར་ཅི་ཞིག་བྱེད་ཀྱིན་ཡོད་དམ། ལྷ་འབུམ་རྒྱལ་ལྟ་བུའི་གསར་བུ་པྲ་ཆལ་རེ་གཉིས་ཀྱིས་མོ་ལ་ཐུབ་ཚོད་བཏང་མི་འགྲོའམ། ང་ནི་ཅི་ཞིག་ལ་དབྱར་གནང་སྐབས་སུ་ཕ་ཡུལ་ལ་མ་སོང་བར་འདི་གར་ཡོང་བ་ཡིན་ནམ།

དྲི་བ་མང་བོ་ཞིག་བར་སྐབས་དེར་མདའ་མོ་ནང་བཞིན་ཤོར་ཡོང་ནས་ཁོའི་ནང་སེམས་ཀྱི་འབེན་ལ་གོ་མཚམས་མེད་པར་ཟུག་སྟེ་ན་ཟུག་བར་མེད་བསླངས། ན་ཟུག་དེའི་རྐྱེན་གྱིས་ཁོའི་མགོ་བོ་རང་དབང་མེད་པར་དང་ཁར་སྨད་དགོས་བྱུང་ལ། ཐང་གི་སྔོ་རྩྭ་སབ་སོབ་དེ་དག་ལ་ལྟ་བཞིན་ཉེ་བའི་དབྱར་གནང་དུས་ཀྱི་དོན་དག་ཇི་སྙེད་གློག་བརྙན་ནང་བཞིན་ཡིད་ལ་འཕོས་པར་བྱས།

1981ལོའི་ཟླ8པའི་ཚེས29ཉིན། གཟའ་སྤེན་པ། གནམ་ངོ་དྭངས།

དུས་ཀྱི་འགྲོས་དང་བསྟུན་ནས། ང་ནི་དངོས་གནས་ཁྲོན་པའི་ནང་གི་སྦལ་བར་འགྱུར་བཞིན་འདུག བརྩོན་འགྲུས་རྒྱ་མཚོས་སློབ་སྦྱོང་བྱེད་སའི་ལན་གྲུ་ལྟ་ཅི། ད་ལྟ་ཁོ་ཡོད་སའི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུའང་སོང་མྱོང་མེད།

སྙིང་གི་མཛའ་བོས་དེ་སྔོན་བསྐུར་པའི་འཕྲིན་ཡིག་ལས། ཁོས་བླ་བྲང་དགོན་པར་སྙན་ངག་སྦྱོང་བཞིན་ཡོད་ཟེར། ད་ལྟ་ཅི་འདྲའི་བརྩོན་པ་ཞིག་སྐྱེད་བཞིན་ཡོད་དམ། ལུས་པོ་ཇེ་ཞན་ལ་སོང་མེད་དམ། གཞན་དབང་ནད་སོགས་ཀྱིས་བཟུང་མི་འགྲོའམ། མདོར་ན་ཡོད་ཚད་ཀྱི་ཡོད་ཚད་བསམ་དོན་ལྟར་འགྲུབ་བཞིན་ཡོད་དམ།

དབྱར་གནང་གཏོང་ཁར། ཨ་ཕས་ང་ལ་གེ་སར་སྒྲུང་ལས《ཧོར་གླིང་གཡུལ་འགྱེད》(སྟོད་སྨད་ཆ)ཁ་ཚང་ཞིག་ཁྱེར་ཡོང་ལ། བོད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བར་འདིར་ཞིབ་ཏུ་ལྟོས་ཟེར་བས། ང་ལའང་ལས་རྒྱུ་ཆེར་མེད་པས་ཞིབ་ཀློག་བྱས་ནས་དེ་རིང་སོ་མ་བལྟས་ཚར་བ་ཡིན།

དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་འདི་འདྲ་བ་ནི་ཇི་ལྟར་བརྩམས་གྲུབ་བྱུང་བ་ཡིན་ནམ། བོད་མི་རིགས་ནི་དངོས་གནས་རླབས་ཆེན་གྱི་མི་རིགས་ཤིག་རེད།

དེ་སྔོན་ཤར་ལུང་ཚོ་དྲུག་སློབ་ཆུང་གིས་རྒྱ་ཡིག་དང་རྩིས་རིག་གི་ཟུར་ལྟའི་དེབ་འགའ་བཙལ་རོགས་ཟེར་དུས། ཁོས་གངས་ལྷ་མེ་ཏོག་ལ་འཕྲིན་ཡིག་ཅིག་བྲིས་ཏེསྤྱི་ཚོགས་དངོས་ཞུགསལ་འགྲོ་མིན་སྐོར་དྲིས་པར། མོས་འཕྲིན་ལན་ནང་དེ་ནི་གོ་སྐབས་བཟང་བོ་ཞིག་ཡིན་པས་འཆོར་དུ་འཇུག་མི་རུང་བ་སོགས་བྲིས་ནས་བསྐུར་ཡོང་། ཡི་གེ་དེར་བརྟེན་ནས་ཁོ་ནི་སྣེ་ཁྲིད་དགེ་རྒན་ཡོད་སར་ཕྱིན་ཏེ་མིང་ཐོ་བཀོད་ལ། ཁོས་མིང་ཐོ་བཀོད་པའི་ཕྱི་ཉིན། ཡེ་ཤེས་ལྷ་མོས་ཀྱང་མིང་ཐོ་བཀོད་ཟིན། མོའི་མིང་ཐོ་འགོད་རོགས་སུ་ད་དུང་ཁོ་ཚོའི་འཛིན་གྲྭའི་བསོད་ནམས་དབང་མོ་ཡང་ཡོད་འདུག

རེབ་འདིར་ཁོ་ཚོསྤྱི་ཚོགས་དངོས་ཞུགས
ལ་ཁྲིད་མཁན་གྱི་དགེ་རྒན་ནི་སྡེ་ཁག་དེ་གའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཏེ། རྒྱ་རིགས་ཡིན་ལ་བོད་ཡིག་སྦྱངས་ནས་ཡོང་བ་ཞིག་སྟེ། མིང་ལ་ཡན་རུན་དུ་འབོད། སྡེ་ཁག་ནང་སློབ་ཁྲིད་གཙོ་བོ་ལོ་ཙཱའི་སྐོར་བྱེད་བཞིན་ཡོད།

ཁོ་ནི་གཟུགས་པོ་རིང་ཐུང་འཚམ་ཞིང་ལུས་པོ་རྒྱགས་རན་ཚུལ་མཐུན་ཡིན་ཐོག ཀུ་རེ་རྩེད་མཚར་སྨྲ་བར་མཁས་པ་ཞིག་ཀྱང་ཡིན། ཁོས་སྣེ་ཁྲིད་འོག་འགྲོ་རོགས་བུ་མོ་གཉིས་དང་། བཟང་ས་སངས་རྒྱས་ལས་གཞན། ཕ་ཡུལ་ཅོ་ནེ་ཕྱོགས་ཀྱི་ཡིན་པའི་སློབ་གྲོགས་གཉིས་བཅས་ཚོགས་ཆུང་གཅིག་ཏུ་བསྒྲིལ་ནས། དབྱར་གནང་བྱིན་ཏེ་ཅང་མ་འགོར་བར་ཐད་ཀར་ཀན་ལྷོ་ཁུལ་ཐོག་ལ་ཆས། རེབ་འདིར་ཁོ་ཚོའི་བརྟག་དཔྱད་བྱེད་ས་གཙོ་བོ་ནི་གཞི་རིམ་གྱི་ཀླུ་ཆུ་རྫོང་ཟེར་བ་དེ་ཡིན་པས། ཁུལ་ཐོག་ཏུ་འབྲེལ་ཡོད་དོན་དག་འགའ་རེ་བསྒྲུབས་རྗེས། དེ་གའི་ཉེ་འཁོར་གྱི་རྟེན་འགངས་ཆེན་གཅིག་གཉིས་རེ་ཞིག་གསོ་བྱེད་བཞིན་པར་ལྟ་སྐོར་བྱས་པ་དང་། མཐུད་ནས་ཉིན་གཅིག་ལ་ངལ་གསོས་འཕྲལ་ཐད་ཀར་དམིགས་པའི་ཡུལ་དུ་བསྐྱོད།

ཀླུ་ཆུ་རྫོང་ནི་ཀན་ལྷོ་ཁུལ་ཐོག་གཙོད་གྲོང་ཟེར་བ་ལས་སྤྱི་ལེ་བརྒྱ་ལྷག་གི་མཚམས་སུ་འདུག་ལ། ཀླུ་ཆུ་སྔོན་མོའི་འགྲམ་གྱི་སྲང་ཆེན་དེའི་མཐའ་གཉིས་སུ་ཆགས་ནས་ཡོད། དེ་ནི་མཐོ་སྒང་འབྲོག་ཁུལ་གྱི་རྫོང་ཞིག་ཡིན་པས། རྫོང་མཁར་གཞན་དག་དང་འདྲ་བར་མི་ཡི་འདུ་འཛི་ཆེན་པོ་མཐོང་རྒྱུ་མི་འདུག ཁོ་ཚོ་ནི་ཕྱི་དྲོའི་ཆུ་ཚོད་གཉིས་པ་ཙམ་ལ་རྫོང་མཁར་དུ་སླེབས། ཐོག་མར་ཁ་ཆེའི་ཟ་ཁང་ཆུང་བ་ཞིག་ཏུ་དྲོས་ཇ་སྟབས་བདེ་རེ་འཐུངས་རྗེས། མགྲོན་ཁང་ཐོ་འགོད་དང་བརྟག་དཔྱད་ལས་ཁུངས་སོགས་ལ་འབྲེལ་བ་བྱས། ཉིན་དེ་ནི་ཏག་ཏག་གཟའ་ཉི་མ་ཞིག་ལ་ཁེལ་འདུག་པས་ན་ཅི་ཡང་སྒྲུབ་ས་མ་སོང་བར་བརྟེན། བཟང་ས་སངས་རྒྱས་ཀྱིས་དེར་ཡོད་ཚང་མ་དགོང་མོ་རང་ཁྱིམ་དུ་མགྲོན་ལ་ཕེབས་པའི་རེ་བ་ཞུས་བྱུང་།

རང་ཉིད་ཀྱི་མགྲོན་ཁང་གཅིག་གི་འདུག་རོགས་ཀྱང་སངས་རྒྱས་ཡིན་པས། ཁོ་གཉིས་ཀྱིས་སྡོད་ཁང་གསར་རྐྱང་ཞིག་མིན་པ་དེར་ཁ་ལག་གཙང་མ་ཞིག་བཀྲུས་རྗེས། ཐད་ཀར་སློབ་གྲོགས་ཚང་གི་ཚོང་ཁང་དམིགས་ནས་ཕྱིན། དེ་ནི་ཟས་རིགས་དང་དུ་ཆང་སོགས་འཚོང་སའི་ཚོང་ཁང་ཅུང་ཆེ་བ་ཞིག་ཡིན་ཞིང་། རྫོང་གི་ལྟེ་བའི་ཚོང་ར་ཡི་སྒོ་ཆེན་འགྲམ་དུ་ཡོད་པས། མཁོ་དངོས་ཉོ་རུ་ཡོང་མཁན་ཅུང་མང་།

སློབ་གྲོགས་གཉིས་ཀ་ཚོང་ཁང་གི་སྒོ་ལམ་དུ་སླེབས་མ་ཐག ནང་རོལ་ནས་གསར་མོ་ཞིག་གིསསངས་རྒྱསཞེས་འབོད་ཞོར་བརྒྱུགས་ནས་བུད་ཡོང་ལ། དེ་ནས་ཁོར་ཡུག་གི་མི་དག་ལ་མི་ལྟ་བར་ཚམ་ཚོམ་ཅི་ཡང་མེད་པར་བཟང་ས་མཆོག་གི་ལག་མགོར་དམ་པོར་འཐམས་ཐོག མགོ་བོ་ཁོའི་བྲང་ཁར་གླན་ནས་བསྡད་བྱུང་།

སྙིང་སྡུག་མ། ཁྱོད་ཀྱིས་མ་དཀའ་འམ།

སངས་རྒྱས་ཀྱིས་ཀྱང་མོའི་མགོ་ལ་བྱིལ་བྱིལ་འགའ་བྱས་རྗེས་དེ་ལྟར་དྲིས།

མ་དཀའ་ཐལ། འོན་ཀྱང་ངེད་མ་བུ་གཉིས་ཀྱིས་ཉིན་མཚན་མེད་པར་ཁྱོད་དྲན་པས། མྱུར་དུ་ཨེ་ཡོང་ལ་རེ་སྒུག་བྱས་ཡོད།

མོས་ཀྱང་ངག་འཇམ་པོས་དེ་ལྟར་ལན་ལྡོན།

ང་ལ་མཚོན་ནའང་ཁྱོད་གཉིས་དྲན་ཚུལ་ནི་སྐད་ཆའི་ལམ་ནས་བརྗོད་དཀའ། སངས་རྒྱས་ཀྱིས་དེ་ལྟར་སྨྲ་ཞོར་མགོ་བོ་རང་ཕྱོགས་སུ་འཁོར་ཏེསྐལ་བཟང་མཚོ་མོ། ངས་ཁྱོད་ལ་གྲོགས་པོ་ཞིག་མཚམས་སྦྱོར་བྱེད། ཁོ་ནི་ངའི་སློབ་གྲོགས་ཤིག་ཡིན། མཚོ་སྔོན་གྱི……

ཨ། ཁྱོད་ཀྱིས་ཅི་ཟེར་རམ། གང་དུ་ཡོད་དམ།

སངས་རྒྱས་ཀྱིས་སྐད་ཆ་ལབ་མ་ཚར་གོང་ལ། མོས་གློ་བུར་དེ་སྐད་དྲིས་པའི་མཚུངས་སུ། ཁྱོ་གའི་ལག་པ་གློ་བུར་གློད་ནས་མགོ་བོ་རང་གི་ཕྱོགས་སུ་འཁོར་ཡོང་།

མོ་ནི་སྐྱེས་གཟུགས་ཅུང་རིང་བའི་སྨན་ཤར་ཞིག་སྟེ། ལུས་སུ་ལྷ་སའི་བོད་ལྭ་ནག་པོ་ཐགས་བབ་ཅིག་གོན་ཐོག རལ་ལམ་དུ་དར་ཚོན་སྣ་ལྔའི་ཅ་ རྙིང་བས་བརྒྱན་ནས་ཡོད། ཞལ་རས་དཀར་ལ་མཁུར་ཚོས་དམར་བར་མ་ཟད། ངག་རྒྱུན་དུསྤྱན་མིག་ཐོ་རངས་སྐར་ཆེན། ཚེམས་ཕྲེང་གངས་དཀར་ར་བཞེས་བསྔགས་བརྗོད་བྱེད་པ་ལྟར། མིག་ཟུང་དང་སོ་ཕྲེང་ཤིན་ཏུ་མཛེས་པས། སློབ་གྲོགས་སངས་རྒྱས་ཀྱི་ཡིད་སེམས་མི་འཕྲོག་པ་ག་ལ་སྲིད། མོས་རང་ཉིད་མཐོང་བས་ད་ཅིའི་ཁྱོ་གའི་ལག་པ་འབྱར་ཚུལ་སོགས་ཀྱི་སྦྱོར་བ་དེར་ཁ་སྐྱེངས་པ་འདྲ། ངོ་མདོག་དམར་པོར་འགྱུར་ཞོརཁོ་ནི་ཁྱོད་ཀྱིས་རྒྱུན་དུ་བཤད་མྱོང་བའི་བརྩོན་འགྲུས་རྒྱ་མཚོ་ཟེར་བ་དེ་མ་ཡིན་ནམཞེས་ལབ་འཕྲལ་མགོ་བོ་དང་ཁར་སྨད་སོང་།

རེད་ཡ། ཏག་ཏག་ཁོ་རེད། ང་ཚོ་མཉམ་དུ་ད་རེབ་རྫོང་ཐོག་ལསྤྱི་ཚོགས་དངོས་ཞུགསསུ་ཡོང་བ་ཡིན། ངས་ཁོ་ཚོ་དོ་དགོང་ཁྱིམ་ནང་མགྲོན་དུ་བོས་ཡོད། ཁྱོད་ཀྱི་ཚ་མོ་དེ་རིང་མ་ཡོང་ངམ། ཡ། བཟང་ས། ནང་དུ་འགྲོ།

སངས་རྒྱས་ཀྱིས་དེ་ལྟར་གསལ་བཤད་བྱས་རྗེས། ནང་དུ་འགྲོ་བར་བསྐུལ་པ་ལྟར་ཁོ་གསུམ་པོ་སྔ་ཕྱི་བྱས་ནས་ཚོང་ཁང་དུ་འཛུལ།

ཅང་མ་འགོར་བར་སྐལ་བཟང་མཚོ་མོའི་ཚ་མོ་དེ་རུ་སླེབས་བྱུང་བར། མོས་ཚོང་ཁང་གི་དོན་རྣམས་ཚ་མོར་འགན་བཀལ་ཚར་འཕྲལ། བཟའ་མི་ཟུང་གིས་རང་ཉིད་ཁྲིད་ནས་རྒྱ་སྲང་དུ་ཤ་དང་ཚོད་མ་སྣ་ཚོགས་ཉོས་རྗེས་ཐད་ཀར་གཞིས་ཁྱིམ་བསྙེགས་ནས་ཕྱིན།

སློབ་གྲོགས་ཚང་གི་སྡོད་ཡུལ་ནི་ཚོང་རའི་རྒྱབ་ཀྱི་རི་འདབས་སུ་ཡོད་ལ། གཞིས་ཀའི་ལྷས་ར་ཆེ་ཐོག ཤིང་ཁང་མར་འཁོར་ཉིས་ཐོག་ཅན་ཞིག་འདུག་སྟེ། རྩེག་རིམ་དང་པོ་རུ་འགྲུལ་ཁང་ཆེ་བ་དང་ཐབ་ཚང་སོགས་ཡོད་ལ། རྩེག་རིམ་གཉིས་པའི་སྟེང་མཆོད་ཁང་དང་ཉལ་ཁང་བཅས་ཡོད་ཟེར། སྒྱུག་པོ་སྒྱུག་མོ་ཟུང་ནི་ལོ་དེ་འདྲ་མི་ཆེ་བ་དང་། ཤ་ཅུང་རྒྱགས་པོ་འདུག་པས་འབྱོར་ཕྱུག་ལྡན་པའི་མི་ཡི་ཚུགས་ཀ་མངོན། ཁོ་ཚང་གི་གཅེས་ཕྲུག་གཅིག་པུ་ནི་གཉིད་དུ་ཡུར་ནས་ཡོད་ཟེར་བས། སངས་རྒྱས་ལམ་སང་སོང་ནས་ལྟ་བར་བྱེད་པ་ལས་རང་ཉིད་ཀྱིས་བཟང་སའི་བུ་ཕྲུག་དེ་མྱུར་དུ་མཐོང་མ་ཐུབ།

ཆུ་ཚོད་དྲུག་པར་ཉེ་དུས། སངས་རྒྱས་ཀྱིས་དགེ་རྒན་ཡན་རུན་དང་སློབ་གྲོགས་གཞན་དག་ཁྲིད་ནས་སླེབས་ཡོང་བས། སྐུ་མགྲོན་ཡོད་ཚད་འགྲུལ་ཁང་ཤིང་སྒམ་འདྲ་བ་དེའི་ནང་གི་འབོལ་ཁྲིའི་གདན་གྲལ་དུ་འཁོད། ཡེ་ཤེས་ལྷ་མོ་ཕུད་སློབ་གྲོགས་གཞན་དག་གིས་རྩིག་ངོས་ཧྲིལ་པོ་ཤིང་ལེབ་ཀྱིས་བཅད་ཡོད་པའི་འགྲུལ་ཁང་དེ་མཐོང་བས་ཡ་མཚན་པར་གྱུར། ལྷག་དོན་ཤ་དང་ཤ་མོག ཚལ་དང་འབྲས་སིལ། ད་དུང་ཆང་དང་བཏུང་ཁུ་ཡི་སྡེར་ཁ་དེས། སྐུ་མགྲོན་རྣམས་ལ་དངོས་གནས་བོད་ཀྱི་ཁ་དཔེརབཟའ་བ་ཟས་ཀྱི་རི་རབ། བཏུང་བ་འོ་མའི་རྒྱ་མཚོཞེས་པ་དེ་ལོངས་སུ་སྤྱོད་དུ་བཅུག

ཕྱིར་ཉལ་ཁང་དུ་ཡོང་རྗེས། རང་ཉིད་གཅིག་པུ་དུས་ཡུན་རིང་བོ་ཞིག་ལ་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་མ་ཐུབ། སངས་རྒྱས་ཀྱིས་སྔོན་ཆད་རང་ལ་སློབ་གསོ་བཏང་བ་ནི་ཁོའི་མྱོང་བ་དངོས་ཀྱི་རྨང་གཞིའི་སྟེང་བཤད་པ་ནི་བདེན་ཤ་སྟག་རེད། ཚོང་པ་དང་དཔོན་པོ་དག་གིས་སྒོར་མོ་འདི་འདྲ་མོད་པོ་གང་ཞིག་ནས་ཁྱེར་ཡོང་བ་ཡིན་ནམ། གྲོང་ཁྱེར་དང་གྲོང་གསེབ་ལ་འདི་འདྲའི་བར་ཁྱད་ཆེ་བ་གང་གིས་བསྐྱེད་པ་ཡིན། རང་ཉིད་སློབ་མཐར་ཕྱིན་རྗེས་གྲོང་ཁྱེར་དུ་འདུག་གམ་རང་ཡུལ་དུ་འགྲོ། རང་གི་མ་འོངས་པའི་ཆུང་མ་གངས་ལྷ་མེ་ཏོག་བཟང་ངམ་ཡེ་ཤེས་ལྷ་མོ་བཟང……

ཉིན་དེ་དག་ནང་། རང་ཉིད་ལ་མཚོན་ན་དགེ་རྒན་ཡན་རུན་སོགས་དང་འགྲོགས་ནས་ལས་ཁུངས་འགའ་རེར་བརྟག་དཔྱད་བྱེད་དུ་འགྲོ་བཞིན་ཡོད་ཀྱང་།
ཀླད་པའི་ནང་ཡང་ཡང་ཤར་ཡོང་བ་ནི་གོང་གི་འདྲི་ཚིག་དང་གདམ་ཀ་དེ་དག་ཡིན།

ཉིན་དེ་དག་ནང་། ཡེ་ཤེས་ལྷ་མོ་ནི་རང་དང་གྲིབ་མ་འགྲོགས་འགྲོགས་བྱས་འདུག་ཀྱང་། མོས་རང་སེམས་ཀྱི་འདྲི་ཚིག་དེ་དག་དང་གདམ་ཀ་གང་ཞིག་ཡེ་ནས་ཚོར་ཐུབ་ཀྱིན་མེད། ངག་རྒྱུན་དུཟོག་གི་ཁྲ་ཁྲ་ཕྱི་དང་། མི་ཡི་ཁྲ་ཁྲ་ནངཟེར་བ་ལྟར། བདག་གི་ནང་སེམས་ཀྱི་ཁྲ་ཁྲ་དེ་སུ་ལ་བསྟན་ན་འགྲིག་གམ། རང་ལ་དངོས་གནས་གདེང་ཚོད་མེད་པར་གྱུར།

རེབ་འདིའིསྤྱི་ཚོགས་དངོས་ཞུགསཀྱི་བྱ་བ་མཇུག་རྫོགས་ཁའི་སྔོན་དགོང་མོར། སངས་རྒྱས་ཀྱིས་བསམ་གཟས་ནས་ཡེ་ཤེས་ལྷ་མོ་དང་རང་གཉིས་ཀ་ཁྱིམ་དེར་ཡང་བསྐྱར་བོས་བྱུང་། ཟ་མ་ཟོས་ཤིང་ཆང་ལ་རོལ་དུས། ཁོས་འཐུང་གྲངས་མང་བས་སྔོན་ལ་བཟི་བར་གྱུར། བཟི་གཏམ་ནང་ངེད་སྐུ་མགྲོན་གཉིས་ནི་ཆོས་རྒྱལ་ནོར་བཟང་དང་ཡིད་འཕྲོག་ལྷ་མོར་དཔེ་བླངས་སོང་བར་མ་ཟད། ཁྱོད་གཉིས་བཟའ་ཚང་དུ་འགྱུར་བའི་སྨོན་ལམ་ཡང་ཡང་འདེབས་ཟེར་ནས་ཆང་སྐལ་བར་མེད་དུ་དྲངས་འོངས།

ཆང་སྐལ་བར་མེད་དུ་དྲངས་པ་དེས། རང་ཡང་གློ་བུར་ར་བཟི་རུ་བཅུག ཕྱིར་མགྲོན་ཁང་དུ་ལྡོག་པའི་ལམ་བར་དུ། ཡེ་ཤེས་ལྷ་མོས་བརྩེ་བའི་སེམས་ཀྱིས་རང་གི་དཔུང་བ་ནས་སྐྱོར་ཏེ་ཁང་བའི་ནང་སྐྱེལ་བའི་མཚུངས་སུ། འཇམ་ཞིང་བསླུ་བྲིད་ལྡན་པའི་ངག་གིས་རང་ཉིད་མོ་ཚང་དུ་གདན་འདྲེན་ཞུས་པ་དང་། ད་དུང་མོའི་ཤ་ཉེ་དགེ་བཤེས་ཐུབ་བསྟན་འབྱུང་གནས་མཆོག་ལ་ཞུས་ཏེ་སྙན་ངག་སྐོར་ཁྲིད་དུ་བཅུག་ཆོག་ཟེར་བས། རང་གིས་ཆང་གི་ངར་ལ་བརྟེན་ནས་མོའི་རེ་བ་མཐའ་དག་ཁས་འཆེས་པར་མ་ཟད། དུག་སྦྲུལ་ནང་བཞིན་མོ་ལ་འཁྱུད་དེ་མཆུ་འདབ་ཡོངས་སུ་སྦྱར་སོང་།

ཁས་འཆེས་དང་མཆུ་སྦྱོར་དེར་བརྟེན་ནས། རང་དང་ཡེ་ཤེས་ལྷ་མོ་གཉིས་ཀྱིས་ཡོང་རོགས་སློབ་གྲོགས་སོ་སོར་གྱེས་ཕྱག་ཕུལ་པར་མ་ཟད། སྣེ་ཁྲིད་དགེ་རྒན་ལའང་གྱེས་གཏམ་བརྗོད་དེ། སྙན་གྲགས་ཀྱི་རྫ་རྔ་ཕྱོགས་མཐར་མཆེད་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར། དེ་གར་ཐོག་མར་རང་ཁྱིམ་དུ་འགྲོ་དགོས་ཟེར་བར། ངོ་མ་ཆོད་པར་ཡོང་བ་ལ། མོ་ཚང་གི་གཞིས་ཀ་ནི་དགོན་ཆེན་དེ་ཡི་གོང་གི་ལི་ཐང་སྡེ་བ་ཞེས་པའི་ནང་དུ་ཡོད་དེ། གཞིས་ཀ་ཆེ་བས་བླ་མ་ཞིག་གི་ནང་ཆེན་དང་ཡང་དག་མཚུངས། སྒོ་ཆེན་ནང་སླེབས་མ་ཐག ཐོག་མར་མིག་ལམ་དུ་ཤར་ཡོང་བ་ནི་རྩེག་རིམ་གཉིས་ཅན་གྱི་ཤིང་ཁང་མར་འཁོར་ཆེ་བ་དེ་ཡིན། སྟེང་རིམ་དུ་འགྲོ་སའི་ཐེམ་སྐས་གཞོགས་གཉིས་ཀྱི་གྲུ་ཟུར་དུ་འདུག ཁང་བ་དེ་ནི་སོ་མ་བསྐྲུན་པའི་སྐོར་མིན་ཡང་། གནའ་ཁང་གི་ཉམས་དོད་པས་ལོ་རྒྱུས་ཀྱི་གཟི་འོད་ལམ་ལམ་འབར། གོ་ཐོས་སུ་མོའི་ཨ་མྱེས་ཁོང་སྤྱི་ཚོགས་རྙིང་བར་ས་འདི་གའི་བརྒྱ་དཔོན་ཞིག་ཡིན་ཟེར་བས། ཕལ་ཆེར་དེའི་དུས་ལས་པ་འདྲ། གཡས་གཡོན་གྱི་ཤིང་ཁང་དག་ནི་སོ་མ་བསྐྲུན་པར་མངོན་ཏེ། ཤིང་རིས་ཕབ་ཚུལ་སོགས་ལ་རྒྱ་བོད་ཟུང་འབྲེལ་གྱི་ཁྱད་ཆོས་ཤར་ཡོད། ཁང་བ་མང་ཤོས་ཉལ་ཁང་སོགས་ཡིན་པས། རང་ཉིད་ལ་གཡས་ཕྱོགས་ཀྱི་ཁང་མིག་དང་པོ་དེ་བཀོད་སྒྲིག་བྱས་བྱུང་།

ཡེ་ཤེས་ལྷ་མོ་ཚང་གི་གཞིས་ཀ་དེ་འདྲ་ཆེ་ནའང་།
གཞིས་ཀའི་ནང་སྡོད་མཁན་གྱི་མི་ཤིན་ཏུ་ཉུང་སྟེ། ཨ་
མྱེས་དང་ཨ་ཡེ ལས་གཞན། ནུ་བོ་དཀོན་མཆོག་དོན་གྲུབ་དང་མ་བྱན་བུ་མོ་གཅིག་བཅས་བསྡད་འདུག ནུ་བོར་མཚོན་ན་ཕྱི་ལོར་སློབ་ཆེན་དུ་རྒྱུགས་སྤྲོད་པའི་དུས་ཀྱིས་དེད་ནས་ཡོང་བཞིན་པས། ཨ་ཕའི་རེ་བ་ལྟར་མཐོ་འབྲིང་གི་དགེ་རྒན་འགའ་རེའི་སར་རྒྱ་ཡིག་དང་རྩིས་རིག་སོགས་ཀྱི་ཟུར་ཁྲིད་ལ་ཉན་དུ་འགྲོ་བཞིན་མཆི། རྒན་རྒོན་གཉིས་ཀྱིས་རང་ཉིད་ནི་ཚ་མོའི་དགའ་རོགས་ཡིན་པར་སེམས་ཡོད་པ་འདྲ། དྲོས་ཇ་འཐུང་བའི་ཚེ་ན་བཞིན་རས་འཛུམ་གྱིས་ཁེངས་ཞོརཨ་རོག་ཟོ་དང་ཨ་རོག་ཐུངསཞེས་ཡང་ཡང་མགྲོན་རྩིས་བཏོད་འགྲོ།

ཕྱི་དྲོར། ཡེ་ཤེས་ལྷ་མོ་གདན་འདྲེན་ཞུ་རུ་སོང་བ་ལྟར། ནུབ་འཚལ་ལ་རན་དུས་དགོན་ཆེན་དེ་གའི་དགེ་བཤེས་ཐུབ་བསྟན་འབྱུང་གནས་ཀྱང་གཞིས་ཀ་དེ་རུ་ཕེབས། ཁོང་ཉིད་གཟུགས་རིང་ཞིང་ཤ་རྒྱགས་ལ། སྐྲ་ཕལ་ཆེར་བྱི་འདུག་ཀྱང་། བཞིན་མདངས་ལེགས་ཐོག་མིག་ཟུང་དུ་ཤེས་རབ་ཀྱི་འོད་སྣང་ཐུན་མོང་མ་ཡིན་པ་ཞིག་འཚེར་བཞིན་པས། མི་སུས་མཐོང་ཡང་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བར་བྱས་འགྲོ་བའི་སྐྱེས་ཆེན་དེའི་རིགས་སུ་གཏོགས། ནང་མི་ཚོའི་ཁ་བརྡ་ལས་ཁོང་ནི་ཡེ་ཤེས་ལྷ་མོའི་ཨ་མྱེས་ཀྱི་ཚ་བོ་ཞིག་སྟེ། ན་སོ་གཞོན་དུས་ཨ་ཞང་གིས་བསྐྱངས་འོངས་ཤིང་། ཕྱིས་སུ་དགོན་པར་བསྐྱལ་ནསང་བརྒྱད་ལོཡི་སྔོན་ཏག་ཏག་ལ་དགེ་བཤེས་ཀྱི་དམ་བཅའ་བཞག་ཟིན་པ་ཞིག་ཡིན་འདུག

ནུབ་འཚལ་འཐུངས་རྗེས། རང་གཉིས་ཀ་ཁོ་ན་འགྲུལ་ཁང་དུ་ལྷག་སོང་། ཁོང་གིས་རང་ཉིད་ལ་ལག་བརྡ་བྱས་ནས་ཉེ་སར་ཡོང་བར་བསྐུལ་པ་ལ། ཁོ་ཡང་གུས་གུས་ཞུམ་ཞུམ་ངང་ཁོང་གི་ཉེ་སར་བཏུད། ཁོང་གིས་བསམ་བློ་ཞིག་བསྐོར་རྗེས་འཇམ་པའི་ངག་གིསཁྱོད་ལ་སྙན་ངག་སྦྱོང་འདོད་འདུག་ཟེར་བས་ཧ་ཅང་བཟང་། རྗེ་བླ་མས་ཀྱང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་ནི་ས་སྟེང་གི་རིན་ཆེན་གསུམ་གྱི་གྲས་སུ་བཞག་ཡོད། སྙན་ངག་སྦྱོང་བ་ལ་ཐོག་མར《སྙན་ངག་མེ་ལོང་གི་རྩ་བ》བློར་འཛིན་དགོས། ཁྱོད་ཀྱིས་བཟུང་ཨེ་ཡོདཅེས་དྲིས་བྱུང་།

རང་ཉིད་ཅུང་འཚབ་པར་གྱུར་ཀྱང་ངག་ལས
བཟུང་ཡོདཅེས་ཤོར།

འོ་ན་ཁྱོད་ཀྱིས《སྙན་ངག་མེ་ལོང་གི་རྩ་བ》ལས། མགོ་ཡི་སྐོར་ཞིག་དང་བར་གྱི་སྐོར་ཞིག མཇུག་གི་སྐོར་ཞིག ང་ལ་བློར་རྒྱུགས་སྤྲོད་ཅིག

དགེ་བཤེས་ཚང་གིས་དེ་སྐད་སྨྲས་རྗེས་མིག་ཟུང་བཙུམས་ནས་བསྡད་སོང་།

རང་གིས་ཀྱང་ངག་སྒོ་བསལ་ཙམ་བྱས་འཕྲལ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ཏེརྒྱ་གར་སྐད་དུ། ཀཱ་བྱཱ་དརྴཿ། བོད་སྐད་དུ། སྙན་ངག་མེ་ལོང་། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
གདོང་བཞི་གདོང་གི་པད་ཚལ་གྱི། །ངང་བའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་གནས་པར་མཛོད
……ཅེས་པ་ནས་བློར་འཛིན་མགོ་བརྩམས་ལ། མཐའ་མའི……སྒྲུབ་བྱེད་བསྟན་པའི་ལམ་འདིས་སྐྱོན་དང་ཡོན་ཏན་དག །རབ་ཏུ་རྟོགས་པའི་བློ་ཅན་སྐལ་བཟང་དབང་གྱུར་པའི། །མཆོག་དང་མངོན་པར་འགྲོགས་བྱས་ཆང་མིག་མ་དག་དང་། །ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་འགྱུར། །སྙན་ངག་མེ་ལོང་དབྱུག་པ་ཅན་གྱིས་མཛད་པ་སྙན་ངག་གི་རྒྱན་ལས་བྱ་དཀའི་རྣམ་པར་བཅད་པ་སྟེ་ལེའུ་གསུམ་པ་རྫོགས་སཞེས་བཏོན་ཚར་དུས་སྐྲ་འདབས་ཧྲིལ་པོ་རྔུལ་ཆུས་བངས་ཟིན།

ཆོག་གི ཁ་བྱང་ལ་སོང་མེད་ཀྱང་བློར་བཟུང་འདུག དེང་སང་སློབ་གྲྭ་པ་ཚོ་བློར་འཛིན་རྒྱུར་མི་དགའ། དེ་ཧ་ཅང་མི་བཟང་། ཤེས་རིག་གང་ལ་ནང་བྱན་ཆུད་པར་ཐོག་མར་བློར་འཛིན་དགོས། ལོ་ཆུང་ཡིན་དུས་བཟུང་ན་ལྷག་ཏུ་བཟང་། ཚེ་གང་བོར་བརྗེད་མི་སྲིད། དགེ་བཤེས་ཚང་གིས་རང་མྱོང་དེ་ལྟར་བརྗོད་འཕྲལ། ཡང་ངག་འཇམ་པོའི་ངངཁྱོད་ཀྱིས་སྙན་གཞུང་གང་ཞིག་སྦྱང་ན་བསམ་ཡོད། ཉིན་ག་ཚོད་ལ་འདུག་ཁོམ་ཡོདཅེས་དྲིས་འོངས།

ངས་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་གི《དབྱངས་ཅན་དགྱེས་གླུ》སྦྱང་ན་བསམས་བྱུང་། དུས་ཡུན་ཉིན་བཞི་བཅུ་ལྷག་གི་གནང་བ་ཡོད་པས་ཚར་ངེས་སམ། ཆ་ཚང་ཞིག་འགྲོ་ཐུབ་ན་འདོད་ཡོད། རང་ངོས་ནས་ཀྱང་སྐད་ངག་འཇམ་པོས་དེ་ལྟར་ཞུས།

ག་རེ། ཕལ་ཆེར་ཚར་རྒྱུ་རེད། ངས་ནམ་བོས་དུས་ནམ་ཤོག དཔེར་བརྗོད་འཇོག་ཐུབ་ན་རབ་ཡིན། ད་དེ་ལས་གཞན་བཤད་རྒྱུ་ཅང་མེད། ང་ཡང་འགྲོ་རན་པས་སང་ཉིན་མཇལ་ཡོང་།

ཁོང་གིས་དེ་སྐད་གསུང་ཞོར་ཡར་བཞེངས་པ་ལ། རང་ཉིད་ལམ་སང་འགྲུལ་ཁང་གི་སྒོ་ཁར་ཕྱིན་ནས་ཡེ་ཤེས་ལྷ་མོ་བོས།

དེ་ལྟར་དགེ་བཤེས་ཚང་གིས་དཔེ་ཁྲིད་ཚར་རྗེས་ནམ་ཡོང་དགོས་ཚུལ་བཤད་བྱུང་བ་ལྟར། རང་གིས་ཀྱང་དཔེ་ཆ་དང་འབྲི་དེབ་སོགས་མཆན་ལ་བཙིར་ནས་རྗེས་སུ་ལུས་པ་མེད་པར་ཕྱིན་པ་ཡིན་ཏེ། འཕྲོས་ཀྱི་དུས་ཚོད་ནང་དཔེ་ཀློག་དང་དཔེར་བརྗོད་འཇོག་པ་སོགས་ཁོ་ནར་གཡེངས། དེ་ཡང་ཅི་ལ་མི་སྲིད་དེ། གནས་འདི་ནི་རང་ཉིད་ཕ་ཡུལ་དུ་ཡོད་པ་དང་ཡེ་ནས་མི་མཚུངས། གཙོ་བོ་ནི་ལས་ཀ་ཅི་ཡང་ལས་རྒྱུ་མེད་པ་རང་ངོ་། ། ལྷག་པར་ཟ་མ་ཅི་ཞིག་བཟའ་འདོད་ན་དེ་གཡོས་སྦྱོར་བྱེད་ཅིང་། ལན་རེར་ཞོགས་པའི་དུས་སུ་ཡེ་ཤེས་ལྷ་མོས་ཟ་མ་སྔས་མགོར་ཡང་ཁྱེར་ཡོང་བ་ལ། རང་ངོས་སུ་དོགས་མི་བདེ་བ་ལན་མང་བཏང་སོང་།

ཏུའུ། ཏུའུ། ཏུའུ།

གློ་བུར་བའི་དུང་དཀར་གྱི་སྒྲ་ཞིག་གིས་བརྩོན་འགྲུས་རྒྱ་མཚོ་ཕྱིར་དྲན་གྱི་མཁའ་ཀློང་ནས་དངོས་ཡོད་ཀྱི་ས་ཐོག་ལ་དྲངས་འོངས། ཁོས་མགོ་བོ་དགྱེ་ནས་ཕར་ཕྱོགས་སུ་བལྟས་པར། མིག་སྔུན་གྱི་མཛེས་རིས་ཡོད་ཚད་དེ་སྔོན་དང་འདྲ་ལ། བཟོ་པོ་རྣམས་ཀྱི་ངག་གི་འུར་སྒྲ་དང་ལག་གི་རྡེག་སྒྲའང་སྔར་དང་མཚུངས། མི་མཚུངས་ས་ཞིག་ཡོད་པ་ནི་གླིང་བར་ནས་དུང་དཀར་མུ་མཐུད་དུ་བུས་བྱུང་བ་དེ་རེད། ཁོས་དེ་ནི་དགོན་པའམ་ཡང་ན་བྱེ་བྲག་གི་གྲྭ་ཚང་གང་ཞིག་གིས་ཆོས་ཀྱི་ཆོ་ག་ཞིག་སྤེལ་བཞིན་ཡོད་ངེས་རེད་སྙམ། དེའི་མུར་རང་གི་མཁྲིག་མའི་ཆུ་ཚོད་འཁོར་ལོ་མིག་རྡེབ་དེར་བལྟས་ཙམ་བྱས་རྗེས། ཡར་ལངས་ནས་རང་ཉིད་ད་ཅི་ཡོང་སའི་ལམ་ངོས་སྐྱ་བོ་དེར་ཞིབ་ལྟ་བྱས། དེ་གར་མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པས། ཕར་གོམ་པ་ལྔ་དྲུག་ཙམ་གྱི་སར་ཕྱིན་ཏེ་གཅིན་པ་ཤགས་སེར་བཏང་འཕྲལ། ཕྱིར་རང་གི་སྡོད་གནས་སུ་ཡོང་བ་དང་། དེ་ནས་གན་རྐྱལ་དུ་ལོག་སྟེ་མཁའ་མཐར་མཆེད་པའི་སྤྲིན་དཀར་ལ་ལྟ་ཞོར་བསྡད།

གསོམ་སྡོང་དེ་ནི་སྦོམ་ཞིང་ཆེ་བས་ཡལ་ག་གང་མང་ཕྱོགས་བཞི་མཚམས་བརྒྱད་ལ་བརྐྱངས་ནས་ཡོད། ཡལ་ག་བསིལ་རླུང་གིས་སྒུལ་བའི་བར་གསེང་ནས། ཉི་ཐིག་རྣོན་པོ་འགའ་རེ་རང་གི་ངོ་དང་མིག་ལམ་དུ་མཆེད་ཡོང་། སྔོན་ཆད་ཕ་ཡུལ་དུ་ཡོད་དུས། ཁོ་ནི་ཤར་ལུང་ཚོ་དྲུག་སློབ་ཆུང་གི་ཞོལ་གྱི་སྡོང་ར་དེའི་ནང་འདི་ལྟར་ལན་མང་ཉལ་མྱོང་། དེའི་དུས་ཁོའི་ཉལ་རོགས་ནི་རང་གི་ཆུང་དུས་ཀྱི་རྩེད་རོགས། དུས་ཕྱིས་ཀྱི་སློབ་གཙོ། དེའི་རྗེས་ཀྱི་དགའ་རོགས་མ་གངས་ལྷ་མེ་ཏོག་ཡིན། ཡིན་ནའང་ཟླ་འདིའི་ནང་དུ། ཁོ་ནི་ཕ་ཡུལ་རྨ་གཞུང་རྫོང་དང་ལེ་བར་བརྒྱ་ཕྲག་མང་བོས་ཆོད་པའི་ཀན་ལྷོའི་ས་ཐོག་དང་། སྒོས་སུ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདུན་རིའི་ངོས་ཀྱི་གསོམ་སྡོང་འོག་ཏུ་ལན་མང་ཉལ་བར་བྱེད། ཉིན་འདི་དག་རིང་གི་ཁོའི་ཉལ་རོགས་ནི་རང་གི་མགོ་ཁྲིད་ཀྱི་བུ་མོ། འཛིན་གྲྭ་གཅིག་པའི་སློབ་གྲོགས། སྤྱི་ཚོགས་བརྟག་དཔྱདལ་འགྲོ་དུས་ཀྱི་འགྲོ་རོགས་ཡེ་ཤེས་ལྷ་མོ་ཡིན་སོང་།

ངའི་དུངས་སེམས་ལ་དངོས་གནས་འགྱུར་ལྡོག་འབྱུང་བཞིན་ཡོད་དམ།

གློ་བུར་ཁོས་རང་གིས་རང་ལ་དེ་འདྲའི་དྲི་བ་ཞིག་བཏོན།

ཇི་སྲིད་གངས་རི་མ་ཞུ་བར་དུ། ང་ཡི་བརྩེ་དུངས་ལ་འགྱུར་བ་མེད།

ཇི་སྲིད་ས་སྒང་མ་འཇིག་བར་དུ། ང་ཡི་སེམས་པ་ལ་འགྱུར་བ་མེད།

ཕོ་མོ་ཟུང་གི་སྐད་གདངས་ཀྱིས་རེས་སུ་བརྗོད་པའི་ཚིག་རྐང་དེ་གཉིས་ཁོའི་སྒྲ་འཛིན་གྱི་ལམ་ནས་བར་མེད་དུ་གྲག་བྱུང་། ཡུན་རིང་དུ་གྲག་བྱུང……

བརྩོན་འགྲུས་རྒྱ་མཚོ། ཀི བརྩོན་འགྲུས་རྒྱ་མཚོ།

དུས་ཡུན་ཅི་འདྲ་ཞིག་འགོར་བ་རྟོགས་དཀའ་ཡང་། ཁོའི་སྒྲ་འཛིན་གྱི་མཐའ་རུ་རང་གི་མིང་ནས་འབོད་པའི་སྒྲ་ཞིག་ཇེ་མཐོ་ནས་ཇེ་མཐོར་ཕྱིན་པ་ལ། མྱུར་སྟབས་ཀྱིས་ཡར་ཙོག་སྟེ་ཕར་ཕྱོགས་སུ་བལྟས་ཚེ། བསང་ཆུའི་ཕར་ངོགས་ཀྱི་ལམ་འགྲམ་དེར། ཡེ་ཤེས་ལྷ་མོས་ཁོ་འབོད་ཞོར་དུ་ལག་པ་གཡུག་གཡུག་བྱེད་ཅིང་མཆི།

འོ་ཡ། ང་ད་ཡོང་།

བརྩོན་འགྲུས་རྒྱ་མཚོ་ཡང་ཡར་ལ་ལང་ཞོར་དུ་ལག་གཡུག་ཅིག་བྱས། ཁོས་བསྒྲགས་མ་ཐག་པའི་ལན་ཚིག་ནི་རླུང་བུ་ལྡོམ་པོས་ཁུར་ནས་བསང་ཆུའི་ཕ་མཐར་ཁྱབ།

22

རྒྱ་ལོ་ཚེས་ལྔ་ཡི་ནངས་མོར། བརྩོན་འགྲུས་རྒྱ་མཚོ་སྔ་མོའི་དུས་ནས་སད་བྱུང་། ཉིན་འདི་དག་ནང་ཁོ་སད་པ་ཅུང་སྔ་ནའང་། ལམ་སང་ལངས་ན་མི་འདོད་པས་རང་ཉལ་སའི་ཤིང་ཁང་ཆུང་བའི་ནང་འདི་ལྟར་ཉལ་ནས་སྡོད་རྒྱུར་དགའ།

ཉལ་ནས་སྡོད་དུས། ཁོའི་ཡིད་ལ་རང་དབང་མེད་པར་རྒྱང་རིང་གི་གནས་སུ་རང་ཉིད་ལ་རེ་བ་ཆེན་པོ་འཆང་བཞིན་པའི་དགའ་གྲོགས་མ་གསར་བ་ཡེ་ཤེས་ལྷ་མོ་ཤར་འོངས། ལྷག་དོན་རང་གི་རྒྱུ་ལྷག་བླངས་ཤུལ་གྱི་རྨ་ཁར་ལག་པས་རེག་ཐེངས་རེར། ཁོས་ལྷག་བསམ་རྣམ་དག་གིས་རང་ཉིད་ཉིན་བདུན་ལྷག་རིང་གཅེས་པའི་བུ་ཕྲུག་སྙོར་སྙོར་བྱས་མྱོང་བའི་མོ་དྲན་བྱུང་། འཇམ་མཉེན་གྱི་ལག་པས་རང་གི་ལག་ཟུང་ཕུར་ནས་སྡོད་པའི་རྣམ་པ་དེ་དྲན་འོངས། ཤེལ་མིག་གསལ་བོའི་འོག་ཏུ་རིག་རིག་འགུལ་བའི་མིག་ཟུང་ཁྲ་མོ་དེ་དྲན་འོངས། བིལ་བའི་མཆུ་སྒྲོས་ལས་ཤར་ཤར་ཐོན་ཡོང་བའི་གཏམ་སྙན་འོ་མ་འདྲ་བ་དག་ཀྱང་དྲན་འོངས།

རྐྱེན་ངན་དེ་ནི་ལོ་གསར་སྔོན་གྱི་སློབ་སྐབས་དེ་ཚོགས་ནས་ཟླ་གཅིག་ལས་མ་འགོར་བའི་དུས་ཤིག་ཏུ། ཁོའི་མགོ་ལ་ཐོག་ལྕེ་ནང་བཞིན་བསམ་དབང་དགྱེ་དབང་མ་བྱིན་པར་ལྷུང་བྱུང་།

ཉིན་མོ་དེའི་ནུབ་འཚལ་འཐུང་བའི་དུས་ཚོད་བསླེབ་ལ་ཉེ་སྐབས་སུ། ཡེ་ཤེས་ལྷ་མོ་སློབ་ཁང་ནང་ཡོང་སྟེའུ་གཉིས་དོ་དགོང་རྒྱ་སྲང་ལ་ཟ་མ་བཟའ་རུ་སོང་ན་ཅི་འདྲ་རེད། ཁྱོད་ཀྱི་ལུས་པོ་ཇེ་ཞན་དུ་འགྲོ་བཞིན་པས། སྐམས་ཤ་ཚོན་པོ་ཞིག་གིས་ལུས་ཟུངས་གསོས་ན་འགྲིགཅེས་ལབ་འོངས། ཁོ་ལའང་བར་སྐབས་དེར་ཤ་ཟ་འདོད་ཅིག་སྐྱེ་བཞིན་པར། ངག་ནསབཀའ་དྲིན་ཆེ། གནམ་འོག་གི་མི་ཀུན་ལས་ངའི་བསམ་དོན་དུས་ཐོག་ཏུ་ཤེས་ཐུབ་མཁན་ནི་ཁྱོད་གཅིག་པུ་རེདཅེས་ཁ་ཡག་བཤད་འཕྲལ་ཕན་ཚུན་ལག་འཇུ་བྱེད་ཞོར་ལམ་དུ་ཆས།

ཟ་ཁང་དུ་ཁོ་གཉིས་ཀྱིས་མཐེབ་ཐུག དཀར་ཡོལ་གང་རེའི་སྟེང་ལ། ད་རུང་སྐམས་ཤ་ཚོན་པོ་སྡེར་མ་འབྲིང་བ་གང་ཉོས་ནས་ཟོས་པས། རང་ཉིད་ནི་ཡུད་ཙམ་ལ་རླུང་ཁུགས་ནས་འགུལ་ན་འཕག་ན་མི་འདོད་པའི་ཁར། གཉིད་ལྕོག་ཀྱང་འགའ་རེ་བརྒྱབ་སོང་།

འདི་ལྟར་འགུལ་མེད་དུ་བསྡད་ན་མི་བཟང་བས། ཕྱིར་སློབ་གྲྭར་ཕྱིན་ཏེ་ལྒང་ལི་འདྲ་རྩེ་ན་ཅི་འདྲ་རེད། ངས་ཁྱོད་ཀྱིས་ལྒང་ལི་རྩེ་ཚུལ་ལ་བལྟ་འདོད།

ཡེ་ཤེས་ལྷ་མོས་གདོང་ཁུགས་ཀྱི་ཤེལ་མིག་དེ་ཡར་ལ་འདེད་ཙམ་བྱས་རྗེས། རང་གིས་དོ་དགོང་ཟ་རྒྱུ་ཅུང་ཙམ་མང་སོང་སྙམ་པས་དེ་ལྟར་བརྗོད།

འོ་ལེ། ཨ་མས་རྒྱུན་དུ་ངེད་ཕུ་ནུ་གཉིས་ལཟས་ཟ་ཚོད་ཟིན་ན་ཕོ་བ་བདེཞེས་བཤད་མྱོང་ཡང་། ད་ཅི་ཁ་ལྟོ་ཡི་དབང་དུ་གྱུར་པས་ཟ་རྒྱུ་མང་དྲགས་ཐལ། ལྒང་ལི་ཞིག་བརྩེས་ནས་ཞི་རོགས་བྱེད་དུ་བཅུག་ན་བཟང་། དེ་ན་འགྲོ་འེཟེར་ཞོར་ཡར་ལངས་པར། ཡེ་ཤེས་ལྷ་མོས་ཀྱང་ཟས་རིན་རྩིས་བརྒྱབ་འཕྲལ། རང་གི་རྗེས་འབྲངས་ནས་ཟ་ཁང་ཕྱི་རུ་བུད་ཡོང་།

ཚོགས་ཁང་ཆེན་མོའི་མདུན་རོལ་གྱི་ལྒང་ལི་རྩེ་ས་རུ། སངས་རྒྱས་སོགས་རང་འཛིན་གྲྭའི་མི་ལྔ་ཏག་ཏག་རང་འདོད་ལྟར་རང་ཉིད་ཆེས་དགའ་བའི་ལུས་རྩལ་རྣམ་གྲངས་དེ་རྩེ་བཞིན་པ་མཐོང་བས། ཁོས་ཕྱི་ལྭ་སྲབ་བུ་དེ་ཡེ་ཤེས་ལྷ་མོའི་ལག་ཏུ་བཞག་རྗེས་ཐད་ཀར་ཁོ་ཚོའི་གྲས་སུ་ཞུགས་ནས་རྩེ།

བཟང་ས་སླེབས་པ་མཐོང་བས། སངས་རྒྱས་ཀྱིསང་ཚོ་མི་གཉིས་རེ་ཚན་ཆུང་རེ་བྱས་ཏེ། སུ་ཕམ་ན་སུས་ངལ་གསོ་བའི་སྒྲིག་སྲོལ་དེ་བཞིན་རྩེ་ན་ཅི་འདྲ་རེདཅེས་བརྗོད་པ་ལ། གཞན་དག་གིས་ཀྱངདེ་ལྟར་བྱ། དེ་ལྟར་རྩེ་ན་འགྲན་སེམས་ཡོད་འགྲོ་བས་ཧ་ཅང་བཟངཟེར།

མཐུད་ནས་ཁོ་ཚོས་མཛུ་གུ་བརྩེས་ནས་རྒྱན་འཕངས་པར། རང་གི་རོགས་སུ་སློབ་གྲོགས་རྟ་མགྲིན་ཟེར་བ་དེ་ཁེལ་བྱུང་། ཁོ་ཡང་རང་འཛིན་གྲྭའི་ལྒང་ལི་རྩེ་མཁན་གྲས་ཀྱི་གཅིག་ཡིན་པས། ཚན་ཆུང་གཞན་དག་གཉིས་ཀས་ཇི་ལྟར་ཧུར་བརྩོན་བྱས་ཀྱང་། རང་ཉིད་གཙོ་བོ་ཡིན་པའི་ཚན་ཆུང་དེ་ལས་ཐེངས་གཅིག་ལའང་རྒྱལ་མ་ཐུབ།

དགོང་ཚོགས་ཀྱི་དུས་ཚོད་རན་པའི་ཚེ་ན། ཁོ་ཚོ་བདུན་པོ་མཉམ་པོར་སློབ་ཁང་ནང་དུ་ཡོང་། དེ་རུ་དུས་ཚོད་ཕྱེད་ཀ་ལྷག་ལ་དཔེ་ཆར་བལྟས་ནས་བསྡད་མཚམས་སུ། རང་གི་རྒྱུ་ཞབས་ནས་ཟུག་རྔུ་ཕྲན་བུ་རེ་ལྡང་བྱུང་ལ། རིམ་གྱིས་ལྡང་ཤུགས་ཇེ་དྲག་ཏུ་ཕྱིན་པ་དང་འགྲོགས་ནས་དཔྲལ་བ་སོགས་སུ་རྔུལ་ཆུ་དབང་མེད་དུ་འཛུམ་ཡོང་། ཡེ་ཤེས་ལྷ་མོས་ཚུལ་དེ་མཐོང་བས་ཁོ་ལ་རྒྱུ་མཚན་དྲིས་པར། ཁོས་ཀྱང་བསྲན་མ་ཐུབ་པར་གནས་ཚུལ་དངོས་དེ་ཇི་བཞིན་བརྗོད།

གནས་ཚུལ་དངོས་དེ་རྟོགས་པར། སློབ་གྲོགས་མང་བོ་ཁོའི་མཐའ་རུ་རུབ་བྱུང་ལ། གང་མྱུར་ངང་སློབ་གྲྭའི་སྨན་ཁང་དུ་ཁྱེར་ན་འགྲིག་ཚུལ་བཤད་འོངས་པས། སངས་རྒྱས་དང་རྟ་མགྲིན་སོགས་ཀྱིས་ཁོ་སྐྱོར་མ་ཁུར་བྱས་ནས་སྨན་ཁང་ཕྱོགས་སུ་ཕྱིན་པ་དང་། ཡེ་ཤེས་ལྷ་མོ་ནི་ཐད་ཀར་མོའི་ཨ་ཕ་དཀོན་མཆོག་རྡོ་རྗེ་འབོད་དུ་སོང་།

ལས་རེས་སྨན་པས་ཉན་ཆས་དང་ལག་ཟུང་གིས་བརྟག་དཔྱད་ཡང་ཡང་བྱས་པར། དེ་ནི་རྒྱུ་ལྷག་དྲག་ཏུ་འཕར་བ་ཡིན་ཚུལ་གཏན་ཁེལ་བྱུང་བས། ངེས་པར་སློབ་གྲྭའི་ཞོལ་གྱི་སྨན་ཁང་འབྲིང་བ་དེ་རུ་འགྲོ་དགོས་ཚུལ་བསྙད་འོངས།

བར་དེར་ཡེ་ཤེས་ལྷ་མོ་ཕ་བུ་གཉིས་དང་སློབ་གྲྭའི་སྨན་ཁང་གི་ཡོན་ཀྲང་གཙོ་བོ་བཅས་ཀྱང་སྔ་ཕྱིར་སླེབས་པ་ལ། ཡོན་ཀྲང་གིས་ཀྱང་རང་གི་རྒྱུ་ཞབས་མནན་པ་སོགས་བྱས་ནས་བརྟག་རྗེས། ལས་རེས་སྨན་པ་དང་བསམ་འཆར་གཅིག་ཏུ་ཁེལ་པས། ཁོང་གིས་སྨན་ཁང་འབྲིང་བ་དེའི་མགོ་གཙོ་དང་པོར་ཁ་པར་བཏང་ནས་འབྲེལ་གཏུགས་བྱས་རྗེས། རང་ཉིད་དངོས་སུ་གནས་དེ་གར་བསྐྱལ་ནས་སྨན་ཁང་དུ་སྡོད་པའི་ལས་ཀ་མཐའ་དག་གེགས་མེད་ངང་སྒྲུབ་པར་མ་ཟད། ཡུན་རིང་བསྐྱུར་ན་མི་བཟང་ཟེར་ཞོར་དགོང་མོ་དེར་གཤག་བཅོས་བྱེད་དུ་བཅུག

ཉིན་དེ་དག་ནང་། སྨན་ཁང་དུ་ནད་པ་དེ་འདྲ་མང་བོ་མེད་པས། རང་ལ་ནད་ཁང་འབྲིང་ཙམ་ཞིག་བཀོད་སྒྲིག་བྱེད་ཐུབ་ཡོད་ལ། གཞོགས་སུ་ནད་ཁྲི་སྟོང་བ་ཞིག་ཀྱང་འདུག་པས། ཡེ་ཤེས་ལྷ་མོ་སོགས་སྲུང་མཁན་ཚོར་ཡང་ཕྱོགས་ཀུན་ནས་སྟབས་བདེ་བཟོས་སྣང་ངོ་།།

གཤག་བཅོས་བྱས་པའི་དགོང་མོ་དེར། རང་ཉིད་སྲུང་མཁན་ལ་བཟང་ས་སངས་རྒྱས་དང་ཡེ་ཤེས་ལྷ་མོ་གཉིས་ཀ་བསྡད་བྱུང་། ནམ་གུང་བཟི་སྨན་དྭངས་བཞིན་པའི་སྐབས་དག་ཏུ་ན་ཟུག་ཅུང་ཆེ་བས། རང་གི་དཔྲལ་ངོས་སུ་རྔུལ་ཆུ་སྲན་རྡོག་ལྟ་བུ་མང་བོ་འཛུམ་ཡོང་ཚེ། ཁོ་གཉིས་ནི་རང་གནས་བརྟན་སྲུང་བྱེད་པའི་སོ་སྲུང་པ་གཉིས་དང་འདྲ་བར་ནད་ཁྲིའི་གཡས་གཡོན་དུ་བསྡད་དེ། བར་རེར་ལག་ཕྱིས་རློན་པར་བཏང་ནས་རང་གི་ངོ་གདོང་དང་སྐེ་སོགས་འབྱིད་པར་བྱེད་པ་དང་། ལན་རེར་དེ་ལེགས་པོར་བལྟབས་ནས་དཔྲལ་ངོས་སུ་འཇོག་པ་བཅས་བྱས་ཏེ་ངལ་ཡག་པོ་ཞིག་གསོ་མ་ཐུབ།

དུས་ཀྱི་འགྲོས་དང་བསྟུན་ཏེ་ཟུག་རྔུ་ཆུང་ནས་ཆུང་དུ་ཕྱིན་པ་དང་སྦྲགས། རང་ལའང་ལན་རེར་གཉིད་ཟ་ཟི་རེ་ཡོང་བར། ཡེ་ཤེས་ལྷ་མོས་སངས་རྒྱས་ལ་ཡང་ཡང་ངལ་གསོས་ཆོག་ཚུལ་ལབ་པ་ལྟར། ཁོ་ཡང་ཐང་ཆད་ནས་ཡོད་པས་ནད་ཁྲི་གཞན་པ་དེའི་སྒང་ལ་བུད་དེ་རིམ་བཞིན་གཉིད་ཀྱི་ཞིང་ཁམས་འགྲིམས།

བཟང་ས་གཉིད་རྗེས་སུ་ཡང་། ཡེ་ཤེས་ལྷ་མོ་ནི་དུས་ཡུན་སྐར་ཆ་འགའ་རེར་ཡང་གཉིད་པ་མེད་པར། ནད་ཁྲིའི་འགྲམ་དུ་རྐུབ་སྟེགས་བཞག་ནས་ཀྲོང་ངེར་ཙོག་ནས་བསྡད་སོང་ལ། རང་ཉིད་མལ་ས་མ་བདེ་བར་ཅུང་ཙམ་འཕག་པར་ཡང་། མོ་ནི་དམག་མི་ཞིག་དང་འདྲ་བར་ལམ་སང་ཡར་ལངས་ཏེ། རང་གི་ལག་པ་ཕུར་ཕུར་དང་མིག་གིས་རིག་རིག་ཏུ་གདོང་ལ་ཞིབ་ལྟ་བྱེད་པའི་མཚུངས་སུ། འཇམ་པའི་ངག་གིས་གང་དང་གང་མི་བདེ་བའི་སྐོར་སོགས་དྲིས་ནས་སེམས་གསོའི་ཚིག་དག་སྨྲ་ཞོར་ནམ་སྐྱ་གསལ་ལེར་བཏང་།

ཕྱི་ཉིན་ནས་བཟུང་། ཉིན་དཀར་སློབ་གྲོགས་རེ་རེས་རེས་བསྐོར་ནས་སྲུང་བ་ལ། དགོང་མོའི་དུས་སྐབས་ཕལ་ཆེ་བ་ནི་མོས་འགན་ཡོད་ཚད་གཙང་ལེན་བྱས། འགན་ཁུར་དེའི་ནང་དུ་ཉིན་རེའི་ཟས་ཐུན་གསུམ་པོ་སྐྱེལ་ཡོང་ཚུལ་ཐེ་བར་མ་ཟད། དགོང་མོ་ཁྱམས་བར་དུ་སྐྱོར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ། སྒོས་སུ་མལ་སའི་ནང་གཅིན་བླངས་པ་དང་། ཡང་ན་སྤྱོད་ཁང་དུ་བསྐྱལ་ནས་གཅིན་ཐོག་ལ་འབུད་པ་བཅས་ཀྱི་རོགས་རམ་མཐའ་དག་ཀྱང་འདུ་བ་ནི་སྨོས་མ་དགོས།

ཕ་མ་སྤུན་མཆེད་ཚོ་ཉེ་མདུན་དུ་ཡོད་ཀྱང་། འདི་ལས་ལྷག་པའི་རོགས་རམ་ནི་ཡོད་མི་སྲིད་སྙམ་པ་ལ། ལྟ་ཕྱོགས་ཤིག་གིས་རང་ཉིད་ད་ནི་ཕ་ཁྱིམ་གྱི་ཤིང་ཁང་ཆུང་བའི་ནང་དུ་ཉལ་ཡོད་པ་རྟོགས་པས་ཕྱིར་དྲན་གྱི་སྒོ་མོ་ལས་རིམ་བཞིན་ཕྱིར་བུད། ཕྱིར་དྲན་དེའི་ནང་དུ་ད་དུང་ཅུང་ཟད་ལྷག་སོང་བ་ནི་ཟས་བཅུད་བཟང་བོའི་དྲིན་གྱིས། ཁོའི་རྨ་ཁ་ནི་དུས་ཡུན་རིང་བོ་མ་དགོས་པར་སངས་དྲག་ཏུ་ཕྱིན་པ་དང་། ལུས་པོའང་ཉིན་རེ་ནས་ཉིན་རེ་དང་ཟླ་རེ་ནས་ཟླ་རེར་ཇེ་བཟང་ལ་སོང་མཐར། གཤག་བཅོས་བྱས་ཤུལ་ནི་ཕྱི་ཚུལ་དུ་ཁྱོན་ནས་རྟོགས་དཀའ་བའི་ཚད་ལ་སླེབས་པར་བརྟེན། ཁོ་ཕ་ཡུལ་དུ་སླེབས་རྗེས་རྐྱེན་ངན་ཐོག་བབ་བྱུང་བ་དེ་ཕ་མ་སྤུན་མཆེད་དང་གངས་ལྷ་མེ་ཏོག་སོགས་ལ་གསང་རྒྱ་ཡོངས་སུ་བསྡམས་ཐུབ་པར་གྱུར།

གསང་བ་དེ་གསང་བར་འགྱུར་ཐུབ་དོན་ཡང་།
གཙོ་བོ་ཕ་ཡུལ་དུ་སླེབས་རྗེས་རང་གཅིག་པུ་ཤིང་ཁང་ཆུང་བ་འདིའི་ནང་ཉལ་དགོས་པའི་རྐྱེན་གྱིས་ཡིན། སྔོན་ཆད་ཡིན་ན་ཁོའི་ཉལ་རོགས་སུ་ཕུ་བོ་ཡོད་ངེས་ཀྱང་། ད་ལྟ་ཕུ་བོ་ནི་བཟའ་སྒྲིག་བྱས་ཟིན་པས་སྲུ་མོ་དང་མཉམ་དུ་གཞོགས་ཁང་ནང་ཉལ་དགོས་ལ། ཁོ་ཚོར་ད་ལྟ་བུ་ཕྲུག་ལྟ་ན་སྡུག་པ་ཞིག་ཀྱང་སྐྱེས་ཡོད། བུ་ཕྲུག་སྐྱེས་པས་ཁོ་གཉིས་ནི་ཕ་མ་དག་ལས་སྔ་བར་བྱས་ནས་ལངས་འགྲོ་བ་དང་། སྒོའི་ཕྱི་ནང་གི་ལས་ཀ་མཐའ་དག་ཀྱང་ལུས་པ་མེད་པར་ལས་འགྲོ་བས། རང་ཉིད་ལ་སྔོན་ཆད་ལས་ཀྱང་ལས་ཀ་སྣ་གཅིག་ཀྱང་མི་འཇོག མི་རྐྱང་ཞིག་ལ་ཆ་བཞག་ན་ཁྱིམ་ནང་ལས་ཀ་མེད་ཚེ་གཉིད་ནས་སྡོད་པ་ལས་ཅི་ཞིག་བྱེད་དམ། ལན་རེར་དཔེ་ཆ་ཞིག་ལ་ལྟ་བ་ལས་ཅི་ཡང་བྱེད་རྒྱུ་མེད།

ཉིན་འདི་དག་ནང་ཁོ་ལ་དྲན་ཚུལ་དེ་འདྲ་ཡོད་པར་བརྟེན། ནངས་སྔ་མོ་གཉིད་ལས་སད་འགྲོ་ཡང་དུས་ལྟར་ལངས་མི་སྲིད་དེ། ཕྱོགས་ཡར་མར་ལ་འདང་རྒྱག་ཞོར་ཉི་འོད་སྒེའུ་ཁུང་ཁར་ཤར་རག་བར་དུ་སྡོད་པར་བྱེད།

ད་ནངས་ཀྱང་དེ་སྔོན་དང་འདྲ་བར་དྲན་པ་ཕྱི་རུ་བཏང་ནས་ཡེ་ཤེས་ལྷ་མོར་དཀྲིས་གསུམ་བརྒྱབ་པས། ཉི་འོད་ཀྱི་ཕོ་ཉ་ནི་སེར་ལམ་མེར་སྒེའུ་ཁུང་གི་གྲུ་ཟུར་དུ་གྲག་མེད་འགུལ་མེད་ངང་མངོན་ཡོང་། རྣམ་པ་དེ་མཐོང་བས་ཁོ་ནི་ལངས་ན་འདོད་མི་འདོད་ཀྱིས་གྱོན་ཆས་སོགས་གོན་ཏེ་ཤིང་ཁང་ཆུང་བའི་སྒོར་བུད་པ་དང་། མཐུད་ནས་མེ་ཁང་དུ་ཕྱིན་ཏེ་སྔ་ཉིན་དང་འདྲ་བར་ཁ་ལག་བཀྲུས་རྗེས་ནངས་འཚལ་འཐུང་།

བར་དེར་ཁྱིམ་ནང་མི་གཅིག་ཀྱང་མ་ཡོང་བས། ཁོས་བཟའ་མི་མཐའ་དག་དགུན་དུས་ཀྱང་མ་ཁོམ་པར་གང་དུ་འགྲོ་བཞིན་ཡོད་དམ་སྙམ་ཞོར་ལྷས་ལ་བུད་དུས། དགུན་གྱི་ཉི་འོད་ཀྱིས་ལྷས་ར་ཧྲིལ་པོ་དྲོད་ལམ་མེར་བཏང་འདུག དགུན་གྱི་དུས་སུའང་ཉི་འོད་འདི་འདྲ་བདོག་པ་ནི་ཁོས་དུས་ཡུན་རིང་བོ་ཞིག་ལ་མཉམ་འཇོག་མ་བྱུང་། དེའི་དུས་ཁོས་མཉམ་འཇོག་བྱུང་བ་ནི་ཨ་ཕ་དང་ཕུ་བོ། སྲུ་མོ་གསུམ་པོ་ཁྱིམ་ནང་མེད་པར་སྒོ་རུ་ཕྱིན་ཚར་བ་དེ་རེད། དེའི་དུས་ཨ་མ་ལྷ་མོ་བྱམས་གཅིག་པུས་ལྷས་ཞོལ་མའི་ཟོག་ཁང་དུ་ལས་ཀ་ཙག་ཙིག་སྒྲུབ་བཞིན་ཡོད་པ་མཐོང་བ་དེ་རེད།

ཨ་མ། ཨ་ཕ་ཁོ་ཚོ་གང་དུ་སོང་བ་རེད་དམ།

བརྩོན་འགྲུས་རྒྱ་མཚོས་འཇིལ་ལིར་འཁྱིལ་ཞིང་སྣུམ་ཀྱུག་ཀྱུག་བྱེད་པའི་སྐྲ་ལོ་ལག་པས་ཤད་ཞོར་ཁ་ཟོག་ཁང་ཕྱོགས་སུ་འཁོར་ནས་དེ་ལྟར་དྲིས།

ཨ་ཕ་ཁོ་དགེ་རྒན་ཡི་དམ་སྐྱབས་ཀྱིས་བོས་ནས་དོན་དག་ཅིག་ལ་གྲོས་བྱེད་དུ་བུད་ཐལ། སྐལ་བཟང་འབུམ་ནི་འུ་ཚང་གི་ཆུ་ལེན་ཡིན། མནའ་མ་ནི་སྒོ་ཟོག་ཚོ་སྡེ་འདབས་ཀྱི་ཞིང་བར་ལ་འདེད་དུ་སོང་ཡོད། ད་ལྟ་ཁོམ་ནས་བསྡད་འདུག་པ་ནི་ཁྱོད་རེད། ཁྱོད་སྔོན་ཆད་དང་མི་འདྲ་བ་རེད། ད་ནི་སྒྱིད་ལུག་ཅན་ཞིག་ཏུ་གྱུར་འདུག ཉི་མ་འཕོངས་ཚོས་མགོར་ཤར་རག་བར་དུ་གཉིད་ནས་བསྡད་འགྲོ། འཇིག་རྟེན་གཏམ་ལལས་ནས་ཤི་ནི་མེད། ཉལ་ནས་རུལ་ནི་མངཟེར་བ་དངོས་གནས་བདེན་པ་རེད།

ཨ་མས་ཟོག་ཁང་ཕྱོགས་ནས་དེ་ལྟར་གསལ་བཤད་དང་ལེ་བདའ་བྱས་པར་མ་ཟད། ཁོའི་གོ་ཡང་མ་མྱོང་བའི་གཏམ་དཔེ་དེ་འདྲ་ཞིག་ཀྱང་འཐེན་བྱུང་།

ཡ་ཡ་ཡ། སང་ཉིན་ནས་བཟུང་ང་སྔ་མོར་ལང་འགྲོ། སློབ་གྲྭར་འགྲོ་བའི་བར་དུ་སྒོ་ཟོག་ཞིང་བར་དུ་འདེད་པའི་ལས་ཀ་དེ་ངས་འགན་དུ་བླངས་པ་ཡིན། དེ་འདྲ་བྱས་ན་ཨེ་ཆོག་གམ།

ཁོས་ཀྱང་ཨ་མའི་ངོ་འཛིན་སླད། མོའི་ཁམས་དང་མཐུན་པའི་ཚིག་དེ་འདྲ་ཞིག་ལབ།

དེ་འདྲ་ཡིན་ན་བརྩོན་འགྲུས་རྒྱ་མཚོའི་མིང་དེ་མུ་མཐུད་དུ་བོས་ཆོག་ཆོག་རེད། དེ་ལྟ་མིན་ཚེ་ཨ་ཁུས་བསྣན་པའི་རྒྱ་མཚོའི་སྔོན་གྱི་མིང་དེ་གཉིས་བླངས་ན་འགྲིག

ཨང་ང། ཨང་ང……” མ་བུ་གཉིས་ཀྱིས་དེ་ལྟར་ལབ་གླེང་བྱེད་བཞིན་པའི་སྒང་དུ། གཞོགས་ཁང་ནང་ཚ་བོ་དོན་གྲུབ་ནོར་བུའི་ངུ་སྐད་གྲག་ཡོང་།

བརྩོན་འགྲུས་རྒྱ་མཚོ་རྒྱུག་མ་འདུར་གྱིས་ཕར་སོང་ནས་གཞོགས་ཁང་གི་སྒོ་ཕྱེ་རྗེས་ནང་དུ་འཛུལ། ཅང་མ་འགོར་བར་ཁོས་སྐད་གསང་མཐོན་པོསཨ་མ། ཁྱོད་མྱུར་དུ་ཤོག་ཅིག དོན་གྲུབ་ནོར་བུས་མལ་སའི་ནང་སྐྱག་ཉོག་དཀྲུགས་འདུག པང་ལ་ལེན་སའང་མི་འགྲོ་བར་བྱས་ནས་ཡོདཅེས་བསྒྲགས་འོངས།

པང་ལ་ལེན་ས་མི་འགྲོ་རྒྱུ་ཅི་ཡོད། རས་ལེབ་ཅིག་གིས་ཕྱིས་བཏང་ན་ཅི་ལ་མི་ཆོག་པ་ཡིན།ཡུད་ཙམ་ནས་ཨ་མས་དེ་ལྟར་འཁང་ཚིག་སྨྲ་ཞོར་གཞོགས་ཁང་ནང་བུད་ཡོང་ལ། ཡོང་དུས་ལག་ཏུ་རས་ལེབ་ཅིག་བཟུང་ནས་ཡོད། མོས་བརྩོན་འགྲུས་རྒྱ་མཚོ་ཕར་འདེད་ཙམ་བྱས་རྗེསཁྱོད་ཀྱང་ཆུང་དུས་འདི་ལྟར་ལག་ཆགས་པ་རེད། གཅིན་སྐྱག་ནང་དུ་ལག་ཆགས་པ་ཡིན། ཚ་བོ་གཅིག་པུའི་འཕོངས་མགོ་བདག་ལན་གཅིག་བྱས་ན་ཁྱོད་ཟད་འགྲོ་བ་ཡིན་ནམཞེས་ལབ་འཕྲལ། ཡང་ངག་འཇམ་པོསཨ་ཡེའི་གཅེས་ཕྲུག མ་ངུ་ཨ། ངས་ཁྱོད་ལ་བདག་གཙང་མ་བྱས་འགྲོཟེར་ཞོར་དོན་གྲུབ་ནོར་བུའི་རྐང་བ་གཉིས་ཀ་བཟུང་ནས་རས་ལེབ་དེ་ཡིས་གཅིན་སྐྱག་ཡོད་ཚད་གཙང་མར་བཟོས་མ་ཐག ལོ་ཕྱེད་ལ་སོན་ཙམ་གྱི་བུ་ཕྲུག་དེ་སློག་ཐུང་ཞིག་གི་ཁུད་དུ་གཅུད་ཅིང་ཐ་གུ་ཞིག་གིས་བསྡམས་ཏེ། གམ་གྱི་བརྩོན་འགྲུས་རྒྱ་མཚོའི་ལག་ལ་གཏད། ཁོས་ཀྱང་ཨ་མའི་ལག་ནས་ཚ་བོ་པང་དུ་བླངས་འཕྲལ། སྤྲུག་སྤྲུག་གཏོང་ཞོར་གཞོགས་ཁང་གི་སྒོ་ལས་ཕྱིར་བུད།

ཨ་མ། བརྩོན་འགྲུས་རྒྱ་མཚོ། ཁྱོད་གཉིས་ཀྱིས་གསལ་བོར་ལྟོས་ཤིག འུ་ཚང་ལ་འགྲུལ་པ་སུ་ཡོང་བཞིན་ཡོད་དམ།

མཚམས་ཤིག་ལ། ཕུ་བོ་སྐལ་བཟང་འབུམ་གྱིས་གདོང་ལ་འཛུམ་གྲོལ་ཅིང་ཕྲག་ལ་འཁུར་ཤིང་བཏེགས་ནས་སྒོ་ཆེན་ལས་འཛུལ་བྱུང་སྟེ། ཁོའི་གོམ་འགྲོས་ཅུང་མགྱོགས་པར་བརྟེན། འཁུར་ཤིང་སྣེ་ཡི་ལྕགས་གུག་སྟེང་ལྕགས་ལུང་བསྐོན་པའི་ལྕགས་ཟེའུ་ལས་ཆུ་རབ་ཅིག་ཐང་གཅལ་ལ་འཕོས་སོང་།

དངོས་གནས་ཁོ་ཚང་ལ་འགྲུལ་པ་སླེབས་ཡོང་།
སྨན་ཤར་འགྲུལ་པ་ཞིག་གིས་ལོ་གསར་ཁྱེར་ནས་བུད་ཡོང་། སྨན་ཤར་དེ་ནི་གཞན་སུ་ཡང་མིན་ཏེ། ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་གཙོ་གངས་ལྷ་མེ་ཏོག་ཡིན་འདུག མོས་དེ་སྔོན་བརྩོན་འགྲུས་རྒྱ་མཚོར་ལོ་གསར་ཁྱེར་ཡོང་ངེས་ཟེར་བ་བཞིན། རྒྱང་ཐག་རིང་བའི་རྫོང་མཁར་ནས་རྐང་ཐང་ལ་ཁོ་ཚང་དུ་ལོ་གསར་ཁྱེར་ནས་བུད་ཡོང་། མོས་ཉིན་དེར་རྐང་མགོར་ཀོ་ལྷམ་དང་། ལུས་སུ་རྒྱ་ལྭ་སྔོན་པོ་ནང་ཚངས་ཅན་སྲབ་བུ་ཞིག་གོན་འདུག་པས། སྐྱེས་ལུས་སྔར་ལས་ཇེ་དྲང་ལ་སོང་བའི་སྣང་བ་སྟེར། གངས་ལྷ་མེ་ཏོག་གི་ཕྱི་རྗེས་འབྲངས་ནས་ཡོང་མཁན་ནི་ཚེ་རིང་ལྷ་མོ་སྟེ། རྒྱབ་ལ་རྒྱབ་ཁུག་ཆེན་པོ་ཞིག་འཁུར་ཡོད་པར་མ་ཟད། ལག་ཏུའང་ལག་ཁུག་འབྲིང་ཙམ་བསྣམས་ནས་ཡོད། མོས་འཛུམ་པའི་ཚེམས་ཕྲེང་ངོམ་བཞིན
དེ་རིང་ངོ་མ་རྟེན་འབྲེལ་ཡག་པོ་རེད། སློབ་གཙོ་ངེད་གཉིས་སྡེ་འདབས་ནས་ཕྲད་པ་ཡིན་ལ། སྡེ་བའི་སྲང་ལམ་དུ་ཡོང་དུས་སྐལ་བཟང་འབུམ་གྱིས་ཆུ་ཁུར་ནས་ཡོང་བ་དང་ཐུག་བྱུང་། ངོ་མ་རྟེན་འབྲེལ་ཡག་པོ་རེདཟེར་ཞོར་ལག་ཁུག་བརྩོན་འགྲུས་རྒྱ་མཚོར་སྤྲད་འོངས།

ཁྱོད་ལོ་གསར་བཟང་ངམ། འགྲོ། ནང་ལ་འགྲོ།བརྩོན་འགྲུས་རྒྱ་མཚོ་མ་བུ་གཉིས་ཀྱིས་ཕལ་ཆེར་གདངས་དབྱངས་གཅིག་གིས་དེ་སྐད་བརྗོད།

བཟང་བཟང་། ཡ་ཡ།གངས་ལྷ་མེ་ཏོག་གིས་ཀྱང་ཁོ་གཉིས་ལ་ལན་དེ་ལྟར་འདེབས་ཞོར་སྔོན་མ་བྱས་ནས་མེ་ཁང་དུ་འཛུལ།

ཆུ་ཚོད་ཕལ་ཆེར་ཉིན་གུང་ལ་ཉེ་དུས། ཕ་རྒན་སངས་རྒྱས་སྐྱབས་གཞི་ནས་རང་ཁྱིམ་ལ་བུད་ཡོང་།
ཁོས་གངས་ལྷ་མེ་ཏོག་གིས་ཡུལ་འདིར་ལོ་གསར་ཁྱེར་ཡོང་བ་མཐོང་བས། བག་ལྷོད་པའི་ངག་གིས
ལོ་གསར་བཟང་། དེ་རིང་ཡང་དཀའ་ལས་ཆེན་པོ་བཟོས་སོང་། ཨ་ཕ་བདེ་ཐོག་ན་ཡོད་དམཞེས་དྲིས་བྱུང་།

ལོ་གསར་བཟང་། ཨ་ཕ་ལུས་པོ་བཟང་བས་ཅང་ན་རྒྱུ་མི་འདུག ཁྱོད་ཀྱི་ཁམས་དྭངས་སམ།

དྭངས་པ་ཡིན། དྭངས་པ་ཡིན། གནས་སྐབས་སུ་ལུས་ཐོག་ཏུ་ནད་རིགས་མངོན་སུམ་ཅན་མི་འདུགསངས་རྒྱས་སྐྱབས་ཀྱིས་མོར་བལྟས་ནས་དེ་ལྟར་བརྗོད་འཕྲལ། ཡང་ཅི་ཞིག་བསམ་པ་ལྟརཨ་རོག་ཚོ། དེ་རིང་ཡང་ནམ་ཟླ་ཡག་ཅིང་ཉི་འོད་དྲོ་བས། ང་ཚོ་མེ་ཁང་དུ་འདུག་པ་ལས་སྔོན་ཆད་ལྟར་ཁྱམས་རར་བསྡད་ན་བཟང་། ལོ་ལོན་ཚོས་ནམ་རྒྱུནདགུན་གྱི་ཉི་མར་བདག་པོ་མེད། བདག་པོ་ཡོད་ན་རྡུང་རེས་རྒྱགཟེར་བས། ང་ཚོས་ཀྱང་དགུན་གྱི་ཉི་མའི་དྲོད་ཁོལ་དེ་མྱངས་ན་མི་བཟང་ངམཟེར་བར།

སྐལ་བཟང་འབུམ་སྣ་འབིག་གིསཨ་ཕའི་བཤད་པ་དེ་ངོ་མ་རེད། ང་འགྲོ་ལ་གདན་འདིང་། བརྩོན་འགྲུས་རྒྱ་མཚོ་ཁྱོད་ཀྱིས་མདུན་ཅོག་དམའ་མོ་དེ་ཉིན་ཁར་ཁྱེར་ཤོགཅེས་ནུ་བོར་མངགས་བཅོལ་བྱས།

བར་དེར་གངས་ལྷ་མེ་ཏོག་ཡར་ལངས་ནས་ཀ་རྩར་བཞག་ཡོད་པའི་ལག་ཁུག་ལས་ལོ་གསར་གྱི་སྐྱེས་དག་ཨ་མ་ལྷ་མོ་བྱམས་ཀྱི་ལག་ཏུ་བཞག་རྗེས། རྒྱབ་ཁུག་ཆེ་བ་དེ་ཡར་ལ་འདེགས་ཞོརད་ལོ་ཨ་ཕ་ཁོ་ཚོ་གཞུང་དོན་དུ་ལྷ་སར་ཕྱིན་པ་རེད། ཡོང་ཁར་བརྩོན་འགྲུས་རྒྱ་མཚོས་ལོ་འདི་དག་ནང་སློབ་སྦྱོང་ཐད་བརྩོན་པ་བསྐྱེད་རྒྱུ་མང་དྲགས་བསམས་ནས། ལྷ་སའི་ཆུ་ཕྲུག་འཐག་མགོ་གཅིག་ཉོས་ནས་ཡོང་འདུག ཁུག་མ་འདིའི་ནང་དུ་ཡོད་པས། ཁྱོད་ཚོས་བལྟ་རོགས། ཁོའི་བློར་འབབ་མིན་སུས་ཤེསཞེས་སྨྲ་ཞོར་ཁུག་མ་བཏེགས་ནས་ལྷས་སུ་ཕྱིན།

བློར་ལོས་འབབ། ཉི་མ་ལྷ་ས་ནས་ཆུ་ཕྲུག་ཉོས་ཏེ་ཡོང་ན་བློར་མི་འབབ་རྒྱུ་ཅི་ཞིག་ཡོད།

ཨ་མ་ལྷ་མོ་བྱམས་ཀྱིས་སེམས་ནང་གི་དགའ་བ་གནོན་མ་ཐུབ་པར་ངག་ལས་དེ་སྐད་ཤོར།

ཨ་ཙི། ད་ཁྱོད་ཕ་བུ་གཉིས་ཀར་དཀའ་ལས་གཏོད་རྒྱུ་མང་དྲགས་སོང་། ལོ་གསར་ཁྱེར་ཡོང་བའི་ཐོག་ལ། ད་དུང་ལྷ་སའི་ཆུ་ཕྲུག་ཀྱང་ཉོས་ཡོང་བ་རེད། སྒོར་མོ་རྫོགས་མེད་ཅིག་བྱིན་ཡོད་ངེས།

ཕ་རྒན་སངས་རྒྱས་སྐྱབས་ལའང་ཅང་བཤད་རྒྱུ་མ་ཡོང་བས། དེ་ལྟར་རྗོད་ཞོར་ཁྱིམ་མི་དག་གི་རྗེས་འབྲངས་ནས་ཁྱམས་འོག་ཏུ་ལྷ་སའི་ཆུ་ཕྲུག་ལ་བལྟ་རུ་ཕྱིན།

ཁྱོད་ཚོས་ལྟོས་དང་། རྒྱུ་སྤུན་གཉིས་ཀ་བལ་ཡིན་འདུགཨ་མ་ལྷ་མོ་བྱམས་ཀྱིས་དེ་ལྟར་བཤད་བྱུང་།

འཐག་བཟང་བས། ངོ་མ་ཆུ་ཕྲུག་ཟེར་བ་དོན་ལ་གནས་ཡོད།

མནའ་མ་ཚེ་རིང་ལྷ་མོས་ཕྲུག་ངོས་སུ་ལག་པས་བྱིལ་བྱིལ་གཏོང་བཞིན་ལབ།

ཚོན་འཁྱིལ་འདུག་པ་འདི་བཟང་བོར་བརྩི་བ་ཡིན།

ཕ་རྒན་སངས་རྒྱས་སྐྱབས་ཀྱིས་ཚོན་མོད་ས་དེ་སྟོན་བཞིན་སྨྲ་བར་བྱེད།

ངས་འཐག་བབ་འདི་འདྲ་རིང་བོ་ཅན་ཞིག་ད་སྔ་རིག་མ་མྱོང་།

དེ་ནི་ཨ་མ་ལྷ་མོ་བྱམས་ཀྱི་སྐད་རེད།

ནག་རྒྱ་ཡི་བཟོ་པ་གྲགས་ཅན་ཕག་མོ་ཚེ་བརྟན་ལ་བཟོ་རུ་བཅུག་ན་བཟང་།

དེ་ནི་སྐལ་བཟང་འབུམ་གྱི་སྐད་རེད།

ངའི་ཕྲུག་ལྭ་རྙིང་བའི་འདབས་ཁའི་སྲམ་ཁྲ་བླངས་ནས་ཆུ་ཕྲུག་འདིའི་མཐའ་ལ་བརྒྱན་ཆོག

མཐུད་ནས་ཕ་རྒན་སངས་རྒྱས་སྐྱབས་ཀྱིས་ཀྱང་དེ་ལྟར་བརྗོད།

ཁྱམས་རའི་གཞི་རུ་བཟའ་མི་གང་བོར་ཁ་མ་ཐེམས་པར་དེ་ལྟར་བཤད་ལ་རངས།

1982ལོའི་ཟླ2པའི་ཚེས15ཉིན། གཟའ་ཟླ་བ། གནམ་ངོ་དྭངས།

སང་ཉིན། བདག་གིས་བརྩོན་འགྲུས་རྒྱ་མཚོ་བཟའ་མི་གང་བོར་ལོ་གསར་འཁྱེར་དགོས། དེ་ནི་ངེད་གཉིས་ལོ་གསར་སྔོན་ལ་འཕྲད་དུས་བརྗོད་ཟིན་པས། ངེས་པར་ཁ་བཤད་དོན་ལ་གནས་པ་ཡོང་དགོས།

ལོ་གསར་གྱི་ལེགས་སྐྱེས་སུ། ཨ་ཕས་ཆེད་དུ་རང་གི་སེམས་ཁོང་གི་རྒྱལ་སྲས་དེར་ལྷ་སའི་ཆུ་ཕྲུག་ཅིག་ཉོས་ཡོད། དེ་ནི་བརྩོན་འགྲུས་རྒྱ་མཚོ་ལ་རྟིང་སྐུལ་བྱ་ཆེད་ཡིན་ངེས་ལ། བུ་མོ་ངའི་ངོ་ཐང་བསམ་པའང་ཡིན་ཤོས་ཆེ།

དགུན་གནང་བཏང་རྗེས། བརྩོན་འགྲུས་རྒྱ་མཚོ་སློབ་གྲྭའི་ནང་ཡོང་དུས། རང་ཉིད་བྲེལ་བ་ཆེ་བའི་དབང་གིས། སློབ་གནས་གསར་བ་རྒྱང་རིང་ནས་སྟོན་ཙམ་བྱེད་པ་ལས། གནས་ཡུལ་དུ་དངོས་སུ་ཁྲིད་མ་ཐུབ། སང་ཉིན་གོ་སྐབས་འགྲིག་ཚེ། སློབ་གནས་ལ་བལྟ་རུ་སོང་ན་ལེགས། ཁོ་ད་ལྟ་སློབ་ཆེན་པ་ཡིན་པས་ལྟ་རྒྱ་ཐོས་རྒྱ་ཆེ། བསམ་འཆར་ཡག་པོ་གདོན་རྒྱུ་ཡོད་ཀྱང་སྲིད།

དྲོས་ཇ་འཐུངས་རྗེས་སུ། བརྩོན་འགྲུས་རྒྱ་མཚོས་དགུན་ལྭ་ལེགས་པོར་གོན་འཕྲལ། སློབ་གཙོ་ཁོ་གཉིས་སློབ་གྲྭ་གསར་བའི་སློབ་གནས་ལ་བལྟ་རུ་འགྲོ་རྒྱུ་ཟེར་ནས་ལམ་དུ་ཆས།

ཁོ་གཉིས་དཔུང་བ་མཉམ་གཤིབ་ཀྱིས་སྒོར་ཐང་སྡེ་བའི་སྟོད་ཕྱོགས་ཀྱི་གཞུང་ལམ་མཐའ་ཡི་དེའུ་འབུར་སྟེང་དུ་ལབ་ཙེ་བསྟད་ཡོད་ས་དེར་སླེབས་པར། མདུན་ཕྱོགས་སུ་བོད་ལྭ་རྙིང་བ་གོན་པའི་བཟའ་མི་གཉིས་དང་། ལོ་དྲུག་ཙམ་ལ་སོན་པའི་བུ་མོ་རྒྱ་ལྭ་ནང་ཚངས་ཅན་མདོག་དམར་པོ་གོན་མཁན་ཞིག་བཅས་ལ་ཕྲད་བྱུང་།

ཕ་རོལ་ལས་སྐྱེས་པ་དེས་ཁོ་གཉིས་ངོས་ཟིན་པ་ལྟར་གདོང་ལ་འཛུམ་ཞིག་མངོན་ཞོརདགེ་རྒན་རྣམ་པ་གཉིས་གང་དུ་འགྲོ་རྒྱུ་ཡིན་ནམཞེས་དྲིས་འོངས།

ཁོ་གཉིས་ཀྱིས་མི་དེ་གློ་བུར་ངོས་མ་ཟིན་པ་ལ། བརྩོན་འགྲུས་རྒྱ་མཚོསཁྱོད་སུ་རེད་དམ། གང་ཞིག་ནས་རིག་མྱོང་བ་འདྲཞེས་དྲིས།

ང་རྡོ་རྗེ་ཡིན། ར་ཆག་ནང་སྡེ་བའི་རྡོ་རྗེ་ཡིན། ད་ལྟ་བ་རྒྱ་ཐང་ཀུང་ཧྲེའི་འདབས་འབྲེལ་གྱི་སྡེ་བ་ཞིག་ཏུ་མག་པར་བསྡད་ཡོད།

ཁོས་དེ་ལྟར་མཚམས་སྦྱོར་བྱས་བྱུང་བར། དགེ་རྒན་གཉིས་ཀྱིས་ལམ་སང་ངོས་ཟིན་པར་བརྟེན། གངས་ལྷ་མེ་ཏོག་གིསཨ་ཙི། དགེ་རྒན་རྡོ་རྗེ་ཡིན་འདུག དུས་ཡུན་ལོ་མང་བོར་མ་ཕྲད་པས་དངོས་གནས་ངོས་ཟིན་དཀའ། ཁྱོད་གང་ལ་སོང་བ་ཡིནཞེས་དྲིས་པ་ན།

རྡོ་རྗེ་ཡིས་ཅུང་འཚབ་པའི་ངངངས་རང་ཡུལ་གྱི་ཤ་ཉེ་ཚོར་ལོ་གསར་ཁྱེར་ཡོང་བ་ཡིན། ད་ཕྱིར་འགྲོ་རྩིས་ཡོདཅེས་བརྗོད་མ་ཐག ཡང་དོགས་མི་བདེ་བའི་ཉམས་དང་བཅསསྔོན་ཆད་ངས་བསམ་མ་ཤེས་པར་གླེན་རྟགས་མང་བོ་བསྟན་མྱོང་། ད་ལྟ་ང་རྒྱུན་དུ་འགྱོད་པ་སྐྱེ་བཞིན་ཡོད། ཁྱེད་གཉིས་ཀྱི་སེམས་ལ་མི་འཛིན་པར་ཞུཞེས་དགོངས་དག་ཞུས་འོངས།

སེམས་ནང་འཛིན་ག་ལ་སྲིད། དེའི་དུས་ཚང་མ་ལོ་ཆུང་ཡིན་པས་བྱ་བར་ནོར་འཆུག་བྱུང་བ་མང་། ལན་རེར་རང་ཉིད་ཀྱང་འགྱོད་པ་སྐྱེས་ཡོང་། གངས་ལྷ་མེ་ཏོག་གིས་དེ་སྐད་སྨྲས་རྗེས། ཡང་ཅི་ཞིག་འདྲི་འདོད་ཀྱིསཁྱོད་མག་པར་འགྲོ་སའི་སྡེ་བ་དེའི་ཆ་རྐྱེན་ཅི་འདྲ་རེད། འཚོ་བ་ཇེ་བཟང་ལ་ཡོང་བཞིན་ཡོད་དམ། རོགས་བྱེད་དགོས་པའི་དོན་བྱ་ཅི་ཞིག་ཡོད་ཚེ་ཕྱིས་སུ་འབྲེལ་བ་བྱོས། ང་སློབ་གྲྭའི་ནང་འདུག་ངེས་པ་ཡིནཞེས་ལབ།

དེ་ལྟར་བཤད་ཡོང་ན། ང་ལ་སང་ལོའི་སྟོན་ཁར་དོན་དག་ཅིག་ཡོད། ཀན་ནི་ངའི་བུ་མོ་ཡིན། ཁོས་ཁོ་ཚོ་དང་གོམ་པ་འགའི་ས་རུ་བསྒུགས་འདུག་པའི་མ་བུ་དེ་གཉིས་མཛུབ་མོས་སྟོན་ཙམ་བྱས་རྗེསངའི་བུ་མོ་ད་ལོ་ལོ་དྲུག་ལ་བུད་ཟིན། སློབ་གྲྭར་འགྲོ་རན་ལ་སླེབ་བཞིན་ཡོད། བ་རྒྱ་ཐང་ཀུང་ཧྲེའི་ཕྱོགས་སུ་སློབ་ཆུང་བཟང་བོ་མེད་པས། ངས་མོ་རང་ཡུལ་ཕྱོགས་སུ་འཇོག་རྩིས་ཡིན། ཤར་ལུང་ཚོ་དྲུག་སློབ་ཆུང་དུ་སྐྱེལ་རྩིས་ཡིན། དེའི་དུས་ཁྱེད་གཉིས་ཀྱིས་ང་ལ་རོགས་ཤིག་བྱེད་དགོས། དྲིན་ཆེན་གཉིས་ཀཞེས་རེ་བའི་མིག་གིས་ཁོ་གཉིས་ལ་རེས་མོས་སུ་ལྟ་ཞོར་སྨྲས།

ཚུལ་དེ་མཐོང་བས་བརྩོན་འགྲུས་རྒྱ་མཚོས
དོན་དེར་ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས། ངའི་ཨ་ཅེ་དབྱངས་ཅན་གྱི་བུ་མོ་ཡང་སློབ་ཆུང་འདིར་བསྐྱལ་ཡོད། ས་ཆ་གཞན་ནས་སློབ་ཆུང་འདིར་བསྐྱལ་ཡོང་བའི་སློབ་མ་ནི་ལོ་རེ་ལས་ལོ་རེར་ཇེ་མང་རེད། ལྷག་པར་ཁྱོད་ནི་ས་ཆ་འདིའི་མི་ཡིན་པས། སློབ་གཙོས་མགོ་བོ་ལྡེམ་ཙམ་བྱས་པས་ཆོག་འགྲོཞེས་བཤད་འཕྲལ། གངས་ལྷ་མེ་ཏོག་ལ་ཕུར་ཚུགས་སུ་ལྟ་བར་བྱེད།

རེད་རེད་རེད། དོན་དེར་ཁྱོད་ཀྱིས་སེམས་ཁུར་བྱེད་མི་དགོས། སྐབས་དེར་ང་བཙལ་ནས་ཤོག་དང་། ངས་ཁྱོད་ལ་རོགས་བྱེད་ངེས་ཡིན།

གངས་ལྷ་མེ་ཏོག་གིས་ཀྱང་དེ་ལྟར་ཚིག་ཐག་ཆོད་པོའི་སྒོ་ནས་བརྗོད་འོངས།

ཁོསའོ་ན་བཀའ་དྲིན་ཆེ། ཁྱེད་གཉིས་དལ་བུར་ཕེབས་རོགས། རྗེས་སུ་མཇལ་ཡོངཞེས་སྨྲས་འཕྲལ། གོམ་པའི་འདེགས་འཇོག་དལ་བ་དལ་བུར་མ་བུ་ཟུང་དེའི་ཕྱོགས་སུ་བསྒྱུར།

བཟའ་མི་གསུམ་པོ་གཞུང་ལམ་གྱི་ཁུགས་པ་དེ་ལས་ཡལ་རག་བར་དུ། ཁོ་གཉིས་ཀྱིས་དགེ་རྒན་རྡོ་རྗེ་སོགས་ལ་མིག་སྐྱེལ་བྱས།

མིག་སྐྱེལ་བྱས་ནས་ཡར་ཡོང་བ་ལ། སློབ་གཙོ་དང་སློབ་ཆེན་པ་གཉིས་ཀར་དུས་ཡུན་ངེས་ཅན་ཞིག་ནང་ཁ་བརྡ་ཅི་ཡང་མེད་པར་གྱུར་ཅིང་། སོ་སོས་རང་རང་སར་འདང་རྒྱག་ཞོར་འགྲོ་རྐྱང་བྱེད།

ང་ཚོས་བདམས་པའི་སློབ་གནས་ནི་གོང་གི་གླེ་ཐོག་འདི་ཡིན།

སློབ་གྲྭའི་ཁ་གཏད་ཀྱི་རི་དམའ་མོ་ཐང་ལ་འདྲེས་ས་དེར། གངས་ལྷ་མེ་ཏོག་ནི་ལམ་གྱི་གཡས་གོང་གི་ལ་ངོ་ཐུང་ངུ་དེར་འགོ་ཞོར་དེ་ལྟར་ལབ་འོངས་ལ། ལག་པ་ཚུར་བསྲིངས་ནས་བརྩོན་འགྲུས་རྒྱ་མཚོ་ཐེམ་པ་དེ་ལས་ཡར་འཐེན་བྱུང་།

ཁོ་གཉིས་གླེ་ཐོག་ཏུ་བུད་པར། དེ་ནི་བརྩོན་འགྲུས་རྒྱ་མཚོ་དགུན་གནང་བཏང་མ་ཐག་ཕ་ཡུལ་དུ་ལོག་སྟེ་དོགས་མི་བདེ་བའི་ངང་སློབ་གྲྭའི་ནང་ཕྱིན་དུས། གངས་ལྷ་མེ་ཏོག་གིས་སློབ་གྲྭའི་ལུས་རྩལ་ར་བའི་ཟུར་ལོགས་སུ་ཁོར་སློབ་གནས་གསར་བ་བསྟན་མྱོང་བ་དེ་ཡིན་འདུག ཐང་ཆུང་ངུ་དེར་ས་མུའུ་བརྒྱད་ལྷག་ཡོད་དེ། ཐང་ངོས་ཧྲིལ་པོ་ཧ་ཅང་སྙོམས་ལ་སྟེང་དུ་རྩྭ་སྐྱ་ཐུང་ངུ་ལས་ལྷག་མེད་པར་བརྟེན། སློབ་གྲྭ་གསར་བ་ལས་པར་ལས་ཚེགས་ཆེན་པོ་མི་འདུག ཁོ་གཉིས་ཀྱིས་དཔུང་བ་མཉམ་གཤིབ་དང་བཅས་ཐང་ཆུང་ཆུང་མེ་ལོང་འདྲ་བ་དེར་སྐོར་བ་ལན་གཉིས་བྱས། སྐོར་བ་བྱེད་པའི་གོ་རིམ་ཁྲོད་དུ། གངས་ལྷ་མེ་ཏོག་གིས་སློབ་གྲྭའི་སྒོ་ཆེན་ཤར་ཕྱོགས་ཀྱི་སྐྱེས་རི་ཆེན་པོ་ཨ་མྱེས་སྲིན་པོ་ཡི་ཕྱོགས་སུ་བསྐོར་ན་བཟང་ཚུལ་དང་།
སློབ་མའི་ལུས་རྩལ་ར་བ་སློབ་གྲྭའི་ལྟག་རྒྱབ་ཏུ་ལས་ན་འོས་ཚུལ་སོགས་ཀྱང་གླེངས་འོངས། དེ་ལྟར་གླེང་ཞོར་ཆུ་བཟང་སྐེར་འགྲོ་སའི་གཞུང་ལམ་དེའི་གོང་རོལ་ཏུ་སླེབས་ཙ་ན། མོས་བརྩོན་འགྲུས་རྒྱ་མཚོའི་བློ་ཡུལ་ལས་འགོངས་པའི་འཆར་གཞི་ཞིག་བཤད་བྱུང་།
དེ་ནི་ད་ལྟའི་སློབ་གྲྭའི་ཁ་གཏད་ཀྱི་རི་སྒང་དམའ་མོ་དེ་དང་ཆུ་བཟང་སྐེ་ལ་འགྲོ་སའི་གཞུང་ལམ་གྱི་བར་དུ་ལུང་བ་ཅུང་ཟབ་མོ་ཞིག་ཡོད་པ་བཀོལ་སྤྱོད་བྱེད་འདོད་པ་དེ་རེད། གངས་ལྷ་མེ་ཏོག་གི་དྲན་ཚུལ་ནི་ལུང་བ་དེར་ངེས་པར་རྫིང་བུ་འབྲིང་ཙམ་བསྐྱིལ་དགོས་ཏེ། རྫིང་བུའི་ཆུ་ནི་ཆུ་བཟང་སྐེའི་གཡོན་ཟུར་གྱི་གྲམ་པའི་མཐིལ་ན་ཡོད་པའི་ཆུ་མིག་དེ་འགྱིག་སྦུག་ལ་དྲངས་ནས་ཡོང་རྒྱུ་རང་ཡིན། དེ་ལྟར་བྱུང་ན་ཁོ་གཉིས་དེ་སྔར་ལ་ངོ་ཐུང་ངུར་འགོ་ས་དེའི་གཡོན་ཕྱོགས་སུ། སྒོར་ཐང་རུ་ཁག་གིས་ས་རྒོད་དུ་བསྐྱུར་པའི་ས་མུའུ་ལྔ་བཅུ་ལྷག་གི་ཞིང་ས་ཡོད་པ་དང་། ཞིང་ས་དེ་སློབ་གྲྭ་གཞུང་ལ་བླངས་ཏེ་སིལ་སྡོང་འཛུགས་པ་དང་ཚལ་འདེབས་པ་སོགས་བྱས་པ་བརྒྱུད། སློབ་གྲྭ་འདིའི་སློབ་མ་དག་ལ་དྲོས་ཇའི་ཚེ་ན་གོར་སྐམ་ཁོ་ན་ལས་བཟའ་རྒྱུ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་འདོད་པ་བཅས་སོ།།

བརྩོན་འགྲུས་རྒྱ་མཚོས་མོའི་འཆར་གཞི་དེ་དག་ལ་ཉན་ཞོར་དབང་མེད་དུ་མགོ་བོ་ལྡེམ་ལྡེམ་བྱེད་དགོས་བྱུང་།

འུ་གཉིས་སྨད་ཕྱོགས་ཀྱི་ཞིང་སར་བལྟ་རུ་འགྲོ། འདི་འདྲའི་ཞིང་ས་གཤིན་པོ་ཞིག་ད་བར་དུ་བཀོལ་སྤྱོད་མ་ཐུབ་པ་ནི་ཕངས་སེམས་ཆེ་བ་ལ་ཨང་། ས་ཁུལ་དེ་ནི་ཤར་ལུང་ཚོ་དྲུག་སློབ་ཆུང་མདུན་གྱི་སྒོ་ར་རུ་ཁག་གི་ཚལ་ར་ལ་བལྟས་ནའང་ས་བབ་དམའ་བ་ཡིན།

གངས་ལྷ་མེ་ཏོག་གིས་རང་སེམས་གཅུན་མི་ཐུབ་པའི་ཚུལ་གྱིས་དེ་ལྟར་བཤད་རྗེས། གཞུང་ལམ་ལ་ཞུགས་ནས་སྨད་ཕྱོགས་ཀྱི་ཞིང་ས་དམིགས་ནས་འགྲོ་མགོ་བརྩམས།

གོང་རིམ་ནས་སློབ་གྲྭ་གསར་བ་ལས་པར་མ་དངུལ་ག་ཚོད་གཏོང་རྒྱུ་རེད།

བརྩོན་འགྲུས་རྒྱ་མཚོ་མོའི་རྗེས་སུ་འབྲངས་ནས་དེ་ལྟར་དྲིས།

དེ་ད་དུང་གཏན་ཁེལ་གསལ་བོ་བྱས་མི་འདུག གང་ལྟར་སློབ་ཁང་བཅུ་ཙམ་དང་གཞུང་སྒྲུབ་ཁང་གསུམ་བཞི་ཞིག ཚོགས་ཁང་དང་མཛོད་ཁང་།
ཟ་ཁང་དང་སྡོད་ཁང་། ད་དུང་དགེ་རྒན་ཚོའི་ཉལ་ཁང་ལས་གཞན། ཕྱི་ར་སོགས་ཀྱང་ཆད་མི་སྲིད་ལ། ཐམས་ཅད་ཨར་འདམ་དང་སོ་ཕག་བཅས་ཀྱིས་ལས་རྒྱུ་ཡིན་ཟེར་བས། འགྲོ་སོང་མང་ངེས་པ་ཁོ་ཐག་རེད།

མོས་དབུགས་ཐེངས་གཅིག་གིས་དེ་ལྟར་སྨྲས།

དེ་འདྲ་ཡིན་ན་བཟང་འདུག སྒྲོག་ཙེ་དང་སྟེགས་བུ་སོགས་ཀྱང་གསར་བ་སྟེར་ན་ཐང།” ཁོས་དེ་ལྟར་ཚོད་དཔག་བྱས་པ་ལ།

གངས་ལྷ་མེ་ཏོག་གིསཕལ་ཆེར་སྟེར་སྲིད
ཅེས་ལབ་འཕྲལ། མདུན་ཕྱོགས་ཀྱི་གྱང་ཆག་དེ་དག་སྟོན་བཞིནམཚམས་འདི་ནས་བཟུང་སྟེ་ཞིང་ས་ཡིན། སྨད་ཕྱོགས་ཀྱི་མཚམས་ནི་སྡོང་བོ་གཤར་ནས་ཡོད་པ་དེ་ཡི་བར་དུ་རེད། ཕར་ཕྱོགས་ནི་ད་ཅི་འུ་གཉིས་ཡར་ཡོང་སའི་གཞུང་ལམ་ལ་ཐུག་འདུག འགྲོ། འུ་གཉིས་གྲམ་ཁའི་ཕྱོགས་སུ་འགྲོ། གྲམ་ཁའི་བྲག་ཐོ་བུམ་པ་འདྲ་བ་དེའི་སྟེང་དུ་བུད་ཚེ། ཞིང་ས་ཧྲིལ་པོ་མཐོང་ལམ་དུ་མངོན་སྲིདཅེས་བཤད་རྗེས། གྱང་ཆག་ལས་བརྒལ་ཏེ་གྲམ་ཁའི་ཕྱོགས་སུ་ཡར་འཕགས་པའི་བྲག་ཐོ་ཞིག་ཡོད་པ་དེའི་ཕྱོགས་སུ་ཆས།

ཁོ་གཉིས་ལམ་དུ་འགྲོ་བའི་ཚེ་ན་ཅུང་མགྱོགས་པས། དགུན་དུས་ཡིན་ཡང་རྒྱབ་གཞུང་ནས་དྲོད་རྒྱུན་ཞིག་བར་མེད་དུ་ལྡང་ཡོང་།

མ་གཞི་བྲག་ཐོ་དེ་ནི་བརྩོན་འགྲུས་རྒྱ་མཚོ་སྔོན་ཆད་སློབ་གྲྭ་གྲོལ་ནས་རང་ཁྱིམ་དུ་ལྡོག་དུས་ཁོམ་པ་ཡོད་ཚེ་མལ་གསོ་སའི་གནས་ཤིག་སྟེ། དེའི་སྟེང་དུ་ཁོས་དིང་གླིང་མང་དུ་བུས་མྱོང་། དེའི་དུས་ཁོས་དིང་གླིང་འབུད་སའི་ཡུལ་ནི་གངས་ལྷ་མེ་ཏོག་ཡིན་པ་ལ། རེབ་ཐེངས་རེ་རེར་ཁ་སློབ་གྲྭའི་ཕྱོགས་སུ་འཁོར་ནས་བུས་པས། བྲག་ཐོའི་ཚུར་ནང་གི་ས་རྒོད་དེར་སྣང་འཇོག་དེ་འདྲ་མ་བྱས།

ཁྱོད་ཀྱིས་ལྟོས་དང་། ས་དཀར་ཡིན་ཐོག་ཞིང་ས་བཟོས་སྣང་ལ། ཚེར་སྐྱ་སོགས་སྐྱེ་དངོས་རིགས་ཀྱང་ཧ་ཅང་ཉུང་བས་ལས་རྒྱུ་ཆེན་པོ་མི་འདུག ཆུ་ཡོད་ཚེ་སིལ་སྡོང་དང་ཚལ་སྣ་ཚོགས་སྐྱེས་མི་སྐྱེས་ལ་འདང་རྒྱག་མི་དགོས། སྔོན་ཆད་སྒོར་ཐང་རུ་ཁག་གི་རྒད་པོ་བློ་གྲོས་ཅན་ཞིག་གིས་ཆུ་ཀུབ་སོགས་བཏབ་པ་མགོ་སྨིན་པ་ཡིན་ཟེར། ང་ཚོས་རྗེས་སུ་ཅིས་ཀྱང་ཚོད་ལྟ་ཞིག་བྱས་ན་འགྲིག

གངས་ལྷ་མེ་ཏོག་གིས་ཕྱོགས་ཀུན་ལ་མཛུབ་མོས་ཀེར་ཞོར་མཚམས་ཚིགས་མེད་པར་དེ་ལྟར་བརྗོད།

དངོས་གནས་བདེན་པར་འདུག ང་འདི་གར་ལན་མང་ཡོང་མྱོང་ཡང་། ས་རྒྱ་འདི་ལྟར་ཆེ་བ་དང་།
ས་གཤིས་འདི་འདྲ་ལེགས་པར་མཉམ་འཇོག་མ་བྱུང་།
མི་ལ་མཚོན་ན་སེམས་ཀྱིས་མ་རིག་ན། རྡོག་སྣེ་རིན་པོ་ཆེར་ཐོགས་ཀྱང་མཐོང་མི་དཔེ། ཅི་འདྲའི་ངོ་གནོང་བ་ལ་ཨང།

བརྩོན་འགྲུས་རྒྱ་མཚོའི་ངག་ལས་དབང་མེད་དུ་དེ་ལྟར་ཤོར་པ་དང་། མཐུད་ནསརྫིང་བུ་ལས་པ་དང་འགྱིག་སྦུག་འདྲེན་པ། ཞིང་ས་སྙོམས་པ་དང་ཞིང་སར་གྱང་ར་བསྐོར་བ་སོགས་ཀྱི་ལས་ཀ་ཡོད་ཚད་ས་གནས་མང་ཚོགས་ལ་ལས་སུ་བཅུག་ཆོག རུ་ཁག་སོ་སོ་དང་རུ་ཆེན་གྱི་མིང་བཏགས་ཚོར་བཤད་ན་འགྲིགཅེས་བླང་བྱ་བཏོན་འོངས།

རེད་ཡ། ངས་ཀྱང་དེ་ལྟར་བསམ་བཞིན་ཡོད། ལས་གཞི་འདི་སྒྲུབ་པར་ད་དུང་ལོ་གཅིག་གཉིས་ཀྱི་དུས་ཚོད་ཡོད་པས། དལ་མོ་བྱས་ཆོག མང་ཚོགས་ལ་དལ་མོར་སློབ་གསོ་བཏང་ཆོག མིང་བཏགས་ཚོར་དལ་མོར་ཁ་བརྡ་བྱས་ཆོག ད་ལྟ་བཟང་ཞིག་ཡོད་པ་ནི་ཤར་ལུང་ཚོ་དྲུག་གི་མི་ཚང་མས་སློབ་གསོའི་གལ་ཆེན་རང་བཞིན་རྟོགས་འདུག་པས། བྱ་བ་ལས་རྒྱུ་ཅུང་སླ། སྔོན་ཆད་དང་གཏན་ནས་མི་འདྲ།” གངས་ལྷ་མེ་ཏོག་གིས་སྐད་ཆ་དེ་དག་ལབ་པའི་ཚེ་ན་བཞིན་རས་ཟླ་བའི་དཀྱིལ་འཁོར་ལ་ཡིད་ཆེས་ཀྱི་འོད་ཅིག་འཚེར་ཡོང་། ཡུད་ཙམ་ནས་མོས་ཁ་དགོན་པའི་ཕྱོགས་སུ་འཁོར་ཏེལོ་འདི་དག་ནང་བླ་མ་ཨ་ཚོགས་ཚང་གིས་ཀྱང་སློབ་གྲྭར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་མི་འདྲ་བ་བྱས་སོང་། ང་ཚོར་སློབ་གནས་གསར་བ་བཙལ་པར་དུས་ཚོད་ཡོད་པ་དང་། གོང་རིམ་ནས་མ་དངུལ་ཡོང་བར་སྒུག་ཁོམ་ཡོད་པ་མཐའ་དག ཁོང་གི་ཐུགས་ཡངས་དང་རྒྱབ་སྐྱོར་ལ་འབྲེལ་བ་ཆེན་པོ་ཡོད། ས་ཆ་གཞན་དུ་ཨ་ལགས་ཚོ་དང་གྲྭ་པ་རྣམས་ཧ་ཅང་བཙན་ཟེར། གོང་དུ་སྲིད་ཇུས་ཡོད་པས་དགོན་གནས་དང་བླ་བྲང་ནམ་དགོས་ཟེར་ན་ནམ་སྟེར་དགོས་པར་བཤད། འོན་ཀྱང་ཡུལ་ལུང་འདིའི་བླ་མ་དང་གྲྭ་པ་རྣམས་ཧ་ཅང་བཟང་། ང་ཚོ་ལ་དཀའ་ལས་ཞིག་བཟོས་མ་མྱོངཞེས་དལ་ལྷོད་ལྷོད་ངང་སྨྲས།

བརྩོན་འགྲུས་རྒྱ་མཚོས་རང་གིས་སྔོན་ཆད་དིང་གླིང་མང་དུ་བུས་མྱོང་བའི་གནས་དེ་སྟོན་ཞོརའུ་གཉིས་ཀྱིས་འདི་གར་ཡུད་ཙམ་ལ་ངལ་གསོས་ན་ཅི་འདྲ་རེདཅེས་ཟེར་ཞོར་ཕར་ཕྱིན་ནས་ཙོག་པར། མོ་ཡང་ཁོའི་རྗེས་འབྲངས་ནས་ཡོང་སྟེ་ཉེ་མདུན་དུ་ཙོག་བྱུང་། དེ་ལ་ཁོས་རང་གི་ཚིག་རྗེས་འབྲངས་ནསད་ལྟ་དགོན་པའི་ཚོགས་ཆེན་འདུ་ཁང་ཡང་གྲུབ་ཟིན་པས། གྲྭ་པ་རྣམས་ལ་ཚོགས་ས་ཞིག་ཡོད་སོང་བ་རེདཅེས་འཆད་ཞོར་དགོན་པའི་ཕྱོགས་སུ་བལྟས་ནས་བསྡད།

རེད་ཡ། གྲྭ་པ་རྣམས་ཇེ་མང་ལ་འགྲོ་བཞིན་ཡོད་པས། ཚོགས་ས་ཞིག་ངེས་པར་མཁོ་བ་ཡིན།མོས་དེ་སྐད་རྗོད་ཞོར་མགོ་བོ་ཡུན་གྱིས་བརྩོན་འགྲུས་རྒྱ་མཚོའི་ཕྲག་པར་བསྙེས་པ་དང་། མཐུད་ནསཁྱོད་ཀྱིས་ང་ལ་རང་གིས་བྲིས་པའི་རོགས་འཐེན་དེ་ལེན་རོགས། དབྱངས་སུ་བཀུག་ནས་ལེན་རོགསཞེས་གཉོམ་དུངས་དུངས་ཀྱིས་སྨྲས་བྱུང་།

ཡུད་ཙམ་ནསས་འཇིག་རྟེན་ཆགས་ཚུལ་མི་བཤད། །ས་འཇིག་རྟེན་ཆགས་ཚུལ་བཤད་ན། །རིའི་རྒྱལ་པོ་རི་རབ་ཟེར་བ། །གླིང་ཆེན་པོ་བཞི་ཡིས་མི་ཚད། །གླིང་ཆུང་ཆུང་བརྒྱད་ཀྱིས་གྲུབ་ཡོད……ཅེས་རོགས་འཐེན་གྱི་དབྱངས་ལ་བཀུག་པའི་སྒྲ་སྙན་མོ་ཞིག་དགུན་གྱི་ཉི་འོད་གཉོམ་པོ་དེའི་ཀློང་ནས་དལ་བ་དལ་བུར་མཆེད་བྱུང་།

23

གངས་ལྷ་མེ་ཏོག་གིས་འཕྲིན་ཡིག་བྲིས་ཚར་བ་ལ། སྟེགས་བུ་ལས་ཡར་ལངས་ཏེ་སྒེའུ་ཁུང་ཁ་རུ་ཕྱིན། དོ་དགོང་གི་ཟས་སྟོན་ཐོག་སིལ་ཆང་ཉུང་ཙམ་འཐུངས་པའི་རྐྱེན་ནམ། ཡང་ན་རང་གི་སེམས་ཀྱི་རྒྱལ་སྲས་བརྩོན་འགྲུས་རྒྱ་མཚོ་ལ་རེབ་འདིའི་དགའ་རྟགས་དང་སེམས་ཀྱི་དྲན་གདུང་མཚོན་པའི་འཕྲིན་ཡིག་དེ་བྲིས་པའི་རྐྱེན་གང་ཡིན་ཚོར་དཀའ་ཡང་།
མོའི་སྙིང་ཆུང་ནི་བྲང་ཁོག་ནས་འབའ་འབའ་ལུ་གུ་ལྡིང་ལྡིང་བྱས་བྱུང་། མོས་འཇམ་མཉེན་གྱི་ལག་པས་རང་གི་བྲང་ཁར་ཕུར་ཕུར་འགའ་བྱས་རྗེས། སྲང་ལམ་མཐའ་གཉིས་ཀྱི་གློག་སྒྲོན་གསལ་བོ་དང་དེའི་འོག་ཏུ་བར་མེད་རྒྱུ་བའི་རླངས་འཁོར་དང་མི་དག་ལ་བལྟས་ནས་སེམས་པ་གཡེང་ཐབས་བྱས། མིག་འོག་གི་གྲོང་ཁྱེར་ཆུང་བ་འདི་ལ་ད་ལྟ་མངོན་སུམ་དུ་འགྱུར་ལྡོག་འབྱུང་བཞིན་འདུག རང་ཉིད་ལ་མཚོན་ན་གྲོང་ཁྱེར་ཆུང་ངུ་འདི་རུ་ལོ་བཅུ་ལྷག་ལ་བསྡད་མྱོང་། སློབ་ཆུང་ནས་དམའ་འབྲིང་དང་།
དམའ་འབྲིང་ནས་མཐོ་འབྲིང་ཡོད་ཚད་འདི་རུ་འགྲིམས། ཡིན་ནའང་དེའི་དུས་ཀྱི་བུ་མོ་ཆུང་ཆུང་དེ་ད་ལྟ་ལག་ཆགས་ཟིན། ལག་ཆགས་ནས་རང་གི་ལྟེ་ཁྲག་འཕོ་སའི་གཞི་རིམ་གྱི་ལུང་ཁོག་ཅིག་གི་སློབ་ཆུང་གི་སློབ་གཙོར་གྱུར་ཡོད། སློབ་གཙོར་གྱུར་ཏེ་སློབ་གྲྭ་སྒྲུབ་པ་བཟང་བས། ད་རེབ་ཤར་ལུང་ཚོ་དྲུག་སློབ་ཆུང་ལ་སྔོན་ཐོན་ཐུན་མོང་དང་།
རང་ཉིད་ལ་ཕུལ་བྱུང་སློབ་གཙོ་ཡི་བྱ་དགའ་ཐོབ། བྱ་དགའ་གནང་མཁན་གྱི་ལས་ཁུངས་ནི་ཁུལ་སློབ་གསོ་ཅུས་ཡིན་ལ། དུས་ཚོད་ནི་རྒྱལ་སྟོན་དུས་ཆེན་གྱི་སྔོན་ལ་ཁེལ་དུ་འཇུག་དོན་དེ་གོང་རིམ་རྩ་འཛུགས་ཀྱི་དགོངས་གཞི་ཡིན། དེ་ག་ལས་ཁུངས་ཀྱིས་རང་ལ་བཀོད་སྒྲིག་བྱས་པ་སྟེ། མགྲོན་ཁང་བཀོད་སྒྲིག་བྱེད་པའི་ཚེ་ན་རང་ཉིད་ནི་སྐུ་མགྲོན་བུད་མེད་དག་ལས་ཡ་རུ་གྱུར་པས་ཁང་བ་གྱན་གཅིག་ཅན་ཞིག་ཐེམས་སོང་བ་རེད། ཁང་བ་གྱན་གཅིག་ཅན་ཐེམས་པའི་རྐྱེན་གྱིས། མདང་དགོང་ཁང་བ་འདི་རུ་མོས་དེ་རིང་ཕྱི་དྲོའི་གཏམ་གླེང་ལ་གྲ་སྒྲིག་ཡག་པོ་ཞིག་བྱེད་ཐུབ་བྱུང་། དགའ་རྟགས་ལེན་པར་ཡང་སྣང་བརྙན་བཟང་བོ་ཞིག་བསྐྲུན་ཐུབ་པར་གྱུར།

མོས་དེ་ལྟར་སྙམ་བཞིན་ཁ་ཕྱིར་འཁོར་འོངས། ཁ་ཕྱིར་འཁོར་བར། མཐོང་ལམ་དུ་ཆེས་གསལ་བ་ནི་གཟི་བརྗིད་དཔང་རྟགས་དམར་པོ་དེ་གཉིས་ཡིན། དེ་གཉིས་ད་ལྟ་ཅོག་སྒྲོམ་རྩིག་པར་འཕྲད་ས་དེར་བསླངས་ནས་ཡོད། དེ་ལས་གཅིག་ཆེ་ལ་གཅིག་ནི་ཅུང་ཙམ་ཆུང་། ཆེ་ཆུང་གང་ཡིན་རུང་དེའི་ནང་བཀོད་པའི་རྒྱ་ཡིག་ནག་པོ་དག་གི་མར་གཤམ་དུ་རང་དང་དགེ་རྒན་ཚོས་དུས་ཡུན་རིང་བོར་གཉིད་བཅག་ཟས་བརྗེད་ཀྱིས་བྱ་བ་བསྒྲུབས་པའི་བྱས་འབྲས་ལ་གདེང་འཇོག་མཐོན་པོའི་ཐམ་གས་རྒྱས་བཏབ་ཡོད། རྒྱས་བཏབ་པ་དེའི་འགུགས་ཤུགས་ཀྱིས་མོ་ཡང་བསྐྱར་སྟེགས་བུའི་སྟེང་ཙོག་ཏུ་བཅུག་བྱུང་ལ། གཟི་བརྗིད་དཔང་རྟགས་གཉིས་ཀ་ལག་ཏུ་བླངས་ཏེ། སྔ་དྲོ་དགའ་རྟགས་ལེན་དུས་ཀྱི་རྣམ་པར་ཕྱིར་དྲན་བྱེད་དགོས་བྱུང་།

ནངས་ཇ་འཐུངས་རྗེས་སུ། མོས་ཁ་ངོ་བསྐྱར་དུ་བཀྲུས་པར་མ་ཟད། བྱུགས་རྫས་སྲབ་མོ་ཞིག་ཀྱང་བྱུགས་པ་དང་། སྐྲ་ལོ་ནི་ཕྱི་ལྟག་ཏུ་རྡོག་པོར་དཀྲིས་ནས་སྐྲ་འཛེར་གྱིས་ལེགས་པར་མནན། དེ་ནས་རྒྱུ་རས་ལས་བྱས་པའི་བོད་ལྭ་འོར་བཅངས་བྱས་འཕྲལ་ལག་ཁུག་ཆུང་ངུ་བཟུང་སྟེ་ཚོགས་རའི་ནང་དུ་ཕྱིན། ཚོགས་ཞུགས་སྐྱེས་པ་འགའ་རེར་ལམ་དུ་ཕྲད་པར་ཕྱིར་ལྟ་ཡང་ཡང་བྱས་སོང་ལ། སྐྱེས་མ་འགའ་རེས་ཀྱང་མོ་ལམ་དུ་བཀག་ནས་འབྲེལ་ལམ་སྣ་ཚོགས་བཙུགས་ཡོང་།

སློབ་གཙོ་གངས་ལྷ་མེ་ཏོག ཁྱོད་ཀྱི་སྡོད་གནས་འདི་རུ་ཡོད།ཚོགས་ཁང་དུ་སླེབས་པར། ལས་བྱེད་མི་སྣ་གསར་བུ་ཞིག་ཡོང་ནས་མོ་ཚོགས་རའི་གྲལ་ཤར་སྔོན་མ་དེ་རུ་ཁྲིད། གནས་དེ་གར་མོའི་རུས་མིང་ཤོག་ངོས་སུ་བྲིས་ནས་བཞག་འདུག་ལ། མིང་བྱང་གི་ཟུར་དུ་ཡིག་ཆ་འགའ་རེ་ཡང་བརྩེགས་ནས་ཡོད། མོས་དེ་དག་ཕར་སློག་ཚུར་སློག་བྱས་པར། མང་ཤོས་ནི་མགོ་ཁྲིད་ཀྱི་གསུང་བཤད་སོགས་རེད།

ཚོགས་འདུ་ནི་སྔོན་ཆད་ཞུགས་མྱོང་བའི་ཚོགས་འདུ་དང་འདྲ་བོ་འདུག མགོ་འཛིན་པས་མགོ་འཛིན་བྱས་པ་ལ་བརྟེན་ནས་མགོ་ཁྲིད་དག་མཚམས་སྦྱོར་དང་མགོ་ཁྲིད་ཀྱི་གསུང་བཤད། དེར་མཐུད་ནས་དགའ་རྟགས་སྤེལ་པའི་རིམ་པ་བཅས་བསྟར་སོང་བའོ།།

ཚོགས་ཞུགས་མི་སྣ་མང་བོས་དགའ་རྟགས་ཁོ་ན་བསམ་པ་ལས། མགོ་ཁྲིད་ཀྱི་གསུང་བཤད་དང་ཡིག་ཆའི་ནང་དོན་གསར་བའི་སྐོར་ལ་དང་དོད་དེ་འདྲ་བྱེད་ཀྱིན་མི་འདུག ཡིན་ནའང་མོས་གསུང་ཚིག་གལ་ཆེན་སྐོར་ལ་རྟགས་བཀོད་པར་མ་ཟད། ཚོགས་ཐོག་ཏུ་སྒྲོག་འདོན་མ་བྱས་པའི་ཡིག་ཆ་དག་ཟུར་དུ་བླངས་ནས་རེ་རེ་བཞིན་ཁུག་མའི་ནང་དུ་བཅུག

ཐོག་མར་སློབ་གྲྭ་ཐུན་མོང་གི་བྱ་དགའ་སྤེལ་པར། ཐུན་མོང་གི་བྱ་དགའ་ཐོབ་མཁན་མང་བོ་ཞིག་མེད་པས། གཟི་བརྗིད་དཔང་རྟགས་བླངས་ཤིང་འདྲ་པར་བསྐྱོན་འཕྲལ་མར་ཡོང་བའི་ཚེ་ན། སྔོན་གྱི་ལས་བྱེད་མི་སྣ་གསར་བུ་དེ་བརྒྱུགས་ཡོང་ནས་མོ་ཟུར་དུ་བོས་པ་དང་། ལག་གི་དཔང་རྟགས་སོགས་འཛིན་རོགས་བྱེད་ཆོག་ཚུལ་ལབ་འཕྲལ། མཐུད་ནས་སྒེར་གྱི་དགའ་རྟགས་ལེན་དུ་འགྲོ་དགོས་ཚུལ་ཡང་བཤད་འོངས།

དངོས་གནས་དེ་ནི་ཚོགས་ར་ཟང་ཟིང་ལང་ལོང་དུ་མི་འགྲོ་བའི་ཐབས་མཆོག་ཅིག་སྟེ། བར་དེར་མགོ་ཁྲིད་ཀྱིས་མོ་སོགས་ཕུལ་བྱུང་སློབ་གཙོའི་དགའ་རྟགས་ཐོབ་མཁན་དག་གི་མིང་འདོན་བཞིན་པ་གོ་བས། ཡང་བསྐྱར་ཚོགས་མགོར་གཟི་བརྗིད་དཔང་རྟགས་སོགས་ལེན་དུ་ཕྱིན། མར་འཁོར་ནས་པར་བསྐྱོན་པའི་ཚེ་ན། ཚོགས་རའི་ནངསློབ་གཙོ་མཛེས་མ་ཀན་གང་གི་རེདཟེར་བ་དང་།ཀན་ལ་དགའ་རྟགས་གཉིས་ཐོབ་ཐལཞེས་སོགས་སྨྲ་བ་ཐོས་འཛིན་ལམ་དུ་ལྷུང་ཡོང་བས། སེམས་ཀྱི་གཏིང་རིམ་ཞིག་ཏུ་དགའ་བ་དང་སྤྲོ་བ། ལེགས་པ་དང་མཛེས་པ། མཆོག་གྱུར་དང་གཟི་བརྗིད་སོགས་སྨྲ་བར་ཁག་པའི་ཚོར་སྣང་མང་བོ་ཞིག་ཆུ་ལོག་བརྡོལ་པ་བཞིན་ཤོར་ཡོང་། ཡིན་ནའང་མོས་རང་གིས་རང་ལདལ་ཅག་གེར་སྡོད་དང་། བདག་གི་སེམས་པ་ཕྲ་མོཞེས་ཡང་ཡང་ངག་ལས་ཟློ་ཞོར། བརྟན་བརླིང་གི་གོམ་པ་སྤོ་བཞིན་རང་གི་འདུག་སྟེགས་སུ་ཡོང་ནས་བག་ལྷོད་པའི་ངང་དུ་བསྡད་སོང་།

ཕྱི་དྲོའི་བཞུགས་མོལ་ཚོགས་འདུ་ནི་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱིས་མགོ་འཛིན་བྱས། གཏམ་གླེང་གི་མགོ་མ་མོ་ལ་བཀོད་སྒྲིག་བྱས་འདུག་པས། མོས་སྔོན་དགོང་མོར་གྲ་སྒྲིག་ཡག་པོ་བྱས་སྣང་བའི་གཏམ་གླེང་གི་མ་ཕྱིའི་སྟེང་། གསར་དུ་ལག་སོན་བྱུང་བའི་གཏམ་བཤད་དང་ཡིག་ཆའི་ནང་གི་སློབ་གསོའི་སྲིད་ཇུས་དག་བར་བར་དུ་བཅུག་པར་མ་ཟད། སློབ་གྲྭའི་དོ་དམ་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། སློབ་མའི་སྒྲིག་ལམ་དང་ཡན་ལག་སློབ་གྲྭའི་གནས་ཚུལ། མཐར་ཕྱིན་སློབ་མ་ཚོ་ཁུལ་དགེ་ཐོན་སློབ་གྲྭ་སོགས་ལ་རྒྱུགས་འཕྲོད་པའི་བསྡུར་ཚད་སོགས་གྲངས་ཀ་དངོས་ལ་བཀུག་ནས་གསལ་ཐག་ཆོད་པོར་ཞུ་འབུལ་བྱས་པ་ལ། ཚོགས་ཞུགས་མི་སྣ་མང་བོའི་མིག་དག་རི་མོའི་ལམ་ལ་བཀོད།

མཚམས་དེར་འཐོར་རླུང་དྲག་པོ་ཞིག་གིས་འཕྲོད་མོར་གཏན་མེད་པའི་སྒེའུ་ཁུང་གི་དྲ་མ་ཁྲོག་སྒྲ་དང་བཅས་གློ་བུར་ཕྱེ་འོངས་པར། འབྲུག་སྒྲ་དྲག་པོ་ཞིག་ཀྱང་ཐག་རིང་ནས་ཉེ་སར་མཆེད་བྱུང་། འབྲུག་སྒྲ་དང་མཉམ་པོར་རྒྱུ་ཡོང་བའི་འཐོར་རླུང་གིས་ཅོག་སྒྲོམ་གྱི་མཐའ་རུ་ཡོད་པའི་ཡི་གེའི་ཤོག་ལྷེ་འགའ་འདུག་པའང་ཐང་ལ་གཡུགས་པས། གངས་ལྷ་མེ་ཏོག་ནི་ཕྱིར་དྲན་གྱི་ལམ་ནས་ཕྱིར་བུད་ཅིང་། ལག་ཏུ་བསྣམས་པའི་གཟི་བརྗིད་དཔང་རྟགས་གཉིས་ཀ་བདེ་ལྕག་འཁྱུག་པོར་སྔར་གྱི་ཁ་མལ་དུ་བཞག་འཕྲལ། ཐང་ལ་ལྷུང་བའི་ཤོག་ལྷེ་དག་ཡར་བླངས་རྗེས་ལག་ཏུ་བཟུང་ནས་དྲ་མ་རྒྱག་ཏུ་ཕྱིན། དྲ་མ་བརྒྱབ་ཅིང་ཤེལ་སྒོ་ལས་ཕྱི་རོལ་གྱི་ལྗོན་རྩེ་དག་རླུང་གིས་གཅུ་ལོག་བར་མེད་བྱས་ནས་སྒུལ་པའི་རྣམ་པ་ལ་བལྟས་ཙམ་བྱས་མ་ཐག དང་ལྷོད་རན་པའི་སྒོ་ནས་དྲ་ཡོལ་ཆེ་བ་དེ་ཚགས་དམ་པོར་འཐེན། མཐུད་ནས་གོམ་སྟབས་ཕྱིར་འདུག་སྟེགས་ཕྱོགས་སུ་མ་བསྒྱུར་པར། ཐད་ཀར་མལ་ཁྲིའི་སྟེང་དུ་བུད་རྗེས། རྒྱབ་ངོས་རྩིག་པར་གཏད་དེ་ད་ཅི་གསར་དུ་བྲིས་པའི་འཕྲིན་ཡིག་དེར་ལན་གཅིག་བལྟས་བྱུང་། བལྟས་ཚར་བ་དང་བཞིན་ངོས་སུ་འཛུམ་དཀར་གྱི་མེ་ཏོག་བཞད་ཡོང་ལ། དུས་མཚུངས་སུ་འཕྲིན་ཡིག་དེ་བྲང་ཁར་སྦྱར་ནས་རབ་ཅིག་ལུས། མཐུད་ནས་ཅི་ཞིག་དྲན་པ་ལྟར་ལུས་པོ་གཡོན་ཕྱོགས་སུ་འཁོར་བ་དང་འགྲོགས་ནས། ལག་པ་གཅིག་གིས་སྔས་མགོའི་ཅོག་སྒྲོམ་ཆུང་ངུའི་སྟེང་བཞག་སྣང་བའི་ཟིན་བྲིས་དེབ་ཕྱི་ཤོག་ནག་པོ་ཅན་དེ་བླངས་པ་དང་།
ཡ་གཅིག་གིས་འཕྲིན་ཡིག་དེ་ཟིན་བྲིས་དེབ་ཀྱི་ཁ་མལ་དུ་བཞག

ཁྱོད་ཀྱིས་ད་ལྟ་ཅི་ཞིག་བྱེད་བཞིན་ཡོད་དམ།

མོས་ཟིན་བྲིས་དེབ་ཀྱི་མདུན་ཤོག་ནང་མའི་བར་ལ་བཅུག་ཡོད་པའི་བརྩོན་འགྲུས་རྒྱ་མཚོའི་འདྲ་པར་དཀར་ནག་འདྲེས་མ་ཚུན་དོ་ཅན་དེར་ལྟ་ཞོར་དེ་ལྟར་ཁེར་ལབ་བྱས།

འདྲ་པར་དེ་ནི་བརྩོན་འགྲུས་རྒྱ་མཚོ་སློབ་ཆེན་ལ་རྒྱུགས་འཕྲོད་པའི་ལོ་དེར་བླངས་པ་ཡིན་ལ། འགྲོ་ཁར་མོར་དྲན་རྟེན་དུ་བྱིན་པ་ཞིག་ཀྱང་ཡིན། མོས་ཀྱང་ལོ་དེའི་དབྱར་གནང་གི་སྐབས་སུ་དེ་འདྲའི་འདྲ་པར་ཞིག་བླངས་མྱོང་སྟེ། ཁོས་མོ་ལ་དྲན་རྟེན་གྱི་འདྲ་པར་འདི་སྟེར་དུས་ཁོ་ལའང་རང་གི་འདྲ་པར་སོ་མ་དེ་བྱིན།

ཁྱོད་ཀྱིས་བདག་གི་འདྲ་པར་ལ་བདག་དམ་ཡག་པོ་བྱེད་བཞིན་ཡོད་དམ། རང་ཉིད་ནང་བཞིན་ནམ་རྒྱུན་བདག་གི་འདྲ་པར་ལ་ཡང་ཡང་ལྟ་བཞིན་ནམ།

གངས་ལྷ་མེ་ཏོག་གིས་ཡང་བསྐྱར་དེ་ལྟར་ཆིག་ལབ་ཅིག་བརྒྱབ་བྱུང་།

ཁྱོད་ཀྱིས་ལྟ་བཞིན་ཡོད་ངེས། ང་ཁྱོད་ལ་ཡིད་ཆེས་ཡོད།

མོས་དེ་ལྟར་རྗོད་ཞོར་དམར་ཞིང་སྲབ་ལ་བརླན་གྱིས་བཟུང་བའི་མཆུ་སྒྲོས་དེ་འདྲ་པར་ངོས་སུ་དལ་གྱིས་སྦྱར།

ཡུད་ཙམ་ནས་གངས་ལྷ་མེ་ཏོག་གིས་འདྲ་པར་རྒྱང་དུ་བཀྱེད་དེ་ངོས་སུ་བལྟས་ཙམ་བྱས་རྗེསངས་ཁྱོད་ལ་འཕྲིན་ཡིག་ཅིག་བྲིས་ཟིན། སང་ཉིན་དྲོས་ཇའི་མཚམས་སུ་བསྐུར་ངེས། རེབ་འདིར་དགའ་རྟགས་བླངས་པའི་གནས་ཚུལ་དང་། སེམས་ཀྱི་དྲན་གདུང་སྣ་ཚོགས་སུག་བྲིས་སུ་བཀོད་ཡོདཅེས་སྨྲས་རྗེས། ཡང་ཅི་ཞིག་བཤད་འདོད་ཀྱིསཚོགས་འདུའི་བཀོད་སྒྲིག་ལྟར་ན། སང་ཉིན་སྔ་དྲོར་སློབ་གསོ་ཅུས་ཀྱི་ཉེ་སར་ཡོད་པའི་མི་རིགས་སློབ་ཆུང་ནང་ལྟ་ཞིབ་ཏུ་འགྲོ་ངེས་ལ། ཕྱི་དྲོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་བཀོད་སྒྲིག་བྱས་འདུག་པས། འུ་ཅག་གིས་བསྐྱངས་པའི་སློབ་བུ་མང་བོར་འཕྲད་ངེས། ཁོ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཐུབ། དེའི་དོན་རྗེས་སུ་གླེང་བར་བྱ། སེམས་ཀྱི་རྒྱལ་སྲས། གཟིམས་ས་བདེཞེས་བརྗོད་འཕྲལ། ཟིན་བྲིས་དེབ་ཀྱི་ཁ་བསུམས་ནས་སྔས་མགོའི་ཐད་ཀྱི་ཅོག་སྒྲོམ་སྟེང་བཞག་པ་དང་མཉམ་དུ། ཁང་བའི་ནང་གི་གློག་ཐག་གེར་གཟིམས་བྱུང་།

1982ལོའི་ཟླ9པའི་ཚེས29ཉིན། གཟའ་ལྷག་པ། ཆར་བ་བབས།

དེ་རིང་། ང་ནི་འཇིག་རྟེན་དུ་ཆེས་སྐྱིད་པའི་མི་དེ་ཡིན་སྲིད། ཐོབ་ཐེངས་གཅིག་ལ་དགའ་རྟགས་གཉིས་ཐོབ་སོང་། དགའ་རྟགས་བྱིན་པ་འདི་ནི་བདག་གི་དེ་སྔོན་གྱི་བྱ་བའི་སྤྱི་བསྡོམས་ཤིག་དང་གདེང་འཇོག་ཅིག་ཅི་ལ་མིན།

མི་ནི་མཐོ་རིམ་སྲོག་ཆགས་ཡ་མཚན་པ་ཞིག་རེད། ཆེས་དགའ་བ་དང་ཆེས་སྡུག་པའི་དུས་སུ་དགའ་ཉེ་སྤུན་མཆེད་ཡོད་ཚད་དྲན་ཡོང་། དྲན་པའི་ཚེ་ན་མིག་ཆུ་ལ་རང་དབང་མི་ཡོང་། ད་ནི་ཁ་དཔེའི་ནངསེམས་ལག་ལ་བཞག་ན་ཤ མིག་ལག་ལ་བཞག་ན་ཆུཞེས་པ་དེ་རང་གིས་དོ་དགོང་དངོས་སུ་མྱོང་བཞིན་པ་མ་ཡིན་ནམ།

ད་ལྟ་བདག་གིས་རྒྱང་རིང་གི་ཡུལ་དུ་སྦྱངས་བརྩོན་ལ་འབད་བཞིན་པའི་དགའ་རོགས་བརྩོན་འགྲུས་རྒྱ་མཚོ་དྲན་ཡོང་ལ། གཞི་རིམ་གྱི་རྫོང་ནང་མང་ཚོགས་ཀྱི་བདེ་སྡུག་ཐད་མ་ཁོམ་པར་ཡོད་པའི་ཨ་ཕ་དྲན་འོངས་པར་མ་ཟད། འཇིག་རྟེན་དཀར་ངོགས་དང་སྙིང་གི་བུ་མོར་ཞེན་ཆགས་བསྐྱུར་ནས་བུད་སོང་བའི་ཨ་མ་དྲིན་མོ་ཆེ་ཡང་དྲན་བྱུང……

མོ་ད་ལྟ་ད་རུང་འཇིག་རྟེན་དུ་ཡོད་ཚེ་ཅི་འདྲའི་སྐྱིད་ཨང་། ལོ་འདི་དག་ནང་བདག་གིས་བླངས་ཟིན་པའི་གྲུབ་འབྲས་དང་དགའ་རྟགས་དག་མཐོང་བར་སེམས་པ་བདེ་འགྲོ་བ་ཡིན། འོན་ཀྱང……

མཚན་མོ་དེར། མོས་རྨི་ལམ་སྐྱིད་པོ་ཞིག་རྨིས་བྱུང་། རྨི་ལམ་དུ་མོ་ནི་སློབ་མ་སྐྱོང་བའི་དགེ་རྒན་དེ་མ་ཡིན་པར། གྲོང་ཁྱེར་ཆུང་ཆུང་ཞིག་གི་སྐྱེད་ཚལ་ར་བ་ལ་བདག་བྱེད་མཁན་ཞིག་རེད། བྱེ་བྲག་ཏུ་བརྗོད་ན་སྐྱེད་ཚལ་ར་བའི་ནང་གི་མེ་ཏོག་ལ་ལུད་འཇོག་མཁན་དང་ཆུ་གཏོར་མཁན། དེ་དག་གི་བར་གསེང་དུ་སྐྱེས་ཡོང་བའི་ལྡུམ་བུ་སྣ་ཚོགས་བསལ་མཁན་ཞིག་རེད། མོ་ནི་བརྩོན་འགྲུས་ཆེ་བས་མེ་ཏོག་རྣམས་སྐྱེས་ཚུལ་ཡག་ལ་བཞད་ཚུལ་ཡང་ཧ་ཅང་མཛེས། ཆེས་མཛེས་སྡུག་གིས་ཕྱུག་པའི་མེ་ཏོག་དེ་ཚོ་ཇེ་བཀྲག་ཇེ་མཛེས་སུ་སོང་བ་དང་བསྟུན་ནས། མེ་ཏོག་དེ་དག་གི་གཞུང་རྐང་ལ་འགྱུར་བ་མེད་ཀྱང་། ཟེའུ་འབྲུ་དང་ཟེའུ་འབྲུའི་མཐའ་ཡི་འདབ་མ་དག་ནི་བྱིས་པ་རེ་རེའི་ངོ་གདོང་དུ་གྱུར་སོང་། ངོ་གདོང་དེ་དག་གི་ཁྲོད་དུ་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་སློབ་མཐར་ཕྱིན་པའི་སློབ་མ་ཡོད་ལ། སློབ་མཐར་མ་ཕྱིན་པའི་སློབ་མ་ཡང་མཆིས། སློབ་ཆུང་ལོ་རིམ་གསུམ་པའི་ཡན་གྱི་སློབ་མ་འདུག་ལ། ཡན་ལག་སློབ་གྲྭའི་སློབ་མ་ཆུང་བ་ཚོ་ཡང་སྣང་། དེ་དག་རེ་རེར་ཁྱད་ཆོས་ཤིག་ཡོད་པ་ནི་འཛུམ་མདངས་ཅན་ཁོ་ན་ལས། སྐྱོ་སྡུག་ཅན་གཅིག་ཀྱང་མཐོང་རྒྱུ་མི་འདུག མོ་གང་དུ་ཕྱིན་ན་དེ་དག་གཞུང་རྐང་ལ་བརྟེན་ནས་མོའི་མཐའ་རུ་འཛོམས་ཡོང་བ་དང་། འཛོམས་པའི་དུས་སུ་ལོ་མས་ལག་རྡང་སྦྲེལ་ནས་གར་ལ་རྩེན་པར་མ་ཟད། སྙན་པའི་གླུ་དབྱངས་ཀྱང་བླངས་བྱུང་། གླུ་དབྱངས་མང་ཆེ་བ་ནི《དམར་ཆུང་དམག་གི་གླུ་དབྱངས》ཏེ། སྐད་དྭངས་ལ་གདངས་མཐོ་བའི་ཁར་ཚིག་འབྲུ་རེ་རེ་གསལ་བས། རང་གིས་ཀྱང་ཐལ་མོ་རྡེབ་ཞོར་གླུ་དབྱངས་དེ་བར་མེད་དུ་བླངས……

ནམ་ལངས་ནས་གཉིད་ལས་སད་པ་ན། མོས་ད་དུང་གླུ་དབྱངས་དེ་ལེན་བཞིན་མཆི། བླངས་ནས་སྐད་ཀྱང་ཅུང་འགགས་ནས་ཡོད། འགགས་པ་གང་ཞིག་གློ་ལུ་བྱས་ནས་བསལ་ཅི་ཐུབ་བྱས།

ཕྱི་དྲོར། ཚོགས་ཞུགས་མི་སྣ་ཡོངས་རྫོགས་རླངས་འཁོར་འགའ་རེས་དྲུད་ནས་ཁུལ་གྲོང་གི་སྨད་ཕྱོགས་སུ་ཆགས་པའི་དགེ་ཐོན་སློབ་གྲྭའི་ནང་དུ་ཕྱིན། ལོ་འགའ་རེར་མ་ཡོང་བས། གངས་ལྷ་མེ་ཏོག་གི་མ་ཡུམ་སློབ་གྲྭས་སྒོ་ཆེན་གསར་དུ་བརྗེས་འདུག་པར་མ་ཟད། སློབ་ཁྲིད་ཐོག་ཁང་ཆེ་བ་ཞིག་དང་ཐོག་ཁང་མདུན་གྱི་མེ་ཏོག་ར་བ་བཅས་ཀྱང་གསར་དུ་བཟོ་སྐྲུན་བྱས་འདུག སློབ་གྲྭའི་མགོ་ཁྲིད་དག་གིས་ཁོ་ཚོ་ཐོག་མར་ཚོགས་ར་འབྲིང་བ་ཞིག་གི་ནང་དུ་ཁྲིད་པ་དང་།
ཚོགས་ར་དེ་རུ་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་བྱས་པའི་མཚུངས་སུ། ཚོགས་ཞུགས་མི་སྣ་ཚོར་སློབ་གྲྭའི་མི་འདང་བའི་ཆར་བསམ་འཆར་དང་དེ་མིན་བླང་བྱ་སྣ་ཚོགས་ཀྱང་འདོན་དུ་བཅུག་ཡོང་།

སློབ་ཐུན་གཉིས་པའི་སྐབས་སུ། ཁོ་ཚོ་ཚན་ཆུང་འགའ་རེར་བགོས་ནས་སློབ་ཁྲིད་ལ་ཟུར་ཉན་བྱེད་དུ་བཅུག གངས་ལྷ་མེ་ཏོག་ཁོ་ཚོ་འགྲོ་སའི་སློབ་ཁང་ནི་དམའ་རིམ་དང་པོའི་འཛིན་གྲྭ་གཉིས་པ་སྟེ། སློབ་ཁྲིད་བྱེད་མཁན་ནི་སློབ་གྲྭ་དེར་དགེ་རྒན་དུ་བཞག་མ་ཐག་པའི་མོའི་སློབ་བུ་བསོད་ནམས་དར་རྒྱས་ཡིན་འདུག ཁོས་ཉིན་དེར་སློབ་མ་ཚོར《ཐོན་མིའི་བཞད་སྒྲ》ལསཡི་མཇུག་གི་སྐོར་དེ་འཁྲིད་བཞིན་པ་ལ། ཐོག་མར་སྒོ་སམ་སྟེང་གྲལ་དག་པའི་ངང་ཡི་གེ་ཤར་མོ་བཞི་བྲིས་པ་དང་། དེ་ནས་དབྱུག་ཕྲན་ཞིག་ལག་ཏུ་བཟུང་ནས་ཡང་དང་བསྐྱར་གྱིས་ཚེག་བརྡར་བྱས་ནས་ཁྲིད་པར་བྱེད། ཚེག་བརྡར་བྱས་ནས་ཁྲིད་དེ་ཁ་བྱང་རྣ་བྱང་དུ་སོང་བ་དང་བསྟུན་ཏེ་རིམ་བཞིན་ཀློག་ལ་བཅུག་བྱུང་། ཀློག་ལ་འཇུག་པའི་ཚེ་ན་ཁོས་ཡི་གེ་བཞི་རེ་བཞི་རེ་སྒྲ་དག་ཅིང་སྐད་མཐོན་པོར་བཀླགས་མ་ཐག སློབ་བུ་ཚོས་ཀྱང་ཁོའི་ཕྱི་རྗེས་འབྲངས་ནས་སྐད་མཉམ་པོར་བཏོན་ཡོང་། བཏོན་ནས་དུས་ཡུན་ངེས་ཅན་ཞིག་འདས་རྗེས། ཡང་འཛིན་གྲྭ་གང་བོར་མཉམ་པོར་ཀློག་ཏུ་བཅུག མཐུད་ནས་ཚན་ཆུང་རེ་རེར་བགོས་ཏེ་ཡང་ཡང་ཀློག་ཏུ་འཇུག་ངེས། དེ་ལྟར་ཀློག་ལ་བྱང་དུ་བཅུག་འཕྲལ། ཡི་གེ་དེ་དག་གི་འདྲ་ས་གང་དང་མི་འདྲ་ས་གང་ཡིན་ཚུལ་བསླབ་འགྲོ་ལ། བསླབས་ཏེ་ཚང་ལ་མ་ནོར་བའི་ཚད་དུ་གཏུགས་ཚེ། གཞི་ནས་དེ་དག་ལ་ཚིག་གྲོགས་བཙལ་ནས་ཁྲིད་པར་བརྟེན། ཉན་མཁན་མང་བོསད་ལྟ་ལོ་ཆུང་ནང་དུ་ཤེས་ཡོན་ཅན་མི་འདྲ་བ་སྐྱེ་བཞིན་འདུག་ཨངཞེས་ཕན་ཚུན་ལ་ཤབ་ཤུབ་ཏུ་རྗོད་ཀྱིན་མཆི། མཇུག་མཐར་ལས་བྱ་བཀོད་སྒྲིག་བྱས་ཚར་བར། སློབ་ཁྲིད་གྲོལ་པའི་བརྡ་ཡང་སིང་སིང་དུ་གྲག་པར་བརྟེན། ཟུར་ཉན་མཁན་དག་སྔ་མ་དང་དགེ་རྒན་བསོད་ནམས་དར་རྒྱས་དེའི་འཕྲོར་སློབ་ཁང་ལས་སྒོར་བུད་བྱུང་བར། སློབ་མ་པྲ་ཆལ་འགའ་རེ་ཡང་ཁོ་ཚོའི་ཕྱི་རྗེས་འབྲངས་ནས་སྒོར་ཐོན་འོངས།

སློབ་གཙོ་བདེ་མོ། ཁྱེད་དེ་རིང་འདི་ལྟར་གློ་བུར་ཡོང་ངེས་པ་ནི་བདག་གི་ཡིད་ཀྱི་དགུ་ལའང་མ་དྲན། ཁུལ་ཐོག་ལ་ནམ་སླེབས་པ་ཡིན།

བསོད་ནམས་དར་རྒྱས་ཀྱིས་སློབ་གཙོ་གངས་ལྷ་མེ་ཏོག་སློབ་ཁང་དང་མི་རིང་བའི་སར་ཟུར་ཉན་མཁན་དག་གི་རྗེས་སུ་བསྡད་འདུག་པ་མཐོང་བས། མྱུར་སྟབས་ཀྱིས་ཕར་སོང་ནས་མོར་འཚམས་འདྲི་དང་ལག་འཇུ་བྱས།

ང་ཁེ་ཉིན་ཡོང་བ་ཡིན། ཚོགས་འདུ་ཞིག་ལ་ཡོང་བ་ཡིན། རང་རེའི་སློབ་གྲྭ་དང་ང་མི་སྒེར་བཅས་ལ་དགའ་རྟགས་ཐོབ་ཡོད་པས་དེ་ལེན་དུ་ཡོང་བ་ཡིན།མོས་རང་གི་ཕུལ་བྱུང་སློབ་མ་དེའི་དྲི་བར་ལན་བཏབ་རྗེས། དགའ་སྤྲོའི་ཉམས་དང་བཅསངས་ཁྱོད་སློབ་གྲྭ་འདི་རུ་དགེ་རྒན་ལ་བསྡད་ཡོད་པ་ནི་དབྱར་གནང་སྐབས་ནས་ཤེས་བྱུང་། བུ་རྒོད་པོ།བརྩོན་འགྲུས་ཅན་གྱིས་རི་བོ་འབིགཟེར་བ་ནི་ངོ་མ་རེད། ཁྱོད་ཀྱི་སློབ་ཁྲིད་ཀྱིས་ཟུར་ཉན་མཁན་དག་གི་ཡིད་དབང་ཅིག་ཅར་དུ་ཕྲོགས་སོང་། ཀུན་པོས་མར་ཞོལ་ན་ཁྱོད་ལ་བསྟོད་པ་བྱེད་ཀྱིན་འདུག མུ་མཐུད་དུ་ཧུར་བརྩོན་བྱེད་རོགསཞེས་རང་གི་ཕུལ་བྱུང་སློབ་མ་དེའི་ཕྲག་པར་རྡེག་རྡེག་བྱེད་ཞོར་སྨྲས།

སློབ་གཙོ་ལགས། བཀའ་དྲིན་ཆེ། སློབ་ཁྲིད་ཀྱི་ཉམས་མྱོང་མེད་པས། ད་དུང་མི་འདང་ས་མང་བོ་ཡོད་ངེས། ཟུར་ཉན་མཁན་དག་གི་གྲས་སུ་ཁྱོད་ཀྱང་འདུག་པ་མཐོང་བས། ང་ངོ་མ་འཚབ་སོང་། སློབ་ཁྲིད་ཇི་ལྟར་མཇུག་རྫོགས་པའང་མ་ཤེས།ཁོས་དེ་ལྟར་འཆད་ཞོར་མགོ་བོ་སྨད་དེ་རྐང་བ་གཡས་པས་ཐང་ལ་ལན་འགར་བྲད་བྱུང་། མཐུད་ནས་མགོ་བོ་དགྱེ་ཞིང་སྐྲ་ལོ་ཅུང་རིང་བ་དེ་ལྟག་པར་ཤད་ཙམ་བྱས་འཕྲལཁྱེད་ད་དུང་ཉིན་འགར་སྡོད་ངེས་སམ། འདུག་ཁོམ་ཡོད་ཚེ་ངས་སློབ་གྲྭ་འདི་གར་ཡོད་པའི་ཁྱེད་ཀྱི་སློབ་མ་རྣམས་རྩ་འཛུགས་བྱས་ནས་ང་ཚོ་མཉམ་པོར་པར་ཞིག་བསྐྱོན་ན་ཅི་འདྲ་རེད། རྗེས་དྲན་གྱི་པར་ཞིག་བསྐྱོན་ན་ཆོག་གམཞེས་དྲིས་འོངས།

གངས་ལྷ་མེ་ཏོག་གིསཁྱོད་ཀྱིས་བཏོན་པའི་གྲོས་གཞི་དེ་ཧ་ཅང་བཟང་། ཡིན་ནའང་ང་ལ་འདུག་ཁོམ་མེད། སང་ཉིན་ཕྱིར་འགྲོ་དགོས། སློབ་གྲྭ་འདིའི་ནང་ཤར་ལུང་ཚོ་དྲུག་སློབ་ཆུང་ནས་མཐར་ཕྱིན་པའི་སློབ་མ་ཅི་ཙམ་ཡོད་དམ། དགོང་འཚལ་འཐུང་རག་བར་ད་རུང་དུས་ཚོད་གཅིག་ལྷག་ཡོད་པས། སློབ་གྲྭའི་ཐག་ཉེ་རུ་པར་ལེན་ཁང་འདུག་གམ། འདུག་ཚེ་བར་སྐབས་འདིའི་དུས་ཚོད་བེད་སྤྱད་ནས་བླང་ཆོག འོ། ང་འགྲོ་ལ་ཅུས་ཀྲང་གཞོན་པ་ཁོང་ལ་གནང་བ་ཞིག་ཞུ། ཁྱོད་ཀྱིས་སློབ་མ་ཚོ་རྩ་འཛུགས་དང་པར་ལེན་ཁང་ལ་འབྲེལ་གཏུགས་བྱེད་རོགསཞེས་ལབ་བྱུང་།

ཡ་ལགས། པར་ལེན་ཁང་སློབ་གྲྭའི་སྒོ་ཆེན་གྱི་ཁ་གཏད་ན་ཡོད་པས་འབྲེལ་གཏུགས་བྱེད་སླ། ང་ཐོག་མར་འགྲོ་ལ་སློབ་མ་ཚོར་བརྡ་བརྒྱག སློབ་གྲྭ་འདིར་ཁྱེད་ཀྱི་སློབ་མ་ཕལ་ཆེར་ལྔ་བཅུ་ལྷག་འདུག ཕྱི་དྲོར་འཛིན་གྲྭ་སོ་སོར་སློབ་ཁྲིད་ཡོད་པས་གཞན་དུ་འགྲོ་མི་སྲིད། ང་ཚོ་མདུན་ཕྱོགས་ཀྱི་མེ་ཏོག་ར་བའི་ནང་འཛོམས་ཡོང་།

བསོད་ནམས་དར་རྒྱས་ཀྱིས་དེ་ལྟར་བརྗོད་མ་ཐག སློབ་ཁྲིད་ཐོག་ཁང་དམིགས་ནས་བརྒྱུགས་སོང་།

ཡུན་རིང་མ་འགོར་བར། དཔལ་ཆེན་དང་པདྨ་འཚོ། གནམ་གོ བཀྲ་ཤིས་འབུམ། ནོར་བུ་རྒྱལ། དབང་གྲུབ་སོགས་གངས་ལྷ་མེ་ཏོག་ལ་ཆ་རྒྱུས་ཆེས་ཆེ་བའི་ངོ་གདོང་རེ་རེ་འཛུམ་གྱིས་ཁེངས་ཞོར་མོས་སྒུག་སའི་སློབ་ཁྲིད་ཐོག་ཁང་མདུན་གྱི་མེ་ཏོག་ར་བའི་ནང་སྔ་ཕྱི་བྱས་ནས་མངོན་ཡོང་། ཚུལ་དེ་དག་མཐོང་བས་མོའི་ཡིད་ལ་མདང་དགོང་གི་རྨི་ལམ་དེ་གསལ་བོར་ཤར། རྨི་ལམ་ནང་བཞིན་སློབ་བུ་དག་གི་གྲས་སུ་གདོང་ལ་སྐྱོ་སྡུག་གིས་ཁེངས་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག་སྟེ། ཁོ་ཚོའི་འཚམས་འདྲི་དང་ལག་འཇུའི་ཁྲོད་དུ། མོ་ནི་དངོས་གནས་སྐར་ཚོགས་དབུས་ཀྱི་ཟླ་བ་ལྷ་མོའི་ཟླ་ལ་ཆས་པར་གྱུར།

མཉམ་ལེན་འདྲ་པར་བླངས་ཚར་བ་ལ། བསོད་ནམས་དར་རྒྱས་ཀྱིསསློབ་གྲོགས་ཚོ། ཞོལ་ནས་སློབ་གཙོ་གངས་ལྷ་མེ་ཏོག་གིས་ང་ཚོར་སྙིང་གཏམ་དང་བསླབ་བྱ་ཚིག་གསུམ་གསུང་ན་ཅི་འདྲ་རེདཅེས་སྐད་མཐོན་པོས་དྲིས་པར།

ཚང་མས་མགྲིན་གཅིག་ཏུརེད། རེདཅེས་སྒྲོག་ཞོར་མོའི་མཐའ་ལ་རུབ་འོངས།

དེ་ལ་མོས་ཀྱང་མགྲིན་པ་བསལ་ཙམ་བྱས་རྗེསཡ་ལགས། ང་ལ་སྐད་ཆ་མང་བོ་བཤད་རྒྱུ་མེད། དང་པོ་ཁྱོད་རྣམས་ལ་རྟེན་འབྲེལ་ཞུ། ཁྱོད་ཚོས་རང་གི་ཤེས་རབ་དང་བརྩོན་སེམས་ལ་བརྟེན་ནས་སློབ་གྲྭ་འདིར་རྒྱུགས་འཕྲོད་ཟིན་པས། མ་འོངས་པར་སོ་སོ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ་བཅས་ཕྱོགས་གང་ཐད་དུ་ཡར་རྒྱས་ཡོང་བའི་རྟེན་འབྲེལ་ཞུ། གཉིས་སུ་སློབ་མའི་དུས་སྐབས་ནང་སློབ་སྦྱོང་གཙོ་བོར་འཛིན་དགོས། སློབ་སྦྱོང་ཇི་ལྟར་བྱེད་ཚུལ་དགེ་རྒན་བསོད་ནམས་དར་རྒྱས་ལ་ལད་མོ་བྱས་པས་ཆོག ཁྱོད་ཚོའི་མིག་སྔུན་དུ་མིག་དཔེ་གསོན་པོ་ཡོད་པས། དེའི་ཐད་ངས་མང་བོ་མི་བཤད། གསུམ་དུ་སློབ་མཐར་ཕྱིན་མ་ཐག་བྱ་བའི་ནང་ཞུགས་རྒྱུའི་དྲན་ཚུལ་ཡོད་མི་རུང་།
སློབ་གྲྭ་ཆེན་མོ་འགྲིམ་ཅི་ཐུབ་བྱོས། ཁྱོད་ཚོས་རྒྱུགས་འཕྲོད་པར་ང་ལ་ཡིད་ཆེས་ཡོད། དེའི་ཐད་དུ་ཁྱོད་ཚོའི་རང་གི་སློབ་ཆུང་སྐབས་ཀྱི་དགེ་རྒན་བརྩོན་འགྲུས་རྒྱ་མཚོར་སློབ་སྦྱོང་བྱེད་རོགས། ཁོ་ཁྱོད་ཚོ་དང་འདྲ་བར་སློབ་གྲྭ་རིམ་པར་མ་འགྲིམས་ཀྱང་།
རང་གི་བརྩོན་སེམས་ལ་བརྟེན་ནས་སློབ་ཆེན་དུ་རྒྱུགས་འཕྲོད་པ་མ་ཡིན་ནམ། མི་ལ་བརྩོན་འགྲུས་ལྡན་ཚེ། འཇིག་རྟེན་དུ་མི་འགྲུབ་པའི་བྱ་བ་ཅི་ཡང་མེད། གནས་ལུགས་དེར་ཚང་མ་ཡིད་ཆེས་རོགས། ཨེ་གོ་ཐལ
ཞེས་སྨྲས་མ་ཐག དེར་ཡོད་སློབ་བུ་ཚང་མས་སྔར་ལྟར་མགྲིན་དབྱངས་གཅིག་གྱུར་ངངགོ་ཐལཞེས་ལན་བཏབ་སོང་།

འོ་ན་དེ་ལྟར་བྱོས། སློབ་གཙོའི་ངག་བཞིན་ང་ཚོ་སུ་ཡིན་རུང་རང་རང་སར་ཧུར་བརྩོན་བྱེད་རྒྱུ་མ་བརྗེད། གཞན་སློབ་སྦྱོང་དང་འཚོ་བའི་ཐད་དཀའ་ཁག་ལ་འཕྲད་ཚེ་ང་བཙལ་ནས་ཡོང་རོགས། ངས་རང་ནུས་ཅི་ཐུབ་ཀྱིས་རོགས་རམ་བྱེད་ངེས་ཡིན།བསོད་ནམས་དར་རྒྱས་ཀྱིས་སློབ་མ་ཚོར་ཕྱོགས་ནས་དེ་སྐད་ལབ་འཕྲལ། ཡང་གངས་ལྷ་མེ་ཏོག་ལ་ཁ་གཏད་ནསསློབ་གཙོ་ལགས། ད་ནི་ངའི་ཉལ་ཁང་དུ་ཕྱིན་ཏེ་མུ་མཐུད་དུ་ཁ་བརྡ་རེ་བྱེད་ན་ཆོག་གམ། ཁྱོད་ལ་ཁོམ་པ་ཨེ་ཡོདཅེས་དྲིས་པར།

མོསཁྱོད་ཀྱིས་ཁྱིམ་ནང་བོས་པར་བཀའ་དྲིན་ཆེ། ད་ཅི་ངས་ཅུས་ཀྲང་གཞོན་པར་གནང་བ་ཞུ་དུས། དོ་དགོང་གི་ཟས་སྟོན་གྱི་རྗེས་ཆོད་པར་བྱོས་ཟེར། ཅུས་ཀྲང་གཙོ་བོ་ལ་ད་རུང་ཁ་བརྡ་ཞིག་ཡོད་ཟེར། ཁ་བརྡའི་ནང་དོན་ཅི་ཡིན་པ་ངས་ཀྱང་གསལ་བོ་མི་ཤེས། ཕལ་ཆེར་ང་ཚོའི་སློབ་ཆུང་གི་སློབ་གནས་གསར་བར་སྤོ་རྒྱུའི་དོན་དེ་ཡིན་ཡང་སྲིད། རེ་བ་ཞིག་ཡོད་པ་ནི་མཉམ་ལེན་འདྲ་པར་དེ་བཀྲུས་ཚར་འཕྲལ་ང་ལ་གཅིག་གཉིས་ཤིག་བསྐུར་རོགསཞེས་བཤད་རྗེས། ཡང་མཐའ་སྐོར་གྱི་སློབ་མ་ཡོངས་ལ་བལྟས་ཙམ་བྱས་ཏེསློབ་གྲོགས་ཚོ། ད་ནི་ང་འགྲོ་རན་ལ་སླེབས་སོང་། དགུན་གནང་སྐབས་སུ་ཕ་ཡུལ་དུ་མཇལ་ཡོང་། གནས་སྐབས་སུ་བདེ་མོ་བྱོསཞེས་བརྗོད་ཚར་བར། དེ་མ་ཐག་ཏུ་ལམ་ལ་ཆས།

བསོད་ནམས་དར་རྒྱས་གཙོར་བྱས་སློབ་མ་ཡོངས་ཀྱིས་མོ་སློབ་གྲྭའི་སྒོ་ཆེན་བརྒྱུད་ཅིང་། ཕྱིའི་ལྕགས་རིའི་སྣེ་ཡི་སྲང་ཆུང་དེའི་བར་དུ་སྐྱེལ་མ་བྱས།

དགོང་མོའི་ཟས་སྟོན་ལ་རོལ་རྗེས་སུ། ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཙོ་གཞོན་གསུམ་པོ་གངས་ལྷ་མེ་ཏོག་ལ་འགྲོགས་ཏེ་མོའི་ཉལ་ཁང་དུ་བུད་ཡོང་། ཡོང་དོན་གཙོ་བོ་ནི་ཟླ་བཅུ་གཅིག་པའི་ཟླ་མགོར། ཁོ་ཚོས་ཉམས་མྱོང་ཞན་པའི་སློབ་ཆུང་གི་སློབ་གཙོ་སྐོར་ཞིག་ཁྲིད་ནས་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཡོང་ངེས་ལ། སློབ་ཆུང་དེ་གཙོ་བོ་བྱས་ཐོག སྡེ་བ་སོ་སོར་ཡོད་པའི་ཡན་ལག་སློབ་གྲྭ་ལའང་ལྟ་སྐོར་གཟིགས་ཞིབ་བྱ་བར། དགེ་སློབ་ཡོངས་ཀྱིས་རམ་འདེགས་ཡག་པོ་ཡོད་དགོས་པའི་སྐོར་དེ་གླེངས་བྱུང་། དོན་བཟང་དེར་ཁས་ལེན་གྲུབ་འཕྲལ། མོས་རང་རེའི་སློབ་གྲྭར་མཚོན་ན་སློབ་གནས་གསར་བ་བདམས་ཟིན་ཀྱང་། སློབ་གྲྭ་འཛུགས་སྐྲུན་ཐད་ཀྱི་མ་དངུལ་ད་བར་དངོས་འབེབས་མ་བྱུང་བའི་རྒྱུ་མཚན་སོགས་དྲིས་པར། ཁོ་ཚོས་དོན་དེ་འཆར་གཞི་ལྟར་ལོ་འདི་གཉིས་ནང་ལག་བསྟར་ཐུབ་ཚུལ་གདེང་ཚོད་ཡོད་པའི་སྒོ་ནས་ལན་བཏབ་འོངས།

ཁོ་ཚོ་ཕྱིར་ལོག་རྗེས་སུ། མོ་སྒེའུ་ཁུང་འགྲམ་དུ་ཡོད་པའི་སྟེགས་བུ་དེར་བསྡད་ནས་སྟོན་དུས་ཀྱི་མཁའ་ལམ་ཡངས་པོར་རྒྱང་ལྟ་བྱས། མདང་དགོང་ཆར་བ་བབས་པའི་རྐྱེན་ལོས་ཡིན། དོ་དགོང་གི་མཁའ་ལམ་ནི་སྨུག་སྤྲིན་གྱི་གཡའ་དང་བྲལ་པས་ཧ་ཅང་གསལ། སྟོན་མཚན་ཟླ་ཤེལ་གསར་བ་ཞིག་མོའི་མདུན་ཐད་ཀྱི་མཁའ་ལམ་དུ་བསིལ་ཟེར་བར་མེད་སྤྲོ་བཞིན་འོད་ཀྱིས་སྒེག་ནས་འདུག་ཅིང་། གསལ་ལ་མི་གསལ་བའི་སྐར་ཚོགས་མང་བོས་དེའི་མཐའ་རུ་རང་འོད་སྣ་ཚོགས་སྤྲོ་ཅི་ཐུབ་བྱེད། སྐར་ཚོགས་འདི་དག་དེ་རིང་ཕྱི་དྲོར་ཕྲད་པའི་རང་གི་བུ་སློབ་དེ་དག་ཡིན་པའི་དབང་དུ་བཏང་ན། རང་ཉིད་ནི་ངེས་དོན་གྱི་ཟླ་བ་ལྷ་མོ་དེ་ཡིན་སྲིད་དམ། མོའི་ཡིད་ཀྱི་གཞི་རུ་སློབ་མ་རྣམས་ཀྱིས་རང་ཉིད་བསྐོར་ཡོང་བའི་དུས་ཀྱི་རྣམ་པ་དེ་ཤར་བས། དབང་མེད་དུ་དེ་ལྟར་བསམ་གཞིག་བྱེད་དགོས་པར་གྱུར།

24

དེ་རིང་གི་ནམ་ཟླའང་ཁ་སང་དང་འདྲ་བར་ཧ་ཅང་དྲོ། ནམ་ཟླ་དྲོན་མོ་དེའི་རུམ་ཁོང་དུ་ཁོ་ནི་ནམ་རྒྱུན་དང་འདྲ་བར་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་གཉིད་ལས་སད། མདང་དགོང་ར་བཟི་བའི་རྐྱེན་ལོས་ཡིན་ནམ། བཟང་ས་སངས་རྒྱས་ནི་ཁོ་གཉིས་ལ་སློབ་གླིང་འདིའི་མི་རྐྱང་དགེ་རྒན་ཚོ་སྡོད་སའི་ཐོག་ཁང་དེ་རུ། ད་ནི་ཐོབ་ནས་དུས་ཡུན་ཟླ་གཅིག་ཀྱང་འགོར་མེད་པའི་ཉལ་ཁང་གུ་དོག་པོ་དེའི་གྲུ་ཟུར་གྱི་མལ་ཁྲིའི་སྟེང་སྔུར་བ་འཐེན་ཞོར་རྨི་ལམ་གྱི་ཞིང་ཁམས་འགྲིམས་ནས་ཡོད།

རང་ཉིད་ལ་སློབ་ཆེན་འདི་རུ་དགེ་རྒན་གྱི་ལས་གནས་ཐོབ་པའི་ཆ་དེར། ཡེ་ཤེས་ལྷ་མོས་རང་ནུས་ཡོད་དགུ་རྩལ་དུ་སྤྲུགས་སོང་ཞེས་བཤད་ཆོག དེ་སྔོན་ཀན་ལྷོའི་ཕྱོགས་སུསྤྱི་ཚོགས་བརྟག་དཔྱདལ་ཕྱིན་པ་དང་། སྒོས་སུ་བླ་བྲང་དགོན་པའི་གོང་གི་མོའི་ཕ་ཁྱིམ་དུ་ཟླ་གཅིག་ལྷག་བསྡད་ནས《དབྱངས་ཅན་དགྱེས་གླུ》ཆ་ཚང་ཚར་གཅིག་ཞུས་མཚམས་ནས། ཁོའི་སེམས་པ་ཡོད་ཚད་དགེ་བཤེས་ཐུབ་བསྟན་འབྱུང་གནས་མཆོག་གི་ཡོན་ཏན་གྱིས་དྲངས། རྒྱུ་རྐྱེན་དེ་ཡོངས་སུ་རྟོགས་པ་འདྲ་སྟེ། མོས་ཨ་ཕར་རེ་ཞུ་ཡང་ཡང་བྱས་པ་བརྒྱུད། ད་ནི་དགེ་བཤེས་ཁོང་ཉིད་སློབ་གླིང་གི་རྩ་འཛུགས་ཀྱིས་གདན་ཞུ་མཛད་པ་ལྟར། གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་ནང་དངོས་སུ་ཕེབས་འདུག ཁོང་གིས་གཙོ་བོ་དགེ་རྒན་རྣམས་ལ་སུམ་རྟགས་དང་སྙན་ངག་སོགས་འཁྲིད་བཞིན་ཡོད་དེ། རང་སྟེང་ནས་བཤད་ན་དེ་སྔོན་སློབ་མ་ཡིན་དུས་ནས་ཞབས་ཞུ་པའི་ཚུལ་དུ་ཟུར་ཉན་ལ་སྐྱོད་ཆོག་པའི་དམིགས་བསལ་དབང་ཆ་ཡོད་པར་བརྟེན། དགེ་རྒན་ཚོ་དང་ཆ་འདྲ་བར་གང་བསླབ་འདོད་ན་དེ་སློབ་ཆོག་པས། དུས་ཡུན་ལོ་གཅིག་ལ་ཉེ་བའི་ནང་ཤེས་བྱ་མང་བོ་ཞིག་རྒྱུད་དུ་འབྱོར་བ་རང་ལ་ངེས་ཤེས་གསལ་བོ་འདྲོངས།

སློབ་སྐབས་སྔོན་མ་ཚོགས་ནས་ཅང་མ་འགོར་བའི་ཉིན་ཞིག ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་བཟའ་མི་གསུམ་པོས་ཁོ་ཁྱིམ་དུ་བོས་ནས་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས། གསོལ་སྟོན་མཇུག་བསྒྲིལ་ཁར་མ་སྨད་གཉིས་ཀ་ཐབ་ཚང་ནང་བདག་བྱེད་དུ་ཕྱིན་པའི་གོ་སྐབས་དང་བསྟུན་ནས། ཀྲུའུ་རེན་མཆོག་གིས་རང་གི་བུ་མོའི་ཆེ་བ་རོབ་ཙམ་བརྗོད་འཕྲལ། ཁོ་ལའང་བསྟོད་པ་མི་འདྲ་བ་ཞིག་བྱས་སོང་སྟེ། བསྟོད་པའི་མཐའ་འབྲས་སུཁྱོད་སློབ་གླིང་འདི་རུ་དགེ་རྒན་ལ་འདུག་འདོད་ཨེ་ཡོད། ཡོད་ཚེ་ངས་སྔོན་འགྲོའི་བྱ་བ་མཐའ་དག་ད་ནས་བཟུང་བསྒྲུབ་རྒྱུ་ཡིནཞེས་དྲང་ཐད་དུ་སྨྲས་རྗེས། རང་གི་བསམ་ཚུལ་ལ་ཉན་ནས་བསྡད་བྱུང་།

ཁོ་ནི་གློ་བུར་གཟེར་དུ་བཏབ་པ་ལྟར་ཟེར་རྒྱུ་ཅང་མ་བྱུང་ལ། ཡུད་ཙམ་ནས་རང་གི་སློབ་བུ་དཔལ་ལྡན་དགྲ་ཁ་ལྟར་སྐེ་ཚིགས་འཕྲུག་འཕྲུག་བྱེད་ཞོརའདུག་འདོད་ཡོདཅེས་ངག་ལས་ཤོར།

ཡོད་ན་ཧ་ཅང་བཟང་འདུག ཨ་ཁུ་ལ་ཁྱོད་ལྟ་བུའི་ཞབས་ཞུ་བྱེད་མཁན་ཞིག་ཡོད་ན་ལྷག་ཏུ་བཟང་། བོད་ཀྱི་གཏམ་དཔེརཕོ་རབ་ཚིག་ཐོག འཕར་བ་རྗེས་ཐོགཟེར་བ་ཡིན་པས། དོན་འདིའི་ཐད་རྗེས་སུ་འགྱུར་མི་ཆོག ད་དུང་གསང་བ་བྱེད་དགོས། གོ་སོང་ངམ།

ཀྲུའུ་རེན་གྱིས་མིག་ཟུར་ཡོ་བ་མེད་པར་ཁོའི་གདོང་ལ་ཅེར་ནས་བརྗོད་པར། ཁོས་མགོ་བོ་སྒུར་ཙམ་དང་བཅསགོ་སོང་། ང་འགྱུར་མི་དཔེཞེས་གསལ་བོར་བཤད།

འདུག་འདོད་ཡོདདངའགྱུར་མི་དཔེཞེས་པའི་ཚིག་དེ་དག་ཤོར་མཚམས་ནས། ཁོ་ནི་ཡང་བསྐྱར་སྔོན་ཆད་དང་འདྲ་བར་སེམས་པ་འགལ་འདུ་ཡི་མུན་དོང་དུ་ཚུད། ཁོས་བསམ་བློ་གཏོང་ས་གཙོ་བོ་ནི་གངས་ལྷ་མེ་ཏོག་ལ་ཇི་ལྟར་གདོང་གཏོད་རྒྱུ་དེ་ཡིན། ལྷག་དོན་མོས་འཕྲིན་ཡིག་བསྐུར་ནས་ཡོང་ཐེངས་རེར། རང་ཉིད་ནི་སླ་ང་ཚ་མོའི་ནང་གི་གྲོག་མ་ལྟར་འགྲོ་སྡོད་མི་ཤེས་པར་བཏང་འགྲོ།

ད་ནི་རྔ་ཇི་ལྟར་བརྡུངས་ན། འཆམ་དེ་ལྟར་སྟེག་པ་ལས་ཐབས་མི་འདུག

དེ་འདྲའི་གནས་སྐབས་སུ་ཁེལ་ཐེངས་རེར། ཆེས་མཐའ་མར་ཁོའི་ངག་ལས་ཚིག་དེ་དབང་མེད་དུ་འཆོར་སྲིད་ལ། ཤོར་ཚར་རྗེས་སུ་མོར་དེ་ལ་དེ་བསྟུན་གྱི་འཕྲིན་ལན་བསྐུར་པར་མ་ཟད། ལོ་དེའི་ལོ་གསར་གྱི་སྐབས་སུ་རང་འགུལ་སྒོས་གངས་ལྷ་མེ་ཏོག་ཚང་ལ་ལོ་གསར་ཁྱེར་བའི་མཚུངས་སུ། མོ་གཅིག་པུར་ཁ་བརྡ་བྱེད་པའི་གོ་སྐབས་ལ་ཕྲད་དུས། རང་གི་བརྩེ་དུངས་སྔར་བཞིན་འགྱུར་བ་མེད་པ་དང་། མོ་ཚང་གི་གཞིས་ཀ་སྟོང་བའི་ནང་ཁང་བ་ཇི་ལྟར་ལས་ན་བཟང་ཚུལ། མོའི་ཨ་ཕའང་རྒ་བའི་ཁུར་གྱིས་གནོན་བཞིན་པས་གང་ལྟར་སྲི་ཞུ་བསྒྲུབ་དགོས་པ་བཅས་སྨྲ་བ་དང་འབྲེལ་ཏེ། རང་ཉིད་ཀྱིས་སློབ་སྦྱོང་ཐད་ཇི་ལྟར་བརྩོན་པ་སྐྱེད་ཚུལ་དང་། འབྲས་བུ་གང་དང་ཅི་ཞིག་ལོན་པ། གོང་མགོ་ཁྲིད་ནས་བར་དགེ་རྒན་ཚང་མས་ཇི་ལྟར་བློར་འབབ་བཞིན་པ། ལྷག་དོན་དགེ་བཤེས་ཐུབ་བསྟན་འབྱུང་གནས་མཆོག་ལ་ཅི་འདྲའི་ཡོན་ཏན་མངའ་བ། རང་གིས་ཁོང་ལ་གང་ལྟར་ཞབས་ཞུ་སྒྲུབ་པ། ད་དུང་ཁོང་གིས་རང་ཉིད་སློབ་གླིང་དུ་དགེ་རྒན་ལ་སྡོད་པར་སྐུལ་པ། རང་གིས་ཁས་ལེན་ཅི་ཡང་བྱེད་མ་ཐུབ་པར་ལུས་ཡོད་ཚུལ་སོགས་སྙན་པའི་ཚིག་གིས་བརྗོད་པར། སྔ་མ་སྔ་མ་དག་ལ་མོས་ཡིད་འཐད་དང་ཡིད་ཆེས་ཀྱི་མགོ་བོ་ནང་དུ་ལྡེམ་པར་བྱེད་ཀྱང་། སློབ་གླིང་དུ་སྡོད་པའི་ཆར་མི་འཐད་པའི་རྣམ་འགྱུར་བསྟན་ཏེ། གཟབ་ནན་ངངང་ཚོས་ཁྱོད་འདི་ལྟར་སྐྱེད་སྲིང་བྱེད་པ་ནི། ཕྱིས་སུ་སློབ་ཆུང་འདིའི་བདག་པོ་ཨེ་ཉན་བསམ་བཞིན་ཡོད། ཕྱིར་ཡོང་མ་ཐག་ངས་འགན་འཁྲི་འདི་ཁྱོད་ཀྱི་ཕྲག་སྟེང་ལ་འགེལ་རྩིས་ཡོད། ང་ཁྱོད་ཀྱི་ལག་རོགས་པ་བྱེད་རྩིས་ཡོད། ཁྱོད་ཀྱི་ཇ་མ་བྱེད་རྩིས་ཡོད། བུ་བུ་ཕྲུག་གི་ཨ་མར་འགྱུར་རྩིས་ཡོདཅེས་བརྗོད་བྱུང་བས། ཁོས་ཀྱང་ཐབས་ལ་བསྐོར་ནསདེ་ནི་ང་ཕ་ཡུལ་གྱི་སློབ་ཆུང་འདིར་གཏན་ནས་མི་ཡོང་ཟེར་བ་མིན། གཙོ་བོ་དགེ་བཤེས་ཚང་གི་ཡོན་ཏན་དག་རང་རྒྱུད་ལ་ལེན་བསམ་པ་ཡིན། ལོ་གསུམ་གྱི་དུས་ཡུན་ཡོད་པས་ཆོག ལོ་གསུམ་ནང་ཁོང་ལས་འབྲེལ་ཡོད་ཀྱི་ཡོན་ཏན་མང་ཤོས་ཤིག་ལེན་མ་ཐུབ་ན། ང་ཨ་མས་བཙས་པའི་བུ་མིན། ཁྱི་མོས་བཙས་པའི་བུ་ཡིན……ཞེས་ཤར་ཤར་དུ་བརྗོད་པར། མོས་གློ་བུརང་ཁྱོད་ལ་ཡིད་ཆེས་ཡོད། ཁྱོད་ཀྱིས་བཤད་མི་དགོས། ཁྱོད་ཀྱི་ཕུགས་བསམ་རྒྱ་ཆེ་བ་ངས་ལོས་ཤེསཞེས་ཚིག་མཚམས་བཅད་ནས་ལབས་པ་དང་། མིག་ཟུང་དུ་དུངས་པའི་འོད་སྣང་འཁྱུག་ཞོརངས་ཁྱོད་ལ་ལོ་གསུམ་གྱི་གནང་བ་བྱིན་ཆོག ངས་ཁྱོད་ཀྱི་སློབ་སྦྱོང་ལ་བར་ཆད་བཟོས་ན་མི་འགྲིག ཁྱོད་ཀྱི་དྲན་ཚུལ་དེ་བཟང་བ་ཡིན། ལོ་གསུམ་ལ་ངས་མུ་མཐུད་དུ་ཧུར་བརྩོན་བྱས་ཆོགཅེས་བཤད་སོང་བར། ཁོ་ལ་གློ་བུར་བསྟན་བཅོས་ཁག་ཏུབྱ་རྒོད་རྙི་ལས་ཤོར་པ་དང་ཉེས་ཅན་བཙོན་ནས་ཐར་བཞེས་དཔེ་བླངས་ཡོད་པའི་ཚོར་སྣང་དངོས་དེ་བྱུང་བས། གནས་སྐབས་སུ་ལྗིད་ཀྱིས་བབས་པའི་སེམས་ཀྱི་ཁུར་བོ་དེ་དེ་ལྟར་ཐང་ལ་འཇོག་ཐུབ་པར་གྱུར།

ང་ཁ་སྐོམ་ནས་ཤི་ཐལ། ང་ལ་ཆུ་འཁྱག་ཅིག་ལྡུད་རོགས།

བརྩོན་འགྲུས་རྒྱ་མཚོ་མལ་ཁྲིའི་སྟེང་ནས་མྱུར་དུ་ལངས་མ་འདོད་པར་དེ་ལྟར་ཕྱིར་དྲན་གྱི་མཁའ་ཀློང་ཉུག་པའི་ཚེ་ན། བཟང་ས་སངས་རྒྱས་ཀྱིས་དེ་སྐད་སྨྲ་ཞོར་མལ་སའི་ནང་ཡར་ཙོག་འོངས།

ཁྱོད་ཅུང་ཙམ་སྒུགས་དང་། ངས་ཁྱོད་ལ་ཆུ་ཁོལ་ལྡུགས།

ཁོས་དེ་ལྟར་བརྗོད་མ་ཐག ཁོག་སྟོད་ལ་ཕུ་ཐུང་ཁྲ་བོ་ཞིག་དང་ཁོག་སྨད་ལ་རྐང་སྣམ་དུང་ཆེན་ཁ་གོན་ཐོག རྐང་མགོར་ཕྱི་རྟིང་ཅུང་མཐོ་བའི་རས་ལྷམ་ནག་པོ་དེ་འདྲུད་ཞོར་ཚུར་བུད་ཡོང་བས། སྔོན་ཆད་ལས་ཀྱང་གཟུགས་པོ་ཇེ་རིང་དུ་ཕྱིན་འདྲའི་སྣང་བ་སྟེར། ཚ་དེམ་སོ་མ་ལས་བཟང་སའི་ཤེལ་ཕོར་ནང་གི་ཆུ་འཕྲོ་མའི་ནང་ཆུ་ཁོལ་ཚ་འདེ་གང་བླུགས་རྗེས་ཕར་ལ་གཏད།

མདང་དགོང་བླུན་པོ་ཁ་ནག་ཏུ་གྱུར་སོང་།
ཉལ་ཁང་ནང་ཇི་ལྟར་ཡོང་བའང་བཤད་རྒྱུ་མི་འདུག
” སངས་རྒྱས་ཀྱིས་དེ་སྐད་སྨྲ་ཞོར་ཆུ་ཁམ་འགའ་འཐུངས་རྗེས། ཡང་ཅི་ཞིག་རྟོགས་འདོད་པ་ལྟརཡེ་ཤེས་ལྷ་མོའི་ཨ་ཕའི་མདུན་དུ་ངས་ཉོག་བཤད་བྱས་མ་སོང་ངམ། ཆང་འདི་ཡི་ཁ་ཐལ་བས་ཆོདཅེས་ལབ་འཕྲལ། ཡང་ཆུ་ལ་ཧུབ་འགའ་བྱས་པར། ཤེལ་ཕོར་གྱི་ཞབས་ནི་དེ་མ་ཉིད་དུ་གནམ་ལ་བསྐོར།

ཉོག་བཤད་བྱས་མ་སོང་། རྡུང་ལེན་ཟེར་བ་ངོ་མ་བླངས་ཐལ། ཆང་ཟེར་བ་ངོ་མ་འཐུངས་ཐལ། མགོ་ཁྲིད་ལ་ཁ་ཡག་ཟེར་བ་ཡང་ངོ་མ་བཤད་ཐལ། དེ་འདྲའི་ཆང་འཐུང་ཡོད་ན་སུ་མི་དགའ་འམ།

བརྩོན་འགྲུས་རྒྱ་མཚོས་བཟང་སའི་ཤེལ་ཕོར་ནང་ཡང་བསྐྱར་ཆུ་ཁོལ་ལྡུག་ཞོར་དེ་ལྟར་དྲང་བཤད་བྱས་པར། ཕ་རོལ་པོ་ནི་ངོ་ཚ་བས་ལོས་ཡིན་ཏེ། གློ་བུར་མལ་སའི་ནང་ལོག་རྗེས། མལ་ཐུལ་གྱིས་མགོ་བོ་བཏུམས་ནས་བསྡད་བྱུང་།

ཅུང་ཙམ་འགོར་རྗེས། ཁོས་མགོ་བོ་ཕྱིར་བསྲིངས་ཏེཁྱོད་ད་ནངས་ནས་མོའི་ཁྱིམ་མི་གང་བོ་སྐྱེལ་མ་བྱེད་དུ་འགྲོ་རྒྱུ་ཟེར་བ་མིན་ནམ། རྗེས་སུ་ལུས་མེད་དམ། ད་དུས་ཚོད་དུ་རེདཅེས་འདྲི་བར་བྱེད།

ད་རུང་དུས་ཚོད་བརྒྱད་དང་ཕྱེད་ཀར་སླེབས་མི་འདུག ཁོ་ཚོ་དགུ་དང་ཕྱེད་ཀའི་སྟེང་ལམ་ལ་ཆས་རྒྱུ་ཡིན་ཟེར་བས། བྲེལ་བ་ལངས་མི་དགོས། ང་སོང་ནས་ཁྱོད་ལ་ནངས་ཇ་ཞིག་ཁྱེར་ཡོང་ན་ཅི་འདྲ།

ནངས་ཇ་འཐུང་འདོད་མི་འདུག བཤད་རྒྱུན་དུཆང་འཐུངས་ནས་མགོ་ན། ཤ་ཟོས་ནས་སོ་ནཟེར་བ་བཞིན། ད་ལྟ་ངའི་མགོ་ནང་དུ་ཙག་ཤེད་བར་མེད་རྒྱུག་བཞིན་གདའ། དེ་རིང་ཉིན་གང་བོར་འདི་ལྟར་བསྐྱལ་དགོས་པ་ཡིན། འདི་ལྟར་རང་སྡུག་རང་གིས་ཉོ་བ་ནི་ཆང་འཐུང་ཚོའི་དཔེ་རེད།སངས་རྒྱས་ཀྱིས་དེ་ལྟར་སྨྲ་ཞོར་ཡར་དགྱེ་ནས་ཤེལ་ཕོར་ནང་གི་ཆུ་ཁོལ་ལ་ཕུ་འདེབས་བཞིན་ཧུབ་འགའ་འཐུངས་རྗེས། ངག་ནསཁྱོད་ཀྱིས་ང་ལ་ཁ་ཡ་བྱེད་མི་དགོས། གཙོ་བོ་ཡེ་ཤེས་ལྷ་མོར་ཁ་ཡ་བྱོས། ཤ་ཚོན་པོ་དེ་ན་ཡོད་པ་ཡིན། ཁྱོད་གཉིས་སང་ཉིན་ད་དུང་བླ་བྲང་དུ་འགྲོ་རྒྱུ་ཡིན་ཟེར་བ་མིན་ནམ། གྲ་སྒྲིག་བྱ་རྒྱུ་གཞན་མེད་དམཞེས་ལབ་འཕྲལ། ཡང་བསྐྱར་མལ་དུ་ལོག་ནས་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་བསྡད་སོང་།

དེར་བརྩོན་འགྲུས་རྒྱ་མཚོ་ཡར་ལངས་ཤིང་ཁ་བཤལ་ངོ་བཀྲུ་ལེགས་པོར་བྱས་རྗེས། ཡུད་ཙམ་ལ་ལས་རྒྱུ་ཅང་མེད་པས་མལ་ཁྲིའི་མཐའ་རུ་སླར་ཡང་ཙོག་ནས་བསྡད་བྱུང་། དེ་ལྟར་སྡོད་དུས་ཁོས་རང་གི་སྙན་རྩོམ་ཆེས་ཐོག་མ་སྟེ། ན་ནིང་ལོ་མཇུག་ཏུ་བྲིས་ཤིང་མཚོ་སྔོན་དུ་པར་སྐྲུན་བྱེད་བཞིན་པའི་རྩོམ་རིག་དུས་དེབ《རྩྭ་ཐང》རྩོམ་སྒྲིག་ཁང་ལ་བསྐུར་པ་གང་ཞིག ཉེ་ལམ་རྩོམ་འགོད་བྱུང་ནས་རང་ལ་བསྐུར་ཡོང་བའི་དུས་དེབ་དེ་མཐོང་བས་ཚུར་བླངས་ནས་ལྟ་མགོ་བརྩམས། སྙན་རྩོམ་དེ་ནི་ཚིག་བདེ་ཞིང་གོ་སླ་ལ་ཡར་སྐུལ་གྱི་ནང་དོན་ལྡན་པ་ཞིག་ཡིན་པར་བརྟེན། རང་གིས་ལན་གྲངས་མང་བོར་བལྟས་ནས་ད་ནི་བློར་ཡོང་བའི་ཚད་ལ་གཏུགས་ནས་ཡོད་དེ། འདིར་ཇི་བཞིན་དུ་འདྲེན་པར།

དྲན་སྐུལ་གྱི་དུང་བརྡ།

བརྩོན་འགྲུས་རྒྱ་མཚོ།

མི་རྟག་པ་སྣོད་ཀྱི་འཇིག་རྟེན་ན།།

མི་རྟག་པའི་ཟློས་གར་ཟད་དུ་མེད།།

དཔྱད་མ་ཤེས་གློག་གི་སྒྱུ་མ་སྟེ།།

དཔྱད་ཤེས་ན་དྲན་སྐུལ་དུང་བརྡ་འདྲ།།

མདང་མར་ཉལ་གཉིད་ཀྱི་ཞིང་ཁམས་སུ།།

རྨི་ལམ་གྱི་རི་མོ་སྣ་ཚོགས་ཤར།།

དུས་ད་ལྟ་བསམས་ཤིང་བསམ་པའི་ཚེ།།

ཟོལ་མེད་ཀྱི་འཛུམ་མདངས་ཁོང་ན་རྒྱས།།

ཨ་ལ་ལ་མུ་མེད་ནེའུ་གསིང་གཞི།།

དགུང་ལྷ་ལམ་ཐང་ལ་བབས་འདྲ་སྟེ།།

ཁྲ་ལྷམ་མེར་མེ་ཏོག་སྣ་བརྒྱ་བས།།

ངོ་མཚར་གྱི་རོལ་གར་ཅི་ཡང་བསྒྱུར།།

འབུ་བུང་བའི་མགྲིན་གླུ་འཁྲོལ་བའི་སར།།

ཆང་བདུད་རྩིའི་བཅུད་ཀྱིས་མྱོས་པ་བྱུང་།།

དོན་མེད་ཀྱི་ཆིག་ལབ་རྒྱག་པ་བྱུང་།།

འབྲུ་མེད་ཀྱི་གཞས་དབྱངས་གཏོང་བ་བྱུང་།།

ལེ་ལོ་ཡི་གོམ་སྟབས་འཁྱོར་བ་བྱུང་།།

འདོད་ཆགས་ཀྱི་མེ་དྲོད་རྒྱས་པ་བྱུང་།།

སྒེག་འཆོར་གྱི་མཛེས་མ་མཐོང་བ་བྱུང་།།

ཨེ་ཐོབ་ཀྱི་སྤར་འཛིན་བྱེད་པ་བྱུང་།།

ཐོབ་མ་གྱུར་ཕྱོགས་སུ་བྲོས་པ་བྱུང་།།

ཞེ་སྡང་གི་མིག་རྩ་དམར་བ་བྱུང་།།

རྟ་རྐྱང་རྒོད་གོང་དུ་བུད་པ་བྱུང་།།

མཚོན་ཐོགས་ཏེ་རྗེས་གཅོད་བྱེད་པ་བྱུང་།།

སྨན་མཛེས་མ་གློ་བུར་ཡལ་བ་བྱུང་།།

སྡུག་ཨ་ཐང་གཏིང་ནས་ཆད་པ་བྱུང་།།

གཏི་མུག་གིས་འཇབ་རྒོལ་བྱེད་པ་བྱུང་།།

སྒའི་སྔ་རུ་སྔས་འབོལ་བགྱི་བ་བྱུང་།།

རང་མགོ་བོ་རང་གིས་མི་ཐེག་བྱུང་།།

རྟ་རྐྱང་རྒོད་གློ་བུར་འདྲོགས་པ་བྱུང་།།

རྐང་ཡ་གཅིག་ཡོབ་ཏུ་ལུས་པ་བྱུང་།།

རི་ལུང་བ་བཅོ་བརྒྱད་དྲུད་པ་བྱུང་།།

མགོ་ཚལ་བ་དགུ་རུ་གས་པ་བྱུང་།།

བྱུང་བྱུང་བ་དེ་ཡི་མཐའ་མ་ལ།།

ཨ་ཙི་ཙི་འགྱོད་པས་གཟིར་བ་བྱུང་།།

འཇིག་རྟེན་འདིར་ཡོང་བ་དོན་མེད་ཤེས།།

གཙུག་ལག་ལ་བློ་མིག་ལྡོངས་པ་ཤེས།།

སྒྲ་རིག་པར་མགོ་འཐོམས་ཡིན་པ་ཤེས།།

ཚད་མའི་ཐད་ལྐུགས་ཅོ་ཡིན་པ་ཤེས།།

བཟོ་གནས་ལ་ལག་རྡུམ་ཡིན་པ་ཤེས།།

གསོ་རིག་པར་བླུན་རྨོངས་ཡིན་པ་ཤེས།།

ནང་དོན་ཐད་གཟའ་རོ་ཡིན་པ་ཤེས།།

སྙན་ངག་གི་རྒྱུད་མངས་སྟོང་བ་ཤེས།།

ཟློས་གར་གྱི་ཉམས་འགྱུར་བྲལ་པ་ཤེས།།

སྡེབ་སྦྱོར་གྱི་གོས་ཆེན་མེད་པ་ཤེས།།

སྐར་རྩིས་ཀྱི་མེ་ལོང་ཡལ་བ་ཤེས།།

མངོན་བརྗོད་ཀྱི་བྱུ་རུས་དབེན་པ་ཤེས།།

ཡུལ་ཕ་མར་དྲིན་ལན་མ་མཇལ་ཤེས།།

སྒོས་གངས་ལྗོངས་གསར་བསྐྲུན་མ་ཐུབ་ཤེས།།

ལསཅན་བཞི རྒྱབ་ཏུ་དོར་བ་ཤེས།།

ཕྱི་རབས་པས་འཕྱ་སྨོད་འོང་བ་ཤེས།།

རང་ཤི་བ་སྤུ་ལས་ཡང་བ་ཤེས།།

ཀྱེ་མ་ཧུད་རལ་གྲི་ངར་མའི་ལྕེས།།

ཚེ་སྲོག་གི་རྒྱུན་ཐག་གཅོད་བསམ་དུས།།

ཁྲ་ལྷམ་མེར་གློག་འོད་རིན་པོ་ཆེས།།

གཉིད་མུན་པ་ཕྱོགས་ཀྱི་མཐའ་རུ་བསྐྲད།།

བག་འཁུམས་ཀྱི་ཞགས་པས་དམ་བཅིངས་ཀྱང་།།

མནོ་སེམས་ཀྱི་མཚོ་མོའི་ཀློང་དུ་རྩེན།།

ཁོག་དཔུང་གི་རླབས་ཕྲེང་མཁར་འཕྱོ་བས།།

བརྩོན་སེམས་ཀྱི་དམ་བཅའ་སྙིང་ལ་བཀོད།།

དཔྱད་མ་ཤེས་གློག་གི་སྒྱུ་མ་སྟེ།།

དཔྱད་ཤེས་ན་དྲན་སྐུལ་དུང་བརྡ་འདྲ།།

ཁོས་ལྕགས་པར་ལ་བཏབ་པའི་ཡི་གེ་དེ་དག་ཤར་ཤར་དུ་བཏོན་པ་ན། བར་སྐབས་དེར་རྨི་ལམ་མཚར་བོ་ཞིག་རྨིས་པར་རྐྱེན་བྱས་ཏེ་མྱུར་དུ་བྲིས་ཤིང་། སློབ་གྲོགས་འགའ་རེར་བསྟན་ནས་བཟོ་བཅོས་ཡང་ཡང་བརྒྱབ་པའི་ཚུལ་སོགས་ཀྱང་ཡིད་ངོར་གཟུགས་ཅན་བཞིན་ཤར་ཡོང་། ཁོས་དུས་དེབ་ཀྱི་ཁ་བསུམས་ནས་དེའི་ཐད་དུ་བསམ་བློ་བསྐོར་པར། རང་ཉིད་ལ་དེ་སྔོན་དམངས་ཁྲོད་རྩོམ་རིག་དང་སྒོས་སུ《གེ་སར་སྒྲུང》སོགས་ཀྱི་ཤུགས་རྐྱེན་ཐེབས་དྲགས་པས། རང་རྩོམ་དུའང་ཚུལ་དེ་མངོན་དྲགས་པའི་རྣམ་པ་འདུག་ཚུལ་རྟོགས་པ་ལ། རང་གིས་སང་ཕྱིན་གྱི་གསར་རྩོམ་ནང《མེ་ལོང་མ》རུ་མངོན་པའི་རྒྱན་དག་བཀོལ་ཅི་ཐུབ་ཀྱིས། ཚིག་སྦྱོར་ཐད་རང་ཉིད་བར་སྐབས་དེར་བལྟ་རྒྱུར་ཆེས་དགའ་བའི《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ལྟ་བུ་ཡོང་དགོས་རྒྱུ་དང་། བརྗོད་བྱའི་ཐད་རང་དངོས་སུ་བརྒྱུད་ཟིན་པའི་འཚོ་བ་དང་ཚོར་བ་བྲི་རྒྱུའི་ཆར་ཤུགས་སྣོན་རབ་དང་རིམ་པ་བརྒྱག་དགོས་སྙམ་པ་བྱུང་།

བར་དེར། སངས་རྒྱས་ནི་ཡང་བསྐྱར་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་ཚར་བ་འདྲ། སྔུར་བ་མཐོ་དམའ་མི་འདྲ་བ་དེ་འཐེན་མགོ་བརྩམས་བྱུང་བས། ཁོས་མཁྲིག་མར་བཏགས་པའི་ཆུ་ཚོད་འཁོར་ལོར་བལྟས་ཙམ་བྱས་པར། ཨང་གྲངས་དགུ་པ་བསླེབ་ལ་ཉེ་བར་བརྟེན། ཁོས་དུས་དེབ་དེ་སྔར་གྱི་ཁ་མལ་དུ་བཞག་པ་དང་། རྐང་འཇབ་ལག་འཇབ་ངང་བཟང་ས་སངས་རྒྱས་ཀྱི་མལ་ཁྲིའི་གམ་ལ་ཕྱིན་ནས། ཇ་ཕོར་སྟོང་བའི་ནང་ཆུ་ཁོལ་སྐེད་མཐོ་ཞིག་བླུགས་རྗེས། ཚུར་ཡོང་ནས་རྩིག་ངོར་བཀལ་བའི་མེ་ལོང་གྲུ་བཞི་མའི་ནང་ལྟ་ཞོར། རང་གི་འཇིལ་ལིར་འཁྱིལ་བའི་སྐྲ་ལོ་དེ་ཤད་ཙམ་བྱས་རྗེས། ཉལ་ཁང་གི་སྒོ་མོ་ཁྲོག་གེར་གཏན་ཏེ་ཡེ་ཤེས་ལྷ་མོ་ཚང་གི་ཕྱོགས་སུ་ཕྱིན།

ཉི་མ་དམར་པོ་ཁྲག་གི་མདོག་མངོན་པ་ཞིག་ཤར་ཕྱོགས་ཀྱི་མཁའ་མཐའ་ནས་ཐག་ཚད་གཉིས་ཙམ་ལ་འཕགས་འདུག་ཅིང་། འོད་ཀྱི་ཟེར་མ་བྱེ་བ་ཕྲག་བརྒྱ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་རྫོགས་པའི་སློབ་གླིང་གི་ཐོག་ཁང་སྣ་ཚོགས་བརྒྱུད་ནས། བསྣོལ་མར་འཐེན་པའི་ལམ་དང་ཚང་ཚིང་འཁྲིགས་པའི་ལྗོན་རྩེ་སོགས་སུ་སྙོམས་པོར་འཕྲོས་ནས་ཡོད། ཉིན་འགའི་སྔོན་ལ་སློབ་མ་ཚོར་དབྱར་གནང་བཏང་ཟིན་པས། ནངས་མོ་འདིར་སློབ་ར་འདི་རུ་ཡར་འགྲོ་མར་ཡོང་བྱེད་མཁན་གྱི་མི་ཧ་ཅང་ཉུང་སྟེ། ཉུང་ནས་ཏབ་ཅིག་ཁོར་ཡུག་དེར་མི་གོམས་པའི་ཚོར་བ་མངོན།

ནངས་ཇ་སྟབས་བདེ་དེ་འཐུངས་ཚར་བ་དང་སྦྲགས་ནས། རེབ་འདིར་ལྷ་ལྡན་ལྗོངས་སུ་མཇལ་སྐོར་ལ་འགྲོ་བའི་ཡེ་ཤེས་ལྷ་མོ་ཚང་གི་བཟའ་མི་གཞན་དག་དང་དགེ་བཤེས་ཐུབ་བསྟན་འབྱུང་གནས་སོགས་ལམ་ལ་ཆས་མགོ་བརྩམས། ཁོ་ཚོ་ལས་ཆེས་བྲེལ་བ་ལངས་མཁན་ནི་ནུ་བོ་དཀོན་མཆོག་དོན་གྲུབ་རེད། ཁོ་ད་ལྟ་ཀན་སུའུ་དགེ་ཐོན་སློབ་ཆེན་དུ་ཞུགས་ཟིན་པས། སྐྲ་ཡི་འཇོག་སྟངས་དང་གྱོན་ཆས་གོན་ལུགས་སོགས་ལ་སློབ་ཆེན་སློབ་མའི་ཁྱད་ཆོས་ཀྱིས་ཕྱུག་ཡོད། ཁོས་མཁྲིག་མའི་ཆུ་ཚོད་འཁོར་ལོ་ཆུང་བ་དེར་ལྟ་ཞོར་ཁུག་མ་ཡོད་ཚད་ལས་ཆེས་ཆེ་བ་དེ་རྒྱབ་ཏུ་འཁུར་བར། བརྩོན་འགྲུས་རྒྱ་མཚོ་དང་ཡེ་ཤེས་ལྷ་མོ་གཉིས་ཀས་ཀྱང་མོའི་ཕ་མ་ཟུང་གི་རྒྱབ་ཁུག་ཁུར་དུ་བཏེགས་བྱུང་།
དེའི་དུས་ཨ་ཡེ་དང་ཨ་མྱེས་ཀྱང་སྔ་ཕྱིར་ཁོ་གཉིས་ཀྱི་གམ་དུ་ཡོང་ནས
འདི་བླ་བྲང་གི་གཞིས་ཀའི་ལྡེ་མིག་ཡིན་པས། ཁང་བའི་ཕྱི་ནང་ལ་གཙང་སྦྲ་ཡག་པོ་བྱོས། མེ་ལ་སེམས་ཆུང་བྱོསཟེར་ཞོར་སོ་སོར་ལྡེ་མིག་རེ་སྤྲད་འོངས་པར། ཁོ་གཉིས་ཀྱིསཡ་ཡཟེར་བཞིན་ལྗིད་ཀྱིས་བཏེགས་པའི་དངོས་པོ་དེ་ལག་ཏུ་བླངས།

མཐུད་ནས་དགེ་བཤེས་ཐུབ་བསྟན་འབྱུང་གནས་ཀྱིས་སྣེ་དྲངས་ཏེ་གཞིས་བྱེས་ཀྱི་མི་མཐའ་དག་སྔ་ཕྱི་བྱས་ནས་ཐོག་ཁང་ལས་མར་བབས། ཆེས་རྗེས་མ་ནི་ཨ་མ་མཁའ་མོ་སྐྱིད་ཡིན་ཏེ། མོས་ཁང་བའི་སྒོ་ལ་ཟྭ་ལེགས་པོར་བརྒྱབ་རྗེས། གཅེས་པའི་བུ་མོར་ལྡེ་མིག་སྟེར་ཞོར་དུམདང་དགོང་ཨ་ཕས་ཁོ་ཚོའི་སྡེ་ཁག་ནང་གསར་དུ་བཞག་པའི་དགེ་རྒན་ཁྱོད་གསུམ་པོར་མགྲོན་བྱས་པའི་ཟས་འཕྲོ་དག་ཐབ་ཚང་དུ་བཞག་ཡོད། དོ་དགོང་ཁྱོད་གཉིས་ཀྱིས་སངས་རྒྱས་ཁོ་ཚོ་བོས་ལ་ཟ་ཡག་བྱོས། འཕྲོ་མ་མ་བསྐྱུར། རུལ་སོང་ཚེ་ཁང་བའི་ནང་དྲི་ངན་འཐུལ་འགྲོ། སང་ཉིན་ལམ་ལ་ཆས་ཁར་གློག་སྒོ་དང་ཆུ་སྒོ། དྲ་མ་དང་ཕྱི་སྒོ་སོགས་བརྒྱག་རྒྱུ་བརྗེད་མི་ཉནཞེས་བརྗོད་པ་དང་། ཡང་ཅི་ཞིག་དྲན་པ་ལྟར་ལག་ཁུག་ལས་སྒོར་མོ་བརྩེགས་མ་ཞིག་བླངས་འཕྲལའདི་ནི་བརྩོན་འགྲུས་རྒྱ་མཚོ་ཁྱོད་གཉིས་བླ་བྲང་དུ་ཕྱིན་ཚེ་འཚོ་བའི་ཐད་བཀོལ་སྤྱད་ཀྱི་སྒོར་མོ་ཡིན། ང་ཚོ་ཕྱིར་ཡོང་རག་བར་དུ་འདང་ངེས་ཤིག་ཡོད། ཁོ་ལ་ཅི་ཞིག་ཟ་འདོད་དང་འཐུང་འདོད་ཡོད་ཚེ་དེ་ཉོས་ཤིག སེར་སྣ་མ་བྱེདཅེས་བསྒོ་ཞོར་དེ་ཡང་བུ་མོའི་ལག་ཏུ་བཞག་བྱུང་།

ཁོ་ཚོ་སློབ་གྲྭའི་སྒོ་ཆེན་ཁར་སླེབས་པར། དེ་གར་རླངས་འཁོར་ཆེ་བ་གཞུག་སྒམ་ཅན་ཞིག་གིས་བསྒུགས་འདུག ཀྲུའུ་རེན་དཀོན་མཆོག་རྡོ་རྗེ་མྱུར་མོར་སྔོན་དུ་བུད་ནས་ཁ་ལོ་པར་ཅི་ཞིག་བཤད་པ་ལ། ཁ་ལོ་པས་གཡས་ཕྱོགས་ཀྱི་སྒོ་མོ་ཕྱེ་འོངས། བཟའ་ཟླ་ཟུང་གིས་རྒན་རྒོན་གཉིས་ཀ་སྐྱོར་ནས་རླངས་འཁོར་གྱི་མགོ་སྒམ་ནང་སྡོད་དུ་བཅུག་པ་དང་། དེ་ནས་བུ་སོགས་ལ་རོགས་བྱས་ནས་འཁུར་ཁུག་བཅས་གཞུག་སྒམ་དུ་བཞག་མ་ཐག སོ་སོས་གོང་ནས་འཐེན་པ་དང་ཞོལ་ནས་སྐྱོར་བ་བཅས་བརྒྱུད་དེ་རླངས་འཁོར་སྟེང་དུ་བུད་ཅིང་། བུད་ནས་ཅང་མ་འགོར་བར་འཕྲུལ་ཆས་ཆེན་པོ་དེས་འུར་སྒྲ་སྒྲོག་ཞོར་མེ་འཁོར་འབབ་ཚུགས་དམིགས་ཏེ་མདུན་དུ་སྐྱོད།

ཟི་ལིང་ཕྱོགས་སུ་འགྲོ་བའི་མེ་འཁོར་ལ་སྒུག་སའི་ཚོམས་ཁང་ཆེ་བ་དེར། དགེ་བཤེས་ཐུབ་བསྟན་འབྱུང་གནས་ཀྱིས་བརྩོན་འགྲུས་རྒྱ་མཚོ་དང་ཡེ་ཤེས་ལྷ་མོ་གཉིས་ཟུར་དུ་བོས་ཏེཁྱོད་གཉིས་སང་ཉིན་བླ་བྲང་དུ་འབྱོར་བ་ན། དུས་ཚོད་དམ་འཛིན་བྱས་ཏེ་ངའི་ཆོས་གྲོགས་བློ་བཟང་སྦྱིན་པ་བཙལ་རོགས། ཁེ་སྔོན་ང་དགོན་པར་ཕྱིན་དུས་ཆེད་དུ་ཁོང་གི་མདུན་སར་ཕྱིན་ནས་ཁྱོད་གཉིས་ལ《ཚིག་རྒྱན་རིག་པའི་སྒོ་འབྱེད》འཁྲིད་རྒྱུ་དེ་གསལ་བོར་བཤད་ཡོད། ལེའུ་གཉིས་པ་ནས་མགོ་བརྩམས་ཏེ་ཁྲིད་དགོས་ཚུལ་ཁྱོད་ཚོས་ཀྱང་ཞིབ་མོར་ཤོད། ཁོང་ཉིད་སྙན་ངག་ཁྲིད་པའི་ཆར་ང་ལས་མི་ཚད། ལུང་རྒྱུན་ཡང་ཡོད་པས་གཞན་གྱིས་ཁྲིད་པ་དང་ཡེ་ནས་མི་འདྲ། ཁྲིད་ནས་མི་ཚར་བའི་སྐོར་ངས་རྗེས་སུ་ཁ་སྐོང་བྱེད་ཆོག དེ་འདྲ་བྱུང་ན་སློབ་སྐབས་རྗེས་མར་བརྩོན་འགྲུས་རྒྱ་མཚོས་དངོས་གཞིའི་སློབ་མ་ཚོར་འཁྲིད་དགོས་ཀྱང་འདང་རྒྱག་མེད། གཞན་དག་ཁ་སང་བར་ཞིབ་ཏུ་བཤད་ཚར་བས་བསྐྱར་ཟློས་མི་བྱེད། གནས་སྐབས་སུ་བདེ་མོ་བྱོསཞེས་གསུང་འཕྲལ་མདུན་དུ་ནུར་བཞིན་པའི་འགྲུལ་བཞུད་མཁན་གྱི་དཔུང་སྡེ་དེ་ག་རང་དུ་ཞུགས།

1983ལོའི་ཟླ7པའི་ཚེས21ཉིན། གཟའ་ཕུར་བུ། གནམ་ངོ་དྭངས།

ཉིན་འགའི་སྔོན་ལ་སློབ་གྲྭས་དབྱར་གནང་བཏང་ཟིན་པས། ང་ད་ལྟ་རྨ་གཞུང་རྫོང་ཐོག་ཏུ་ཨ་ཕས་ཤུལ་དུ་བསྐྱུར་པའི་སྡོད་ཁང་དུ་ཡོད།

དེ་སྔོན་བསྐུར་ཡོང་བའི་འཕྲིན་ཡིག་ནང་། སེམས་ཀྱི་རྒྱལ་སྲས་བརྩོན་འགྲུས་རྒྱ་མཚོ་ནི་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་ནང་དགེ་རྒན་ལ་འདུག་ཐུབ་སོང་ཟེར་བས། བདག་གིས་སྙིང་ཁོང་རུས་པའི་གཏིང་ནས་རྟེན་འབྲེལ་ཞུས་པ་ཡིན།

ད་ལོའི་ལོ་གསར་སྐབས། ཁོས་དོན་དེ་ང་ལ་གསལ་བོར་བཤད་བྱུང་བར། རང་ཉིད་ཐོག་མར་ཡིད་འཐད་མ་བྱུང་། ཕྱིས་ཀྱི་འགྲེལ་བཤད་ལས་ད་དུང་དགེ་བཤེས་ཐུབ་བསྟན་འབྱུང་གནས་ཚང་གི་དྲུང་དུ་ལོ་གསུམ་ལ་ཤེས་བྱ་སྣ་ཚོགས་སྦྱང་འདོད་ཆེ་ཟེར་བས། ཁས་ལེན་མི་བྱེད་ཀ་མེད་བྱུང་།

དུངས་པའི་རྒྱ་རུ་ཚུད་པའི་བུ་མོ་ཞིག་ལ་མཚོན་ན་ལོ་གསུམ་ནི་ཅི་འདྲའི་རིང་ཨང་།

ཡང་གཅིག་བཤད་ན། འཇིག་རྟེན་གཏམ་ལའང
སྨན་ཤ་རྩ་དཀར་བའི་བུ་མོ་དེ། གདོང་མཛེས་དུས་གནས་ལ་མ་བྱིན་ན། ན་རྒས་དུས་བྱིན་དང་མ་བྱིན་མེདཅེས་གྲགས་པས། རང་ཉིད་ད་ནི་གནས་མགོ་འཆོར་བཞིན་པ་མ་ཡིན་ནམ།

ང་ཡང་རང་གི་ན་ཚོད་དང་མཉམ་པའི་བུ་མོ་གཞན་དག་དང་འདྲ་བར་གཉེན་བསྒྲིག་ན་འདོད།

ཁོ་གཉིས་ཀྱིས་མེ་འཁོར་འབབ་ཚུགས་ཀྱི་ཐག་ཉེའི་ཟ་ཁང་ཞིག་ཏུ་ཟ་མ་ཟོས་ཚར་ནས་སྔ་ཕྱིར་སྒོར་འབུད་སྐབས། ཡེ་ཤེས་ལྷ་མོས་གཞུག་ཕྱོགས་སུ་འཇམ་པོའི་ངག་གིསབརྩོན་འགྲུས་རྒྱ་མཚོ། དེ་རིང་ཁྱོད་ཀྱིས་ང་ལ་རོགས་བྱས་ཏེ་ཕ་མ་རྒན་རྒོན་སོགས་སྐྱེལ་མ་བྱས་པར་བཀའ་དྲིན་ཆེ། ཕྱི་དྲོ་འུ་གཉིས་ལན་གྲུའི་དཔེ་འཚོང་ཁང་དུ་དཔེ་ཆ་ཉོ་རུ་སོང་ན་ཅི་འདྲ་རེད། བར་སྐབས་འདིར་ངའི་སྒོར་ཁུག་རྒྱགས་པོར་ཆགས་ཡོད་པས། ཁྱོད་ལ་གང་མཁོའི་དཔེ་ཆ་དག་ཉོ་ཆོག་ཆོག་ཡིནཞེས་བརྗོད་བྱུང་།

གཏམ་དེ་ནི་བརྩོན་འགྲུས་རྒྱ་མཚོའི་རྣ་བར་རྨ་བྱས་འབྲུག་སྒྲ་ཐོས་པའི་ཚུལ་དུ་སོང་བར་བརྟེན། ལམ་སང་ཁ་ཕྱིར་འཁོར་ནསཁྱོད་ཀྱིས་སྔོན་ཆད་ལྟར་བདག་གི་བསམ་དོན་མཐའ་དག་རྟོགས་འདུག་པས། ངས་མིན་ཟེར་སྲོལ་ག་ལ་ཡོད། བར་སྐབས་འདིར་དཔེ་འཚོང་ཁང་དུ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་ཐད་ཀྱི་དཔེ་དེབ་གང་བཟང་སྐོར་ཞིག་ཡོང་འདུག་ཟེར་བས། ང་ཚོ་སོང་ནས་ཞིབ་ཏུ་བལྟས་ཆོག ང་ནི་དཔེ་ཆ་ལ་དགའ་མཁན་གྱི་སྤྲང་པོ་ཞིག་ཡིན་པས། བསལ་རྒྱུ་མང་དྲགས་ཚེ་ཁྱོད་ཀྱི་ལག་པ་མ་འདར་ཨཞེས་ཀུ་རེ་དང་བཅས་ཏེ་བཤད།

ལོ་ཡག་ན་བྱིའུ་ཡིས་ཅི་ཙམ་ཟ་ཐུབ་ཨང་།

མོས་ཀྱང་དེ་ལྟར་མཚར་གཏམ་སྨྲ་ཞོར་བརྩོན་འགྲུས་རྒྱ་མཚོའི་དཔུང་ཁུག་ཏུ་འཇུས་བྱུང་ལ། ཐད་ཀར་སྤྱི་སྤྱོད་རླངས་འཁོར་གྱི་ཚུགས་མལ་ཕྱོགས་སུ་གོམ་ཁ་མཉམ་སྒྱུར་བྱས།

དཔེ་འཚོང་ཁང་དེ་ནི་སྔོན་ཆད་ཁོ་གཉིས་ཐོག་མར་ངོ་ཕྲད་སའི་གནས་དེ་ཡིན་པ་བལྟས་ཙམ་ཉིད་ནས་ཤེས་འོངས་པར། ན་གཞོན་ཟུང་དེ་མཉམ་པོར་སྒོ་ཆེན་ལས་ནང་དུ་འཛུལ།

རྒྱ་སྲང་དུ་མཆེད་པའི་ཚ་རླབས་བཟོད་དཀའ་བ་དེ་དང་བསྡུར་ཚེ། དཔེ་འཚོང་ཁང་ནང་ནི་རབ་ཅིག་གིས་བསིལ་བར་སྣང་། ཁོ་གཉིས་ཁེར་ཐོག་གི་མཚན་ཉིད་རིག་པའི་དཔེ་ཆ་བསྒྲིགས་ཡོད་པའི་དཔེ་སྒྲོམ་མཐའ་ནས་ཉུག་མགོ་བརྩམས་ལ། ཉུག་ནས་ཉིས་ཐོག་གི་སྐད་ཡིག་དང་རྩོམ་རིག་སྐོར་གྱི་དཔེ་ཆ་ཡོད་སའི་གནས་དེར་ཡོང་བར། གོམ་འགྲོས་ནི་སྔར་ལས་ལྡབ་འགའ་ཡིས་ཇེ་དལ་དུ་ཕྱིན།

དེ་གར་ཡེ་ཤེས་ལྷ་མོས་བརྩོན་འགྲུས་རྒྱ་མཚོའི་རྣ་སྒོར་གཏད་ནསའུ་གཉིས་ཀྱིས་རང་རང་གིས་བློར་བབས་པའི་དཔེ་དེབ་དག་སོ་སོར་གདམ་པར་བྱ། རྩིས་མ་བརྒྱབ་པའི་སྔོན་ལ་མཉམ་པོར་བསྲེས་རྗེས་ཉོས་ན་ཧ་ཅང་ལེགས། ཕྱི་གླིང་དང་རྒྱ་ཡིག་གི་དཔེ་ཆའི་སྐོར་ལ་ང་འདྲིས་ཆ་ཅུང་ཆེ་བས། གྲོས་ཁ་བྱ་རྒྱུ་མ་བརྗེདཅེས་བརྗོད་འཕྲལ་དཔེ་དེབ་ཀྱི་ཁ་བྱང་ལ་ལྟ་ཞོར་ཕར་བུད་སོང་།

སྐབས་དེ་ནི་རྒྱལ་ནང་དུ་རྩོམ་རིག་བསྐྱར་དར་གྱི་དུས་སྐབས་བཟང་བོ་ཞིག་ཏུ་ཁེལ་ཡོད་པས། རྩོམ་རིག་ལ་དགའ་ཞིང་དཔེ་དེབ་ཉོ་སྤྱད་མེད་པའི་སློབ་མ་སྐོར་ཞིག་ནི་བར་ཁྱམས་བཅས་སུ་ཙོག་ནས་མིག་ཟུང་ཡོ་བ་མེད་པར་རང་རང་དགའ་སའི་དཔེ་དེབ་དག་ལ་ཅེར་ནས་འདུག

དཔེ་ཆའི་ཁ་བྱང་དང་དཔེ་སྐྲུན་གསལ་བཤད། དཀར་ཆག་བཅས་ལ་རོབ་ལྟ་བྱེད་བཞིན་སོ་སོས་བློར་བབས་པའི་དཔེ་དེབ་དག་བདམས་ཏེ་ཉིས་ཐོག་ཧྲིལ་པོ་ཉུག་ཚར་བ་ལ། དུས་ཚོད་འགའི་དུས་ཡུན་ནི་ཟམ་འོག་གི་ཆུ་རྒྱུན་བཞིན་གར་སོང་ཆ་མེད་དུ་ཡལ། ཁོ་གཉིས་ལས་བརྩོན་འགྲུས་རྒྱ་མཚོས་དཔེ་ཆ་བདུན་བརྒྱད་ཅིག་བདམས་ཡོད་དེ། མང་ཆེ་ཤོས་ནི་སུའུ་ལེན་གྱི་སྙན་ངག་པ་དང་དཔྱད་བརྗོད་པས་བརྩམས་པ་སྐོར་ཞིག་རེད། ཡེ་ཤེས་ལྷ་མོས་དཔེ་ཆ་ཉི་ཤུར་ལོངས་པ་ཙམ་བདམས་འདུག་སྟེ། མང་ཤོས་ནི་དབྱིན་ཇི་དང་ཨ་མེ་རི་ཁ། རྒྱ་གར་དང་རྒྱ་ནག་བཅས་ཀྱི་སྒྲུང་གཏམ་པ་དང་སྙན་ངག་པ། དཔྱད་བརྗོད་པས་བརྩམས་པའི་དཔེ་ཆ་རིགས་མང་བོ་ཞིག་འདུས་ཡོད།

མཚམས་དེར་ཁོ་གཉིས་ཀྱིས་རང་རང་གིས་བདམས་ཟིན་པའི་དཔེ་དེབ་དག་ཁྱེར་ནས་དཔེ་ཁང་གི་གྲུ་ཟུར་ཞིག་ཏུ་ཕྱིན་རྗེས། གཉིས་ཀས་བློར་བབས་ཟིན་པའི་སྐོར་ནང་བཟང་བོ་ལས་ཡང་རྩེ་ཡི་ཚུལ་དུ་བདམས། དེའི་དུས་བརྩོན་འགྲུས་རྒྱ་མཚོསང་ནི་རྩོམ་རིག་ལས་ཀྱང་བྱེ་བྲག་སྙན་ངག་སྐོར་ལ་དགའ་བ་ཁྱོད་ཀྱིས་ཤེས་གསལ་ལྟར་རེད། དེའི་རིགས་གདམ་རྒྱུ་གལ་ཆེཟེར་བར། མོསདེ་ངས་ལོས་ཤེས། ངས་ཁྱེར་ཡོང་བའང་དེའི་སྐོར་ཡིན། ང་ཚོས་སུའུ་ལེན་གྱི་རྩོམ་རིག་སྐོར་རྐྱང་རྐྱང་ལ་བལྟས་ན་མི་འགྲིག གཡག་ཞར་གྱིས་རྩྭ་ཟོས་པའི་ཚུལ་ལ་བུད་འགྲོཞེས་སྨྲས་འཕྲལ། ཡངངས་ཁྱོད་ལ་ཐོག་མར་ཧྲ་ཧྲི་པི་ཡ་ཡི་དོན་བརྗོད་སྙན་ངག་དང་སྙན་ངག་ཚིག་རྐང་བཅུ་བཞི་མའི་དེབ་གཅིག་གཉིས་རེ་བདམས་ཡོད། སྙན་ངག་པ་ཞིག་ཏུ་འགྱུར་བར་ཁོང་གི་སྙན་རྩོམ་ལ་མ་བལྟས་ས་མི་འགྲོ། དེ་ནས་པའེ་ལུང་དང་ཞུའེ་ལའེ་གཉིས་ཀྱི་སྙན་དེབ་འགའ་ཡང་བདམས་པ་ཡིན། རྣམ་པ་གཉིས་ཀ་རྒྱལ་ཁོངས་གཅིག་ལ་གཏོགས་ཀྱང་། སྔ་མའི་སྙན་ངག་ནང་སྤྱི་ཚོགས་སུན་འབྱིན་ཤུགས་དྲག་ལ། ཕྱི་མར་འཐབ་འཛིང་གི་སྤོབས་སེམས་མེ་ལྟར་འབར་བས། གཤིབ་སྡུར་གྱི་ཚུལ་དུ་ཀློག་ན་བློ་སྒོ་འབྱེད་པར་ཕན་པ་ཆེ། ཨ་མེ་རི་ཁའི་ཧུའེ་ཐེ་མན་གྱི་སྙན་དེབ་ལས《རྩྭ་ལོ་ཕྱོགས་བསྒྲིགས》མ་གཏོགས་ལག་སོན་མ་བྱུང་། རྒྱ་གར་གྱི་རྩོམ་པ་པོའི་ནང་ཐའེ་ཀོར་གྱི་སྙན་དེབ་བདམས་པ་ཡིན། ཁོང་ནི་ཡ་གླིང་དུ་ཐོག་དང་པོར་ནོའུ་པེལ་རྩོམ་རིག་བྱ་དགའ་ལེན་མཁན་ཏེ། སྙན་ངག་ཐད་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པས་སློབ་སྦྱོང་བྱ་བར་རིགས། དེའི་འཕྲོར་རྒྱལ་ནང་དུ་ཀུའོ་མའོ་རུའོ་དང་ཨའེ་ཆིང་། ཞི་ཀྲི་མའོ་བཅས་ཀྱི་སྙན་དེབ་བླངས་ཡོད་པས་དགོས་མིན་དཔྱད་མཛོད། རྩོམ་རིག་གཞུང་ལུགས་ཕྱོགས་ཀྱི་དེབ་ཧ་ཅང་ཉུང་བར་བརྟེན། 《རྩོམ་རིག་སྤྱི་བཤད》ཅེས་པ་འདི་བདམས་ཟིན། གཞན་དུ་རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་སྐོར་གྱི་དེབ་གྲགས་ཅན་འགའ་རེ་ཡང་བླངས་ཡོད་པ་ལ། ཁྱོད་ཀྱིས་བསལ་རོགསཞེས་གོ་རིམ་ཡོད་པའི་སྒོ་ནས་ལབ་སོང་།

བརྩོན་འགྲུས་རྒྱ་མཚོར་མཚོན་ན་སློབ་གླིང་དུ་བོད་ཡིག་གཙོར་བཞག་གིས་རྒྱ་ཡིག་སོགས་བསླབ་བྱ་ཁག་ལའང་བརྩོན་པ་མི་དམན་པ་བསྐྱེད་མོད། རྒྱ་སྐད་བཤད་པ་དང་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་བ་གང་ཅིའི་ཐད་ཡེ་ཤེས་ལྷ་མོའི་རྗེས་སུ་རྡུལ་འདྲེས་དཀའ་བའི་ཚུལ་དུ་བདོག དེ་བས་མོས་གོང་གི་དཔེ་དེབ་དག་བདམས་པ་དང་། བདམས་པའི་རྒྱུ་རྐྱེན་སོགས་མདོར་བསྡུས་སུ་གླེང་བར་སེམས་གཏིང་ནས་ཁས་ལེན་དང་། མོའི་ལྟ་རྒྱ་ཐོས་རྒྱ་ལས་གཞན། དཔེ་ཀློག་ལ་དགའ་བའི་གནས་ཚུལ། ད་དུང་མཐར་ཕྱིན་ཁར་སྙན་ངག་ཐད་ཀྱི་དཔྱད་བརྗོད་རིང་མོ་ཞིག་བྲིས་པ་སོགས་དེ་འབྲེལ་དུ་ཡིད་ལ་འཁོར་བས་རྗེས་སུ་ཡི་རང་མི་བྱེད་ཀ་མེད་བྱུང་།

དྲན་ཚུལ་དེའི་དབང་གིས་ཁོས་རང་ཉིད་ཀྱིས་བདམས་ཡོང་བའི་དཔེ་དེབ་དག་ཀྱང་ཚུར་བླངས་ཏེཁྱོད་ཀྱིས་བལྟས་ན་དེབ་འདི་དག་ལས་ང་ལ་ཕན་ངེས་པ་གང་དག་ཡོད། མི་དགོས་པའི་སྐོར་ཟུར་དུ་འཇོག་རོགསཞེས་བརྗོད་པར། མོས་གདོང་ཁུག་གི་མིག་ཤེལ་གསལ་བོ་དེ་ཡར་འདེད་ཙམ་བྱས་རྗེསངས་བལྟས་ན་ཕུའུ་ཞི་ཅིན་དང་མ་ཡ་ཁུའོ་ཧྥུ་སི་ཅི་སོགས་ཀྱི་སྙན་དེབ་བདམས་པས་ཆོག་ལ། རྩོམ་རིག་གཞུང་ལུགས་ཐད་པེ་ལིན་སི་ཅི་ཡི་བརྩམས་ཆོས་ཡོད་པས་རུང་བ་ཡིནཟེར་ཞོར་དེ་དག་ཡར་བླངས་འཕྲལགཞན་དག་གང་དུ་བླངས་སའི་གནས་མལ་དུ་ཕྱིར་འཇོག་རོགས། ངས་ཀྱང་རང་གིས་བདམས་པ་ལས་ཁྱོད་ལ་མི་དགོས་པའི་སྐོར་ཕྱིར་བཞག་ཆོགཟེར་བར། ཁོ་གཉིས་ཀྱིས་གོང་གསལ་མོས་གླེང་བའི་དེབ་ལས་འཕྲོས་ཀྱི་དཔེ་ཆ་སོགས་ཕྱིར་རང་མལ་དུ་འཇོག་མགོ་བརྩམས།

ད་ནི་བརྩོན་འགྲུས་རྒྱ་མཚོ་ལ་མཁོ་བའི་དཔེ་དེབ་བཅུ་ཕྲག་གཅིག་ལྷག་ཡོད་པ་བསྣམས་ཏེ་རྩིས་བརྒྱག་ཏུ་ཕྱིན་དུས། དཔེ་འཚོང་ཁང་གི་ལས་བཟོ་པ་དག་གིས་ཀྱང་ལས་མཚམས་འཇོག་པར་སྟ་གོན་བྱེད་བཞིན་པར། ཡེ་ཤེས་ལྷ་མོས་ཕྱིར་བསློགས་པའི་སྒོར་མོ་འཕྲོ་མ་དག་ཁུག་མར་བཅུག་རྗེས། དགའ་རོགས་ཀྱི་དཔུང་བར་འཁྱུད་དེ་དཔེ་དེབ་ཉོ་མཁན་འགའ་རེ་དང་མཉམ་དུ་ད་ཅིའི་སྒོ་ཆེན་དེ་ལས་ཕྱིར་བུད།

དཔེ་འཚོང་ཁང་ནས་སློབ་གླིང་བར་ལམ་ཐག་དེ་འདྲ་རིང་བོ་མེད་པས། ལང་ཚོས་སྙེམས་པའི་ཕོ་གཞོན་མོ་གཞོན་དེ་གཉིས་འདུ་འཛིས་ཁེངས་པའི་གཞུང་ལམ་འགྲམ་ངོགས་བརྒྱུད་དེ་ཁ་བརྡ་གློད་ཞོར་སློབ་གྲྭ་དམིགས་ནས་ཡོང་། ཆུ་མིག་ལྔ་ལྡན་རི་བོའི་སྐྱེད་ཚལ་ཞོལ་གྱི་བཞི་མདོའི་ཉེ་སའི་གློག་བརྙན་ཁང་གི་སྒོ་ལམ་བརྒྱུད་ནས་ཡོང་བར། དེ་རུ་མི་མང་བོས་གློག་བརྙན་གྱི་འཛིན་བྱང་ཉོ་བ་མཐོང་། ཡེ་ཤེས་ལྷ་མོ་ཕར་ཕྱིན་ཏེ་བལྟས་པ་ལ། ཉིན་མོ་དེར་སྟོན་བཞིན་པ་ནི་རྒྱ་གར་གྱི་དུངས་བརྗོད་གློག་བརྙན《བརྩེ་དུངས་ཀྱི་མེ་ལྕེ》ཞེས་པ་རང་ཡིན་པས། མོས་བལྟ་འདོད་ཀྱི་སེམས་འགྱུ་གདོང་ལ་ཤར་བར་བྱས་ཏེགློག་བརྙན་འདིར་བལྟས་མྱོང་མཁན་ཚོས་བཤད་ན་ཤིན་ཏུ་བཟང་ཟེར་བས། འུ་གཉིས་ཀྱིས་བལྟས་ཚར་འཕྲལ་སློབ་གླིང་དུ་ཕྱིན་ན་ཆོག་གམཞེས་བློ་ཁ་བསྡུར་བའི་ཚུལ་དུ་དྲིས་འོངས།

བརྩོན་འགྲུས་རྒྱ་མཚོས་མཁྲིག་མའི་ཆུ་ཚོད་འཁོར་ལོར་བལྟས་ཙམ་བྱས་རྗེསད་ནི་དུས་ཚོད་དྲུག་པར་བསླེབ་ལ་ཉེ་བས། ལྟ་ཁོམ་ཡོད་མི་སྲིད། ལྷག་པར་གྲོགས་པོ་སངས་རྒྱས་ནི་མདང་དགོང་དགའ་དྲགས་ཏེ་ཆང་འཐུང་རྒྱུ་མང་ཟིན་པས། ད་ནངས་ང་ཡོང་དུས་ད་དུང་མལ་སའི་ནང་ལོག་འདུག དྲོས་ཇའང་ཁ་ནང་དུ་ཡོང་ཡོད་མེད་བཤད་དཀའ། ང་སོང་ནས་ཁོ་ལ་ཟ་མ་ལེན་དགོས། འུ་གཉིས་སང་ཉིན་ལམ་ལ་ཆས་པར་གྲ་སྒྲིག་ཀྱང་བྱེད་དགོས་པ་མིན་ནམཞེས་རང་གི་དྲན་ཚུལ་ལྷུག་པོར་བརྗོད།

དེར་ཡེ་ཤེས་ལྷ་མོས་ཀྱང་ཅི་ཞིག་ཡིད་ལ་འཁོར་བ་བཞིནདེ་ལྟར་ལབ་ཡོང་ན་ངས་ཀྱང་དོན་དག་ཅིག་བརྗེད་ཀྱིན་འདུག ཨ་མ་འགྲོ་ཁར་ང་ལ་མདང་དགོང་གི་ཟས་འཕྲོ་དག་འཕྲོ་བརླག་ཏུ་མ་གཏོང་། སངས་རྒྱས་ཁྱོད་ཚོས་དོ་དགོང་ཟོ་ཞིག་ཟེར་བས། འུ་གཉིས་མྱུར་དུ་སོང་ན་འགྲིག ཁྱོད་སོང་ལ་དཔེ་དེབ་དག་ཉལ་ཁང་དུ་བཞག་རྗེས་སངས་རྒྱས་ཁོ་ཁྲིད་དེ་ཁྱིམ་ལ་ཤོག ང་ཐད་ཀར་ཕྱིན་ཏེ་ཁང་བའི་ནང་གཙང་སྦྲ་དང་ཟས་འཕྲོ་རྣམས་བསྲོ་བར་བྱཞེས་སྨྲས་འཕྲལ། ཡང་ཁ་སྣོན་གྱི་ཚུལ་དུཁྱོད་གཉིས་ཀྱིས་ཆང་འཐུང་རྒྱུ་ཨེ་ཡིནཞེས་ཀྱང་དྲིས་བྱུང་།

སང་ཉིན་སྔ་མོར་ལམ་ལ་ཆས་དགོས་པས། མ་འཐུངས་ན་བཟང་། ངས་བསམས་ན་སངས་རྒྱས་ཀྱིས་ཀྱང་འཐུང་མི་སྲིད། ཁོ་ལ་ཆང་གནོད་པའི་ཆ་དེ་ངས་སྐད་ཆའི་ལམ་ནས་མཚོན་མི་ཐུབ་པར་འདུག

བརྩོན་འགྲུས་རྒྱ་མཚོས་གཟབ་ནན་ངང་དེ་ལྟར་ལབ་པར། ཡེ་ཤེས་ལྷ་མོས་ཀྱངའོ་ན་དེ་ལྟར་བྱོསཟེར་ཞོར་ཡང་བསྐྱར་དགའ་རོགས་ཀྱི་དཔུང་བར་འཁྱུད་བྱུང་སྟེ། ད་ཅི་དྲོས་ཇ་འཐུངས་རྗེས་ཀྱི་འགྲོ་སྟངས་དང་མཚུངས་པར་སློབ་གླིང་ཕྱོགས་སུ་གོམ་ཁ་བསྒྱུར་པ་ལ། ཅང་མ་འགོར་བར་ལྕགས་ལམ་ཕར་ངོགས་ཀྱི་དཀྱོགས་མཚམས་དེ་རུ་ཡལ།

25

ཟླ་བ་གཉིས་ལྷག་གི་དུས་ཡུན་ནི་ཟོ་ཆུན་འཁོར་ལོའི་ཁྱུད་མོ་བཞིན་འཁོར་ནས་སླར་ཡང་སྟོན་ཁའི་དུས་ཚིགས་དེ་ཤར་ཡོང་། སྟོན་ཁའི་དུས་ཚིགས་ཤར་བའི་ནུབ་བྱང་མི་རིགས་སློབ་གླིང་གི་ཁོ་ར་ཁོར་ཡུག་ནི་ལྷའི་བཟོ་པོའི་སྨྱུག་འོག་ནས་ཐོན་པ་བཞིན་མཛེས་ཤིང་ལྟ་ན་སྡུག ལྷག་དོན་སྒོ་ཆེན་ནང་ཕྱོགས་ཀྱི་སྐྱེད་མོས་ཚལ་ཆེ་རྒྱུ་མེད་པ་དེར་རིགས་མི་གཅིག་པའི་ལྗོན་ཤིང་སྣ་ཚོགས་ཀྱི་གཡུ་ལོ་ཐགས་སུ་བཀྲ་ལ། བྱ་བྱིའུ་མང་བོའི་གྲེ་འགྱུར་ནི་རྒྱུད་མངས་དཀྲོལ་པ་ལས་ཀྱང་སྙན་པས། མི་སུ་ཡིན་ཡང་ཡིད་ལ་བདེ་དགའི་སྣང་བ་ཟད་མི་ཤེས་པ་ཞིག་སྦྱིན་འོངས།

ད་ནངས་སྔ་དྲོའི་སློབ་ཐུན་གཉིས་པར་བརྩོན་འགྲུས་རྒྱ་མཚོས་རང་གི་འཛིན་གྲྭ་ལ《ཚིག་རྒྱན་རིག་པའི་སྒོ་འབྱེད》ཀྱི་ལེའུ་དང་པོ་ཡི་ས་བཅད་དང་པོ་སྟེ། སྙན་ངག་གི་སྔོན་འགྲོཞེས་པ་ཁྲིད་དེ་ཕྱིར་ཉལ་ཁང་དུ་ཡོང་སྐབས། སངས་རྒྱས་ཀྱིས་མཆན་ལ་དཔེ་དེབ་དང་ཟིན་བྲིས་དེབ་བཙིར་ནས་སློབ་ཁྲིད་ལ་འགྲོ་བ་དང་ལམ་ནས་ཕྲད། ཁོ་གཉིས་ཀྱིས་ཁ་བརྡ་ཉུང་ཙམ་བྱས་རྗེས་སོ་སོར་གྱེས། ཁོ་ཐད་ཀར་མི་རྐྱང་དགེ་རྒན་ཚོ་སྡོད་སའི་ཐོག་ཁང་ལས་རང་གི་ཉལ་ཁང་དུ་ཡོང་ནས་ཁྲིད་དེབ་དེ་དང་སློབ་མའི་མིང་ཐོ་འགོད་དེབ་སོགས་མདུན་ཅོག་སྟེང་དུ་བཞག་མ་ཐག ཇ་ཕོར་ནང་ཆུ་ཁོལ་ཞིག་བླུགས་ཤིང་སྟེགས་བུར་ཙོག་ནས་འཐུང་ཞོར་དུ་ངལ་ཅུང་ཙམ་གསོས།

ད་ལྟ་སློབ་མགོ་བརྩམས་ནས་ཉིན་ཉི་ཤུ་འགོར་ལ་ཉེ། ཉིན་དེ་དག་གི་སློབ་ཁྲིད་ལ་བསམ་བློ་བསྐོར་ཚེ། རང་གིས་དབྱར་གནང་སྐབས་སུ་དགེ་བཤེས་བློ་བཟང་སྦྱིན་པ་བསྟེན་ཏེ་ཁྲིད་དེབ་ལས་ལེའུ་དང་པོ་དང་གཉིས་པ་ཁ་ཚང་ཞུས་ཐོག གོ་དཀའ་བའི་དོན་རྣམས་དེབ་ཆུང་སྟེང་ནག་འགྲོས་སུ་གསལ་བོར་བཀོད་པས་དཀའ་ལས་ཆེན་པོ་མ་བྱུང་། ལྷག་པར་རང་དང་སྡེ་བ་གཅིག་པའི་དཔལ་ཆེན་ཡང་ད་ལོ་སློབ་གྲྭ་འདིར་རྒྱུགས་འཕྲོད་ནས་ཡོང་འདུག་ལ། ཏག་ཏག་རང་གི་འཛིན་གྲྭ་དེའི་ནང་ཁེལ་ཏེ་ཁོ་འཛིན་དཔོན་དུ་བསྐོས་པར་བརྟེན། ལས་ཀ་མང་བོ་ཞིག་ནི་རྩོམ་རིག་ལ་ཆེས་དགའ་བའི་སློབ་བུ་དེས་དང་ལེན་གྱིས་སྒྲུབ་འགྲོ་བས། རང་ལ་དཔེ་ཀློག་དང་ལྒང་ལི་རྩེ་བའི་དུས་ཚོད་ངེས་ཅན་ཞིག་ལྷག་ཡོང་། ད་ནི་ལྒང་ལི་རྩེ་རུ་འགྲོའམ《བསྡུས་གྲྭ》ཡི་དཔེ་དེབ་དེར་བལྟས་ན་དགའ། ཡང་ན…… ཁོས་དེ་ལྟར་བསམ་བློ་གཏོང་བཞིན་འདུག་སྟེགས་ལས་ཡར་ལངས་ནས་ཉལ་ཁང་ནང་ཕར་འགྲོ་ཚུར་འགྲོ་བྱས། ལྟ་ཕྱོགས་ཤིག་གིས་རང་ཉིད་ཀྱིས་མལ་ཁྲིའི་སྟེང་གི་ཉལ་ཐུལ་ཡང་བལྟབས་མེད་པ་མཐོང་བས། ཕར་ཕྱིན་ནས་ཕྱི་རྟིང་མཐོ་བའི་རས་ལྷམ་དེ་ཕུད་མ་ཐག་མལ་ཁྲིའི་སྟེང་ལ་ལོག ཁོས་སོར་བཅུའི་འདབ་མ་སྦྲེལ་བའི་ལག་པ་ཕྱི་ལྟག་ཏུ་སྔས་རྗེས་གནམ་གཅལ་ལ་ཅེར་ནས་བསྡད་པར། གནས་དེ་གར་སྨན་ཆུང་བུ་མོ་ཟུང་གི་ཞལ་རས་ནི་རེས་མོས་སུ་ཤར་ཡོང་། སྔ་མ་ནི་གངས་ལྷ་མེ་ཏོག་ཡིན་ལ། ཕྱི་མ་ནི་ཡེ་ཤེས་ལྷ་མོ་ཡིན་འདུག

དེ་སྔོན་ལོ་གསར་གྱི་གཞུག་ཏུ། ཁོས་གངས་ལྷ་མེ་ཏོག་ཚང་ལ་ལོ་གསར་ཁྱེར་དུས་མོ་དང་ཕྲད་པར། མོའི་བརྩེ་དུངས་ལ་འགྱུར་བ་ཉག་ཙམ་ཡང་བྱུང་མི་འདུག་སྟེ། རང་ལ་ལྷད་མེད་ཀྱི་བརྩེ་བ་སྣ་ཚོགས་སྟོན་པར་མ་ཟད། མོའི་ཨ་མ་བླ་སོང་མ་ཚང་གི་གཞིས་ཀའི་ནང་ཁང་བ་ཇི་ལྟར་ལས་རྒྱུའི་ཐད་ཀྱི་འཆར་གཞི་ཡང་བཤད་འོངས། ལྷག་དོན་དོན་དེར་མོའི་ཨ་ཕས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱས་འདུག་པས། དེ་བཞིན་གྱི་བྱ་བ་ཕྲན་ཚེགས་ལས་ཀྱིན་ཡོད་ངེས་པ་གདོན་མི་ཟ། མོས་དེ་ནི་རང་གཉིས་ཀྱི་འཁོར་བ་སྐྱོང་སའི་གཞི་ཡིན་པ་ལ། ཁྱོད་ཀྱིས་ཀྱང་ཁ་བཀོད་པ་མང་བོ་ཞིག་འཐེན་དགོས་ཚུལ་སོགས་ལབ་ཡོང་བར། རང་གིས་མོའི་མགོ་གཡོག་ཐབས་ཀྱི་འཆར་གཞི་དེ་བཤད་པ་ཡིན་ཞིང་། འཆར་གཞི་དེས་རང་ཉིད་ལོ་གསུམ་ལ་བསྐྱབས་ནས་ཡོད། ཡིན་ནའང་ལོ་གསུམ་གྱི་རྗེས་སུ་བདག་གིས་བྱ་བ་འདིའི་མཇུག་ཇི་ལྟར་བསྡུ་འམ། རྗེས་སུ་གོ་སྐབས་ཤར་བར་མོར་རང་ཉིད་ཀྱི་སེམས་དོན་ཇི་བཞིན་བཤད་ན་འགྲིག་གམ་མི་འགྲིག མ་བཤད་པར་མོས་ནམ་ཞིག་རྟོགས་པར་གྱུར་ཚེ་སེམས་ཀྱི་མནར་གཅོད་ཅི་འདྲའི་ལྕི་ངེས་སམ། དེའི་དུས་རང་ཉིད་ནིཇི་སྲིད་གངས་རི་མ་ཞུ་བར་དུ། ང་ཡི་བརྩེ་དུངས་ལ་འགྱུར་བ་མེདཅེས་དམ་བཅའ་ཕུལ་མྱོང་བའི་བུ་ཕོ་དེ་ཡིན་སྲིད་དམ། མདོར་ན་དེའི་དུས་རང་གིས་མོར་ངོ་གདོང་ཇི་ལྟར་སྟོན་དགོས་པ་ཡིན་ནམ།

བརྩོན་འགྲུས་རྒྱ་མཚོས་དེ་ལྟར་བསམ་གཞིག་བཏང་བར། གློ་རྡེག་ལ་ཕྱི་ལྟག་སྐྱོར་བཞིན་པའི་ལག་ཟུང་བླངས་ནས་ངོ་གདོང་འགེབ་དགོས་པར་གྱུར།

ཡུད་ཙམ་ནས་ཁོའི་སེམས་པ་རྣལ་ལ་བབས་པ་དང་བསྟུན་ནས་ལག་པ་བླངས་པར། དེ་སྔོན་བལྟས་སའི་གནམ་གཅལ་ལས་ཡེ་ཤེས་ལྷ་མོའི་ཞལ་རས་རིམ་ཅན་དུ་ཤར་བྱུང་།

ཡེ་ཤེས་ལྷ་མོ་ནི་ཅི་འདྲའི་ཨུ་ཚུགས་ཆེ་ཞིང་ཐབས་ཤེས་ལྡན་ལ། གཏོང་ཕོད་ཆེ་ཞིང་ལྷད་མེད་རྣམ་དག་ཅིག་སྟེ། མོས་ཡིན་གཅིག་མིན་གཉིས་རང་ཉིད་གངས་ལྷ་མེ་ཏོག་གི་ལག་ནས་འཕྲོག་རྒྱུ་ཡིན་ཟེར། མོའི་ཁོར་ཡུག་ཏུ་བུ་ཕོ་གང་ལེགས་གང་འཇོན་མང་བོ་ཡོད་བཞིན་དུ། རང་ཉིད་ལྟ་བུའི་སྤྲང་པོ་ཞིག་བདམས་དགོས་དོན་ཅི་ཡིན་ནམ། དེ་སྔོན་སྨན་ཁང་དུ་བསྡད་དུས་ཀྱང་རང་ཉིད་ནི་ཕ་མས་བུ་ཕྲུག་སྙོར་སྙོར་བྱས་སོང་ལ། དེའི་རྗེས་སུ་བླ་བྲང་ལ་ཕྱིན་དུས་ཀྱང་བཟའ་ཚང་དངོས་ལས་ལྷག་པའི་སྲི་ཞུ་མང་བོ་བསྒྲུབས་བྱུང་།
གཞན་དུ་རང་གི་ཡིད་སེམས་དགུག་སླད་ཐབས་ཤེས་རྣམ་པ་སྣ་ཚོགས་འཐེན་ལ་རངས་ཏེ། ཐ་ན་མོས་ཨ་ཕ་དཀོན་མཆོག་རྡོ་རྗེ་ལ་རེ་ཞུ་ཡང་ཡང་ཞུས་པ་བརྒྱུད་ནས། དགེ་བཤེས་ཐུབ་བསྟན་འབྱུང་གནས་ནི་རང་ངོས་ནས་བཤད་ན་ནངས་འཕྲད་དགོང་བཀུར་བྱེད་ཆོག་པའི་སློབ་དཔོན་དུ་གདན་འདྲེན་ཞུས་ཡོད་པ་དང་། རང་ལ་སུམ་རྟགས་དང་སྙན་ངག་ལས་གཞན།《བསྡུས་གྲྭ》སོགས་སྦྱང་སའི་མཐུན་རྐྱེན་ཁ་ཚང་ཡང་སྦྱར་ཟིན་པ་མ་ཡིན་ནམ། འདི་དག་ཡོད་ཚད་བརྩེ་དུངས་ཞེས་པའི་སྒུལ་ཤུགས་དེས་བསྐྱེད་པ་ཨེ་ཡིན། ཡིན་ན་འདི་ལྟར་རང་ལ་རོགས་རམ་ཅི་ཐུབ་བྱེད་མཁན་སྨན་ཤར་ཞིག་གི་སེམས་ནང་དུ་ཆུ་འཁྱག་ལྡུག་ག་ལ་རུང་། གལ་ཏེ་བླུགས་པར་བྱས་ཚེ་མོ་དངོས་གནས་ཇོ་མོ་བྱེད་དུ་འགྲོ་ངེས་སམ།

སེམས་ཀྱི་འགལ་འཐབ་དེ་དག་གིས་བརྩོན་འགྲུས་རྒྱ་མཚོ་ནི་མལ་ཁྲིའི་སྟེང་བར་མཚམས་མེད་པར་འཕག་འགུལ་བྱེད་དགོས་པར་བཟོས། འཕག་འཕག་མཐར་གཞི་ནས་རང་གི་བཟང་ས་སངས་རྒྱས་སྔོན་ཆད་ར་བཟི་དུས་ལྟར་མགོ་བོ་ཉལ་ཐུལ་གྱིས་བཏུམས་སོང་ལ། བཏུམས་ནས་མདང་དགོང་རྨི་ལམ་སྣ་ཚོགས་འཁྲུགས་ཏེ་གཉིད་བདེ་མོ་ཞིག་ཡོང་མ་ཐུབ་པ་དེ་ཁ་སྐོང་ཨེ་ཐུབ་ཀྱི་ཆ་ལ་རེ་བ་བྱས།

དུས་ཡུན་ཅི་འདྲ་ཞིག་འདས་པ་རྟོགས་དཀའ་ཡང་། མཚམས་ཤིག་ལ་ཉལ་ཁང་གི་སྒོ་མོཁྲོགསྒྲ་དང་བཅས་ཕྱེ་འོངས། མཐུད་ནས་སངས་རྒྱས་ཀྱིས་ཚབ་ཚུབ་དང་བཅསབརྩོན་འགྲུས་རྒྱ་མཚོ། ཡར་ལོངས་དང་། གངས་ལྷ་མེ་ཏོག་ལ་དོན་དག་བྱུང་ཟིན་འདུག མྱུར་དུ་ཕ་ཡུལ་ལ་འགྲོ་བར་གྲ་སྒྲིག་བྱོསཞེས་རྗོད་ཞོར་ཉལ་ཐུལ་འཐེན་ཙམ་བྱས་པར། ཁོ་ཡང་གློ་བུར་ཡར་ཙོག་སོང་།

ཁྱོད་ཀྱིས་ཅི་ཟེར་རམ། སུས་བཤད་པ་རེད།

བརྩོན་འགྲུས་རྒྱ་མཚོའི་ངོ་མདོག་གློ་བུར་འགྱུར་བཞིན་དེ་ལྟར་དྲིས་འོངས།

གློག་འཕྲིན་འབྱོར་འདུག འདི་རེད།

སངས་རྒྱས་ཀྱིས་ལག་པ་འདར་ཞོར་ཤོག་བུ་ཞིག་ཁོ་ལ་གཏད།

ཁོས་ཤོག་བུ་དེ་བླངས་ནས་ལན་གཅིག་བལྟས་འཕྲལཡིན་མི་སྲིད། དེ་འདྲ་ཡིན་མི་སྲིད། མོ་གཞན་དོན་དུ་ཅི་ལ་ཤི་དགོས་པ་ཡིན་ནམ། ཤི་མི་འོས། ཤི་མི་སྲིདཅེས་སྨྲས་བྱུང་སྟེ། སྨྲ་བའི་ཚེ་ན་ངུ་ངག་འདྲེས་པ་ལ། མིག་མཐའ་ནས་མཆི་མ་ཤམ་ཤམ་དུ་བཞུར་ཡོང་།

ཁྱོད་ཀྱིས་དེ་ལྟར་བརྗོད་མི་རུང་། གློག་འཕྲིན་ལ་ནོར་བ་ཡོད་མི་སྲིད་པས། ཡིད་མ་ཆེས་ས་མི་འགྲོ།སངས་རྒྱས་ཀྱིས་དེ་ལྟར་འཆད་ཞོར་ཁོའི་ལག་པ་བསྡམས་ཏེ་སྤྲུག་སྤྲུག་ལན་འགའ་བཏང་རྗེསཁྱོད་ཀྱི་སེམས་ལྷོད་ལ་འབབ་པར་ཞུ། འདི་ནི་དོན་དངོས་ཡིན་པས། ང་ཚོས་དངོས་ཡོད་ལ་གདོང་གཏོད་དགོས། སྔ་མོ་ནས་དངོས་པོ་སྡུད་གསོག་བརྒྱབ་སྟེ་ལམ་ལ་ཆས་ན་བཟང་། གཞན་དོན་དག་ཅི་ཡོད་ང་ཚོས་དལ་མོ་བྱས་ནས་འབྲེལ་བ་བྱེད། སྙིང་གི་གྲོགས་པོ། གོ་ཨེ་བྱུངཞེས་ལབ་པ་དང་འབྲེལ། ཕར་སོང་ནས་ཁོའི་འཁུར་ཁུག་ཆེ་བ་དེ་ཚུར་བླངས་སོང་།

གྲོགས་པོ་ལགས། ང་ད་དུང་གློག་འཕྲིན་འདིར་ཡིད་མི་ཆེས། འཇིག་རྟེན་དཀར་ངོགས་སུ་མི་གང་དང་གང་གི་མགོར་རྐྱེན་ངན་འདི་འདྲ་ཡོང་སྲིད་ཀྱང་། གངས་ལྷ་མེ་ཏོག་གི་མགོར་ཡོང་ན་མི་འགྲིག མོ་ལྟ་བུའི་ཁྲེལ་ཡོད་ངོ་ཚ་ཅན་ཞིག་གནམ་འོག་ཏུ་ཇི་ལྟར་བཙལ་ཀྱང་རྙེད་དཀའ། ཡང་གཅིག་བཤད་ན་མོས་ང་ལ་ལོ་གསུམ་གྱི་གནང་བ་བྱིན་ཡོད། གནང་བ་བྱིན་ནས་ཟླ་གསུམ་ལས་འགོར་མེད་པས་རྐྱེན་ངན་འདི་འདྲ་འབྱུང་མི་སྲིད། ངས་ཉི་མ་དཀར་དཀར་ལ་རྨི་ལམ་ངན་པ་རྨི་བཞིན་པ་མ་ཡིན་ནམ། བརྩོན་འགྲུས་རྒྱ་མཚོ་མལ་སའི་ནང་སྔར་བཞིན་ཙོག་བསྡད་དེ། རང་གི་འཇིལ་ལིར་འཁྱིལ་བའི་སྐྲ་ལོ་དེ་ཤེད་ཀྱིས་འཐེན་བྱུང་ལ། འཐེན་ཞོར་དང་ངུ་ཞོར་བྱེད་བཞིན་ངག་ནསགངས་ལྷ་མེ་ཏོག དགོངས་པ་མ་ཚོམས། དགོངས་པ་མ་ཚོམས……ཞེས་ཡང་ཡང་ལབ་འོངས། གཏམ་དེ་དག་གོ་བས་སངས་རྒྱས་ཀྱི་མིག་མཐའ་ནས་ཀྱང་མཆི་མ་བརྡོལ་བྱུང་། ཁོས་ཀྱང་འཁུར་ཁུག་གནས་དེ་གར་བཞག་རྗེས་ཚུར་ཡོང་ནས་མལ་ཁྲིའི་མཐའ་ལ་ཙོག་སྟེ་བརྩོན་འགྲུས་རྒྱ་མཚོ་དམ་དུ་སྡོམ་པར་བྱེད། དེ་ལྟར་བསྡམས་ནས་ཡུད་ཙམ་འགོར་རྗེས་ལག་ངོས་ཀྱིས་མིག་ཆུ་ཕྱིས་སོང་བ་དང། མཐུད་ནས་ལོ་བཞི་ལྷག་ལ་མཉམ་ཟ་མཉམ་འཐུང་བྱས་ནས་ཡོང་བའི་སྤུན་གྲོགས་བཟང་བོ་དེར་སེམས་གསོ་བར་མེད་བྱས།

སེམས་གསོའི་ཚིག་གི་བྱིལ་བྱིལ་ལ་བརྟེན་ནས། བརྩོན་འགྲུས་རྒྱ་མཚོའི་ངུ་ངག་དང་མཆི་མ་རིམ་བཞིན་ཆད་སོང་བས། རང་འགུལ་གྱིས་མལ་ཁྲི་ལས་བབས་ཏེ་རས་ལྷམ་ནག་པོ་དེ་གོན་འཕྲལ། རང་གི་མཁོ་དངོས་དག་མལ་ཁྲིའི་སྟེང་ལ་ལེན་མགོ་བརྩམས།

ཡོད་ཚད་འཁུར་ཁུག་ནང་བཅུག་ཚར་བ་ན། ཁོ་ཚུར་ཡོང་སྟེ་སངས་རྒྱས་ཀྱི་ལག་པར་འཇུས་ནས་ཡིད་སྐྱོ་བའི་ངང་དུགྲོགས་པོ་ལགས། ང་ལ་གྲོང་ཁྱེར་དུ་འདུག་པའི་ལས་དབང་དེ་མི་འདུག ངའི་ལས་དབང་ནི་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་ཡོད་པ་ཡིན། ང་མོའི་རྗེས་སྐྱོང་པ་བྱེད་དུ་འགྲོ་དགོས། ངའི་ལས་གནས་གཞི་རིམ་དུ་སྤོར་བའི་དོན་དེ་ཁྱོད་ཀྱིས་སྒྲུབ་རོགས་ཞུ། ང་ད་ལྟ་ལམ་ལ་ཆས་རྒྱུ་ཡིན། ཁྱོད་ཀྱིས་ཤེས་པའི་ངའི་གཏམ་རྒྱུད་ཡོད་ཚད་དང་། རྐྱེན་ངན་འདིའི་གནས་ཚུལ་དག་ཡེ་ཤེས་ལྷ་མོར་ཞིབ་ཏུ་བརྗོད་རོགས། ངས་སེམས་གཏིང་ནས་མོ་ལ་དགོངས་དག་ཞུ་བཞིན་འདུག་ཅེས་སྨྲ་བར་མཛོདཅེས་ལབ་མ་ཐག གྱེས་ཁའི་འཐམ་འཁྱུད་དེ་བྱས།

ཕྱི་ཉིན་གྱི་དྲོས་ཇའི་མཚམས་སུ། བརྩོན་འགྲུས་རྒྱ་མཚོ་གཞི་ནས་རྨ་གཞུང་རྫོང་ཐོག་ཏུ་སླེབས། རྫོང་ཐོག་ཏུ་ཕ་ཡུལ་ཕྱོགས་ཀྱི་མི་གཅིག་ལའང་འཕྲད་རྒྱུ་མ་བྱུང་བས། འཁུར་ཁུག་ཆེ་བ་དེ་རྒྱབ་ལ་ཁུར་ཞོར་རྨ་ཤར་ཀུང་ཧྲེའི་སྲང་ལམ་དུ་འབྱོར། དེ་གར་གློ་བུར་ཕུ་བོ་སྐལ་བཟང་འབུམ་ལ་ཕྲད་བྱུང་། ཕྲད་མ་ཐག་ཏུ་ཕ་རོལ་པོར་མིག་ཆུ་ཤོར་པ་མཐོང་བས། སྣ་ཁུང་སྐྱུར་སོབ་སོབ་ཏུ་འགྱུར་ཞོར་རང་གི་མིག་ཆུ་ལའང་རང་དབང་མ་ཡོང་། ཁོ་གཉིས་ཀྱིས་ཕན་ཚུན་སྐྱོར་བ་འདྲ་བྱས་ཏེ་སྲང་བར་ཆུང་བ་ཞིག་ཏུ་འཛུལ་བར། དེ་གར་འགྲོ་འོང་བྱེད་མཁན་གྱི་མི་ཉུང་བས་ཕན་ཚུན་འཐམ་ཞོར་ཡུད་ཙམ་ངུས། ངུ་མཚམས་བཞག་པ་དང་བསྟུན་ནས་ཕུ་བོས་དོན་གྱི་བྱུང་རྐྱེན་རགས་རིམ་ཞིག་བཤད་འོངས།

མ་གཞིར་ཉིན་དེར་སློབ་གྲྭ་གྲོལ་པ་ན། གངས་ལྷ་མེ་ཏོག་མ་གཏོགས་དགེ་སློབ་ཡོངས་རྫོགས་རང་རང་གི་ཡུལ་ལ་ཆས། ཁོ་ཚོ་སོ་སོར་ལམ་ལ་ཆས་དུས་སྟོད་ཕྱོགས་ཀྱི་སྐྱེས་རི་ཆེན་པོ་ཨ་མྱེས་སྲིན་པོ་ཡི་རི་རྒྱུད་དུ་གློག་འཁྱུག་འབྲུག་ལྡིར་གྱིས་ཤ་འོད་རྡོལ་བཞིན་པར། ཡུན་རིང་མ་འགོར་བར་ནམ་རྒྱུན་གྱི་གྲམ་པ་སྐམ་པོ་དེའི་སྟོད་ཕྱོགས་ནས་ཆུ་ལོག་བརྡོལ་མགོ་བརྩམས། དེའི་དུས་ལྷ་ལྡན་དགོན་པའི་རྒྱབ་རིའི་རྩེ་རུ་ར་མ་འཚོས་ནས་བསྡད་ཡོད་པའི་རྒད་པོ་རྒྱ་གར་གྱིས་སློབ་མ་ཞི་མོ་གཉིས་གྲམ་པའི་མཐའ་རུ་ཆར་གཡོལ་བྱས་འདུག་པ་མཐོང་བས། ཆུ་ལོག་གིས་ཁུར་བར་དོགས་ནས་བར་མེད་དུ་འུར་བརྒྱབ། འུར་སྒྲ་གང་ཞིག་སློབ་གྲྭར་སྡོད་པའི་གངས་ལྷ་མེ་ཏོག་གིས་ཐོས་པར་བརྟེན། གནས་ཚུལ་མི་ལེགས་པ་ཤེས་ནས་སློབ་གྲྭའི་ཞོལ་གྱི་གྲམ་པར་དམིགས་ནས་བརྒྱུགས། སྐབས་དེར་མོ་གཉིས་ཀྱང་འཚབ་པར་གྱུར་པས། གྲམ་གཞུང་བརྒྱུད་ནས་ཕར་ཕྱོགས་སུ་བྲོས་པ་གད་པ་དམའ་མོར་ཕྲད་ནས་འགྲོ་མ་ནུས་པའི་ཚུལ་དེ། གངས་ལྷ་མེ་ཏོག་སླེབས་ནས་རེ་རེ་བཞིན་འགྱོག་ཅི་ཐུབ་ཀྱིས་གད་པའི་ཁར་ཕུད། མོའང་དེ་གཉིས་ཀྱི་རྗེས་འབྲངས་ནས་འགོ་བར་བརྩམས་པ་ལ། གཞན་གྱིས་རོགས་འདེགས་མེད་ཚེ་འགོ་ཁག་པ་ཚོར་བས། རང་ཉིད་ད་ཅི་ཡོང་སར་བལྟས་པར། མར་འབབ་ས་དེ་ཆུ་ལོག་གིས་བསྣུབས་ལ་ཉེ་བ་མཐོང་སྟེ། འུ་ཐུག་ནས་གྲམ་གཞུང་ཐུར་ལ་འབྲོ་དགོས་བྱུང་། བྲོས་ནས་གོམ་པ་ཉི་ཤུ་ལྷག་གི་མཚམས་སུ་ཆུ་ལོག་གིས་ཁུར་བ་ཡིན་འདུག

བརྒྱུད་རིམ་གསལ་བོ་དེ་ཐོས་པས། བརྩོན་འགྲུས་རྒྱ་མཚོ་ནིསྡུག་ཆེ་བའི་ཉིན་དེར་ངུ་རྒྱུ་མི་ཡོངཟེར་བའི་ཟླ་ལ་ཆས་ཏེ། ད་ཅིའི་ལྟར་ངུ་བསམས་ཀྱང་ངུ་མ་ནུས་པར་ཁ་གདངས་ནས་ཡུད་ཙམ་ལུས་ལ། དེ་ནས་རྣམ་ཤེས་ཀྱིས་བཏང་བའི་བེམ་པོ་བཞིན་ཕུ་བོས་སྐྱོར་བ་ལས་རིམ་གྱིས་ཤུད་དེ་གྱང་རྩ་རུ་ཙོག་བྱུང་། ཙོག་ནས་ཀྱང་ལག་པ་ཟུང་གིས་རང་གི་མགོ་བོ་བསྐྱོར་ནས་ཡུད་ཙམ་བསྡད་པ་དང་། མཐུད་དེ་དབུགས་ཕྱིར་རྔུབ་ཐུབ་སོང་བ་ལྟར་སྐད་ཆེན་པོ་ཕྱུང་ནས་ངུས།

དུས་ཡུན་ངེས་ཅན་ཞིག་ཕྱིན་མཚམས་སུ་ཁོའི་ངུ་སྐད་རིམ་བཞིན་ཇེ་ཆུང་དུ་ཕྱིན་པས། ངུ་ངག་འདྲེས་མརབེམ་པོ་ཡང་ལག་ལ་མ་ཡོང་བ་རེད་དམཞེས་དྲིས་བྱུང་།

ཕུ་བོ་སྐལ་བཟང་འབུམ་ཡང་ཁོ་ལ་ཁ་གཏད་ནས་ཀུམ་ཙོག་ཏུ་བསྡད་ཡོད་དེ། སྐྱོ་བའི་ངངམ་ཡོང་བ་རེད། དེ་རིང་ཐེ་ན་ཉིན་གསུམ་ལ་བཙལ་ཀྱང་ལག་ཏུ་མ་ཡོང་བ་རེད། ཕལ་ཆེར་རྨ་ཆུར་འདྲེས་ནས་ཁུར་ཟིན་པ་འདྲཞེས་བརྗོད་འཕྲལ། ཡང་ཅི་ཞིག་སྨྲ་འདོད་ཀྱིསད་ལྟ་མོ་འདས་སའི་གྲམ་ཁ་དེར་མི་མང་བོ་འདུས་ཡོད། ཤར་ལུང་ཚོ་དྲུག་གི་མང་ཚོགས་ལྟ་ཅི། རྨ་སྨད་ཚོ་བདུན་ཕྱོགས་ཀྱི་མི་ཡང་མང་བོ་ཞིག་ཡོང་འདུག ད་དུང་ལྷ་ལྡན་དགོན་པའི་བླ་མ་ཨ་ཚོགས་ཚང་གཙོར་བྱས་གྲྭ་པ་རྣམས་ལས་གཞན། ཁུལ་དང་རྫོང་། ཀུང་ཧྲེའི་ནང་གི་འབྲེལ་ཡོད་ལས་བྱེད་པ་མང་བོའི་ཁར། གསར་འགོད་པ་འགའ་རེ་ཡང་སླེབས་ཡོད། ཚང་མས་རང་རང་སར་རས་གུར་ཕུབ་ནས་འདས་མཆོད་ཀྱི་ཆོ་ག་སོགས་བསྒྲུབས་ནས་བསྡད་འདུགཅེས་ཟེར།

རྫོང་དཔོན་འཇིགས་མེད་རབ་བརྟན་སླེབས་ཟིན་ནམ། ཁོང་ལ་སྐྱོན་མེད་དམ།

ཁོས་སྐྱོ་བའི་ངག་གིས་མུ་མཐུད་དུ་དྲིས་ཡོང་།

ཁོང་ཡང་ཕར་བལྟས་ན་སེམས་སྡུག་པ་ཞིག་རེད། ལོས་ཡིན་ཏེ། དེ་འདྲའི་བུ་མོ་མཛངས་མ་ཞིག་མཆན་ནས་ཤོར་ཟིན་པས། སེམས་ཀྱི་སྡུག་བསྔལ་ལོས་ཡོད། ཁོང་ལས་ཀྱང་འུ་ཚང་གི་ཨ་མ་ནི་ཆེས་སྡུག་སྟེ། ད་སྔ་ཐེངས་གཉིས་ལ་བརྒྱལ་ཟིན། ང་ཚོ་ཚང་མས་མོ་ལའང་སེམས་ཁྲལ་བྱེད་བཞིན་ཡོད། སྡུག་གཅིག་གི་ཐོག་ལ་གཉིས་པ་ཞིག་མི་ཡོང་བར་སྨོན།ཕུ་བོས་དེ་ལྟར་སྨོན་ལམ་ཞིག་བཏབ་རྗེས། ཡང་ངག་འཇམ་པོསབུ་རྒོད་པོ། ཨ་ཕས་ནམ་རྒྱུན་ང་ཚོརསྐྱིད་དུས་མགོ་འཕང་དམའ་དགོས། སྡུག་དུས་མགོ་འཕང་མཐོ་དགོསཞེས་རྗོད་པར་བྱེད་པས། ད་ནི་མགོ་འཕང་དམའ་བའི་དུས་དེ་མིན། འུ་སྤུན་གཉིས་ཀྱིས་མགོ་འཕང་མཐོ་རུ་འདེག་དགོས། བྱ་བ་ཅི་ཡོད་ཕྲག་ལ་ལེན་དགོས། སྡུག་ཡོད་ཀྱང་ཁོག་ལ་བཞུར་དུ་གཞུག་དགོས་པ་ཡིན། འདས་པོར་ཆོས་ལེགས་པོ་ཞིག་བཅའ་རྒྱུ་ལས་ཅི་ཞིག་ཡོད་དམཞེས་སྙིང་ཕུར་བརྡབས་བྱུང་ལ། ཡང་གྲོས་འདེབས་ཀྱི་ཚུལ་དུའགྲོ། ད་ནི་འུ་གཉིས་ལམ་ལ་ཆས་རན་འདུག ངས་མཁོ་དངོས་མཐའ་དག་ཉོས་ཚར་བས་ཤིང་རྟའི་ནང་བརྩིག་པས་ཆོག གཙོ་བོའི་ནང་གི་གཙོ་བོ་ནི་མི་མང་ཚོགས་སར་སླེབས་དུས། རང་སེམས་ལ་རང་གིས་བདག་བྱེད་ཐུབ་དགོས། བུ་མཆོག་ཅིག་གི་བཟོ་ལྟ་མི་ཉམས་པར་བྱེད་དགོས། གོ་བྱུང་ངམཞེས་ནུ་བོའི་ཕྲག་མགོ་སྡོམ་ཙམ་བྱེད་ཞོར་ལབ།

གཏམ་དེ་གོ་བར་ཁོས་མགོ་བོ་ལྡེམ་ཙམ་བྱས་འཕྲལ་མིག་མཐའི་མཆི་མ་ལེགས་པར་ཕྱིས་རྗེས། ཡར་ལངས་ཏེ་ཕུ་བོའི་རྗེས་འབྲངས་ནས་སྲང་ལམ་ཆེ་བའི་ཕྱོགས་སུ་སྐྱོད།

ཆུ་ཚོད་གཅིག་ཙམ་མ་དགོས་པའི་མཚམས་དེར། ཕུ་ནུ་གཉིས་ཀས་ཤིང་རྟར་ཁ་ལོ་བསྒྱུར་ནས་རས་གུར་མང་བོ་བསྟར་ཕྲེང་དུ་བརྒྱུས་པའི་གྲམ་མཐའ་དེ་རུ་སླེབས། བརྩོན་འགྲུས་རྒྱ་མཚོ་ཡོང་བ་མཐོང་བས། ཐོག་མར་དགའ་རབ་ར་མགོ་ཡི་ཨ་མ་དང་ཨ་ཡེ་སྒྲོལ་མ་གཉིས་ཀ་སྔ་ཕྱིར་བརྒྱུགས་ཡོང་ནས་ཁོའི་སྒྱིད་པར་འཐམ་ཞོར། སྔ་མ་དེསདགེ་རྒན་དྲིན་ཆེན་པོ། ཁྱོད་ཀྱིས་བཟོད་སྒོམ་གནང་རོགས། སློབ་གཙོ་ནི་ངེད་ཚང་གི་བུ་མོའི་ཆེད་དུ་འདས་པ་ཡིན། མོ་ནི་བྱང་ཆུབ་སེམས་མ་དངོས་ཤིག་རེད། དེ་འདྲ་མིན་ཚེ་ངེད་ཚང་གི་བུ་མོ་སྐྱོབ་མི་སྲིདཅེས་པ་ལ། རྗེས་མས་ཀྱང་ངུ་སྐད་འདྲེས་མརངེད་ཚང་གི་བུ་མོ་ཆུང་བ་སྟག་མོ་ཐར་ཡང་མོས་བསྐྱབས་པ་ཡིན། མོ་རྗེ་བཙུན་སྒྲོལ་མས་རྗེས་སུ་འཛིན་ངེས། གཡུ་ལོ་བཀོད་པའི་ཞིང་ཁམས་སུ་སྐྱེ་ངེས། ཨ་ཧ་བོ། ང་ཚོའི་སློབ་གཙོ་བཟང་བོ། མོ་ལས་ང་ཁུར་སོང་ན་ཅིས་མི་ཆོགཅེས་བསྒྲགས་བྱུང་བར། གཡས་གཡོན་ནས་བུད་མེད་མང་བོ་དང་སྐྱེས་པ་སྐོར་ཞིག་ཀྱང་ངུས་བྱུང་སྟེ། ངུ་སྒྲའི་ཁྲོད་དུ་མོ་གཉིས་བཙན་གྱིས་སོ་སོའི་རས་གུར་དུ་ཁྲིད།

མཚམས་དེར་རང་ཚང་གི་རས་གུར་ཅུང་ཆེ་བ་ལས་མག་པ་བན་དེ་བརྒྱུགས་ནས་ཐོན་ཡོང་ལ། ཐོན་ནས་སྐལ་བཟང་འབུམ་ལ་རོགས་བྱས་ཏེ་བརྩོན་འགྲུས་རྒྱ་མཚོ་སྐྱོར་ནས་རས་གུར་གྱི་སྒོ་ལམ་དུ་སླེབས་མ་ཐག ནང་རོལ་ཏུ་ཨ་མ་དང་ཨ་ཅེ། སྲུ་མོ་སོགས་ཀྱི་ངུ་སྐད་ཕྱོགས་སུ་མཆེད་སོང་། ཁོས་མ་མཆུ་སོས་འདེབས་ཞོར་རས་གུར་ནང་ཕྱིན་པར། ཐོག་མར་ཨ་ཕ་སངས་རྒྱས་སྐྱབས་ཀྱིས་ཁོར་འཐམ་ཞོར་ངུ་ངག་དང་བཅས་སེམས་གསོའི་སྐད་ཆ་འགའ་བཤད་བྱུང་བ་དང་། མཐུད་ནས་རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་ཁོ་དྲག་ཏུ་བསྡམས་འོངས། བསྡམས་ཚུལ་དེའི་ནང་དུ་ཁོས་བུ་མོ་རྗེས་སུ་དྲན་པའི་གདུང་ཚོར་དེ་ཡོད་པ་ལ། བརྩོན་འགྲུས་རྒྱ་མཚོའི་ངག་ནསཨ་ཕ་ལགས། ངས་ཁྱེད་ཀྱི་བུ་མོར་སྲུང་སྐྱོབ་ཡག་པོ་བྱེད་མ་ཐུབ། ང་ནི་ཉེས་ཅན་ཞིག་ཡིནཞེས་རྗོད་ཞོར་ངུ་བར་བྱས་པ་ལ། ཁོང་གིས་ཀྱང་ངུ་སྐད་འདྲེས་མརདོན་རྐྱེན་འདི་ཁྱོད་ཀྱིས་བསླངས་པ་མིན་པས། རང་སེམས་ལ་མནར་གཅོད་དེ་འདྲ་མི་གཏོང་རོགས། འདི་ནི་མོའི་ལས་དབང་ཡིན། སུས་ཀྱང་བཟློག་ཐུབ་པ་ཞིག་མིན། ད་མི་ངུ་བར་འཚལ། སེམས་ཅན་གྱིས་གོ་ན་ངོ་རེ་གནོང་། ཁྱོད་ཀྱི་སྔོན་ཆད་ཀྱི་སྤོབས་སེམས་དེ་ད་ལྟ་ཡོད་དགོས། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་མཁན་ཞིག་གི་ཤེས་རྒྱ་དེ་ད་ནི་ཡོད་རནཞེས་ཁ་ཏ་སློབ་གསོ་བྱས་ཡོང་བར། ཁོས་ཀྱང་སེམས་འཕང་བསྟོད་ཅི་ཐུབ་ཀྱིས་མིག་ཆུ་ཕྱིས་ཏེ་རྫོང་དཔོན་ཁོང་གི་བཞིན་ལ་བལྟས་ཙམ་བྱས་པར། མ་གཞི་ཁོང་གི་མིག་ཟུར་དུ་གློ་བུར་གཉེར་མ་ཟ་ཡིག་འདྲ་བ་འགའ་རེ་བབས་འདུག་པར་མ་ཟད། མུར་གོང་དུའང་སྐྲ་དཀར་གྱི་ཉག་མ་མང་བོ་འཛིང་ནས་འདུག་པ་དང་། མཁུར་ངོས་ཧྲིལ་པོ་མཆི་མས་བངས་ཟིན་པའི་ཆ་སོགས་ནི་སྙིང་རྗེ་བའི་ཡུལ་དུ་གྱུར་ནས་ཡོད། བརྩོན་འགྲུས་རྒྱ་མཚོས་མཉམ་ཞིག་བཞག་པར། རས་གུར་ནང་དུ་ད་དུང་ཕུ་བོའི་སྒྱུག་པོ་ལྕགས་ཐར་དང་ཤར་ལུང་ཚོ་དྲུག་སློབ་ཆུང་གི་དགེ་རྒན་རྣམ་པ་གསུམ་པོ་ལས་གཞན། རྨ་སྨད་ཚོ་བདུན་ཕྱོགས་ནས་ཡོང་བའི་ཨ་རྒྱ་གུ་དྲག་བཅས་མཆིས་ལ། ཟི་ལིང་དུ་བྱ་བར་ཞུགས་པའི་ལས་བྱེད་འགའ་རེ་ཡང་སླེབས་འདུག་པས། རེ་རེར་ངུ་ངག་དང་བཅས་འཚམས་འདྲི་བྱས།

ཨ་མ་སོགས་ཀྱི་ངུ་སྐད་ལྷོད་འཇགས་སུ་སོང་བ་ན། བརྩོན་འགྲུས་རྒྱ་མཚོས་ཨ་ཕའི་ལག་ནས་ཨ་ཁུ་ཚངས་དབྱངས་ཀྱི་ཕྲེང་བ་དེ་ཚུར་བླངས་ནས་ལག་མགོར་དཀྲིས་པ་དང་། མཐུད་དེ་མར་དང་རྩམ་ཁུག་བཟུང་འཕྲལ་ཨ་ཕ་དང་ཕུ་བོའི་རམ་འདེགས་འོག དྲང་ཐད་དུ་བླ་མ་ཨ་ཚོགས་ཚང་གཙོར་བྱས་གྲྭ་པ་རྣམས་ཀྱིས་བདུན་འདེད་པའི་ཆོས་སྤྱོད་ཀྱི་ཆོ་ག་སྒྲུབ་སའི་ཚོགས་གུར་ཆེ་བ་དེའི་འདབས་རོལ་ཏུ་ཕྱིན་ནས་ཕྱག་གསུམ་འཚལ་བ་དང་། དེའི་འཕྲོར་ཡུལ་མི་དག་གིས་བླ་སོང་མ་ཆུ་ལོག་གིས་ཁུར་སའི་གད་པའི་ཀླད་དེར། མདུན་དུ་མར་མེ་ཚེ་འབར་འཇོག་སའི་ཤིང་སྒྲོམ་ཤེལ་གྱི་སྒོ་མོ་ཅན་དང་། གཞུག་ཏུ་ཚ་གསུར་ཕུལ་སའི་རྡོ་ཁྲི་ཆེ་བ་ཞིག་བརྩིགས་ཡོད་པ་གཏད་ནས་ཕྱིན་ལ། སྔ་ཕྱིར་མར་མེ་ཚེ་འབར་ནང་དུ་མར་དང་ཚ་གསུར་གྱི་སྟེང་ལ་རྩམ་པ་ཁ་སྣོན་བྱས། མར་དྲི་དང་ཚ་གསུར་གྱི་དྲི་མ་གང་ཞིག་བསིལ་རླུང་དང་འགྲོགས་ནས་སྣ་སྒོར་ལྡང་ཡོང་བར། ཁོའི་སེམས་ནང་ཡང་བསྐྱར་སྐྱོ་བ་དང་དྲན་གདུང་གི་སྨུག་སྤྲིན་སྟུག་པོ་ཞིག་འཐིབས་པ་ལ། མིག་མཐའ་ཡང་བསྐྱར་མཆི་མའི་བརླན་གྱིས་བཟུང་།

ཕྱི་དྲོ་དེར་ཁོའི་མིག་ཆུ་ཡོད་ཚད་ཁོག་ལ་མིད་ཞོར་ཁུལ་དང་རྫོང་། ཀུང་ཧྲེ་བཅས་ནས་ཡོང་བའི་འབྲེལ་ཡོད་ལས་བྱེད་དེ་ཚོར་ཐུག་པར་མ་ཟད།
གསར་འགོད་པ་གཉིས་གསུམ་ཞིག་གི་བཅར་འདྲི་ཡང་དང་ལེན་བྱས། བཅར་འདྲི་ཚར་ཏེ་འདས་མཆོད་ཀྱི་ལས་ཀ་སྣ་ཚོགས་ནང་ཞུགས་པར། ཁོ་སྔ་ཕྱིར་རུ་ཁག་སོ་སོའི་རུ་གཙོ་རྣམ་པར་མཇལ་བྱུང་ལ། ཡན་ལག་སློབ་གྲྭ་ཡི་དགེ་རྒན་རྣམས་དང་ཡང་ཕྲད་སོང་།
ཁོ་དང་ཆ་རྒྱུས་ཆེ་བའི་ཨ་ཡེ་མཁའ་འགྲོ་དང་ར་རྫི་རྒད་པོ་རྒྱ་གར་གྱི་ཆུང་མ་སོགས་དང་ཐུག་འོངས་ལ། ཁོར་གཞོན་དུས་བག་ཆགས་ཟབ་མོ་བཞག་མྱོང་བའི་གསར་བུ་དཔལ་ལྡན་དང་དགའ་རབ། ཆོས་དཔལ་བཅས་མང་ཚོགས་མང་བོ་ཞིག་ལའང་ཕྲད་པར་གྱུར། ཁོ་ཚོའི་ལྷད་ཀྱིས་མ་འདྲེས་པའི་འཚམས་འདྲི་དང་ཡ་ཡོ་བྲལ་པའི་རོགས་རམ་གྱིས། ཁོ་ལ་ཤེས་དང་མ་ཤེས་པའི་བར་དུ་སྟོབས་ཤུགས་ཡ་མེད་ཅིག་བསྩལ་བྱུང་བར། མུན་པའི་ཡོལ་ཆེན་གྱིས་ཡུལ་ལུང་འདི་ཇི་ལྟར་བསྒྲིབས་པའང་ཚོར་མ་ནུས།

དགོང་འཚལ་འཐུངས་རྗེས་སུ། ཡུལ་མི་དག་ལས་སྐོར་ཞིག་རང་ཁྱིམ་དུ་ཕྱིན་པ་དང་། སྐོར་ཞིག་སོ་སོའི་རས་གུར་དུ་འཛུལ་ནས་བླ་མའི་བཀའ་གསུང་དང་ལེན་གྱིས་མ་ཎི་བསགས་བྱུང་བ་ལ། ཁོར་ཡུག་ཧྲིལ་པོ་ནི་དེ་སྔོན་ལས་ལྡབ་ཀྱིས་ལྷིང་འཇགས་སུ་གྱུར། ལྷིང་འཇགས་དེའི་ཁྲོད་དུ་བརྩོན་འགྲུས་རྒྱ་མཚོས་ལུས་སུ་ཕུ་བོའི་རས་ལྭ་དེ་གཡང་ཤམ་བྱས་པ་དང་། ལག་གཡོན་པས་ཕྲེང་བ་དང་གཡས་པས་རྩམ་ཁུག་དང་མར་སོགས་བཟུང་ནས་ཚ་གསུར་ཕུལ་སའི་གནས་དེར་དེངས། མར་རྡོག་ཆུང་ངུ་སྐོར་ཞིག་ད་ཅི་དང་འདྲ་བར་མར་མེ་ཚེ་འབར་ནང་བསྣན་པ་དང་།
རྩམ་པ་རོབ་ཙམ་ཚ་གསུར་གྱི་སྟེང་ལ་བྱོ་རྗེས། ཁ་མཆོད་སྒྲོམ་ཕྱོགས་སུ་འཁོར་ནས་སྐྱིལ་མོ་ཀྲུང་དུ་ཙོག་བྱུང་ལ། ཙོག་ནས་སྐད་ཀྱི་མཐོ་དམའ་རན་པར་མ་ཎི་བགྲང་མགོ་བརྩམས།

མུན་ཇི་ལྟར་རུབ་པ་དང་བསྟུན་ནས། ཤིང་སྒྲོམ་ཤེལ་གྱི་སྒོ་མོ་ཅན་དེའི་ནང་གི་མར་མེའི་འོད་ནི་ཇེ་གསལ་ནས་ཇེ་གསལ་དུ་གྱུར། རྒྱུ་དངུལ་དཀར་ལས་བྱས་པའི་མར་མེ་ཚེ་འབར་དེ་ནི་གཞན་ཞིག་ནས་ཁྱེར་ཡོང་བ་མ་ཡིན་ཏེ། དེ་ནི་བླ་སོང་མའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་རིན་བྲལ་ནོར་བུ་གང་ཞིག ཕྱིས་སུ་རང་ཚང་གིས་བདག་གཉེར་དོ་དམ་བྱས་ནས་ཡོང་བ་དེ་རེད། དེ་སྔོན་ཨ་ཁུ་དྲིན་ཆེན་པོ་དགོངས་པ་རྫོགས་ཁར་གཞོགས་ཁང་གི་ཁ་རྡང་སྟེང་བཞག་མྱོང་བ་དེ་རེད།

ཁོས་ཁ་ནས་བར་མཚམས་མེད་པར་མ་ཎི་བགྲང་ཞོར་དུ་མར་མེ་ཚེ་འབར་དེ་ལ་མིག་ཟུང་ཡོ་བ་མེད་པར་བལྟས། མར་ཁུའི་རྒྱ་མཚོ་ལྟེམས་མེར་འཁྱིལ་འདྲའི་དབུས་ཀྱི་སྡོང་བུ་ནི་བརྟན་ཞིང་བརླིང་ངེར་འགྲེང་འདུག་ལ། དེའི་རྩེ་རུ་གཡོ་ཞིང་མཆེད་པའི་འོད་སྟོང་འབར་བའི་སྒྲོན་མེ་ནི། འཇིག་རྟེན་གྱི་མུན་པ་སེལ་བའི་གཉེན་དུ་ལྷམ་མེར་འབར་བཞིན་པ་མ་ཡིན་ནམ། མར་མེ་ཚེ་འབར་གྱི་བྱེད་ནུས་ནི་རང་ཅག་དགེ་རྒན་རྣམས་ཀྱི་ལྷག་བསམ་དང་ཀུན་ནས་མཚུངས་ཏེ། ལྷག་དོན་འཇིག་རྟེན་དཀར་ངོགས་དང་བྲལ་མ་ཐག་པའི་ཡིད་ཀྱི་ཐིག་ལེ་གངས་ལྷ་མེ་ཏོག་གི་མི་ཚེ་དང་ཅིས་མི་འདྲ། མོ་ནི་ཆ་རྐྱེན་ཆེས་སྡུག་པའི་ཡུལ་ལུང་འདིར་ཡོང་དུས་ནས། ཡིད་ཀྱི་རྐོང་བུར་གཞན་ཕན་གྱི་མར་ཁུ་བསྐྱིལ་ནས་ཡོང་བ་ཡིན་ལ། ཤར་ལུང་ཚོ་དྲུག་སློབ་གྲྭའི་གཞི་རུ་སྡོང་བུ་ལྟར་ཡོ་མེད་དུ་འགྲེང་ནས་བགྲང་བྱ་འདི་འདྲ་མང་བོ་ཞིག་འགོར་བར་མ་ཟད། ཐབས་ཤེས་ཀྱི་སྒྲོན་འོད་མཁའ་ལ་བསྐྱེད་ནས་སྐལ་ལྡན་གྱི་སློབ་བུ་ཅི་འདྲ་མང་བོ་ཞིག་གི་བློ་ཡི་མུན་པ་སེལ་ཡོད་པ་རེད་ཨང་།

རང་ཉིད་ལ་མཚོན་ནའང་ཡུལ་ལུང་འདིར་ཡོད་དུས་བརྩོན་འགྲུས་ཅན་གྱི་དགེ་རྒན་དེ་མ་ཡིན་ནམ། ལྷག་བསམ་ཅན་གྱི་དགེ་རྒན་དེ་མ་ཡིན་ནམ། མར་མེ་ཚེ་འབར་འདྲ་བའི་དགེ་རྒན་དེ་མ་ཡིན་ནམ། ཡིན་ནའང་སློབ་ཆེན་གྱི་གར་སྟེགས་སུ་རང་ལ་རྐང་འདྲེད་ཤོར་སོང་། མཐོ་སྙེག་གི་འདམ་གྱིས་བསླད་སོང་། ལྷག་བསམ་ཅན་གྱི་གངས་ལྷ་མེ་ཏོག་བརྗེད་སོང་། འབྱོར་ཕྱུག་ཅན་གྱི་ཡེ་ཤེས་ལྷ་མོར་ཆགས་སོང་། དོན་དངོས་དེ་གཞིར་བཟུང་ནས་དཔྱད་ཚེ། སློབ་ཆེན་འགྲིམས་པའི་རང་ཉིད་ནི་མཐོ་འབྲིང་མཐར་ཕྱིན་པའི་མོ་དང་བསྡུར་ཐབས་ཡེ་ནས་མེད་དེ། གནམ་ས་ལྟ་བུའི་བར་ཁྱད་ཤོར་ནས་ཡོད། རང་ཉིད་ནི་ཅི་འདྲའི་ཁྲེལ་མེད་ཅིག་དང་། མོ་རང་ནི་ཅི་འདྲའི་ཁྲེལ་ཡོད་ཅིག རང་ཉིད་ནི་ཅི་འདྲའི་ཉོག་དྲ་ཆེ་བ་ཅན་ཞིག་དང་། མོ་རང་ནི་ཅི་འདྲའི་དྭངས་གཙང་ལྡན་པ་ཞིག རང་ཉིད་ནི་ཅི་འདྲའི་རང་དོན་ཁོ་ན་བསམ་མཁན་ཞིག་དང་། མོ་རང་ནི་ཅི་འདྲའི་གཞན་དོན་རྐྱང་རྐྱང་བསམ་མཁན་ཞིག…… ཁོས་མར་མེ་ཚེ་འབར་ལ་མིག་ཟུང་ཡོ་བ་མེད་པར་ལྟ་ཞོར་མུན་ནག་ཕྱི་མའི་ནང་གི་མོ་དང་།
འཇིག་རྟེན་དཀར་ངོགས་ཁྲོད་ཀྱི་རང་གཉིས་དེ་ལྟར་བསྡུར་བར། ཡིད་ལ་དེ་རིང་ཕྱི་དྲོར་ཨ་ཡེ་སྒྲོལ་མའི་ངག་ལས་ཤོར་པའི་ཚིག་དེ་ཤར་འོངས་ཏེ། དངོས་གནས་ཆུ་ལོག་ཅེས་པའི་འདྲེ་སྲིན་མ་རུངས་པ་དེས་མཛེས་སྡུག་གི་གངས་ལྷ་མེ་ཏོག་ཁྱེར་བ་ལས། མདོ་རྩ་མེད་པའི་བརྩོན་འགྲུས་རྒྱ་མཚོ་ཁྱེར་སོང་ན་ཅིས་མི་ཆོག་སྙམ་པ་ལ། རང་སེམས་ཀྱི་ཁ་ལོ་གཅུན་མ་ཐུབ་པར་སྐད་ཕྱུང་ནས་ངུས་སོང་།

ངུ་སྐད་དེ་ཐོས་པས། རྫོང་དཔོན་འཇིགས་མེད་རབ་བརྟན་ནི་རླུང་བུ་ནང་བཞིན་ཅང་མ་འགོར་བར་ཁོའི་གམ་ལ་ལྡང་ནས་འབྱོར་བྱུང་། ཁོ་བརྩོན་འགྲུས་རྒྱ་མཚོའི་གཞོགས་སུ་སྐྱིལ་མོ་ཀྲུང་དུ་ཙོག་མ་ཐག ལག་པ་ཚུར་བསྲིངས་ནས་གམ་གྱི་གསར་བུ་སྟག་ཕྲུག་འདྲ་བ་དེའི་དཔུང་བ་དམ་དུ་སྡོམ་པར་བྱེད། དེ་ལྟར་བསྡམས་ནས་ཡུད་ཙམ་འགོར་རྗེས་ངུ་ངག་དང་བཅསབརྩོན་འགྲུས་རྒྱ་མཚོ། ཁྱོད་ཀྱི་སེམས་ནང་གི་སྡུག་བསྔལ་བདག་གིས་ཡོངས་སུ་ཚོར་ཐུབ། ཚོར་ཐུབ་ཀྱང་ང་ཚོས་འཇིག་རྟེན་འདིར་ཕོ་ལུས་བླངས་ཡོད་པས་མོ་སྨན་ཚོ་ནང་བཞིན་ངུ་མི་རུང་། ད་ཅི་ཁྱོད་ཀྱིས་ང་ལཨ་ཕཞེས་བོས་བྱུང་དུས། ངའི་སེམས་ནང་གི་སྐྱོ་གདུང་མང་བོ་ཞིག་གཙང་ཕྱགས་ཐུབ་ཡོད། ད་ལྟ་ཁྱོད་འདི་ལྟར་ངུས་ཚེ། དེ་ནི་ངའི་སྡུག་བསྔལ་གྱི་སྣོན་མར་འགྱུར་བས། ང་ཡང་མི་འགྱེལ་པའི་ངེས་པ་མི་འདུག འུ་གཉིས་གཏན་ནས་འགྱེལ་མི་རུང་། འུ་གཉིས་ཀྱིས་མུ་མཐུད་དུ་ལག་རྡང་སྦྲེལ་དགོས། ལག་རྡང་སྦྲེལ་ནས་ངའི་བུ་མོས་མ་འགྲུབ་པའི་བྱ་བ་ཡོད་ཚད་ཡོངས་སུ་འགྲུབ་པར་བྱེད་དགོས། མོ་ཕྱི་མའི་ཡུལ་ནས་སེམས་བདེ་བ་ཞིག་བསྒྲུབ་དགོསཞེས་གཏན་ཚིགས་དང་ལྡན་པར་སྨྲ་བར་བྱེད།

གཏམ་ཚིག་དེ་དག་གིས་བརྩོན་འགྲུས་རྒྱ་མཚོའི་ངུ་སྐད་རིམ་བཞིན་བཅད་སོང་ལ། དེ་ནས་དུས་ཡུན་ངེས་ཅན་ཞིག་འགོར་མཚམས་སུ། ཁོས་སྐད་དམའ་མོསགཏམ་ངན་འདི་གོ་རྗེས། ངའི་ཡིད་ལ་འཁོར་ཡོང་བའི་མི་དང་པོ་ནི་ཁྱེད་ཡིན། ཁྱེད་ནི་གངས་ལྷ་མེ་ཏོག་གི་ཨ་ཕ་ཡིན་པས་ངའི་ཨ་ཕའང་ཅི་ལ་མིན། ངས་མོས་ལོ་གསར་སྐབས་སུ་བཤད་པའི་འཆར་གཞི་ལྟར་རྗེས་སུ་ཁྱེད་ཚང་གི་གཞིས་ཀའི་ནང་ཁང་བ་ལས་རྒྱུ་ཡིན། ཁྱེད་ལས་འཁྱུར་ངལ་གསོ་བྱས་ཚེ་དེ་གར་སྐྱོང་རྒྱུ་ཡིནཞེས་ལབ་འཕྲལ། ཡང་ཅི་ཞིག་དྲན་པ་ལྟརང་སློབ་གླིང་དེ་རུ་སྡོད་རྩིས་བྱས་པ་ནི་ནོར་འཁྲུལ་ཆེས་ཆེ་བ་ཞིག་རེད། དེ་བས་ཁེ་སྔོན་ལན་གྲུ་ནས་ཡོང་ཁར་ལས་གནས་ཤར་ལུང་ཚོ་དྲུག་སློབ་ཆུང་དུ་སྤར་རྒྱུ་བཤད་ཡོད། ཚེ་ཐོག་འདིར་སློབ་ཆུང་འདི་ལས་གཞན་གང་དུའང་མི་འགྲོ། ཁྱེད་ཀྱི་བུ་མོའི་རྣམ་དག་གི་རྗེས་སྐྱོང་པ་ཞིག་ཨེ་ཉན་ལ་འབད་ངེས། ད་དུང་འུ་གཉིས་སྡོད་ས་འདིར་མོར་རྗེས་དྲན་གྱི་མཆོད་རྟེན་ཞིག་ངེས་པར་བཞེང་དགོས་སྙམ་ཡོདཅེས་བཤད་མ་ཐག བྱིས་པ་ཞིག་དང་འདྲ་བར་མགོ་བོ་རྫོང་དཔོན་འཇིགས་མེད་རབ་བརྟན་གྱི་ཕྲག་པར་བསྙེས་ནས་བསྡད་བྱུང་།

ཁྱོད་ཀྱི་དྲན་ཚུལ་དག་ཧ་ཅང་བཟང་བས། ངའི་སེམས་པ་བདེ་ལ་བབས་འགྲོ། རྗེས་དྲན་མཆོད་རྟེན་བཞེང་བའི་སྐོར། བླ་མ་ཨ་ཚོགས་ཚང་གིས་ཀྱང་ང་ལ་གྲོས་བྱས་ཟིན་པར་བརྟེན། འགྲུབ་ངེས་པ་ཡིན། ང་ཚོ་མཉམ་འབྲེལ་གྱིས་བཞེང་ན་ལེགས།

རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་དེ་སྐད་བརྗོད་ཚར་བར། ལུས་པོ་ཇེ་དྲང་ལ་བཏང་ནས་མདུན་ཕྱོགས་ཀྱི་མར་མེ་ཚེ་འབར་ལ་བལྟས་ནས་མ་ཎི་བཏོན་བྱུང་བ་ལ། བརྩོན་འགྲུས་རྒྱ་མཚོ་ཡང་ཁོ་དང་འདྲ་བར་རང་ཚུགས་ལྡན་པར་ཀྲོང་ངེར་ཙོག་སྟེ་མ་ཎི་བགྲང་ཞོར་མིག་གི་མདའ་མོ་མར་མེ་ཚེ་འབར་ལ་གཏད་སོང་། ཚུལ་དེ་ནི་ཁོ་གཉིས་ཀྱིས་བླ་སོང་མའི་གཟུགས་བརྙན་གང་ཞིག་མར་མེ་ཚེ་འབར་གྱི་གཞི་ལ་བརྟེན་ནས་བསླངས་ཏེ། མོའི་དགེ་རྩར་དམིགས་ནས་མ་ཎིའི་གྲངས་ཀ་གསོག་པ་དང་གཉིས་སུ་མེད།

ཕྱི་ཉིན་ནངས་ཇ་འཐུངས་རྗེས། ཕུ་ནུ་གཉིས་ཀྱིས་མདང་དགོང་ཉལ་ཁར་གྲོས་བྱས་པ་ལྟར། རྩམ་ཁུག་ཆེ་བ་ཞིག་གྲ་སྒྲིག་བྱས། གྲ་སྒྲིག་དེ་འདྲ་བྱེད་དོན་ནི་གྲམ་པ་འདི་རྨ་ཆུར་ཐུག་སའི་བར་གྱི་གཞོགས་གཉིས་སུ། ས་གནས་མང་ཚོགས་ཀྱིས་རང་འགུལ་སྒོས་བླ་སོང་མར་ཚ་གསུར་ཕུལ་ས་ལས་ཡོད་པར། ད་ནི་ཕུ་ནུ་གཉིས་མཉམ་པོར་དེ་དག་གི་སྟེང་རྩམ་པ་ཁ་སྣོན་བརྒྱག་ཏུ་འགྲོ་རྒྱུ་ཡིན་ཟེར་བ་ལ། ཕ་རྒན་སངས་རྒྱས་སྐྱབས་ཀྱིསདོན་དེ་བཟང་ཡང་། དེ་འདྲ་འགོར་དུ་མ་འཇུག ཕྱི་དྲོ་བླ་མ་ཚང་གིས་རྗེས་དྲན་མཆོད་རྟེན་གྱི་རྨང་འདིང་བར་རྟགས་བརྒྱག་རྩིས་འདུག ཁོང་གི་སྐུ་སྲས་ལྷ་འབུམ་རྒྱལ་ཡང་ཡོང་ཡོད་པས། ལས་ཀ་འདི་སྔ་མོ་ནས་མགོ་རྩོམ་རྒྱུ་རེད། ཁོང་གིས་སྐུ་སྲས་ཆེད་དུ་དབུས་གཙང་ཕྱོགས་སུ་མཆོད་རྟེན་བཞེང་བའི་ལག་རྩལ་སྦྱང་དུ་མངགས་པས། ད་ལྟ་ཕྱིར་ཡོང་ནས་མདོ་སྨད་ཕྱོགས་ཀྱི་དགོན་པ་འགའ་རེར་མཆོད་རྟེན་གཅིག་གཉིས་ཤིག་བཞེངས་མྱོང་རབས་ཟེར། འདི་འདྲའི་དོན་ཆེན་ལ་ང་ཚོ་མ་ཞུགས་ན་ག་ལ་རུངཞེས་གཟབ་ནན་ངང་སྨྲས་བྱུང་བར།

བུ་གཉིས་ཀས་མཉམ་པོརཡ་ལགས། དལ་འགོར་མི་བྱེདཅེས་ལབ་མ་ཐག རྩམ་ཁུག་ཁྱེར་ནས་རས་གུར་ལས་སྒོར་བུད།

ཁོ་གཉིས་ཁ་སང་ཡོང་སའི་ཐུར་ལམ་དེ་བསྙེགས་ནས་ལ་མགོར་བུད་པར། གཞུང་ལམ་གྱི་གཡས་ཕྱོགས་སུ་རྐང་ལམ་ཕྲ་མོ་ཞིག་གྲམ་ཁའི་ཕྱོགས་སུ་འཐེན་ཡོད་པ་རྡོག་པས་འཇལ་བཞིན་ཕྱིན། ཞིང་ཚིགས་འགའ་བརྒྱུད་མཐར་གཞི་ནས་རྨ་སྨད་ཚོ་བདུན་རིག་སའི་རྔམས་ཁ་ཞིག་དང་ཕྲད་ལ། རྔམས་ཁ་དེ་རུ་གྲམ་པའི་གཡས་གཡོན་གྱི་གནས་མང་བོ་ཞིག་ནི་ལག་མཐིལ་ཀྱི་རི་མོ་ལྟར་གསལ་བོར་མཐོང་ཐུབ། ཕུ་ནུ་གཉིས་ཀ་རྔམས་ཁ་དེ་གྲམ་པར་ཐུག་སའི་ཕྱོགས་སུ་སོང་བར། དེ་གར་ཚ་གསུར་ཕུལ་ས་ཆེ་བ་ཞིག་བརྩིགས་འདུག་སྟེ། མེ་གསོས་པ་ལེགས་ཐོག་ཚ་གསུར་འདྲེན་ཚུལ་ཡང་བཟང་བས། རྩམ་ཁུག་གི་ཁ་འདིག་བཀྲོལ་ནས་རྩམ་པ་ཁ་སྣོན་བྱས། ཁོ་གཉིས་དེ་གར་ལངས་ནས་ཡུད་ཙམ་བསྡད་པའི་རིང་། བརྩོན་འགྲུས་རྒྱ་མཚོའི་མིག་ལམ་དུ་ཕར་ཕྱོགས་ཀྱི་ཐང་རྔ་རུ་ཁག་གི་ཞིང་ས་གྲམ་པར་ཐུག་ས་དང་། དེའི་སྨད་རྒྱུད་བཅས་སུའང་ཚ་གསུར་ཕུལ་ས་སྐོར་ཞིག་འདུག་པ་དུ་བ་སྔོ་ལིང་ལིང་མཆེད་ཚུལ་ལས་མཐོང་འོངས་ལ། ཁོ་གཉིས་ཡོད་སའི་གྲམ་ཁ་དག་ཏུའང་དེ་འདྲའི་སྣང་ཚུལ་བདོག་པ་ལྟ་བྱེད་ཀྱི་ལམ་དུ་མངོན་པ་ལས་གསལ་བོར་རྟོགས། ལན་རེར་མི་ཚོའི་གཟུགས་བརྙན་ཡང་དུ་བ་འབྱུང་སའི་གནས་དག་ཏུ་འགུལ་བར་བྱེད་པས། དེ་ཚོ་ཡང་རང་གཉིས་དང་འདྲ་བར་ཚ་གསུར་ཕུལ་དུ་འགྲོ་འོང་བྱེད་མཁན་ཡིན་པ་ཤེས་ཐུབ།

རྔམས་ཁ་དེ་ལས་མར་འབབ་དུས། བརྩོན་འགྲུས་རྒྱ་མཚོའི་མིག་མཐའ་ལས་ཡང་བསྐྱར་མཆི་མ་བཞུར་བྱུང་། མཆི་མ་བཞུར་ཞོར་དུ་ཁོས་མདུན་ཕྱོགས་སུ་གྲག་འགུལ་མེད་པར་འགྲོ་བཞིན་པའི་ཕུ་བོ་སྐལ་བཟང་འབུམ་ལ་གཏད་ནསཕུ་བོ་ལགས། དོན་ངོ་མར་ང་ནི་བརྩེ་དུངས་ཀྱི་ཐད་དུ་ཁྱོད་དང་འདྲ་བའི་རྣམ་དག་ཅིག་མིན། ང་སློབ་ཆེན་དུ་ཞུགས་རྗེས་གངས་ལྷ་མེ་ཏོག་ལ་ཁྲེལ་མེད་བྱས་ཡོད། ཁྲེལ་མེད་བྱས་ཡོད་པ་མོས་ད་རག་བར་དུ་མི་ཤེས། མོས་མི་ཤེས་པ་དེ་ད་ལྟའི་ངའི་སེམས་ཀྱི་སྡུག་བསྔལ་ཆེས་ཆེ་བ་རང་ཡིནཟེར་ཞོར། ཁོ་དང་ཡེ་ཤེས་ལྷ་མོའི་བར་གྱི་གཏམ་རྒྱུད་མཐའ་དག་སྦ་གསང་མེད་པར་བཤད་བྱུང་།

སྐད་ཆ་དེ་དག་གོ་བས། སྐལ་བཟང་འབུམ་སྣ་འབིག་ནི་སེམས་གཏིང་ནས་ནུ་བོར་ཡི་ཆད་པ་འདྲ་སྟེ། ངོ་གདོང་ནི་སྔར་དང་མི་འདྲ་བར་ནག་རོག་གེར་སོང་ལ། ཁ་བརྡ་ནི་དེ་བས་ཀྱང་མི་གློད་མཁན་ཞིག་ཏུ་གྱུར། ཚ་གསུར་ཕུལ་གནས་རེ་རེར་སླེབས་པར། ཁོས་རྩམ་ཁུག་གི་ཁ་འདིག་བཀྲོལ་ནས་ནུ་བོའི་ཕྱོགས་སུ་གཏད་ཡོང་བ་ལས། ཡིན་མིན་གྱི་སྐད་ཆ་ཚིག་གཅིག་ཀྱང་མི་ལབ།

ཁོ་གཉིས་ཀྱིས་དེ་ལྟར་གྲག་མེད་ངང་རྨ་སྨད་ཚོ་བདུན་གྱི་མི་ཚོས་ལས་པའི་ཚ་གསུར་ཕུལ་གནས་རེ་རེར་རྩམ་པ་ཁ་སྣོན་བྱས་རྗེས། གཞི་ནས་གྲམ་སྣེ་གང་ཞིག་རྨ་ཆུར་འདྲེས་སའི་གནས་དེར་སླེབས། དེ་ནི་ས་ཁོད་ཅུང་ཡངས་ས་ཞིག་སྟེ། ཁོད་ཡངས་པའི་གནས་དེ་རུ་ཚ་གསུར་ཕུལ་ས་ཆེས་ཆེ་བ་ཞིག་བརྩིགས་འདུག་ཅིང་། ཚ་གསུར་འདྲེན་ཚུལ་གོང་ལྟར་བཟང་བས། རྩམ་ཁུག་ཞབས་ཀྱི་རྩམ་པ་ཅི་ཡོད་སྟེང་ལ་བྱོ་བར་མཛད།

རྨ་ཀླུང་དལ་འབབ་རིང་མོས་ཡུལ་འདི་གར་བྱུང་མ་ཐག་པའི་གཏམ་རྒྱུད་ཡ་ང་བ་གང་ཞིག་རྦད་དེ་མ་གོ་བ་བཞིན། ཤང་ཤང་གི་རང་སྒྲ་སྒྲོག་ཞོར་ཤར་ནས་ཤར་གྱི་ཕྱོགས་སུ་བཞུར་བཞིན་འདུག་ཅིང་། རླབས་ཀྱི་ལག་པས་དེད་ཡོང་བའི་བྱེ་མའི་ཚོགས་ནི་གྲམ་སྣེའི་ཕྱོགས་སུ་དེའུ་འབུར་ཆུང་ངུའི་ཚུལ་དུ་སྤུངས་ནས་ཡོད། དེའུ་འབུར་དེ་མཐོང་བར་ཕུ་བོ་སྐལ་བཟང་འབུམ་གྱིས་གཟབ་ནན་ངངབརྩོན་འགྲུས་རྒྱ་མཚོ། ཁྱོད་འདིར་ཤོགཅེས་ནུ་བོ་ཚུར་བོས་བྱུང་བ་དང་། མཐུད་ནསཁྱོད་ཀྱིས་བྱེ་མའི་དེའུ་འབུར་དེའི་ངོས་སུ་གངས་ལྷ་མེ་ཏོག་གི་མིང་ཕྲིས་ཤིག མིང་བྲིས་རྗེས་དེའི་སྟེང་དུ་བྱེ་མ་སྤུངས་ལ་དུར་གྱི་དབྱིབས་ལྟ་བུ་རེ་བཟོས་ཤིགཅེས་བཀའ་བསྒོས་སོང་།

བརྩོན་འགྲུས་རྒྱ་མཚོས་ཕུ་བོའི་སེམས་དོན་རྟོགས་པས། མྱུར་དུ་ཕར་ཕྱིན་ནས་ལས་ཀ་དེ་སྒྲུབ་མགོ་བརྩམས།

དུས་ཡུན་སྐར་མ་ཉི་ཤུ་ཙམ་ལས་མ་འགོར་བར། ཁོས་བྱེ་མའི་དེའུ་འབུར་སྟེང་དུ་དུར་ས་ཆུང་ཆུང་ཞིག་བཟོས་ཚར། ལས་ཀ་དེ་གྲུབ་ཟིན་པ་མཐོང་བས། སྐལ་བཟང་འབུམ་ཚུར་ཡོང་ནས་དེའི་མདུན་ཐད་དུ་རྡེའུ་དཀར་གསུམ་ཕྲེང་བར་བསྒྲིགས་རྗེས། ནུ་བོར་གཏད་ནསཁྱོད་ཀྱིས་འདི་གར་པུས་བཙུགས་ནས་སྡོད་ཅིག ཕུ་བོའི་བསམ་ཚུལ་ལ་བླ་སོང་མ་གང་གི་བླ་ནི་འདི་གར་གནས་ཡོད་སྙམ་པས། ཁྱོད་ཀྱིས་སེམས་ནང་འགྱོད་གདུང་ཅི་ཞིག་ཡོད་ན་དྲང་མོར་ཞུས་ཤིག དམ་བཅའ་ཅི་ཞིག་ཡོད་ན་ངག་ནས་སྒྲོགས་ཤིག ལོ་རེའི་འདས་སྐར་ཉིན་གྲུབ་འབྲས་ཅི་བླངས་རྩིས་ཞིབ་མོར་བརྒྱག་ཏུ་ཡོང་དགོསཞེས་སྐད་མགོ་མཐོན་པོས་བརྗོད་བྱུང་།

ཕུ་བོའི་གཏམ་ཚིག་དེ་དག་ཐོས་མ་ཐག བརྩོན་འགྲུས་རྒྱ་མཚོའི་སེམས་ཀྱི་གཏིང་རུམ་ཞིག་ནས་སྡུག་པ་དང་སྐྱོ་བ། འགྱོད་པ་དང་གདུང་བ། དྲན་པ་དང་སྨེང་བ་བཅས་མིང་མི་ཐོགས་པའི་ཚོར་བ་མང་བོ་གཅུ་ལོག བྱས་ནས་འཚང་ཡོང་བར། ངུ་སྐད་འདྲེས་མསགངས་ལྷ་མེ་ཏོག ང་བརྩོན་འགྲུས་རྒྱ་མཚོ་ཡིན། ད་ལྟ་ངས་ཁྱོད་ཀྱི་བླ་གནས་སའི་དུར་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཡོད། ང་འགྱོད་གདུང་གིས་གཟིར་ནས་ཡོད། སློབ་ཆེན་ནང་ངས་ཁྱེད་ལ་ཁྲེལ་མེད་བྱས་མྱོང་། ང་ཡེ་ཤེས་ལྷ་མོ་ཟེར་བའི་བུ་མོ་ཞིག་དང་འགྲོགས་མྱོང་། དོན་དག་དེ་ངས་ཁྱོད་ལ་གསང་མྱོང་། ཡིན་ནའང་དེ་རིང་ནས་བཟུང་ང་ལ་གསང་བ་མེད། ཁྱེད་དང་འདྲ་བར་ཕྱི་གཙང་ནང་གཙང་ཞིག་ཏུ་ཡོང་བར་བརྩོན་འགྲུས་བསྐྱེད་ངེས། ང་གྲོང་ཁྱེར་དུ་འདུག་རྒྱུ་མིན། ང་ཤར་ལུང་ཚོ་དྲུག་སློབ་ཆུང་ནང་ཡོང་རྒྱུ་ཡིན། ངས་ཁྱེད་ཀྱི་ཇུས་འགོད་ལྟར་སློབ་གནས་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ཡིན། སློབ་མ་གསར་བ་གསོ་སྐྱོང་བྱེད་རྒྱུ་ཡིན། ངས་ཁྱེད་ཚང་གི་གཞིས་ཀའི་ནང་ཁང་བ་གྲ་དག་ལས་ངེས། ཁྱེད་ཀྱི་ཨ་ཕ་རང་གི་ཕ་མ་ནང་བཞིན་སྐྱོང་ངེས། བདག་གི་དམ་བཅའ་འདི་ཚོ་མ་གྲུབ་ན། ང་ས་ཡོམ་གྱིས་སྣུབས་པར་གྱུར་ཅིག ཆུ་ལོག་གིས་ཁུར་བར་གྱུར་ཅིག མེ་ཀློང་ནས་འཚིག་པར་གྱུར་ཅིག རླུང་ནང་དུ་འཐིམ་པར་གྱུར་ཅིགཅེས་ངར་སྐད་འདྲ་བ་ཞིག་བསྒྲགས་ནས་བརྗོད་སོང་།

སྐད་ཆ་དེ་ཚོ་ཧ་ཅང་ལྕི་སྟེ། ལྕི་བ་གསེར་གྱི་སོ་ཕག་ནང་བཞིན་ཕུ་བོ་སྐལ་བཟང་འབུམ་གྱི་ཡིད་ལ་ཅལ་སེ་བབས་བྱུང་། སྐད་ཆ་དེ་ཚོ་ཧ་ཅང་ཡང་སྟེ། ཡང་བ་རླུང་གི་རྒྱུ་ཚུལ་ལྟར་དུ་ཤར་ལུང་ཚོ་དྲུག་གི་མཁའ་དབྱིངས་སུ་འུར་གྱིས་མཆེད་ཟིན།

26

དགུན་མཇུག་གི་ཉི་གཞོན་གཉོམ་དུང་བ་ཞིག་ཡང་བསྐྱར་སྟོད་ཕྱོགས་ཀྱི་སྐྱེས་རི་ཆེན་པོ་ཨ་མྱེས་སྲིན་པོ་ཡི་དབུ་རྩེ་ནས་དལ་བ་དལ་བུར་འཕགས་བྱུང་བར། འོད་ཀྱི་ཟེར་མ་རྣོན་པོ་རེ་རེ་ནི་སུས་ཀྱང་ཁོགས་པ་མེད་པར་རྫ་འདབས་ཀྱི་རི་ཕྲན་རེ་རེ་དང་། དེ་ནས་རི་ཕྲན་ཞོལ་གྱི་ལུང་བ་རེ་རེ། མཐུད་ནས་ལུང་ཟུར་གྱི་སྡེ་བ་རེ་རེར་སྔ་ཕྱི་བྱས་ནས་ཕོག་སོང་། སྒོར་ཐང་སྡེ་བ་ནི་ཉི་ཟེར་ཕོག་པ་ཅུང་སྔ་བའི་སྡེ་བའི་གྲས་ཀྱི་གཅིག་ཡིན་པས། ད་ནི་དུད་ཚང་སོ་སོའི་དུད་ཁུང་ལས་དུ་བ་མཚམས་ཆད་ལ་ཉེ།

གཉོམ་དུང་བའི་ཉི་འོད་དེའི་འོག་ཏུ། ཧྲུའུ་ཅི་སངས་རྒྱས་སྐྱབས་ཚང་གི་སྒོ་ཁར་སྐལ་བཟང་འབུམ་སྣ་འབིག་གིས་བལ་ལྭ་སོ་རྒྱུ་མེད་པ་ཞིག་གི་ཐོག ཚར་ལྭ་རྙིང་བ་ཕུ་ཐུང་སྐེད་པར་དྲངས་པ་ཞིག་གོན་ཏེ་ལག་སྐྱོར་འདྲུད་འཐེན་འཕྲུལ་ཆས་སོ་མ་ཞིག་གི་མགོ་སྒམ་ཞོལ་དུ་ལྕགས་གུག་ཅིག་དྲངས་ནས་ཡང་ཡང་སྐོར་བཞིན་མཆི། འཕྲུལ་ཆས་དེ་བར་མེད་སྒུལ་བ་དང་སྦྲགས་ནས་མགོ་སྒམ་ལས་ཆུ་སྣོན་སའི་སྣོད་གྲུ་བཞི་མའི་ནང་རླངས་པ་དཀར་པོ་ཞིག་དལ་བ་དལ་བུའི་ངང་མཆེད་འདུག་སྟེ། དེ་ནི་ད་ཅི་བསྣན་པའི་ཆུ་ཁོལ་དེ་འདྲ་ཞིག་གིས་འཕྲུལ་ཆས་འདི་དྲོས་སུ་འཇུག་ཐུབ་མེད་ཅེས་འཁང་ར་བྱེད་པ་དང་མཚུངས།

ངས་ཚོད་ལྟ་ཞིག་བྱེད།

གཞོགས་སུ་ཀྲོང་ངེར་ལངས་འདུག་ཅིང་། མགོ་ལ་བལ་ཞྭ་ཁམ་ནག་སོ་མ་དང་ལུས་སུ་དམག་ལྭ་སེར་པོ་བར་ཚངས་ཅན་རྙིང་རྒྱུ་མེད་པ་ཞིག་གོན་སྣང་བའི་བརྩོན་འགྲུས་རྒྱ་མཚོས་དེ་སྐད་སྨྲ་ཞོར་ཕུ་བོའི་ལག་གི་ལྕགས་གུག་བླངས་འཕྲལ་སྔར་ལྟར་སྐོར་བར་བྱས་ཀྱང་། ལྕགས་ཀྱི་དུད་ཁུང་འཁྱོག་པོ་ལས་དུ་བ་དཀར་པོ་འགའ་ཡོང་དུ་བཅུག་པ་ལས། འཕྲུལ་ཆས་དེར་ཐམ་ཐོམ་གྱི་སྒྲ་སྒྲོག་ཏུ་འཇུག་མ་ནུས།

འཕྲུལ་ཆས་ད་རུང་དྲོས་མེད་པ་འདྲ།

ཕུ་བོས་དེ་ལྟར་བརྗོད་པ་དང་འབྲེལ་ཏེ། ལག་པ་རྩུབ་མོ་དེས་འཕྲུལ་ཆས་ཀྱི་མགོ་སྒམ་ལས་གནས་འགའ་ལ་རེག་རེག་ཅིག་བྱས།

འཕྲུལ་ཆས་ཀྱི་རིགས་ལ་བཙན་པོ་བྱེད་ས་མི་འགྲོ་བས། ད་དུང་ཆུ་ཁོལ་སྣོན་ཞིག

བར་དེར་ཨ་ཕ་སངས་རྒྱས་སྐྱབས་ཀྱིས་ཚ་དེམ་རྙིང་བ་ལྕགས་ཀྱི་ཕྱི་ཤུན་ལ་བུ་ག་མང་བོ་བཏོད་ཡོད་པ་ཞིག་ཁྱེར་ཡོང་ནས་སྒོ་འགྲམ་དུ་འཇོག་ཞོར་དེ་ལྟར་བཤད་བྱུང་། ཁོའི་རྗེས་འབྲངས་ནས་ཚ་བོ་དོན་གྲུབ་ནོར་བུ་ཡང་ཀྱལ་ཀྱོལ་ངང་ཡོང་བ་མཐོང་བས། ངག་ནསཁྱོད་འདི་ལྟར་སྒོར་ཡོང་བས་འཁྱག་མི་འགྲོའམཟེར་ཞོར་ཚ་བོ་པང་དུ་བཏབ་རྗེས་ཕྱིར་ཁྱིམ་ནང་དུ་འཛུལ།

ངོ་མ་རེད། ང་ཚོ་བྲེལ་དོན་མེད་པས། ཆུ་ཁོལ་བླུགས་ཏེ་ཡུད་ཙམ་ལ་བསྒུགས་ན་འགྲིག

སྐལ་བཟང་འབུམ་གྱིས་ཀྱང་ཨ་ཕའི་སྐད་ཆ་དེ་བདེན་པར་རློམ་པས། ནུ་བོར་དེ་ལྟར་འཆད་ཞོར་སྒོ་འགྲམ་དུ་ཕྱིན་ཏེ་ཐང་ནས་ཚ་དེམ་བླངས་འཕྲལ། འཕྲུལ་ཆས་ཀྱི་མགོ་སྒམ་ལས་ཆུ་སྣོན་སའི་སྣོད་གྲུ་བཞི་མ་དེའི་ནང་ལྡུག་མགོ་བརྩམས་པར། སྔར་དང་མི་འདྲ་བའི་རླངས་པའི་ཚོགས་ནི་ཐོལ་ཐོལ་དུ་མཆེད་དེ་མཁའ་ལམ་དང་དབྱེར་མེད་ངང་འདྲེས་པར་བྱེད།

སྐབས་དེར་ཚེ་རིང་ལྷ་མོས་གཡུལ་ཁ་ནས་ཨོང་སྐམ་སོགས་འབུད་ཤིང་སླེ་བོ་ཆེ་བ་གང་ཁུར་ནས་སྒོ་ཁའི་ཕྱོགས་སུ་ཡོང་བ་བརྩོན་འགྲུས་རྒྱ་མཚོའི་མིག་ལ་ཐོགས། དེའི་དུས་སྲུ་མོའི་ཕོ་བ་མངོན་གསལ་དུ་འབུར་ཡོད་པ་དང་། སྒོས་སུ་ཕུ་བོའི་ངག་ལས་དེ་སྔོན་གངས་ལྷ་མེ་ཏོག་འདས་རྗེས་ཀྱི་ཟླ་ཕྱེད་མཚམས་སུ། མོའི་རྨི་ལམ་དུ་རང་གི་ཡིད་ཀྱི་ཐིག་ལེ་དེས་ནང་སྒོ་ཕྱེ་ནས་ཁོ་ཚང་དུ་ཡོང་བ་རྨིས་པས། མོའི་རྣམ་ཤེས་ནི་གཞན་དུ་འཁྱམས་མེད་པར། ཁྱོད་བསྙེགས་ནས་ངའི་དྲུང་དུ་ཡོང་འདུག་པ་སོགས་གསོན་ཉམས་དོད་པོར་སྨྲས་པ་སོགས་དྲན་མ་ཐག ལག་ནང་གི་ལྕགས་གུག་ཐང་ལ་བཞག་ཅིང་། མྱུར་སྟབས་ཀྱིས་ཕར་ཕྱིན་ཏེ་ཕུ་བོའི་ལག་གི་ཚ་དེམ་ལེན་ཞོར་སྐད་དམའ་མོསསྲུ་མོས་ད་ལྟ་ལས་ཀ་ལྗིད་མོའི་རིགས་ལས་ན་མི་བཟང་བས། ཆུ་ཁོལ་ངས་ལྡུག་ཆོག ཁྱོད་སོང་ནས་མོའི་ཁུར་བོ་དེ་ཁྱིམ་ནང་ལ་སྐྱེལ་རོགས་བྱོས་ཤིགཅེས་ལབ།

སྐལ་བཟང་འབུམ་གྱི་གདོང་ལ་འཛུམ་ཞིག་ལངས་ཞོརསློབ་ཆེན་པ་ནི་དངོས་གནས་མི་འདྲ་བ་རེད། ཆུང་མ་མ་བླངས་ཀྱང་བུད་མེད་ལ་ཇི་ལྟར་གཅེས་དགོས་པ་ཤེས་འདུག བླ་སོང་མ་དང་ཡེ་ཤེས་ལྷ་མོ་སུ་ཡིན་ཡང་ཁག་མི་འདུག སེམས་པ་མི་འཕྲོག་པ་ག་ལ་སྲིདཅེས་བརྗོད་མ་ཐག ཆུ་ཁོལ་བླུགས་ནས་ཚར་ཡག་མིན་པའི་ཚ་དེམ་དེ་ནུ་བོའི་ལག་ཏུ་གཏད།

མཐུད་ནས་ཁོས་ཆུང་མའི་མདུན་བསུས་ཏེ་བུད་སོང་ལ། མོ་དང་ཉེ་སར་སླེབས་པརངས་རྒྱུན་དུ་ཁྱོད་ལ་ལས་ཀ་ལྗིད་མོའི་རིགས་མ་ལས་ཞེས་བཤད་པ་མིན་ནམ། ལས་ཀ་འདི་འདྲ་ལས་ནས་མངལ་ཤོར་ཚེ་ཇི་ལྟར་བྱ། འུ་ཚང་དུ་འཁོར་བའི་རྣམ་ཤེས་དེ་ནི་ང་ཚོར་མཚོན་ན་དམིགས་བསལ་གྱི་མི་ཞིག་ཡིན་པ་ཁྱོད་ལ་མི་གསལ་ལམ། ང་ཚོས་ཕྲུ་གུ་འདི་བདེ་བླག་ངང་འཇིག་རྟེན་ལ་ཡོང་དུ་འཇུག་དགོས། བརྩོན་འགྲུས་རྒྱ་མཚོར་རྩིས་འཕྲོད་དུ་འཇུག་དགོས་པ་ཡིན། རྫོང་དཔོན་འཇིགས་མེད་རབ་བརྟན་སེམས་བདེ་རུ་འཇུག་དགོསཞེས་ཟེར་ཞོར་ཆུང་མའི་རྒྱབ་ཀྱི་སླེ་བོ་པང་དུ་བཏབ་མ་ཐག གོམ་པ་མྱུར་ལེན་བྱེད་བཞིན་རྒྱ་སྒོའི་ནང་འཛུལ་བར། ཚེ་རིང་ལྷ་མོ་ལ་ཡིན་མིན་གྱི་སྐད་ཆ་ཅི་ཡང་མེད་དེ། ལག་སྐྱོར་འདྲུད་འཐེན་འཕྲུལ་ཆས་ཀྱི་ཕྱོགས་སུ་ལྟ་ཞོར་ཁྱོ་གའི་རྗེས་འབྲངས་ནས་དལ་བ་དལ་བུར་ཁྱིམ་ནང་དུ་ཕྱིན།

ཆུ་ཚོད་གཉིས་ཙམ་གྱི་མཚམས་སུ། ཕུ་ནུ་ཟུང་ལ་དབང་བའི་ལག་སྐྱོར་འདྲུད་འཐེན་འཕྲུལ་ཆས་ནི་རྫོང་མཁར་དང་རྒྱང་ཐག་དེ་འདྲ་མི་རིང་བའི་རྒྱ་སྡེ་ཆེན་པོ་ཞིག་གི་ནང་དུ་མངོན། སྐལ་བཟང་འབུམ་གྱིས་འཕྲུལ་ཆས་དེར་ཁ་ལོ་བསྒྱུར་ནས་གཞུང་ལམ་འགྲམ་གྱི་གཞིས་ཀ་ཆེན་པོ་དེའི་སྒོ་ཁར་ཏན་སེར་བསྡད་དེ་ཐམ་ཐོམ་གྱི་སྒྲ་ཆད་དུ་བཅུག་པར། རྒྱ་སྒོ་ཆེན་པོ་ལས་རྒྱ་མི་གཟུགས་རིང་ཤ་མདོག་དཀར་ལ་ལུས་སུ་རང་དང་འདྲ་བར་དམག་ལྭ་སེར་པོ་བར་ཚངས་ཅན་གོན་པ་ཞིག་མངོན་བྱུང་སྟེ། བཞིན་ལ་འཛུམ་བག་གྲོལ་ཞོར་རྒྱ་སྐད་ཀྱིསསློབ་གཙོ་ལགས། ཁྱོད་ཡོང་བ་ཡིན་ནམ། ཁྱིམ་ནང་དུ་འགྲོཞེས་འགྲུལ་པ་གདན་འདྲེན་ཞུས་འོངས།

དེ་ལ་བརྩོན་འགྲུས་རྒྱ་མཚོ་འཁོར་སྒམ་ལས་སར་ལྡིང་སྟེ་ཕར་ཕྱིན་ནས་ཁོ་ལ་ལག་འཇུ་ཞིག་བྱས་འཕྲལ། ངག་ནསཁྱིམ་ལ་སོང་ནས་འདུག་ཁོམ་མེད་པས། ཁྱོད་ལམ་ལ་ཆས་ཟིན་ཚེ་ང་ཚོ་ད་འགྲོ། རྫོང་དཔོན་འཇིགས་མེད་རབ་བརྟན་ཁོས་དེ་རིང་ཤིང་ཆ་ཉོ་ས་རུ་བསྒུགས་ངེས་ཟེར་བས། ད་ཕལ་ཆེར་ཡོང་ཡོད་ཀྱང་སྲིདཅེས་བརྗོད་པ་དང་། དེ་ནས་སྐལ་བཟང་འབུམ་བསྟན་ནསཤིང་བཟོ་ཀྲའོ་ལགས། འདི་ནི་ངའི་ཁྱིམ་ན་ཡོད་པའི་ཕུ་བོ་ཡིན། ཁྱོད་གཉིས་ཀྱིས་ངོ་ཤེས་རེ་བཅའ་རོགས། སློབ་གྲྭ་ཚོགས་རྗེས་སུ་ང་མི་ཁོམ་པར་བརྟེན། ཁྱོད་ཀྱིས་ཁང་བ་ལས་དུས་གཙོ་བོ་ཁོ་དང་གྲོས་ཁ་བསྡུར་དགོས། ཁོ་ལ་ཉམས་མྱོང་ཡོད་པས། ཁོའི་ངག་བཀོད་ལྟར་ལས་དགོས་པ་ཡིནཞེས་ཕན་ཚུན་མཚམས་སྦྱོར་བྱས།

ང་ལོ་གསར་སྔོན་དུ་ཡོང་དུས་ཁོ་ཕལ་ཆེར་མེད་པ་འདྲ།

ཤིང་བཟོ་ཀྲའོ་ཡིས་དེ་སྐད་སྨྲ་ཞོར་ཚུར་ཡོང་ནས་སྐལ་བཟང་འབུམ་ལའང་ལག་འཇུ་བྱས་སོང་།

ཁོ་དེའི་དུས་ཁུལ་ཐོག་ཏུ་ཕྱིན་པ་རེད། རང་དོན་ཞིག་བསྒྲུབས་པར་ཕྱིན་པ་ཡིན།

བརྩོན་འགྲུས་རྒྱ་མཚོས་འདང་ཞིག་བརྒྱབ་རྗེས་དེ་ལྟར་ལན་ལྡོན།

དེར་ཤིང་བཟོ་ཀྲའོ་ཡིསང་ཕལ་ཆེར་ལམ་ལ་ཆས་ནས་ཡོད། འགྱིག་བཟོའི་ཁྲུ་ཙི་ཟླུམ་པོ་ཞིག་དང་འབྲི་དེབ། གཞན་སྨྱུ་གུ་བཅས་བཟུང་བས་ཆོག ཁྱོད་གཉིས་ཡུད་ཙམ་སྒུག་རོགསཞེས་བརྗོད་འཕྲལ་ཕྱིར་ཁྱིམ་ནང་འཛུལ།

དུས་ཚོད་སྐར་མ་འགའི་རྗེས་སུ། ཁོས་ལག་ཁུག་སྲབ་བུ་གཅིག་དང་ལག་འབོབ་མཐུག་པོ་གཉིས་བཟུང་ནས་སྒོར་བུད་ཡོང་ལ། ལག་སྐྱོར་འདྲུད་འཐེན་འཕྲུལ་ཆས་ཀྱི་གཞུག་སྒམ་ལས་བརྩོན་འགྲུས་རྒྱ་མཚོའི་ཁ་གཏད་དུ་ཙོག་པར། སྐལ་བཟང་འབུམ་གྱིས་ལས་སླ་མོའི་ངང་འཕྲུལ་ཆས་དེར་ཐམ་ཐོམ་གྱི་སྒྲ་གྲག་ཏུ་བཅུག་པ་དང་འབྲེལ་ཏེ། ཁ་ལོ་ཡང་མོར་བསྒྱུར་ནས་རྫོང་མཐའི་ཤིང་ཚོང་ར་བར་དམིགས་ཏེ་བསྐྱོད།

ཤིང་ཚོང་ར་བའི་སྒོ་ཆེན་ཁར། རྫོང་དཔོན་འཇིགས་མེད་རབ་བརྟན་དང་ཁ་ལོ་པ་ལོ་ཆུང་གཉིས་ཀྱིས་པེ་ཅིན་རྟགས་ཅན་གྱི་འཇེབ་འཁོར་ལྗང་སེར་སོ་མ་ཞིག་གི་ནང་བསྒུགས་ནས་འདུག བརྩོན་འགྲུས་རྒྱ་མཚོ་སོགས་ཉེ་སར་སླེབས་པ་མཐོང་བས་ཐང་ལ་བབས་པ་དང་། ཕན་ཚུན་འཚམས་འདྲི་དང་ལག་འཇུ་སྟབས་བདེ་རེ་བྱས་རྗེས་ཚོང་རའི་ནང་ཉུག་མགོ་བརྩམས། རྫོང་དཔོན་དང་ཤིང་བཟོ་གཉིས་ཀ་ཧ་ཅང་འདྲིས་ཡོད་དེ། ཕན་ཚུན་གཏམ་གླེང་གི་བར་དུ་ཀུ་རེ་སྣ་ཚོགས་ཀྱང་བྱས་བྱུང་བར། ཚོང་ར་ཧྲིལ་པོར་ཇི་ལྟར་ཉུག་ཚར་བའང་ཚོར་མ་བྱུང་།

མཇུག་མཐར་ཁོ་ཚོས་བློ་ཁ་བསྡུར་བར། ཚོང་རའི་གྲུ་ཟུར་དུ་ཀ་གདུང་ལྕམ་གསུམ་འཛོམས་པའི་ཚོང་ཁང་ཅུང་ཆེ་བ་ཞིག་ཡོད་པ་དེ་ཀུན་གྱི་བློ་ངོ་དང་འཚམ་བཞིན་པས། དེ་གར་སོང་སྟེ་སྔ་མོ་ནས་ཤོག་དཀར་ངོར་ཁང་བ་བཟོ་སྐྲུན་གྱི་རི་མོ་སྟབས་བདེ་བཀོད་ཡོད་པ་དེ་ཐང་བཅད་ཅིང་། ཤིང་ཆ་ག་ཚོད་དགོས་པ་སྤྱིའི་ཆ་ནས་གཏན་འབེབས་གནང་འཕྲལ་རིན་གོང་གཏམ་པ་ལ། ཚོང་བདག་དང་ཉོ་མཁན་གྱིས་འདོད་བློ་ཐད་ཧེ་བག་ཆེན་པོ་མ་བྱུང་བས། དེ་ཚང་དུ་གཏའ་དངུལ་སྒོར་ལྔ་བརྒྱ་བཞག་སྟེ་ཟླ་གསུམ་པའི་ཟླ་མཇུག་ལ་ཤིང་ཆ་འདྲུད་དུ་ཡོང་ངེས་ཚུལ་སོགས་གཏན་ལ་ཕབ།

རྫོང་དཔོན་འཇིགས་མེད་རབ་བརྟན་ནི་ཉིན་དེར་ཟི་ལིང་དུ་ཚོགས་འདུ་ཞིག་ལ་འགྲོ་བཞིན་ཡོད་དེ། ཕྱི་དྲོའི་ལས་གྲོལ་སྔོན་དུ་མིང་ཐོ་བཀོད་པས་ཆོག་ཟེར་བར། ཁོས་དེར་ཡོད་ཀྱི་མི་རྣམས་ཁྲིད་ནས་རྫོང་མཁར་ཉེ་འདབས་ཀྱི་ཁ་ཆེའི་ཟ་ཁང་ཞིག་གི་ནང་ཁང་བ་ཆུང་ངུ་སོ་རྒྱུ་མེད་པ་ཞིག་བདམས་ཏེ་གསོལ་སྟོན་སྟབས་བདེ་ཞིག་བཤམས།

ལུག་ཤ་རྔོད་ཅིང་མཐེབ་ཐུག་སྐོལ་བཞིན་པའི་བར་གླགས་དེར། ཁོ་ཚོས་ཡང་བསྐྱར་ཁང་བའི་བཟོ་སྐྲུན་གྱི་རི་མོ་བྲིས་སྣང་བའི་ཤོག་བུ་དེ་བླངས་ནས་བྱེ་བྲག་གི་ཆ་ཀུན་ལ་བློ་ཁ་བསྡུར་ནའང་། སྔར་བས་ཡན་གྱི་འཆར་གཞི་ཞིག་གདོན་རྒྱུ་མ་བྱུང་བ་ལ། རྫོང་དཔོན་གྱིསད་འདི་ལྟར་ཐག་གཅོད་བྱས་པ་ཡིན། སྔར་གྱི་གཞིས་ཀ་ལས་ཕྱིའི་མཁར་གྱང་སོར་འཇོག་དང་སྒོ་ཆེན་ལས་ས་བཅས་ལའང་བསྒུལ་རྒྱུ་མེད། ཁང་བ་སོ་མ་གྱན་བདུན་པོ་སྒོ་ཁར་གཏད་ནས་ལས་དགོས། སྒོ་ཆེན་གྱི་གཡས་གཡོན་དུ་མེ་ཁང་ཞིག་དང་མཛོད་ཁང་ཞིག་ཡོད་ན་རབ་ཡིན། ཞིང་གྲོང་གི་ཁྱིམ་ཚང་ཞིག་ལ་དེ་དག་ཁ་ཚང་ཡོད་ན་བཟང་། མེ་ཏོག་ར་བ་སོགས་ནི་ཁང་བ་གྲུབ་རྗེས་སུ་ཇུས་འགོད་བྱས་ཀྱང་ཆོགཅེས་བརྗོད་པར། ཚང་མསདེ་རེདཟེར་ཞོར་ཡང་བསྐྱར་ཤོག་བུ་དེར་གསལ་བོ་ཞིག་བལྟས་སོང་།

དྲོས་ཇ་འཐུངས་རྗེས་སུ། ཤིང་བཟོ་ཀྲའོ་ཡིས
ཕྱི་དྲོ་ཁྱིམ་ནང་ལས་ཀ་ཞིག་ཡོད་པས་འགྲོ་རན་ལ་སླེབས་ཟིན། ཕྱིས་སུ་ཤིང་ཆ་འདྲུད་དུས་རང་ཉིད་འབོད་དུ་ཡོང་རྒྱུ་མ་བརྗེད། འདི་འདྲའི་འགྲོ་སྒོ་ཆེན་པོ་བཏོད་བཞིན་པར། ཤིང་ཆ་དག་གི་སྤུས་ཀ་དང་ཆེ་ཆུང་སོགས་ངས་རེ་རེ་བཞིན་བསལ་རྒྱུ་ཡིན། རྫོང་དཔོན་ཁྱོད་ཚོ་སེམས་བདེ་མོ་བྱོསཞེས་སྨྲས་ཏེ་ལམ་ལ་ཆས་རྩིས་བྱེད།

ཁ་ལོ་པ། ཁྱོད་སོང་ནས་ཤིང་བཟོ་ཁོ་རང་ཁྱིམ་དུ་སྐྱོལ་ཅིག རྐང་ཐང་ལ་སོང་ན་ལམ་ཐག་རིང་བོ་ཡོད།” རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་དེ་ལྟར་མངགས་བཅོལ་བྱས་རྗེས། ཡང་ཅི་ཞིག་དྲན་པ་ལྟརཕྱིར་ཡོང་ཁར་ནོམ་བརྒྱའི་ཚོང་ཁང་ནང་དུ་ཆང་ཅུང་ལེགས་ཤོས་རེ་ཉོས་ཤིག ད་རེབ་ཀྱི་ཚོགས་འདུར་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱང་ཡོང་བཞིན་པས། ཁོང་ལ་བཀའ་དྲིན་ཞིག་ཞུས་ན་འགྲིག ཤར་ལུང་ཚོ་དྲུག་སློབ་ཆུང་གསར་བ་ལས་པའི་ཐད་ཁོས་རྒྱབ་སྐྱོར་མི་ཉུང་བ་གནང་ཟིན། མ་དངུལ་མང་བོ་ཞིག་འདི་ཕྱོགས་སུ་བསྐོར་ཡོད། གལ་གནད་ཀྱི་ལས་གནས་སུ་ནུས་ལྡན་གྱི་མགོ་ཁྲིད་ཅིག་ཡོད་ན་མི་འདྲ་བ་ཡིནཞེས་རྗེས་སུ་ཡི་རང་གི་ཉམས་དང་བཅས་ཏེ་བཤད་ཡོང་།

ཡ་ལགས། འོ་ན་ངེད་གཉིས་ད་འགྲོ་རྒྱུ་ཡིན། ཁྱོད་ཚོ་དལ་མོ་བྱོས།

ཁ་ལོ་པས་དེ་ལྟར་ལབ་རྗེས། ཤིང་བཟོ་དང་འགྲོགས་ནས་ཟ་ཁང་ལས་ཕྱིར་བུད།

ཁོ་གཉིས་སོང་ཤུལ་དུ། སྐལ་བཟང་འབུམ་སྣ་འབིག་གིས་རང་གི་ཁ་ངོ་ལག་པས་ཕུར་ཙམ་བྱས་འཕྲལརྫོང་དཔོན་ལགས། བཀའ་དྲིན་ཆེ། ངའི་ནུ་བོ་འདི་ལས་ངན་ནང་གི་ལས་ཅན་ཞིག་རེད། ཁང་བ་ལས་པའི་ཆ་ཁོ་ནར་ཡང་ཁྱོད་ཚོས་རོགས་འདི་འདྲ་མང་བོ་བྱེད་བཞིན་ཡོད། འགྲོ་སྒོ་འདི་འདྲ་མང་བོ་བཏོད་རྩིས་འདུག ཨ་ཕ་ངེད་གཉིས་ཀྱིས་ན་ནིང་ལོ་མཇུག་ཏུ་ལག་སྐྱོར་འདྲུད་འཐེན་འཕྲུལ་ཆས་ཉོས་པས། མང་བོ་ཞིག་གིས་རོགས་བྱེད་མི་ཐུབ་ཀྱང་། སྒོར་སྟོང་ཕྲག་འགའ་གྲ་སྒྲིག་བྱེད་བཞིན་མཆི། ཤིང་བཟོའི་གླ་ཆའི་ནང་ཚགས་སུ་ཆུད་དུ་འཇུག་ཐུབ། གཞིས་ཀ་འདི་ནི་མ་འོངས་པའི་ཚེ་ན་ནུ་བོ་ཁྱོད་གཉིས་སྡོད་ས་ཡིན་པས། ཆེ་ཕྱོགས་ཀྱི་འཆར་གཞི་ཁྱོད་ཀྱིས་བཟོ་དགོས། ཆུང་ཕྱོགས་ཀྱི་ཁ་བཀོད་པ་སོགས་ངེད་ཕ་བུ་གསུམ་གྱི་ཕྲག་ཏུ་འཕངས་ཆོག་པས། ཁྱོད་སེམས་བདེ་མོ་བྱོསཞེས་གུས་ཉམས་དང་བཅས་ཏེ་བརྗོད།

ཁང་བ་ལས་སྤྱད་ཐད་ངས་ཀྱང་སྒོར་མོ་ཉུང་ཙམ་བསགས་ཡོད། ཤིང་ཆ་ཉོ་བའི་དུས་སུ་འཁྱེར་ཡོང་ངེས།

བརྩོན་འགྲུས་རྒྱ་མཚོས་ཀྱང་རང་ནུས་ཕྲན་བུ་འདོན་འདོད་ཀྱིས་དེ་སྐད་སྨྲས།

རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་མིག་སྔུན་གྱི་ཕུ་ནུ་སྟག་འདྲ་གཟིག་འདྲ་གཉིས་ལ་བལྟས་ཙམ་བྱས་པ་དང་འབྲེལ། མགོ་ལྕོག་ལྡེམ་ཞོརདེ་རིང་ནི་ཕྱི་མི་མེད་པར་ནང་མི་རྐྱང་རྐྱང་ཡིན་པས། ང་ཚོས་ལྷོད་ལ་བབས་ནས་ཁ་བརྡ་ཞིག་བྱས་ན་འགྲིག ཁྱོད་ཚོ་འདུག་པས་ང་གནས་གང་དུ་ཕྱིན་ཡང་སེམས་པ་བདེ་ལ་བབས་ཡོད། ལྷག་པར་ན་ནིང་འུ་ཅག་གི་མགོར་སྡུག་ཡོང་དུས། བརྩོན་འགྲུས་རྒྱ་མཚོས་ང་ལཨ་ཕཞེས་བོས་པ་དེས། ང་ནི་སྡུག་གི་མུན་དོང་རིང་མོ་ཞིག་ནས་གློ་བུར་ཕྱིར་བཏོན་པ་ལྟར་གྱུར་སོང་། དུས་དེ་ནས་བཟུང་། ངས་ཁོ་ནི་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ཅིག་ཏུ་བསམས་ཡོད། ལོ་ཕྱེད་ལྷག་གི་རིང་ལ། ཁོས་ཁ་ནས་བཤད་པའི་ཚིག་རྣམས་དོན་ཐོག་ཏུ་འཇོག་སླད། ངའི་བུ་མོའི་ལས་རྒྱུན་ཕྲག་ཏུ་བླངས་སོང་། ཤར་ལུང་ཚོ་དྲུག་སློབ་ཆུང་གི་བྱ་བ་ཡོད་ཚད་འཐུས་ཤོར་མེད་པར་བྱས་འདུག སློབ་གནས་གསར་བའི་བཟོ་སྐྲུན་གྱི་མགོ་ལེགས་པར་བསླངས་ཟིན། ང་ཚོའི་ས་ཆ་འདིར་ཆ་བཞག་ན། འདི་དག་ནི་ད་གཟོད་གལ་ཆེན་ནང་གི་དོན་ཆེན་ཡིན་པས། ཚང་མས་ཁྱོད་ཕ་བུ་གསུམ་ལ་བཀའ་དྲིན་ཞུས་ན་འགྲིགཅེས་བརྗོད་པ་དང་།
མཐུད་ནས་ཇ་ཧུབ་གང་འཐུངས་རྗེས
དེ་དག་དང་བསྡུར་ཚེ་གཞིས་ཀའི་ནང་དུ་ཁང་བ་ཞིག་ལས་རྒྱུ་ནི་དོན་དག་ཆེན་པོའི་ནང་གི་ཆུང་ཆུང་ཡིན། འོན་ཀྱང་ཁྱོད་ཕུ་ནུ་གཉིས་ཀྱིས་འགན་དང་ལེན་བྱས་པ་ནི་ཧ་ཅང་བཟང་། བཟང་བོའི་དོན་ལ་ངས་ཅིའི་ཕྱིར་རྒྱབ་སྐྱོར་མི་བྱེད་དམ། སྒོས་སུ་འདི་ནི་ང་རང་ཉིད་ཀྱིས་ཉམས་གསོ་མ་ཐུབ་པའི་ལས་དོན་ཡིན་པས། ངས་ཧུར་བརྩོན་མ་བྱས་ན་ག་ལ་འགྲིག འདིར་གསལ་བཤད་བྱ་རྒྱུ་ཞིག་ལ། མ་དངུལ་ཐད་ཁྱོད་ཚོས་སེམས་ཁུར་ཆེན་པོ་བྱེད་མི་དགོས། ངའི་བུ་མོ་ནི་གཞུང་དོན་དུ་འདས་པས། གོང་རིམ་ནས་གཏན་ཁེལ་ལྟར་གསབ་དངུལ་རབ་ཅིག་བྱིན་ཡོད། དེའི་ཁར་མོས་ཀྱང་ཁང་བ་ལས་སྤྱད་དང་གཉེན་སྒྲིག་བྱེད་དུས་མཁོ་ཟེར་ནས་སྒོར་མོ་རབ་ཅིག་བསགས་འདུག ཉིན་འགའི་སྔོན་ལ་གསལ་བཤད་ཡི་གེ་དང་བཅས་པ་མོའི་མལ་ཁྲིའི་འོག་གི་རས་ཁུག་ཅིག་ལས་རྙེད་པ་ཡིནཟེར་ཞོར་ཡུད་ཙམ་རིང་སྨྲ་བ་ཁེགས་པར་གྱུར།

ཨ་ཕ་ལགས། ཞེ་སྨེང་བར་བྱེད་པའི་དོན་དེ་ཚོ་ད་ནི་འདི་ལྟར་མ་གླེངས་ན་ཨེ་ཆོག་གམ།

བརྩོན་འགྲུས་རྒྱ་མཚོས་མགོ་བོ་སྨད་ཅིང་ངག་ཚིག་འདར་ཞོར་དུ་བརྗོད།

དོན་འདི་ཚོ་དེ་རིང་ངེས་པར་གླེང་དགོས། ཁྱོད་ཕུ་ནུ་གཉིས་ཀྱི་མདུན་དུ་མི་གླེང་བར་གང་ནས་གླེང་རྒྱུ། ང་ལ་གླེང་ས་གཞན་མེད། ཁྱོད་ཚོས་ཤེས་རྒྱུ་ཞིག་ལལོ་གསུམ་རིང་བསྒུག་དགོསཞེས་བརྗོད་མཚམས་ནས། མོའང་གཉེན་སྒྲིག་བྱེད་རྒྱུར་བྲེལ་བ་ལངས་སོང་། བྲེལ་བ་ལངས་ནས་འདོགས་ཆ་སྐོར་ཞིག་ཀྱང་བསྒྲིགས་ཡོད། བོད་ལྭ་སྐོར་ཞིག་ཀྱང་བཟོས་འདུག ཡིན་ནའང་དེ་དག་གོན་དབང་མ་བྱིན་པར་དོན་དག་བྱུང་བ་རེད། ང་ཚོའི་མིག་སྔུན་ནས་ནག་འཚུབ་བེར་སོང་བ་རེད།མཚམས་དེར་སླེབས་པར་ཁོས་སྐད་ངག་འདར་བྱུང་བས་ཡང་བསྐྱར་ཇ་ལ་ཧུབ་གང་བྱས་པ་དང་། མཐུད་ནས་ལག་རས་སྲབ་མོ་ཞིག་གིས་མཆུ་འདབ་ལེགས་པོར་ཕྱིས་རྗེསདོན་དེ་ཚོ་ནི་འདས་ཟིན་པའི་བྱ་བ་ཡིན་པར་བརྟེན། རྗེས་ཕྱོགས་སུ་མི་གླེང་བར་བྱ། འོན་ཀྱང་གྱོན་ཆས་འདོགས་ཆས་དེ་དག་ངས་ཉར་ཚགས་ལེགས་པོ་བྱས་ཡོད། ཁྱོད་གཞུག་ནས་གཉེན་སྒྲིག་བྱེད་དུས། ངས་འུ་ཚང་གི་མནའ་མ་གསར་བ་དེར་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། མོ་ནི་རང་གི་བུ་མོ་ནང་བཞིན་གཅེས་ངེས། ཚ་བོ་དང་ཚ་མོ་སྐྱོང་འདོད། དེའི་དུས་ངས་སྒྲུབ་ཐུབ་པ་ནི་དེ་དག་ཡིན་སྲིད། འོ། ངས་ད་དུང་དོན་དག་ཅིག་བརྗེད་འདུག གོ་ཐོས་སུ་ངའི་གཅེས་ཕྲུག་མ་དེའི་རྣམ་ཤེས་ཁྱོད་ཚང་ལ་འཁོར་ཡོད་ཟེར། སྒོས་སུ་སྐལ་བཟང་འབུམ་ཁྱོད་ཀྱི་ཆུང་མའི་མངལ་ལ་འཁོར་འདུག་ཟེར་བས། ང་སྔར་ལས་ཀྱང་སེམས་བདེ་རུ་བབས་ཡོད། སྒོར་བརྒྱ་པོ་འདིས་ཚེ་རིང་ལྷ་མོར་ཁ་ཟས་སོགས་ཉོ་རོགསཟེར་ཞོར་བྲང་ཁུག་ལས་སྒོར་བཅུ་ཅན་བཅུ་ཐམ་པ་བཏོན་ནས་སྐལ་བཟང་འབུམ་གྱི་རུམ་ལ་བརྫངས་བྱུང་།

རྫོང་དཔོན་ལོ་ལོ། སྒོར་མོ་འདི་ཚོ་མི་དགོས། ད་ལྟ་ངེད་ཚང་གི་ཆ་རྐྱེན་ཡང་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་ལ་སོང་ཡོད་པས། དེ་ལྟར་བྱེད་མི་དགོས།སྐལ་བཟང་འབུམ་གྱིས་དེ་སྐད་སྨྲ་ཞོར་སྒོར་མོ་དེ་ཚོ་རྫོང་དཔོན་འཇིགས་མེད་རབ་བརྟན་གྱི་ལག་ལ་ཕྱིར་བརྫངས་ཀྱང་། ཕ་རོལ་པོས་ལག་པ་གཡུག་གཡུག་བྱས་ནས་བླངས་མ་སོང་བ་ལ། ཕར་ཕྱོགས་ཀྱི་ནུ་བོའི་བཞིན་ལ་ལན་གཅིག་བལྟ་དགོས་བྱུང་། བརྩོན་འགྲུས་རྒྱ་མཚོ་ནི་འདང་རྒྱག་ཟབ་མོའི་ཀློང་དུ་བྱིངས་ཡོད་དེ། མཆི་མ་སྲན་རྡོག་འདྲ་བ་གཉིས་མཁུར་ངོས་ནས་མར་འགྲིལ་ཏེ་བྲང་ངོས་སུ་དལ་བུར་ལྷུང་བ་རང་གི་མིག་ལམ་དུ་མངོན། ཡིད་སེམས་སྨེང་ལ་བསྐུར་པའི་རྣམ་པ་དེ་བསྒྱུར་སླད། ཁོསའོ་ན་བཀའ་དྲིན་ཆེ། ང་སོང་ནས་མོའི་ལག་ལ་འཕྲོད་དུ་འཇུག་སྲིད། ཁྱོད་ཀྱི་སེམས་འདུན་མོར་ཤེས་སུ་འཇུག་ངེསཞེས་བརྗོད་པ་དང་འབྲེལ། ཡང་བསམ་བློ་ཞིག་བསྐོར་རྗེསཨ་ཕའི་བཤད་ཚུལ་ལྟར་ན། ད་ལོའི་ལོ་སྟོད་དུ་རྗེས་དྲན་མཆོད་རྟེན་མཐའ་རུ་མ་ཎི་འཁོར་ལོ་བསྐོར་རྒྱུ་རེད་ཟེར། ངེད་ཚང་གིས་ཀྱང་འཁོར་ལོ་གསུམ་ཁས་བླངས་ཡོད། ད་དུང་དངུལ་གྱི་མར་མེ་ཚེ་འབར་ཡང་མཆོད་རྟེན་ཁར་འཇོག་རྩིས་འདུག་པས། དོན་དེ་ཚོ་ཨ་ཕ་ཁྱོད་གཉིས་ཀྱིས་གྲོས་བྱས་ནས་སྒྲུབ་པ་ཨེ་ཡིནཞེས་བརྗོད་དོན་གསར་བ་ཞིག་གི་མགོ་བསླངས།

ཡིན། འཆར་གཞི་དེ་འདོན་མཁན་ང་ཡིན་ལ། དོན་དངོས་སུ་འབེབ་རྒྱུ་ཁྱོད་ཀྱི་ཨ་ཕའི་མགོར་བཞག་ཡོད་པས། ངས་ཀྱང་མ་ཎི་འཁོར་ལོ་གསུམ་ཁས་བླངས་ཟིན། གོ་ཐོས་སུ་ད་ལྟ་སྡེ་བ་སོ་སོར་ཁས་ལེན་མཁན་ཇེ་མང་ལ་འགྲོ་བཞིན་ཡོད་ཟེར་བས། ཕྱོགས་བཞི་པོའི་ཁ་ནི་གང་ངེས་པ་ཡིན། ཁྱོད་ཚོའི་ཕ་རྒན་ངེད་གཉིས་ཀྱི་གྲོས་གཞི་ནི། ཐོག་མར་མཆོད་རྟེན་གྱི་མཐའ་ལ་བྱ་འདབ་སྤྲོད་པ་དང་། བྱ་འདབ་ཀྱི་ནང་དུ་མ་ཎི་འཁོར་ལོ་བསྐོར་རྩིས་ཡིན། མར་མེ་ཚེ་འབར་ནི་མཆོད་རྟེན་གྱི་མདུན་སྒོའི་མར་གཤམ་དུ་འཇོག་དགོས་ཏེ། དེ་ལ་ལྕགས་ཀྱི་སྒམ་ཆུང་སྲུབས་མེད་པ། མདུན་སྒོ་ཤེལ་གྱིས་ཆོད་པ་ཞིག་ལས་རྒྱུ་བྱས་ཡོད། བྱེ་བྲག་ཏུ་ཅི་འདྲ་ཞིག་ལས་རྒྱུ་ཡིན་པ་བརྩོན་འགྲུས་རྒྱ་མཚོས་ཤེས་ངེས་ཡིན། དེས་ཀླད་ཐོག་ཏུ་ལྕགས་སྦུག་ལས་གྲུབ་པའི་དུད་ཁུང་ཆུང་ངུ་ཞིག་ཀྱང་སྤྲད་ན་ལེགས་ཟེར་བས། ཡོད་ཚད་ཁོའི་ཇུས་འགོད་ལྟར་འཇོག་སྲིད། དེ་འདྲ་ཡིན་ནམ། སློབ་གཙོཞེས་དུས་ཡུན་རིང་བོར་གྲག་འགུལ་མེད་པར་ལུས་པའི་ཁོ་ལ་བལྟས་ནས་དྲིས་སོང་།

ཡིན། དོན་དེ་ངས་ཡུལ་མི་ཐམས་ཅད་ཀྱིས་ཡིད་སྨོན་འཆོར་བ་ཞིག་བསྒྲུབ་རྩིས་ཡོད།

བརྩོན་འགྲུས་རྒྱ་མཚོ་ཡང་སྐྱོ་མུན་ལས་རིམ་བཞིན་སངས་ཏེ་ཁོ་གཉིས་ཀྱི་ཁ་བརྡའི་ནང་ཞུགས་འོངས།

དོན་དེ་ཨ་ལགས་ཚང་གིས་རྟོགས་ངེས་སམ།སྐལ་བཟང་འབུམ་གྱིས་ཅི་ཞིག་ཤེས་འདོད་པ་ལྟར་མུ་མཐུད་དུ་དྲིས།

ལོས་ཤེས། ལོ་གསར་སྐབས་སུ་རུ་ཆེན་གྱི་ཧྲུའུ་ཅི་གཉིས་དང་ང་ཚོ་མཉམ་པོར་ཡར་ཞུ་བྱེད་དུ་ཕྱིན། ཁོང་གིས་བཟང་ཚུལ་རྒྱན་ཚུལ་རབ་ཅིག་གསུངས་བྱུང་བར་མ་ཟད། དེ་ལས་སྤྱད་དུ་སྒོར་སྟོང་གཉིས་ཀྱི་རོགས་སྐྱོར་གནང་བྱུང་།རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་མིག་འོད་སྐལ་བཟང་འབུམ་གྱི་ཕྱོགས་སུ་བསྐོར་ནས་དེ་ལྟར་ལན་བཏབ།

དེ་རིང་ངོ་མ་གོ་སྐབས་བཟང་བོ་ཤར་བྱུང་། ཁྱེད་དང་སོས་དལ་བའི་ངང་འདི་ལྟར་ཁ་བརྡ་བྱས་པ་ཐོག་དང་པོ་ཡིན། ང་ནི་དོན་དག་གི་རྩ་བ་རྩད་པ་འདྲི་རྒྱུར་དགའ་མཁན་ཞིག་ཡིན་པས། རྫོང་དཔོན་ཁྱེད་སུན་མི་འགྲོའམ།སྐལ་བཟང་འབུམ་གྱིས་དོགས་མི་བདེ་བའི་ངང་ལྕེ་ནར་ཞིག་བྱས་རྗེསལོ་ལོན་ཚོས་བཤད་པ་ལྟར་ན། མར་མེ་ཚེ་འབར་འདིའི་ལོ་རྒྱུས་རིང་ཟེར་བས། དོན་ལ་ཁྱེད་ཚང་དུ་ཇི་ལྟར་བྱུང་བ་ཡིན། ངེད་གཉིས་ལ་དེའི་སྐོར་གྱི་ཞིབ་གསལ་ལོ་རྒྱུས་རེ་གསུང་ན་ཨེ་ཆོག་གམཞེས་དྲིས་པ་ལ།

རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་ཀྱང་རང་གི་འདུག་སྟངས་ཇེ་བདེར་གཏོང་ཙམ་བྱས་པ་དང་སྦྲགསཞིབ་གསལ་ལོ་རྒྱུས་ཤེ་ན་བཤད་མི་ཕོད་ཀྱང་། མི་རབས་ལྔ་དྲུག་ཅིག་གི་ལོ་རྒྱུས་ཡོད་ངེས་ཅན་རེད། ངའི་ཆུང་མ་བླ་སོང་མ་ཚང་གི་མི་རབས་གོང་མ་ཞིག་ནི་ཡུལ་ལུང་འདིར་སྐད་གྲགས་ཆོད་པའི་དཔའ་བོ་ཞིག་ཡིན་ཟེར། ལོ་རྒྱུས་ལྟར་ན་བླ་མ་ཨ་ཚོགས་ཁོང་ཚང་ནི་གཙང་གི་བླ་མ་ཞིག་སྟེ། སྐུ་ཕྲེང་གཉིས་པ་བློ་བཟང་ཆོས་རྒྱན་གྱི་འགྲོ་དོན་ཨ་མདོའི་ཕྱོགས་སུ་ཡོད་གསུངས་པ་ལྟར་འདི་ཕྱོགས་སུ་ཕེབས་ནས་དགོན་པ་འགའ་རེ་བཏབ་པར་མངོན། སྐུ་ཕྲེང་གསུམ་པ་མདོ་སྨད་ཕྱོགས་སུ་བསུ་དུས་མེས་པོ་ཁོས་ལམ་སྣེ་དྲངས་ཏེ་གཙང་དུ་འབྱོར་བ་དང་། མཐུད་ནས་ཡུལ་ལུང་དེ་གའི་དགོན་སྡེ་དང་མི་སེར་ལ་གནོད་སྐྱེལ་མཁན་ཇག་ཚོགས་ཤིག་བཏུལ་པས། དེའི་དྲིན་གཟོ་དང་དགེ་རྩར་བླ་མ་གྲུབ་ཆེན་པ་ཞིག་གིསསེར་བ་མཛུབ་ཁྲིད་ཀྱི་གདམས་པརུ་འབོད་པའི་གདམས་ངག་ཡ་མཚན་པ་ཞིག་ཁོང་ལ་གནང་བར་བཤད། ཕྱིར་ལྡོག་པའི་ལམ་དུའང་སྤྱང་ཚོགས་དང་ཕྲད་དེ་བླ་མའི་སྐུ་ལ་འཇིགས་ཉེན་བྱུང་བ་ཁོའི་འཐབ་རྩལ་ལ་བརྟེན་ནས་ཐར་བར་གྲགས། དེའི་དུས་ནས་ས་ཆ་འདི་ནི་ལོ་ཏོག་སྨིན་ལེགས་ཀྱང་སེར་བ་རྒོད་པའི་གནས་ཤིག་ཡིན་པས། ཁོས་སེར་སྲུང་གི་སྔགས་ལ་བརྟེན་ནས་མི་སེར་མང་བོར་ཕན་ཆེན་པོ་ཐོགས་པ་དང་འབྲེལ་འབྱོར་བ་ཆེས་ཆེར་རྒྱས་ལ། འབྱོར་ཚོགས་དེར་བརྟེན་ནས་ཁོང་ནི་བླ་མ་ཨ་ཚོགས་ཚང་གི་ཡོན་བདག་ཆེ་ཤོས་སུ་གྱུར། ཕྱིས་སུ་དགུང་ལོ་བགྲེས་དུས་རང་དང་ཕྱི་རབས་པར་ཕན་པའི་ལས་ཤིག་བསྒྲུབ་འདོད་ཅེས་རྩ་བའི་བླ་མར་ཞུས་པ་ན། ཁོང་རིན་པོ་ཆེ་ནས་དངུལ་གྱི་ཚེ་འབར་ཞིག་རྡུངས་དང་། ཁྱོད་ནས་མི་རབས་མང་བོར་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེན་པོ་འགྲུབ་ཡོང་ལ། དེ་ནི་ཚེ་འདི་ཕྱི་གཉིས་ཀར་ཕན་པའི་རྒྱུ་རུ་འགྱུར་ངེས་གསུངས་པས། ད་ལྟ་ང་ཚོར་མཇལ་རྒྱུ་ཡོད་པའི་མར་མེ་ཚེ་འབར་འདི་བྱུང་བ་རེདཅེས་བག་ལྷོད་པའི་ངང་བརྗོད་འོངས།

ངོ་མ། ཁྱོད་ཕ་བུ་གཉིས་ཀྱིས་ཤར་ལུང་ཚོ་དྲུག་གི་མང་ཚོགས་དང་བྱིས་པ་ཚོར་ཕན་ཆེན་པོ་ཐོགས་པའང་། མར་མེ་ཚེ་འབར་འདི་དང་འབྲེལ་བ་ཡོད་ངེས་ཡིན།སྐལ་བཟང་འབུམ་གྱིས་རྫོང་དཔོན་གྱི་སྤྲོས་བརྗོད་ལ་བསྟུན་མཁས་ཀྱིས་དེ་ལྟར་ལབ་འཕྲལ། ཡང་ཡིད་ལ་ཅི་ཞིག་འཁོར་བ་ལྟརདེས་ནརིག་གསརསྐབས་སུ་མར་མེ་ཚེ་འབར་འདི་ཇི་ལྟར་བོར་བརླག་མ་བྱུང་བ་རེད་དམ། ད་ལྟ་ངེད་ཚང་གིས་བདག་བྱས་ཡོད་དོན་ཅི་ཡིན་ནམཞེས་བསྟུད་མར་འདྲི་ཚིག་གཉིས་དྲིས།

དེ་ནི་ཁྱོད་ཚང་གི་ཨ་ཁུ་ཚངས་དབྱངས་ཟེར་བ་མི་བརྟན་ཚུགས་ཅན་ཞིག་ཡིན་པས། ངའི་སྒྱུག་པོས་སྔ་ས་ནས་གསང་སྟབས་ཀྱིས་ཁོང་ལ་བཅོལ་པ་ཡིན་འདུག ཁོང་གིས་གང་ལ་སྦེད་པ་སུས་ཀྱང་མི་ཤེས།

རྫོང་དཔོན་འཇིགས་མེད་རབ་བརྟན་གྱིས་དེ་ལྟར་ཚིག་ཐག་ཆོད་པོས་ལབ་བྱུང་།

དེ་ངས་ཤེས་པ་ཡིན།བརྩོན་འགྲུས་རྒྱ་མཚོས་གློ་བུར་དེ་ལྟར་བཤད་འོངས། མཐུད་ནས་ཡུད་ཙམ་ལ་བསྡད་རྗེསཨ་ཁུ་ན་མགོ་མ་བརྩམས་པའི་ཉིན་ཞིག ཁོང་གིས་ང་ལ་ལྕགས་ཁེམ་ཞིག་འཛིན་རོགས་ཟེར་ནས། ཁྱོད་ཚང་གི་གཞིས་ཀ་རྙིང་བ་ལས་ཨ་ཁུ་སྡོད་སའི་ཁང་བ་ཆུང་ངུ་དེའི་ནང་ཕྱིན། སྒོ་འཕྲོད་མོར་གཏན་འཕྲལ། ཁོང་གིས་ཁང་བའི་གྲུ་ཟུར་དེ་བསྟན་ནས་འདི་སློགས་ཤིག་གསུངས། ངས་སྨི་གཅིག་ལྷག་གི་མཚམས་སུ་བསློགས་པར། གཞི་ནས་གཟན་གོས་རྙིང་བས་བཏུམས་པའི་མར་མེ་ཚེ་འབར་དེར་ཐུག་པས། སེམས་ཆུང་ནེམ་ཆུང་ངང་ས་དོང་ཁར་བཞག་པ་ལ། ཨ་ཁུས་ཡན་ལག་ལྔ་པོ་ས་ལ་ཕབ་ནས་ཕྱག་འཚལ……

ཁྲོགསྒྲ་ཞིག་དང་མཉམ་དུ། ཁ་ལོ་པ་ལོ་ཆུང་དེས་ཟ་ཁང་གི་ཁང་བ་ཆུང་བའི་སྒོ་མོ་ཕྱེ་ནས་ནང་ལ་འཛུལ་ཡོང་བར། སྐལ་བཟང་འབུམ་སྣ་འབིག་མྱུར་དུ་ཡར་ལངས་ཏེ་ངག་ནསཁྱོད་ཕྱིར་ཡོང་བ་ཡིན་ནམ། ཇ་རེ་ཐུངསཟེར་ཞོར་སྒྲོག་ཙེའི་གཞི་རུ་བསླངས་ཡོད་པའི་ཚ་དེམ་དེ་བླངས་པར། ཁོསང་ལ་ཇ་འཐུང་ས་མེད། ཁྱོད་ཚོས་ཁ་བརྡ་བྱས་ནས་ཚར་ཡོད་དམ། ཡོད་ན་ད་ནི་དུས་ཚོད་མི་སྔ་བས། ལམ་ལ་ཆས་ན་ཅི་འདྲ་རེད། རྫོང་དཔོན་ལགསཞེས་གུས་པའི་ངང་དུ་དྲིས་ཡོང་བར།

རྫོང་དཔོན་འཇིགས་མེད་རབ་བརྟན་གྱིསའོ་ན་དེ་ལྟར་བྱེད། དེ་རིང་ཁ་བརྡ་མ་བྱས་པའི་བསམ་པ་མེད། ཉིན་འགའི་རྗེས་སུ་ང་ཕ་ཡུལ་དུ་ཡོང་རྒྱུ་ཡིན་པས། དེའི་དུས་མུ་མཐུད་དུ་ལབ་གླེང་བྱས་ཆོག སྐལ་བཟང་འབུམ་ནི་ངོ་མ་ཁ་བརྡ་ཅན་ཞིག་རེད། བརྩོན་འགྲུས་རྒྱ་མཚོ། འདིའི་ཐད་དུ་ཁྱོད་ཀྱིས་རྗེས་སུ་ཕུ་བོར་སློབ་སྦྱོང་བྱས་ན་འགྲིགཅེས་གདམས་རྗེས། ཁ་ལོ་པ་ལ་གཏད་ནསཁྱོད་ཀྱིས་ཤ་འདི་ཚོ་བདག་བྱོས་ཤིག བདག་བྱས་ནས་ཁོ་གཉིས་ཀྱི་ཁུག་མའི་ནང་འཇུག་རོགསཞེས་ཀྱང་བརྗོད། དེ་ནས་སྒོ་ཕྱེ་སྟེ་ཁང་བ་ཆུང་ངུ་ལས་ཕྱི་རུ་བུད་པ་དང་། བུད་ནས་ཐད་ཀར་ཟ་ཁང་གི་བདག་པོ་དམིགས་ནས་ཕྱིན།

27

ཨ་ཅེ་སྒྲོལ་མ། སྒོ་ཕྱེས་དང་། ང་བརྩོན་འགྲུས་རྒྱ་མཚོ་ཡིན། ངེད་ཚང་གི་ཨ་མས་ཁྱོད་ལ་ད་ལོའི་ཞོག་ཁོག་རས་ཁུག་གང་བསྐུར་འདུག

ཡུལ་མི་རྣམས་ལོ་དེའི་སྟོན་སྡུད་པ་དང་གཡུལ་གཅོག་པའི་ལས་ལ་བྲེལ་པའི་ཉིན་གུང་གཟུར་བའི་དུས་ཤིག་ལ། སློབ་གཙོ་བརྩོན་འགྲུས་རྒྱ་མཚོའི་གཟུགས་བརྙན་སྔ་ལོ་ནས་བཞེངས་གྲུབ་བྱུང་ཐོག ད་ལོ་མཐའ་ལ་མ་ཎི་འཁོར་ལོ་ཡང་བསྐོར་ཟིན་པའི་གངས་ལྷ་མེ་ཏོག་གི་རྗེས་དྲན་མཆོད་རྟེན་གྱི་གཞོགས་ཤིག་ཏུ་ཁང་བ་གྱན་གཉིས་ཕུབ་ཡོད་པ་དེའི་སྒོ་སྔུན་དུ་མངོན་ཡོང་། ཁོས་ཉིན་དེར་ཁོག་སྟོད་ལ་ཚི་ལེན་དཀར་པོ་དང་། ཁོག་སྨད་དུ་རྐང་སྣམ་ནག་པོ། རྐེད་པར་དིང་གླིང་ཕྲ་མོ་གསེབ་པ་ཕུད། རྐང་ལ་ཀོ་ལྷམ་དམར་སེར་དང་། མགོ་བོར་རས་ཞྭ་གོར་མོ་སྐྱ་མདོག་ཅན། ད་དུང་དཔུང་ཁུགས་སུ་རླུང་ལྭ་སོ་མ་ཞིག་བསྣམས་འདུག་པས། སློབ་གཙོ་ཞིག་གི་ཚུགས་ཀ་ཡོངས་སུ་མངོན་ནས་ཡོད། ཁོས་ཁང་བ་དེའི་སྒོ་མོ་རྡུང་ཞོར་དེ་སྐད་བོས་ཀྱང་། ནང་རོལ་ཏུ་ལན་འདེབས་མཁན་དང་སྒོ་འབྱེད་མཁན་ཅི་ཡང་མ་མངོན་པས། ལག་གི་རས་ཁུག་ཁང་བའི་སྒོ་འགྲམ་དུ་བཞག་འཕྲལ་ཕར་ལྟ་ཚུར་ལྟ་བྱེད་བཞིན་མཆོད་རྟེན་སྲུང་མཁན་གྱི་ཨ་ཅེ་སྒྲོལ་མ་བཙལ། མོས་མཆོད་རྟེན་དང་ཁང་བ་མ་གྲུབ་པའི་དུས་ནས་དེ་སྲུང་བའི་འགན་མ་སྐུལ་དང་བླངས་བྱས་སོང་སྟེ། དེ་ལྟར་བྱེད་དོན་ནི་བླ་སོང་མ་དེས་རང་གི་བུ་མོ་ཆུང་བའི་སྲོག་བསྐྱབས་པར་དྲིན་གཟོ་ཞུ་ཆེད་ཡིན་ཟེར། ལས་ཀ་དངོས་དེ་དོན་འཁྱོལ་ཡོང་སླད། མོས་དེའི་དུས་ནས་རང་ཁྱིམ་གྱི་དབང་ཆ་ཡོད་དོ་ཅོག་བུ་མོ་ལྷ་མོ་ཐར་དང་མག་པ་གཉིས་ཀར་སྤྲད་ཟིན་ཏེ། བཟའ་མི་གཉིས་ཀར་འགན་ཁུར་ཞིག་ཡོད་པ་ནི་དུས་ཡུན་ངེས་ཅན་ནང་ཨ་མར་ཟ་མ་རེ་བསྐྱལ་རྒྱུ་དེ་ཡིན། ཡིན་ནའང་ཤར་ལུང་ཚོ་དྲུག་གི་མི་སུ་ཡིན་རུང་། འདས་ཟིན་པའི་སློབ་གཙོ་གངས་ལྷ་མེ་ཏོག་ལ་དགའ་བ་བཞིན་དུ། མོའི་རྗེས་དྲན་མཆོད་རྟེན་རང་འགུལ་གྱིས་སྲུང་བཞིན་པའི་ཨ་ཅེ་སྒྲོལ་མར་ཡང་དགའ་བ་ཡིན། དེའི་རྐྱེན་གྱིས་མཆོད་རྟེན་ལ་སྐོར་བར་ཡོང་མཁན་དང་རྫོང་མཁར་ཕྱི་ནང་དུ་འགྲོ་བའི་ལམ་འགྲོ་པ་སུ་ཡིན་ཡང་། མོར་བཟའ་རྒྱུ་བཏུང་རྒྱུ་ཉུང་ངུ་རེ་ནི་ཆད་དུ་འཇུག་མི་སྲིད་པས། མོའི་བུ་མོ་བཟའ་ཟླ་གཉིས་ཀར་ཡང་འགན་མང་བོ་ཞིག་ཕྲག་ལ་འབབ་ཏུ་འཇུག་གིན་མེད།

ཨ་ཅེ་འདི་དེ་རིང་གང་ལ་སོང་བ་ཡིན་ནམ།

བརྩོན་འགྲུས་རྒྱ་མཚོས་ཁེར་ལབ་འདྲ་བ་ཞིག་བྱས་རྗེས། གོམ་པའི་འདེགས་འཇོག་མཆོད་རྟེན་གྱི་ཕྱོགས་སུ་བསྒྱུར། མཆོད་རྟེན་དེའི་མཐོ་ཚད་ལ་སྨི་དགུ་ཡོད་ཅིང་། དབྱིབས་ནི་བྱང་ཆུབ་མཆོད་རྟེན་གྱི་གཟུགས་སུ་བཞེངས་འདུག ད་ལྟ་མཆོད་རྟེན་གྱི་མཐའ་ལ་བྱ་འདབ་སྤྲད་ཐོག དེའི་ནང་ཤིང་གི་མ་ཎི་འཁོར་ལོ་མང་བོ་སྤྲད་ཡོད། ལས་རྔ་ཡག་པོར་གྲུབ་མེད་པ་ནི། འཁོར་ལོ་དེ་དག་གི་འབུར་དུ་དོད་པའི་གྲུ་ཟུར་དང་ཤིང་ལེབ་དག་ལ་ཚོན་རྩི་བྱུགས་མེད་པས། རྒྱང་རིང་ནས་བལྟས་ཚེ་སྐྱ་ཤང་ངེར་བདོག ཡིན་ནའང་རང་གིས་ཇུས་འགོད་དང་འགྲོ་གྲོན་བཏང་བའི་མར་མེ་ཚེ་འབར་འཇོག་སའི་ལྕགས་སྒམ་ནི། མཆོད་རྟེན་གྱི་མདུན་སྒོའི་ཞོལ་དུ་བརྗིད་ཆགས་སེར་ཅུང་འབུར་དུ་ཐོན་ནས་འདུག་པས། གོམ་པའི་འདེགས་འཇོག་རང་དབང་མེད་པར་དེའི་ཕྱོགས་སུ་བསྒྱུར། ལྕགས་སྒམ་གྱི་གམ་དུ་བཅར་བར། མདུན་གྱི་ཤེལ་སྒོ་མཐུག་པོ་ལས་དངུལ་གྱི་མར་མེ་ཚེ་འབར་མཐོང་ཐུབ་སྟེ། མེ་ལྕེ་ཡོ་ཙམ་ཡོ་ཙམ་བྱེད་ཞོར་འོད་ཀྱི་སྣང་བས་ལྕགས་སྒམ་ནང་ཧྲིལ་པོ་གསལ་ལེར་བཏང་ཡོད། དེར་ཁོ་ནི་གོམ་པ་འགར་ཕྱི་རུ་ནུར་ཏེ་དུད་ཁུང་ཆུང་བ་དེར་བལྟས་ཙམ་བྱས་པ་ལ། དུ་བ་ཕྲན་བུ་རེ་ལྕགས་སྦུག་ཆུང་ངུ་དེའི་རྩེ་མོ་རུ་སྔོ་ལིང་ངེར་མཆེད་པ་མཐོང་བས། ལོབས་ཕྱོགས་ལྟར་གངས་ལྷ་མེ་ཏོག་གི་དགེ་རྩར་དམིགས་ནས་མཆོད་རྟེན་ལ་སྐོར་བ་བྱེད་ཞོར་དང་མ་ཎི་འཁོར་ལོ་སྐོར་ཞོར་བྱས་ཏེ་མ་ཎི་ཕྲེང་སྐོར་འགའ་བཏོན་རྗེས། རིམ་གྱིས་གྲམ་པའི་ཁ་རུ་རགས་ཆེན་པོ་ཞིག་བརྒྱབ་ཡོད་པ་དེའི་སྟེང་དུ་བུད། རགས་ཆེན་དང་སྦྲེལ་ནས་རགས་ཆུང་བ་འགའ་ཡང་གསེག་གསེག་བྱས་ནས་གྲམ་གཞུང་ཕྱོགས་སུ་བརྐྱངས་འདུག་ཐོག དེ་དག་གི་རྒྱུ་ཆ་ཡང་རྣོ་ལྕགས་དང་ཨར་འདམ། བྱེ་ཟེགས་རྐྱང་རྐྱང་གིས་གྲུབ་པས་ན། ད་ནི་འདི་གར་ཆུ་ལོག་ཅི་འདྲ་ཆེན་པོ་ཞིག་ཡོང་ཡང་མཆོད་རྟེན་ལ་གནོད་པ་འབྱུང་མི་ཐུབ་པར་བཟོས་འདུག

ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་གཙོ་གསར་བ་ཁོ་རགས་ཆེན་དེའི་སྟེང་དུ་ཕར་འགྲོ་ཚུར་འོང་ལན་འགའ་བྱས་མ་ཐག ཡིད་ལ་ཅི་ཞིག་དྲན་པ་ལྟར་མཆུ་འདབ་ལག་པས་གོར་མོར་སྐྱོར་བཞིན་སྐད་ཤུགས་ཆེན་པོསཨ་ཅེ་སྒྲོལ་མ། ཨ་ཅེ་སྒྲོལ་མཞེས་བོས་བྱུང་།

ཅང་མ་འགོར་བར་གྲམ་པའི་ཕར་ཕྱོགས་ཀྱི་སྡོང་རའི་འདབས་ཀྱི་གྲོག་མོའི་ཁ་ནསལན་གསལ་བོ་ཞིག་གྲག་པ་དང་མཉམ་དུ། ཨ་ཅེ་སྒྲོལ་མ་ནི་ནག་རོག་གེར་གནས་དེ་ག་རང་དུ་འཇུར་ནས་བུད་ཡོང་། མོའི་ལུས་སུ་རས་ལྭ་ནག་པོ་ཞིག་གོན་འདུག་ལ། རྒྱབ་ཏུ་འགྱིག་ཟོ་འབྲིང་ཙམ་ཁུར་ཡོད་པས། མི་དང་དངོས་པོ་གཉིས་ཀྱི་དཀར་ནག་གི་དབྱེས་དེ་ཧ་ཅང་གསལ། མོས་ལག་པ་ཐོད་ལ་ཁྱེར་ནས་ཚུར་ཕྱོགས་སུ་ཡུད་ཙམ་བལྟས་རྗེས། སྐད་གསང་མཐོན་པོསསློབ་གཙོ་བརྩོན་འགྲུས་རྒྱ་མཚོ་ཡིན་ནམ། ཁྱོད་ཅུང་ཙམ་སྒུགས་དང་། ང་མྱུར་མོར་ཡོང་ངེསཞེས་སྨྲ་བར་བྱེད་ཀྱང་། གོམ་འགྲོས་ཧ་ཅང་དལ་བས་བྱེ་འདབས་སུ་ནུར་བཞིན་པའི་རུས་སྦལ་ཞིག་དང་ཨ་ན་མ་ན་རེད།

མོའི་གཟུགས་བརྙན་མཐོང་དུ་ཡོད་པ་ཡིས། ཁོའི་སེམས་པ་བདེ་ལ་རབ་ཅིག་ཕབ་ཐུབ་པ་བྱུང་། ད་ནི་སེམས་པ་བདེ་ལ་བབས་ཀྱང་མོ་ཁང་བའི་སྒོ་ཁར་སླེབས་པར་དུས་ཡུན་རབ་ཅིག་དགོས་ཚུལ་རྟོགས་པ་ལ། བརྩོན་འགྲུས་རྒྱ་མཚོ་ནི་རགས་ཆེན་ལས་བབས་ཏེ་ཡང་བསྐྱར་མཆོད་རྟེན་ལ་སྐོར་བ་བྱེད་དུ་སོང་། སྐོར་བ་བྱེད་དུས་ཁོས་ད་ཅི་དང་འདྲ་བར་མ་ཎི་འཁོར་ལོ་སྐོར་ཞོར་དང་ཕྲེང་བ་འདྲེན་ཞོར་བྱས་ནས་མ་ཎི་འདོན་པར་བྱེད། མཆོད་རྟེན་ལ་སྐོར་བ་ཅི་ཙམ་བརྒྱབ་པ་དང་མ་ཎིའི་གྲངས་ཀ་ཅི་ཙམ་བསགས་པ་སོགས་ཞིབ་ཏུ་བརྗོད་མི་བཏུབ་ཀྱང་། མཚམས་ཤིག་ལརས་ཁུག་འདི་སུའི་ཡིན་ནམཞེས་པའི་སྐད་གསལ་བོ་ཞིག་གོ་འོངས་པ་དེས། ཁོའི་གོམ་ཁ་ནི་དེ་མ་ཐག་ཏུ་མཆོད་རྟེན་གྱི་གཞོགས་སུ་ཡོད་པའི་ཁང་བ་དེའི་ཕྱོགས་སུ་བསྒྱུར་སོང་།

དེ་ནི་ངའི་ཡིན། ངས་ཁྱེར་ནས་ཡོང་བ་ཡིན། ངའི་ཨ་མས་ཁྱོད་ལ་བསྐུར་པ་རེད།བརྩོན་འགྲུས་རྒྱ་མཚོ་ཁང་བའི་སྒོ་ལམ་དུ་བསླེབ་ལ་ཉེ་དུས་དེ་ལྟར་བཤད་པ་དང་། ཡང་སྒོ་ལམ་གྱི་རས་ཁུག་དེ་བླངས་ནས་ནང་དུ་ཕྱིན་ཏེ་ཁ་ཕྱེ་འཕྲལ། ཤོག་ཁུག་ཅིག་ལེན་ཞོརའདི་ནི་ཉེ་ལམ་ངས་ཆེད་དུ་གངས་ལྷ་མེ་ཏོག་ལ་བྲིས་པའི་སྙན་ངག་ཅིག་ཡིན། ཤོག་ལྷེ་མང་བོ་ཞིག་བསྐྱར་དཔར་བྱས་ནས་ཡོང་ཡོད་པས། ཁྱོད་ཀྱིས་མཆོད་རྟེན་གྱི་མཐའ་ཞིག་ཏུ་སྦྱོར་བར་ཞུ། ཡི་གེ་ཆར་ཆུས་དག་ཅིང་ཤོག་བུ་རླུང་གིས་ཁུར་ཚེ་གསར་བ་གསར་བར་བརྗེ་ཞིག འདི་སྦྱར་ཆུ་ཡིནཞེས་ལབ་འཕྲལ། དངོས་པོ་རིགས་གསུམ་པོ་མདུན་ཅོག་དམའ་མོ་དེའི་སྟེང་དུ་བཞག

ཨ་ཅེ་སྒྲོལ་མས་ཆུ་ལེན་སྤྱད་ཀྱི་འགྱིག་ཟོ་ཕོག་ནས་སྒལ་བ་རྡུང་ཞོར་ཚུར་ཡོང་རྗེསཁྱོད་ཀྱིས་གངས་ལྷ་མེ་ཏོག་ལ་སྙན་ངག་བྲིས་ཟིན་ཟེར་བ་ཡིན་ནམ། ཁྱོད་ནི་སྙན་ངག་འབྲི་མཁན་ཞིག་རེད་ཅེས་ཚང་མས་བཤད་བཞིན་འདུག་ཀྱང་། ང་ལྟ་བུ་ཞིག་གིས་གོ་ག་ལ་ཐུབ། ཡིན་ནའང་ངེད་ཚང་གི་ཨ་ཁུས་སྔོན་ཆད《གེ་སར་སྒྲུང》ཡང་སྙན་ངག་ཟེར་བ་དེ་ཡིན་ཞེས་བཤད་མྱོང་བས། དེ་ངས་ཀྱང་མི་གོ་རྒྱུ་མི་འདུག དེར་བརྟེན་ཁྱོད་ཀྱིས་རང་གིས་བྲིས་པའི་སྙན་ངག་དེ་ང་ལ་ལན་གཅིག་འདོན་རོགས། ངས་ཨེ་གོ་གཅིག་བལྟ། གཞན་འདྲི་རྒྱུ་ཞིག་ལ་ངེད་ཚང་གི་བུ་མོ་ཆུང་བ་སྟག་མོ་ཐར་གྱི་མིང་ནང་དུ་ཨེ་ཡོདཅེས་དྲིས་འོངས།

བརྩོན་འགྲུས་རྒྱ་མཚོསཨ་ཅེ། སློབ་མ་ཚོའི་མིང་ནང་དུ་བཞག་ན་མི་བཟང་བས། ཡོང་དུ་བཅུག་མེད། ཞོལ་ནས་ངས་ཁྱོད་ལ་སྙན་ངག་འདི་ལན་གཅིག་འདོན། ཁྱོད་ཀྱིས་གསལ་བོ་བྱས་ནས་ཉོན་ཨཞེས་བརྗོད་འཕྲལ། སྙན་ངག་དེ་ཉམས་དང་ལྡན་པར་འདོན་མགོ་བརྩམས།

མར་མེ་ཚེ་འབར།

—སློབ་མའི་ཆེད་དུ་རང་སྲོག་བློས་བཏང་བའི་སློབ་གཙོ་

གངས་ལྷ་མེ་ཏོག་ལ་ཕུལ་པ།

བརྩོན་འགྲུས་རྒྱ་མཚོ།

མར་མེ་ཚེ་འབར།

ཁྱོད་འཇིག་རྟེན་དུ་མངོན་པ་ནས་བཟུང་།

ཡིད་ཀྱི་རྐོང་བུར།

ལྷག་བསམ་གྱི་མར་ཁུ་ལྟེམས་མེར་བསྐྱིལ།

མར་མེ་ཚེ་འབར།

ལྟེམས་མེར་བསྐྱིལ་བའི་མར་ཁུ་ཡི་མཚོ་མོའི་ཀློང་དུ།

འགྱུར་མེད་དམ་བཅའ་བཞིན་བརྟན་ཀྱིག་གེར་

འགྲེང་བའི་རིག་པའི་སྡོང་བུ་ལ།

རང་ཟད་གཞན་ཕན་གྱི་སྲེག་ཟར་བསྒྲོན་

མཚམས་ནས།

ལམ་ལམ་འཚེར་བའི་མེ་ལྕེ་གསལ་བོ་དེ།

མ་རིག་མུན་པའི་ཀློང་དུ་འཚེར་ཞིང་སྒེག

མར་མེ་ཚེ་འབར།

འཚེར་ཞིང་སྒེག་པའི་འོད་སྣང་ཁྲོད།

སྐལ་བ་བཟང་བའི་མར་མེ་ཆུང་ཆུང་།

ཆུང་ཞིང་ཆུང་བ་མང་བོ་ཁྱེད་ཀྱི་མཐའ་ན་

འཚང་ག་ཤིག་ཤིག་བྱེད།

བརྩོན་པས་སྦར་བའི་རིག་པའི་འོད་སྣང་ནི།

ཕ་ཡུལ་གྱི་མཁའ་དབྱིངས་སུ་འཚེར་བའི་

སྐར་ཚོགས་ལས་ཀྱང་མཛེས།

མར་མེ་ཚེ་འབར།

སྐར་ཚོགས་ལྟར་བཀྲ་བའི་མར་མེ་ཆུང་བ་

ཆུང་བའི་དཀྱིལ་དབུས་སུ།

ཁོ་བོ་ཡང་ཁྱེད་དང་འདྲ་བར་མར་མེ་ཚེ་

འབར་ཞིག་བྱེད་འདོད།

ལྷག་བསམ་གྱི་མར་ཁུ་བསྐྱིལ་འདོད།

གཞན་ཕན་གྱི་སྡོང་བུ་གཟུག་འདོད།

མ་རིག་པའི་མུན་པ་སེལ་འདོད།

……

ཨ་ཅེ་སྒྲོལ་མས་གསལ་བོར་ཉན་ཡངམར་མེདངདགེ་རྒན།” དམ་བཅའདངམེ་ལྕེ།” འོད་སྣངདངཕ་ཡུལ།” སྐར་ཚོགསདངམུན་པསོགས་རྒྱུས་ཅུང་ཙམ་ཡོད་པའི་མིང་ཚིག་འགའ་ལས་ཅི་ཡང་མ་གོ་བས། ངག་ནསཁྱོད་ཀྱིས་བྲིས་པའི་སྙན་ངག་ཟེར་བ་དེ་ནི《གེ་སར་སྒྲུང》དང་མི་འདྲ་བར་འདུག ཟབ་དྲགས་ནས་གོ་རྒྱུ་ཧ་ཅང་དཀའ། ང་ལ་བཏོན་པ་ནི་སྤྱང་ཀིའི་རྣ་བར་ཆོས་བཤད་པ་དང་འདྲ་བས་ཅི་ཡང་གོ་མ་བྱུང་།
དེ་ལས་མཆོད་རྟེན་གྱི་མཐའ་རུ་སྦྱར་ཚེ་གོ་མཁན་ཡོད་ངེས། ལས་ཀ་དེ་ངས་ཁྱོད་ལ་ཁས་བླངས་པ་ཡིན
ཞེས་སྨྲས་འཕྲལ། ཡང་ཡིད་ལ་ཅི་ཞིག་འཁོར་བ་ལྟརསློབ་གཙོ་བརྩོན་འགྲུས་རྒྱ་མཚོ། ཁྱོད་ཚོའི་སློབ་གྲྭ་ནམ་འཚོག་རྒྱུ་རེད། ཁ་སང་ལྕགས་ཐར་གྱིས་བཤད་པ་ཡིན་ན། ང་ཚོའི་སློབ་གྲྭའི་ནང་དགེ་རྒན་ཞིག་ཡོང་རྒྱུ་རེད་ཟེར་བས། ཕོ་ཞིག་ཡིན་ནམ་མོ་ཞིག་ཡིན། ཕོ་ཞིག་ཡིན་ཚེ་ཁྱོད་ཀྱི་གོ་ས་དེ་འཕྲོག་མི་འགྲོའམཞེས་སེམས་ཁྲལ་གྱི་ཉམས་དང་བཅས་བཤད་བྱུང་།

ཁྱོད་ལ་བཀའ་དྲིན་ཆེ། སློབ་གྲྭ་ནི་ཕལ་ཆེར་གནངས་ཉིན་འཚོག་རྒྱུ་ཡིན། དགེ་རྒན་ཞིག་ཡོང་ངེས་ཟེར་ཡང་། ཅི་འདྲ་ཞིག་ཡིན་པ་ངས་ཀྱང་གསལ་བོར་མི་ཤེས། ཕལ་ཆེར་ཁོ་དེ་རིང་ངམ་སང་ཉིན་འདྲ་ཞིག་ལ་སླེབས་ངེས་ཡིན།ཁོས་དེ་ལྟར་ལན་ལྡོན་རྗེས། ཁང་བ་ལས་སྒོར་འབུད་ཞོར་དུཨ་ཅེ་ལགས། ང་འགྲོ་རྒྱུ་ཡིན། སློབ་གནས་གསར་བའི་བཟོ་སྐྲུན་ལ་ལྟ་རྟོག་བྱེད་དུ་འགྲོ་དགོས། སྡེ་བ་སོ་སོས་ཀྱང་སྐལ་བགོས་ཏེ་འདིའི་ཀླད་ཀྱི་ཞིང་ས་དེར་གྱང་ཆུ་བསྐྱིལ་ནས་ཚར་སོང་ཟེར་བས། ང་དགའ་ནས་ཡོད། ཚལ་ར་དེ་འགྲུབ་ཚེ། རྗེས་སུ་ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་མ་ཚོར་དྲོས་ཇའི་སྐབས་སུ་ཚལ་བཟའ་རྒྱུ་ཡོད་འགྲོ་བས། གོ་རེ་སྐམ་ཟ་བྱེད་པའི་ལོ་རྒྱུས་དེ་མཇུག་རྫོགས་སོང་བ་ཡིནཞེས་སྤྲོ་བའི་ཉམས་ཀྱིས་ལབ་འོངས།

ཨ་ཅེ་སྒྲོལ་མ་ཡང་ཁོའི་རྗེས་འབྲངས་ནས་སྒོར་ཡོང་སྟེཁྱོད་འདི་བུ་ངར་ཟེར་བ་རེད། གཞུང་དོན་ཡོད་ཚད་འགྲུབ་ནས་ཡོང་བཞིན་པའི་ཐོག་ལ། རང་དོན་ཡང་ཞོར་ན་ལུས་སུ་འཇུག་གིན་མི་འདུག་ཟེར། ཁང་བ་ལས་ཚར་སོང་ངམ། ཕལ་ཆེར་ཚར་ཡོད་ངེས། ད་ནི་དགེ་རྒན་འཇིགས་མེད་རབ་བརྟན་ཚང་ལ་ཤུལ་འཛིན་ཡོད་སོང་བ་རེད། བླ་སོང་མའི་སེམས་ཀྱང་བདེ་ལ་བབས་ཆོགཅེས་ཟེར་ཞོར་རྗེས་དྲན་མཆོད་རྟེན་ལ་བལྟས་ཙམ་བྱས་རྗེས། ཡང་ཅི་ཞིག་བརྗོད་འདོད་ཀྱི་ཉམས་དང་བཅསད་ནི་ཁྱོད་ཀྱང་ལོ་ན་མི་ཆུང་བས། སྔ་མོ་ནས་བཟའ་ཚང་ཞིག་བཙལ་ན་བཟང་། གོ་ཐོས་ལྟར་ན་བླ་སོང་མས་ཁྱོད་ཀྱི་ཕུ་བོ་སྐལ་བཟང་འབུམ་བཟའ་ཟླ་གཉིས་ཀྱི་དྲུང་དུ་མོ་ལུས་ཤིག་བླངས་འདུག་ཟེར། བླ་མ་ཚང་གིས་དངོས་སུ་དེ་ལྟར་གསུངས་པ་ཡིན་ཟེར་བས། ད་ནི་ང་ཚོ་ཚང་མ་སེམས་བདེ་ལ་བབས་ཆོག་ཆོག་རེད། ཡིད་ངོའི་སྡུག་མུན་ཅི་ཡོད་སངས་པར་བྱས་ན་འགྲིག རྒྱུ་མཚན་དེའི་དབང་གིས་ཁྱོད་ཚོས་སྔོན་ཆད་བསྐྱངས་པའི་སློབ་མའི་ནང་དུ་བུ་མོ་སྐོར་ཞིག་ལས་བྱེད་ནང་ཞུགས་འདུག རྒྱུད་འཇམ་ཡག་མ་འགའ་རེ་ཡང་ཡོད་པས། བསམ་བློ་སྐོར་ཞིགཅེས་སྐད་མགོ་ཇེ་དམའ་རུ་བཏང་ནས་བརྗོད་པ་ལ།

བརྩོན་འགྲུས་རྒྱ་མཚོ་དགོད་ཙམ་བྱས་ཤིང་།
རྐེད་པར་གསེབ་པའི་དིང་གླིང་ལག་ཏུ་བླངས་རྗེས
བཀའ་དྲིན་ཆེ། ཨ་ཅེས་ང་ལ་སེམས་ཁྲལ་བྱས་པར་བཀའ་དྲིན་ཆེཞེས་སྨྲས་མ་ཐག ཁང་བའི་གཡས་ཕྱོགས་སུ་གསེག་ལམ་ཆུང་ངུ་ཞིག་ཡོད་པ་བརྒྱུད་དེ་གྱེན་དུ་འཛེགས།

ཁོའི་ཕྱི་རྗེས་སུཨོཾ་ཏཱ་རེ་ཏུ་ཏཱ་རེ་ཏུ་རེ་སྭ་ཧཱ
ཞེས་ཟློ་བའི་སྒྲ་སྐད་གསལ་བོ་དེ་རླུང་གི་རྒྱུ་ཕྱོགས་དང་འགྲོགས་ནས་བར་མེད་དུ་གྲག་ཡོང་།

ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་གཙོ་ཁོ། དེ་སྔོན་གངས་ལྷ་མེ་ཏོག་འཇིག་རྟེན་འདིར་ཡོད་དུས་བསྟན་མྱོང་བའི་སྡོང་བོ་གཤར་ནས་ཡོད་པའི་གནས་དེའི་རྒྱུད་དུ་སླེབས་པར། དེའི་གོང་གི་ཞིང་ཁའི་གཏད་མར་ཞེང་ལ་སྨི་གཅིག་ལྷག་ཡོད་པའི་ས་བསློགས་ཏེ་གྱང་ཆུ་བསྐྱིལ་འདུག་ལ། ཆུ་བསྐྱིལ་ནས་དུས་ཡུན་རིང་བོ་མ་འགོར་བས། དེ་ནི་ས་རློན་དུ་བཏང་བ་མ་ཡིན་པར་ས་འདམ་དུ་བཏང་བ་དང་ཡོངས་སུ་མཚུངས། ཁོས་གོམ་འགྲོས་དལ་མོར་སྒྱུར་བཞིན་ཞིང་མཐའ་ཡོངས་སུ་བསྐོར་ནས་ཕྱིན་པར། དུས་ཚོད་སྐར་མ་བཅུ་ལྷག་གི་མཚམས་སུ་གཞི་ནས་སློབ་གྲྭའི་སྒོ་ཆེན་ཡོད་སའི་ཕྱོགས་དེར་འབྱོར།

གནས་དེ་གར་ཁོ་སློབ་གྲྭའི་ནང་དུ་མ་སོང་སྟེ། གོམ་ཁ་མུ་མཐུད་དུ་སྒོ་ཆེན་ལས་གོང་དུ་ཐག་ཚད་གཉིས་ལྷག་གི་སར་བསྐྱིལ་འདུག་པའི་རྫིང་བུ་འབྲིང་ཙམ་དེའི་ཁ་རུ་ཕྱིན། རྫིང་བུའི་ཁར་ཆུ་འདྲེན་འཕྲུལ་ཆས་ཤིག་གིསཐམ་ཐོམགྱི་སྒྲ་དྲག་པོར་འབྱིན་ཞོར། ཆུ་དྭངས་མོ་དེ་སྦུག་ལམ་བརྒྱུད་ནས་སློབ་གྲྭའི་བཟོ་སྐྲུན་གྱི་གནས་སུ་འདྲེན་པ་ཡིན། ཁོས་འཕྲུལ་ཆས་དེའི་བྱེད་ནུས་ལ་ཡུད་ཙམ་བལྟས་རྗེས། ད་ཅི་ཞིང་སར་སྐོར་བ་བྱེད་པ་ནང་བཞིན་ཆུ་རྫིང་འབྲིང་ཙམ་དེའི་མཐའ་ལ་སྐོར་བ་བྱས། སྐོར་བ་བྱས་ནས་ཆུ་བཟང་སྐེའི་གཡོན་ཟུར་གྱི་གྲམ་པའི་མཐིལ་ན་ཡོད་པའི་ཆུ་མིག་གང་ཞིག་འགྱིག་སྦུག་ལ་དྲངས་ནས་རྫིང་བུའི་གོང་དུ་ཤག་སྒྲ་དང་བཅས་འབབ་ས་དེར་སླེབས་པར་གོམ་པ་སྤོ་མཚམས་བཞག་པ་དང་། འགྱིག་སྦུག་ལས་ཆུ་དྭངས་མོ་དག་མཚམས་རེར་མང་ཙམ་དང་ལན་རེར་ཉུང་ཙམ་འབབ་པའི་ཚུལ་ལ་ལྟ་བའི་ཚེ་ན། དབང་མེད་དུ་ཁ་སྐོམ་པའི་སྣང་བ་ཞིག་སྐྱེས་པས། མར་བབས་ནས་གུམ་ཙོག་གི་ཚུལ་དུ་བསྡད་འཕྲལ། ལག་གཡས་པ་ཕར་བསྲིངས་ནས་བཀྲུས་ཚར་བ་ལ། ཁྱོར་བའི་ནང་ཆུ་བླངས་ཏེ་ལན་འགར་འཐུངས། ཉི་མ་ཙད་པ ཅུང་ཆེ་ཡང་ཆུ་ནི་ཧ་ཅང་འཁྱག་པས། གཤེར་ཁུ་དེ་ཐོག་མར་ཁ་དང་དེ་ནས་མགྲིན་པ། མཐའ་མར་ཕོ་བའི་ནང་བཞུར་ནས་འགྲོ་བའི་མཚམས་དག་ཀྱང་ཡོངས་སུ་ཚོར་འདྲའི་སྣང་བ་ཤར།

ཆུ་འདྲེན་འཕྲུལ་ཆས་ཀྱིཐོམསྒྲ་ཆད་པ་དང་མཉམ་དུསློབ་གཙོ་ལགས། ཁྱོད་འདི་གར་ཡོང་བ་ཡིན་ནམ། ཆུ་འཁྱག་འཐུང་བ་ལས་སློབ་གྲྭ་གསར་བའི་ནང་ཇ་བཏུང་དུ་སོང་ན་བཟང་། ང་ཚོའི་ལས་དཔོན་གྱི་ས་རུ་ཇ་བཟང་བོ་ཡོདཅེས་རྒྱ་སྐད་ཀྱིས་སྨྲ་བའི་སྒྲ་ཞིག་བསེར་རླུང་དང་འགྲོགས་ནས་ཁོའི་རྣ་སྒོར་འབྱོར་འོངས། ཆུ་རྫིང་འབྲིང་བའི་མཐའ་ལ་བལྟས་པར། དེ་ནི་ལག་རྩལ་པ་ལོ་ཆུང་དེ་ཡིན་པས། ཁོས་ཀྱངཡ་ལགས། ཁྱོད་ཀྱིས་ཅུང་ཙམ་སྒུགས་དང་། འུ་གཉིས་མཉམ་དུ་འགྲོཞེས་རྒྱ་སྐད་ཀྱིས་ལན་ལྡོན་ཚར་མ་ཐག ཡར་ལངས་ཏེ་ཆུ་འདྲེན་འཕྲུལ་ཆས་ཡོད་སར་ཕྱིན།

ཁོ་གཉིས་མཉམ་པོར་གསར་དུ་ལས་བཞིན་པའི་ཤར་ལུང་ཚོ་དྲུག་སློབ་ཆུང་ནང་ཕྱིན་པར། དེ་གའི་ཁང་བ་ཡོད་ཚད་བརྩིགས་ཤིང་ཀླད་བཀབ་ནས་ཚར་བ་ལ། ད་ལྟ་ལས་བཟོ་པ་དག་ནི་རྩིག་ངོར་ཨར་འདམ་གྱིས་འདག་ཞལ་བྱེད་པ་དང་། སྒོ་དང་སྒེའུ་ཁུང་སྤྲོད་པ་སོགས་ཀྱི་ལས་ཀར་བྲེལ་ནས་ཡོད། ཁོ་ཚོའི་ལས་དཔོན་གྱིས་སློབ་གཙོ་ཡོང་བ་མཐོང་བར། ཐག་རིང་ནས་འཚམས་འདྲི་བྱས་སོང་ལ་ཐག་ཉེ་ནས་ལག་འཇུ་བྱས་བྱུང་། ལག་འཇུའི་མཐའ་ལ་ཁོ་ལས་གནས་རེ་རེར་ཁྲིད་དེ་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་ཅི་ཐུབ་བྱེད་པར་མ་ཟད། བཟོ་སྐྲུན་གྱི་སྤུས་ཀ་དག་ཚུལ་དང་ཕྱི་ལོའི་དཔྱིད་ཀར་སློབ་གྲྭ་གྲམ་པའི་ཕ་རོལ་ནས་ཚུ་རོལ་ཏུ་སྤོ་ཐུབ་ཚུལ་བཅས་ཀྱང་དཔའ་ཁས་ལེན་གྱི་ངང་དུ་བཤད་འོངས།

ལྟ་སྐོར་ཡོངས་སུ་རྫོགས་པར། ལས་དཔོན་གྱིས་ཁོ་ཁྲིད་ནས་རང་གི་སྡོད་ཤག་ཏུ་ཡོང་བ་དང་། ཤེལ་ཕོར་གཙང་མ་ཞིག་གི་ནང་ཇ་ལོ་མཐོང་མ་མྱོང་བ་ཞིག་བཏབ་རྗེས། གཞི་ནས་ཚ་དེམ་ལས་ཆུ་ཁོལ་བླུགས་ཏེ་ཁོའི་མདུན་ཅོག་སྟེང་ལ་བཞག་བྱུང་། མཐུད་ནས་ཁུག་མ་གཡས་པ་ལས་དུ་བ་བླངས་ནས་རང་གི་ཁའི་ཟུར་དུ་བཙུགས་པ་དང་། དེ་ནས་ཁུག་མ་གཡོན་པའི་ནང་ལག་པ་བཏང་ནས་འབར་ཞུན་བླངས་འཕྲལ་མེ་བསྒོས་ནས་དུ་བ་འཐེན་མགོ་བརྩམས། དུ་བ་འཐེན་སྐབས་ཕར་ཕྱོགས་སུ་ཡོད་པའི་འདུག་སྟེགས་དེ་ཚུར་འཐེན་ནས་སློབ་གཙོའི་ཁ་གཏད་དུ་ཙོག་རྗེས། མུ་མཐུད་ནས་སློབ་གྲྭའི་བཟོ་སྐྲུན་ཐད་ཀྱི་ཁ་བརྡ་གློད་བྱུང་།

དུས་ཡུན་ཅི་འདྲ་ཞིག་འགོར་བ་རྟོགས་དཀའ་ཡང་། ལས་མཚམས་འཇོག་ལ་ཉེ་བའི་དུས་ཤིག་ཏུ། ད་ཅིའི་ལག་རྩལ་པ་ལོ་ཆུང་དེ་ལས་དཔོན་གྱི་སྡོད་ཤག་ཏུ་ཡོང་ནསཁ་ལོ་པ་ངེད་གཉིས་ཅང་མི་འགོར་བར་རྫོང་ཐོག་ཏུ་དངོས་པོ་ཙག་ཙིག་ཉོ་རུ་འགྲོ་དགོས་པར། ལས་དཔོན་ཁྱོད་ལ་དོན་དག་གཞན་ཨེ་ཡོདཅེས་འདྲི་བར་བྱེད།

ལས་དཔོན་གྱིསཅང་མེད། ཁྱོད་གཉིས་སང་ཉིན་དྲོས་ཇའི་སྔོན་ལ་སླེབས་པར་བྱོསཞེས་ལབ་མ་ཐག ཡར་ལངས་ཏེ་ཚ་དེམ་བླངས་ནས་བརྩོན་འགྲུས་རྒྱ་མཚོའི་ཇ་ཕོར་ཁར་ཆུ་ཁོལ་སྣོན་རྩིས་བྱས།

ད་ཡིན། ཇ་མ་འཐུངས་པའི་བསམ་པ་མེད། ཁ་བརྡ་ཡང་ཡོད་ཚད་བྱས་ནས་ཚར་སོང་། མདོ་དེད་ན་ངའི་རེ་བ་ནི་ད་ལོའི་དགུན་མ་ཚུགས་བར་དུ་ཁང་བ་ཡོངས་རྫོགས་ཚགས་པར་བྱེད་དགོས། བླ་མ་ཨ་ཚོགས་ཚང་ཡང་ལས་འཁྱུར་ངལ་གསོ་བྱས་ཟིན་པས། སང་ལོ་ནས་བཟུང་ལྷ་ལྡན་དགོན་པ་རུ་བཞུགས་རྩིས་འདུག ཁོང་མ་སླེབས་པའི་སྔོན་ལ་ང་ཚོས་ཤར་ལུང་ཚོ་དྲུག་སློབ་ཆུང་འདི་སློབ་གནས་གསར་བ་རུ་སྤོར་ཐུབ་དགོས། གོང་རིམ་ལ་རྩིས་ཡག་པོ་འཕྲོད་དུ་འཇུག་དགོས། དོན་ཆེན་དེ་གྲུབ་ཚེ། ངས་ཁྱོད་ལ་ལུག་བཤའ། ཤ་དང་རྒྱུ་མ་བཙོ། འོ་ཇ་སྐོལ། ཆང་ལྡུད། ཨེ་ཆོག་གམ།” སློབ་གཙོ་གསར་བ་ཁོ་ཡར་ལངས་ཞོར་དུ་ལས་དཔོན་ལ་དེ་ལྟར་བརྗོད་པ་དང་། མཐུད་ནས་གདོང་ལག་རྩལ་པ་ལོ་ཆུང་དེའི་ཕྱོགས་སུ་འཁོར་ནསཁྱོད་ཚོའི་རླངས་འཁོར་རྫོང་མཁར་དུ་འགྲོ་ན་ཧ་ཅང་བཟང་། ད་རུང་ཉི་མ་ནུབ་པར་དུས་ཚོད་ངེས་ཅན་ཞིག་ཡོད་པས། ང་ཡང་རང་སྡེའི་སྡེ་འདབས་ཐུར་ལ་ཁམས་གཡེང་དུ་འགྲོ་འདོད། དུས་ཡུན་རིང་བོ་ཞིག་ལ་ཁམས་གཡེང་དུ་མ་སོང་བས། དོན་དག་མང་བོས་སེམས་ཁོང་འཁྲུགས་པར་བྱས་འགྲོ། གནངས་ཉིན་སློབ་གྲྭ་ཚོགས་པ་ན། དེ་འདྲའི་གོ་སྐབས་ཡོད་མི་སྲིདཟེར་ཞོར་ལས་དཔོན་གྱི་སྡོད་ཤག་ལས་ཕྱི་རུ་ཐོན་ཡོང་།

ལས་དཔོན་གྱིསདེར་འདང་རྒྱག་མེད། ད་ནི་བཟོ་སྐྲུན་གྱི་མཇུག་གི་རིམ་པར་སླེབས་ཡོད་པས། ལས་ཀའི་མྱུར་ཚད་ཇེ་མགྱོགས་ལ་བུད་འགྲོ། དེས་ཀྱང་མི་ཆོག་ཟེར་ན། ངས་ལས་བཟོ་པ་ཇེ་མང་ལ་གཏོང་ངེས། དེ་བས་ཁྱོད་ཀྱིས་ཟས་སྟོན་སྔ་མོར་རོལ་ཐུབ་ན་བསམ་ཡོདཅེས་དགོད་ཞོར་དུ་སྨྲ་བཞིན་ཁོ་གཉིས་རླངས་འཁོར་ཡོད་སའི་བར་བསྐྱལ་ཡོང་།

སྡེ་འདབས་ཀྱི་གཞུང་ལམ་དེ་རི་འབུར་སབ་སོབ་མང་བོའི་ནང་དུ་ཟུག་སར་མ་གལ་གྱི་སྡོང་རྒན་ཞིག་འགྲེང་ཡོད་པ་དེར་བསླེབ་ལ་ཉེ་མཚམས་སུ། བརྩོན་འགྲུས་རྒྱ་མཚོ་ནི་རླངས་འཁོར་གྱི་མགོ་སྒམ་ལས་སར་བབས་བྱུང་། ཁོས་དེའི་ནང་སྡོད་པའི་རྒྱ་མི་གཉིས་པོརསླར་མཇལཞེས་བཤད་དེ་ལག་གཡུག་འགའ་བྱས་པར། རླངས་འཁོར་གྱིས་དུང་སྒྲ་སིང་སིང་བ་ཞིག་བསྒྲགས་རྗེས། གཞུང་ལམ་དེད་ནས་བྱ་འཕུར་བ་བཞིན་བུད་སོང་སྟེ། ཤུལ་དུ་རྡུལ་རིམ་པ་ཞིག་ཕྱི་རུ་བསྐྱུར་བར་མངོན།

ཁོ་དེ་སྔོན་ཨ་ཅེ་སྒྲོལ་མར་གྱེས་ཏེ་སློབ་གནས་གསར་བའི་ཕྱོགས་སུ་ཆས་དུས་དང་འདྲ་བར། དིང་གླིང་ལག་ལ་བཟུང་སྟེ་ཆེ་ཆུང་མི་འདྲ་བའི་ཞིང་ས་དག་གི་གཏད་མ་རྐྱང་རྐྱང་དེད་ནས་ཕྱིན། ཞིང་ས་དེ་དག་རིམ་གྱིས་བརྒལ་པ་ལ། གཞི་ནས་སྡེ་བའི་གཡས་ཟུར་གྱི་རི་སྒང་དེ་རིམ་བཞིན་ཇེ་དམའ་རུ་གྱུར་ནས་ཞིང་ས་དང་འབྲེལ་སའི་བར་དེར་འབྱོར། དེ་གར་ཁོ་ནི་ས་ལོབས་ཆུ་ལོབས་ཡིན་པས། ལམ་ཕྲན་གྱ་གྱུ་ལྡན་པ་ཞིག་རི་སྒང་དེའི་གདོང་སྣར་འཐེན་འདུག་པའི་ནང་ཞུགས་པར། ལམ་དུ་འགྲོ་བར་སྔོན་ཏག་ཏག་ལ་ཞིང་ཚིགས་བརྒྱུད་ནས་ཡོང་བ་དང་མི་འདྲ་སྟེ། རྡོག་འོག་རབ་ཅིག་ཇེ་བདེར་ཕྱིན་འདྲའི་སྣང་བ་བྱུང་། སྣང་བ་དེར་བརྟེན་ནས་ཁོ་ནི་ལྷོད་ཡང་ལྡན་པའི་ངང་དུ་རི་སྒང་གི་གདོང་སྣར་གཏད་ནས་འགོས་པ་ལ། ཆུ་ཚོད་སྐར་མ་བཅུ་ལྷག་ལས་མ་འགོར་བར། སྔོན་ཆད་རང་ཉིད་ར་རྫི་བྱས་མྱོང་དུས་སྐྱིལ་མོ་ཀྲུང་དུ་སྡོད་སའི་རྡོ་ཕ་བོང་ཁྲི་འདྲ་བ་དེའི་འགྲམ་དུ་སླེབས། རྡོ་ཕ་བོང་ནི་སྔར་བཞིན་འགྱུར་བ་མེད་པར་འདལ་ནས་འདུག་སྟེ། སྟེང་དུ་མི་སོགས་སེམས་ཅན་གཞན་དག་ཡུན་རིང་མ་བསྡད་པ་འདྲ། མཐའ་བཞི་དང་འགྲམ་ངོས་སུ་རྡོ་རྩི་སེར་པོ་སྲབ་མོ་རེ་མངོན་ནས་ཡོད། ད་ལྟ་མིག་གིས་མཐོང་ཚད་ཀྱི་ལྷོ་མཐའ་རུ་སྤྲིན་པ་སྲབ་མཐུག་མི་མཉམ་པ་ཞིག་འཕྱུར་བཞིན་པའི་རྐྱེན་ལོས་ཡིན། རླུང་བུ་འཁྱག་པ་རེའང་ལན་རེར་དྲག་ཅིང་ལན་རེར་ཞི་བའི་ཚུལ་དུ་ལྡང་འོངས་པས། ཁོས་དཔུང་ཁུགས་སུ་ལྟེབས་ནས་བཟུང་ཡོད་པའི་རླུང་ལྭ་ཐང་བཅད་ནས་གོན་དགོས་བྱུང་ལ། གོན་ཚར་མ་ཐག་ཏུ་འདབས་ཀ་རྐེད་པའི་བར་བརྫེས་རྗེས། སྔོན་ཆད་གོམས་ལོབས་སུ་སོང་ཡོད་པ་ལྟར་ཕ་བོང་སྟེང་བུད་དེ་སྐྱིལ་མོ་ཀྲུང་དུ་ཙོག་འཕྲལ། དིང་གླིང་ལག་ཏུ་བཟུང་ནས་མིག་འོད་སྒོར་ཐང་སྡེ་བའི་སྟོད་སྨད་བར་གསུམ་ལ་རང་དབང་དུ་བསྒྱུར་པར་བྱས།

རང་གི་ལྟེ་ཁྲག་འཕོ་སའི་སྡེ་བ་འདི་དང་ཤར་ལུང་ཚོ་དྲུག་གི་ས་ཆ་འདིའི་ནང་བཅུད་ཀྱི་སེམས་ཅན་ལ་འགྱུར་བ་རབ་དང་རིམ་པ་མང་བོ་བྱུང་བ་མ་གཏོགས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་འགྱུར་བ་ཆེར་མེད་པར་སྔོན་ཆད་དང་ཅུང་འདྲ་བར་སྣང་། མི་འདྲ་ས་ཞིག་ཡོད་པ་ནི་སྡེ་སྟོད་དུ་ལས་ཟིན་པའི་ཆུ་མཛོད་དེའི་དྲིན་ལ། དུད་ཚང་རེ་རེའི་གཡུལ་ཁ་ཆུང་ངུར་བརྩིགས་པའི་ཚར་མ་ཇེ་མཐོར་འགྲོ་བཞིན་པ་དང་། སྡེ་བའི་སྨད་ཕྱོགས་སུ་སྡོང་བོའི་ཁེབས་ཚད་ཇེ་ཆེ་ལ་རབ་ཅིག་སོང་ཡོད་པ་བཅས་རེད། ད་དུང་ཆུ་མཛོད་འགྲམ་ནས་དྭངས་གསལ་ཆུ་མོ་འགྱིག་སྦུག་བརྒྱུད་ནས་ཁྱིམ་ཚང་རེ་རེའི་ལྷས་རར་དྲངས་ཡོད་པས། སྔོན་ཆད་ལྕགས་ཟེའུ་ཁུར་ཏེ་ཆུ་མིག་ཁར་འགྲོ་བའི་སྡེ་མི་དག་གི་གཟུགས་བརྙན་སོགས་མཐོང་ཐབས་བྲལ།

འབའ། འབའ……” བར་དེར་ར་ལུག་འགའ་རེ་ཁོ་སྡོད་སའི་ཕ་བོང་ཁྲི་འདྲ་བ་དེའི་ཉེ་སར་བཅར་ཡོང་བས། ཁོས་དིང་གླིང་ཐོགས་ཡོད་པའི་ལག་གཡས་པ་ཡར་བཀྱགས་ཏེགཡང་ལ་ཆ་བོ། ཕར་སོངཞེས་བསྒྲགས་པ་ལ། སྲོག་ལྡན་དེ་དག་ཀྱང་འདྲོགས་ལངས་ནས་རི་ཟུར་ལས་ཡལ་བར་གྱུར། ལོ་འགའི་སྔོན་ནས་གཞུང་ཟོག་སྒེར་ལ་བགོས་ཟིན་པས། སྔོན་ཆད་ལྟར་སྡེ་བ་གཞུང་དུ་བཀོད་སྒྲིག་བྱས་པའི་ར་རྫི་དང་ལུག་རྫི། ཟོག་རྫི་བཅས་མེད་པས། དུད་ཚང་སོ་སོས་ནངས་དུས་སྒོ་ཟོག་ཅི་ཡོད་སྡེ་བའི་གཡས་ཟུར་གྱི་རི་སྒང་ཕྱོགས་སུ་དེད་འགྲོ་ལ། ཕྱི་དྲོ་རི་སྒང་གི་འདབས་ལ་ཡོང་ནས་ཕྱིར་འདེད་པར་བྱེད་དེ། དེད་ནས་སྡེ་བའི་སྲང་བར་དུ་སླེབས་འཕྲལ། ཡང་རང་རང་གི་ཟོག་ངོས་བཟུང་ནས་རང་ཁྱིམ་གྱི་སྒོ་སྔུན་དུ་འཇུག་པ་ཡིན།

ར་ལུག་དེ་དག་མཐོང་བ་ལ། བརྩོན་འགྲུས་རྒྱ་མཚོའི་སེམས་པར་གཤོག་པ་ཐོགས་ཏེ་ལོ་བཅུ་ཕྲག་གཅིག་ལ་ཉེ་བའི་སྔོན་གྱི་སྟོན་ཁ་དེར་འཕུར་སོང་།
དེའི་དུས་ཁོས་ཀྱང་དེ་རིང་དང་འདྲ་བར་ལག་ཏུ་དིང་གླིང་བཟུང་ནས་ཡོད། ད་དུང་བོད་ལྭ་རྙིང་བ་གོན་ནས་ཡོད། སྐ་རགས་བར་དུ་འུར་ཆ་བསྣར་ནས་ཡོད། རྐང་མགོར་དམག་ལྷམ་སེར་པོ་སྣ་མགོ་བརྡོལ་པ་ཞིག་གོན་ནས་ཡོད། ཡིན་ནའང་ད་ལྟ་རང་ངོས་སུ་འགྱུར་ལྡོག་ལྡབ་ཀྱིས་བྱུང་ཡོད་དེ། མགོ་ལ་རས་ཞྭ་གོར་མོ་སྐྱ་མདོག་ཅན་གོན་ཡོད། ལུས་སུ་ཚི་ལེན་ལུག་ཚིལ་ལས་དཀར་བ་གོན་ནས་ཡོད། ཁོག་སྨད་དུ་རྐང་སྣམ་སྣག་ཚའི་མདོག་ལ་འགྲན་པ་གོན་ཡོད། རྐང་ལ་ཀོ་ལྷམ་མཚམས་སྤྲིན་ལས་ཀྱང་མཛེས་པ་གོན་ནས་ཡོད། མདོར་ན་དམག་ལྷམ་སེར་པོ་སྣ་རལ་ནས་ཀོ་ལྷམ་དམར་སེར་འོད་ཅན་གོན་པའི་བར་དུ། ཁོ་དང་ཁོའི་ཁོར་ཡུག་ཏུ་འགྱུར་ལྡོག་རབ་དང་རིམ་པ་མང་བོ་བྱུང་ཟིན་པ་མ་ཡིན་ནམ། རང་ངོས་ནས་བསླབ་ལ་བརྩོན་པའི་འབྲས་བུར། དམངས་སྒྲུབ་དགེ་རྒན་ཕལ་བ་ཞིག་ནས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་བྱུང་ལ། ད་ནི་རང་སར་ལོག་སྟེ་ཤར་ལུང་ཚོ་དྲུག་སློབ་ཆུང་གི་སློབ་གཙོར་ཡང་གྱུར
…… ཁོར་ཡུག་ལ་མཚོན་ནའང་ཨ་ཁུ་འདས་ཟིན་ཅིང་། ཕ་མ་གཉིས་ཀ་རྒ་བཞིན་ཡོད་ལ། ཚ་བོ་ཚ་མོ་དག་ལག་ཆགས་བཞིན་ཡོད་པར་མ་ཟད། མཛེས་སྡུག་ཡིད་ཀྱི་ཐིག་ལེ…… ཚུལ་དེ་དག་དྲན་ཡོང་བར། སེམས་ཀྱི་ཟབ་ས་རུ་སྐྱོ་བའམ་གདུང་བ། སྟོང་བའམ་ཆད་པའི་ཚོར་སྣང་སྣ་ཚོགས་ཤིག་ཆར་ཤུལ་གྱི་ཁ་ལ་ཡུག་ལྟར་འཚང་ཡོང། དེ་རིང་ཡང་རྩལ་ལྡན་གྱི་འདབ་ཆགས་ཆུང་བ་དེ་དག་འདི་གར་མངོན་པར་གྱུར་ན་ཅི་མ་རུང་། མངོན་པ་བརྒྱུད་ནས་སེམས་ཁོང་གི་ཟང་ཟིང་སྣ་ཚོགས་ཞི་འཇགས་སུ་སོང་ན་ཅི་མ་རུང། ལྷག་པར་ཕྱིར་དྲན་ལ་འཆོར་སླ་བའི་རང་གི་སེམས་པ་འདི་ནང་དུ་བསྡུ་ཐུབ་ན་ཅི་མ་རུང……

ཡིན་ནའང་ཉིན་འདི་དག་གི་རིང་དུ། རྨ་གཞུང་རྫོང་ཁོག་དང་སྒོས་སུ་ཤར་ལུང་ཚོ་དྲུག་གི་ལུང་གཞུང་འདིའི་མཁའ་རུ་ཆར་སྤྲིན་མ་ལངས་ལ། ས་རུ་ཆར་ཐིགས་མ་བབས་པས། ཁོའི་སེམས་པ་གཡེང་བར་སླ་བའི་ཁ་ལ་ཡུག་གི་ཁྱུ་ཚོགས་ཀྱང་མངོན་པར་མ་གྱུར། སྣང་ཚུལ་དེ་ནི་སྟེས་དབང་གིས་འབྱུང་ངེས་ཤིང་གཞན་དབང་གི་རོལ་རྩེད་ཅིག་ཡིན་པ་ལ། རང་སེམས་ཞི་འཇགས་སུ་ཡོང་བར་རང་དབང་ཆེས་ཆེ་བ་ནི་ལག་ཏུ་འཆང་བའི་དིང་གླིང་ཁོ་ན་ལས་མེད་པར་བརྟེན། ཁོས་དལ་བ་དལ་བུར་དིང་གླིང་གི་ཁ་དེ་རང་གི་མཆུ་འདབ་ཏུ་སྦྱར་བ་དང་། ལག་པ་ཟུང་ལས་དཀྱིལ་གྱི་མཛུབ་མོ་གསུམ་པོ་དིང་གླིང་གི་ངོས་སུ་བཏོད་ཡོད་པའི་བུ་གའི་སྟེང་དུ་བཞག་སྟེ་བག་ལྷོད་པའི་ངང་རོལ་ཆས་དེ་འབུད་མགོ་བརྩམས། དེ་རིང་གི་འབུད་ཚུལ་ནི་སྔོན་ཆད་དང་ཅུང་མི་འདྲ་སྟེ། དབྱངས་ཀྱི་འགྱུར་ཁུགས་རེ་རེའི་ནང་དུ་གོང་དུ་སྤྲོས་བརྗོད་བྱས་མ་ཐག་པའི་སེམས་ཀྱི་འགྱུ་བ་རེ་རེ་ནི་ཆུ་ལ་ཆུ་བཞག་ཏུ་འདྲེས་པར་བྱས་བྱུང་ངོ་། །

དུས་ཡུན་ངེས་ཅན་ཞིག་འགོར་རྗེས་སུ། དགོང་ཁའི་ཉི་འོད་བསྒྲིབས་པའི་སྤྲིན་གྱི་ཡོལ་རས་སྲབ་བུ་དེས་བརྩོན་འགྲུས་རྒྱ་མཚོ་སྡོད་སའི་རི་སྒང་འདི་ཚད་རིམ་མི་འདྲ་བར་ཁྱུར་མིད་བྱས་བྱུང་། སྟོན་རླུང་བསིལ་མོ་ནི་དེ་དང་འགྲོགས་ནས་ཤོར་ཡོང་སྟེ་ཁོའི་རླུང་ལྭ་བར་མེད་དུ་སྒུལ་བ་ལ། ཁོར་དབང་མེད་དུ་གྲང་འདར་ཞིག་རྒྱག་ཏུ་བཅུག གྲང་འདར་དེར་བརྟེན་ནས་བརྩོན་འགྲུས་རྒྱ་མཚོས་རང་གི་མིག་འོད་རང་གི་ལྟེ་ཁྲག་འཕོ་སའི་སྒོར་ཐང་སྡེ་བའི་གཞི་ནས་བླངས་ཏེ་ནུབ་མཐར་འཕངས། ཉི་མ་སེར་པོ་ནི་དངོས་གནས་བོད་ཀྱི་བཤད་ཚུལ་ལྟར་ཤིང་རྟ་བདུན་གྱིས་དྲུད་ནས་ནུབ་རིའི་རྩེ་ཡི་སྤྲིན་པའི་བར་དུ་ཤོར་ཟིན་ཏེ། དེ་གའི་སྤྲིན་པ་དག་ཀྱང་སྲབ་མཐུག་སྣ་ཚོགས་ཅན་ཡིན་ལ། ཉི་འོད་སྐོར་ཞིག་ནི་སྤྲིན་པའི་སྒྲིབ་ཡོལ་སྲབ་བུ་དེ་དག་གིས་མ་ཁོགས་པར་ཤར་གྱི་མཁའ་ཀློང་དུ་གསལ་ལ་མི་གསལ་བར་འདྲེས་ནས་ཡོད།

ཁོས་དིང་གླིང་འབུད་ཞོར་མཁའ་ཀློང་ཡངས་མོ་དང་ནུབ་མཐའི་མཚམས་སྤྲིན་སོགས་ལ་ལྟ་བཞིན་པའི་སྒང་དེར། སྐྱ་ཀ་ཁྲ་མོ་ཞིག་རྒྱང་རིང་ནས་འཕུར་ཡོང་སྟེ། ཁོའི་ཞོལ་གྱི་རི་ཟུར་དུ་མངོན་པའི་རྡོ་འཇོང་ཞིག་གི་སྟེང་དུ་བབས་བྱུང་། བབས་ནས་མགོ་བོ་སྒུར་ཙམ་དང་མཇུག་སྒྲོ་སློང་ཙམ་གྱིསཅག་ཅག ཅག་ཅག ཅག་ཅགཅེས་སྐད་སྒྲ་ལན་མང་བསྒྲགས་འོངས། དིང་གླིང་གི་འགྱུར་ཁུགས་ཁྲོད་ཀྱི་བྱ་སྐད་དེ་ནི་ཧ་ཅང་སྙན། དེ་ནི་བསམ་བཞིན་དུ་ཁོར་རམ་བུ་འདེགས་པའི་ཚུལ་དུ་སྒྲོག་བཞིན་པ་དང་གཉིས་སུ་མེད།

ཅང་མ་འགོར་བར། སྡེ་འདབས་ནས་རྫོང་མཁར་ཕྱོགས་སུ་འཐེན་འདུག་པའི་ལམ་སྣེ་སྟེ། གཞུང་ལམ་གང་ཞིག་རི་འབུར་སབ་སོབ་མང་བོའི་ནང་དུ་ཟུག་པའི་བར་དེར་མི་ཞིག་གི་གཟུགས་བརྙན་མངོན་ཡོང་།
མི་དེའི་གོམ་འགྲོས་མྱུར་ལ་གོམ་པ་ལེན་ཚད་ཀྱང་རིང་བས། མྱུར་བ་མྱུར་བར་མ་གལ་སྡོང་རྒན་ཡོད་པའི་མཚམས་དེར་སླེབས་བྱུང་། དེ་ཡིས་ལུས་སུ་ཤམ་ལྭ་དམར་པོ་ཞིག་གོན་ཡོད་པ་ལས་བུད་མེད་ཅིག་ཡིན་པ་ཤེས་ནུས་ལ། རྒྱབ་ཏུ་རྒྱབ་ཁུག་ཁྲ་བོ་ཞིག་འཁུར་བ་ལས་ཤར་ལུང་ཚོ་དྲུག་ཕྱོགས་ཀྱི་འགྲུལ་པ་ཞིག་ཡིན་པའང་རྟོགས་ཐུབ། ཡིན་ནའང་འགྲུལ་པ་དེ་སྡོང་རྒན་གྱི་གོང་དུ་སླེབས་མ་ཐག སྒྲོག་ཏུ་ཚུད་པ་བཞིན་ལངས་ནས་ཡུད་ཙམ་བསྡད་སོང་ལ། དེ་ནས་ཡང་གོམ་པ་མྱུར་ལེན་བྱས་ཏེ་གཞུང་ལམ་དུ་ཡར་ཡོང་བར། ད་ཅི་བརྩོན་འགྲུས་རྒྱ་མཚོ་རི་སྒང་འདིར་གཏད་ནས་ཡོང་ས་དེའི་ཞིང་གི་གཏད་མ་བསྐོར་ནས་བུད་ཡོང་། དགོང་ཁའི་ལྷག་ཟེར་དམར་པོ་འདི་ཕྱོགས་སུ་མཆེད་པའི་འོག་ཏུ། མོའི་གདོང་གི་མིག་ཤེལ་བརྒྱུད་ནས་འོད་དཀར་པོ་ཞིག་བར་མཚམས་མེད་པར་ལམ་ལམ་དུ་འཕྲོ་བར་བྱེད།

སྣང་ཚུལ་དེ་གསལ་བོར་མཐོང་བས། ཁོས་དིང་གླིང་འབུད་པའི་སྒྲ་ནི་གྲིས་གཏུབས་པ་ལྟར་གློ་བུར་ཆད་སོང་ལ། མིག་གིས་ཀྱང་མུ་མཐུད་དུ་མར་གཤམ་ལ་མི་བལྟ་བར་མགོ་བོ་སྒུར་ནས་གྲག་མེད་འགུལ་མེད་དུ་བསྡད། ཡུད་ཙམ་ནས་ཁོ་ནི་སུ་ཞིག་གིས་བསྒྱེལ་པ་ལྟར་ཕ་བོང་ཁྲི་འདྲ་བ་དེའི་སྟེང་གན་རྐྱལ་དུ་ལོག་པ་དང་། དིང་གླིང་ཐོགས་པའི་ལག་གཡས་པ་ནི་བྲང་ཁར་བཞག་ཡོད་ཅིང་། ལག་པ་གང་ཞིག་སྙིང་གི་འཕར་ལྡིང་དྲག་པོ་དང་འགྲོགས་ཏེ་བར་མེད་དུ་འགུལ་བར་བྱེད། དེའི་དུས་ཁོས་མིག་ཟུང་ཆེས་ཆེར་ཕྱེ་སྟེ་གདུགས་ལྟར་ཁེབས་པའི་མཁའ་དབྱིངས་སུ་བལྟས་པར། མཐོང་ལམ་ལ་ཤར་བའི་དེ་རིང་གི་མཁའ་དབྱིངས་ནི་ནམ་རྒྱུན་ལས་ཀྱང་མཛེས་པར་མངོན། དེ་སྔོན་མཐོང་བའི་མཐའ་མེད་སྔོ་དྭངས་ཀྱི་ཆ་ལ་ད་ནི་དམར་ཤ་ཞིག་ཀྱང་འདྲེས་ཡོད་དེ། དེ་འདྲའི་རྒྱབ་ལྗོངས་ཆེན་པོའི་གཞི་རུ། མཚམས་སྤྲིན་ཕོན་པོ་ལྟ་བས་ཆོག་མི་ཤེས་པ་ཞིག་ནི་ཤར་ནས་ནུབ་ཀྱི་ཕྱོགས་སུ་དལ་བ་དལ་བུར་མཆེད་བཞིན་པ་གསལ་ཐག་ཆོད་པོར་མཐོང་བྱུང་།

མཆན་འགྲེལ།

ནག་མོ། ཀན་ལྷོའི་ཕྱོགས་སུ་ཆུང་མ་ལ་ནག་མོ་ཞེས་འབོད།

དྲི་སྐོར། ཨ་མདོའི་ཁ་སྐད་དེ། ཨ་ཞང་ཚང་སྟོན་མོར་ཕེབས་ཡོང་དུས། གཉེན་ཚང་གིས་མི་གཉིས་ཚན་ཆུང་རེ་བྱས་ནས་མངགས་ཏེ་ས་མཚམས་སུ་འཚམས་འདྲི་དང་ཆང་སྐལ་སྟེར་བར་བྱེད་པའི་ཆོ་ག་ཞིག་ཡིན།

གོང་ཆང་། ཨ་མདོའི་ཁ་སྐད་དེ། སྟོན་མོ་གྲོལ་ནས་ཨ་ཞང་ཚོ་ཆིབས་གོང་དུ་བུད་མ་ཐག་འདྲེན་པར་བྱེད་པའི་ཆང་ལ་བྱའོ།།

རྡུལ་སྤྲུགས། ཨ་མདོ་རོང་ཁུལ་གྱི་སྟོན་མོའི་མཇུག་སྡུད་སྟངས་ཤིག་སྟེ། མཚན་མོའི་དུས་སུ་སྡེ་བར་སྟོན་མོ་བྱས་ནས་གླུ་ལེན་གར་རྩེད་བྱེད་པ་དེར་གོ

སྐོན། དེ་ནི་སྟོན་མོ་མཇུག་བསྒྲིལ་ལ་ཉེ་མཚམས་སུ། གཉེན་ཚང་གིས་གོས་ཆེན་དང་ཁ་བཏགས་སོགས་སྐྱེས་བཟང་བོ་དག་དགའ་ཉེ་སྤུན་མཆེད་ཚོར་གྲལ་བར་ནས་བྱིན་ཏེ་ཤ་ཉེ་ངོས་འཛིན་པའི་ཆོ་ག་ཞིག་ཡིན། སྐྱེས་དེ་ཚོ་འཕྲོས་སུ་ཅང་མ་འགོར་བར་གཉེན་ཚང་ལ་ཕྱིར་སྟེར་བར་བྱེད།

ཅ་ལ། ཨ་མདོའི་ཁ་སྐད་དེ། བུད་མེད་ཚོའི་རལ་ལམ་མཛེས་པར་རྒྱན་བྱེད་ཀྱི་རས་སྐུད་སྒྲིམ་མ་ཞིག

ཨ་ཡེ། ཨ་མདོའི་ཁ་སྐད་དེ། ཨ་ཕྱི་ཡི་དོན།

མཐེབ་ཐུག གྲོ་ཕྱེ་བརྫིས་མ་གླེབ་ཅིང་འབྲེང་བ་ལྟར་དཔྱངས་ནས་མཐེབ་གཅོད་བྱས་ཏེ་བཟོས་པའི་ཐུག་པར་གོ

ཅན་བཞི།དེ་ནི་བར་སྐབས་དེར་སྒྲོག་པར་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་ཏེ། སོ་སོར་བཟོ་ལས་དང་ཞིང་ལས། རྒྱལ་སྲུང་། ཚན་རྩལ་ཐད་དེང་རབས་ཅན་དུ་འགྱུར་དགོས་པ་དེའོ། །

གཅུ་ལོག ཨ་མདོའི་ཁ་སྐད་དེ། བར་འདིར་ཚོར་བ་མང་བོ་གཡས་འཚང་གཡོན་འཚང་བྱས་ཡོང་ནས་སེམས་པ་གཟེར་བྲེང་ངེར་གཏོང་བའི་ཆ་དེར་གོ

ཙད་པ། ཨ་མདོའི་ཁ་སྐད་དེ། ཉི་མའི་ཚ་བ་ཆེ་བར་ཙད་པ་ཆེ་ཟེར།

(རྫོགས་སོ)



རྩོམ་ཡིག་སྔོན་མ།
སྤྱིའི་དེབ་145པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1