ལུང་བ་གཅིག་དང་ཆུ་མིག་གཉིས།

ཀླུ་འབུམ་ཚེ་རིང་། [མགོ་ལོག] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


   འགྲུལ་བཞུད་རླངས་འཁོར་རིའི་ཉག་ཁར་བུད་པ་ན། ལུང་རིང་ཞིག་གི་གཤོང་ཁུད་ན་ཆགས་པའི་ཕ་ཡུལ་གསེར་ལྗོངས་མིག་ལམ་དུ་མངོན་ཡོང་། དཔྱིད་མགོ་མར་གྱེས་བྲལ་བྱེད་སྐབས། ཕ་ཡུལ་གྱི་རི་ལུང་ཐམས་ཅད་ལ་སྐྱ་མདོག་ཤར་ནའང་། ད་ནི་དབྱར་ཁ་སླེབས་པས་ལུང་བའི་ཉིན་སྲིབ་ཡོད་ཚད་སྣུམ་ཤིག་ཤིག་དང་དྭངས་ཆིལ་ཆིལ་དུ་སྣང་བས། སུས་མཐོང་ན་སེམས་པ་དགའ་བའི་ཞིང་ཁམས་ཤིག་ཏུ་ཁྲིད་པར་བྱེད། འགྲུལ་བཞུད་རླངས་འཁོར་དེ་ཐུར་ནས་ཐུར་དང་གཞོང་ནས་གཞོང་བརྒྱུད་པར། ད་གཟོད་ཁོ་སྐྱེས་སའི་སྡེ་བའི་ལམ་འགྲམ་དུ་སླེབས་བྱུང་། ཁོས་འགྲུལ་བཞུད་རླངས་འཁོར་ལས་མལ་ཆས་ཀྱི་ཁྲེས་པོ་དང་དཔེ་དེབ་བཅུག་པའི་ཤོག་སྒམ་སོགས་བླངས་རྗེས། ལྗིད་མོ་དག་རྒྱབ་ལ་ཁུར་བ་དང་ཡང་མོ་དག་ལག་ལ་བཟུང་སྟེ་གྱ་གྱུར་འཐེན་པའི་སྡེ་བའི་ལམ་ཕྲན་དེར་ཞུགས།
   ཁོ་སྡེ་མཐའི་སྡོང་རའི་གམ་དུ་བསླེབ་ལ་ཉེ་བ་ན། གཡས་ཀྱི་ཐེམ་ཐོག་གི་ཞིང་ཁ་རུ་མཛོ་མོ་ཞིག་དང་མི་ཞིག་སྔ་རྗེས་བྱས་ཏེ་མངོན་བྱུང་།“ལྷ་དགའ་རེད་ལ། མཐར་ཕྱིན་སོང་ངམ།”ཁ་གྲག་མཁན་ནི་ཨ་ཁུ་ལུང་རྟོགས་རེད།“ཡིན་ཡ། ཨ་ཁུ་ཁྱེད་བདེ་མོ་ཡིན་ནམ།”ལྷ་དགས་ལག་གི་དངོས་པོ་དག་ཐང་ལ་བཞག་པ་དང་། རྒྱབ་ཀྱི་ཁྲེས་པོ་གསིག་རྡེབ་ཙམ་བྱེད་བཞིན་དེ་ལྟར་དྲིས། ཨ་ཁུ་ལུང་རྟོགས་ཀྱིས་མཛོ་མོ་སྣ་ཐིག་གིས་ཁྲིད་དེ་འཚོ་བཞིན་འདུག ཁོས“ཁྱོད་མགོ་ལོག་ཏུ་འགྲོ་མ་ཐུབ་བམ། མར་ནང་སྡེ་བའི་བྱམས་སྐྱིད་ཚང་གི་བསོད་སྒྲོལ་ཟི་ལིང་དུ་བགོ་ཐུབ་སོང་ཟེར”ཞེས་བཤད་པ་དང་། ཡང“ངེད་ཚང་གི་དཀོན་མཆོག(ལྷ་དགའ་དང་ཁོ་གཉིས་སློབ་ཆུང་ནས་སློབ་ཆེན་མཐར་ཕྱིན་རག་བར་དུ་སློབ་གྲོགས་ཡིན)མགོ་ལོག་ཏུ་འགྲོ་ཐུབ་སོང་། ངས་སྔོན་ཆད་ནས་ཁོར་ཕྱིར་རང་གི་ཡུལ་ལ་མ་ཡོང་ཞེས་བཤད་ཡོད། ངོ་མ་ལུང་ཁོག་ཆུང་ཆུང་འདི་རུ་ཡོང་ནས་ནང་དོན་ཅི་ཡོད་དམ།”ཨ་ཁུ་ལུང་རྟོགས་ཀྱི་སྡུར་བཤད་དང་ངོམ་སོའི་སྐད་ཆ་དེས་དཀོན་མཆོག་གིས་མཐར་ཕྱིན་ཁར་ཁོ་ལ་ཐེངས་མང་བོར་ལབ་མྱོང་བའི་སྐད་ཆ་སྟེ།“ང་ཕྱིར་རང་གི་ཡུལ་དུ་མི་འགྲོ་ཁོ་ཐག་ཡིན། ཨ་ཕས་ཨ་ཞང་ལ་མགོ་ལོག་ཏུ་ལེན་ཐབས་བྱོས་ཞེས་ལས་བཅོལ་བྱས་ཡོད། ལྷ་དགའ། ཁྱོད་ཕྱིར་རང་གི་ཡུལ་ལ་སོང་ཚེ། ཞིང་སྡེའི་སློབ་ཆུང་དུ་མངགས་ནའང་ཐང་།དེ་བས་ངས་ཨ་ཞང་ལ་ཞུ་བ་བྱས་ཏེ་ཁྱོད་ཀྱང་མགོ་ལོག་ཏུ་བགོ་ཐུབ་ཐབས་བྱེད”ཅེས་བརྗོད་པ་དེ་ད་དུང་རྣ་ལམ་དུ་འཁོར་ཡོང་། དཀོན་མཆོག་གིས་དེ་ལྟར་ཁོ་ལ་རོགས་བྱེད་འདོད་ཚུལ་བསྟན་མྱོང་ནའང་།ཁོས“བྱ་བ་གང་ནས་ལས་ན་གཅིག་ཡིན”ཞེས་བཤད་དེ་ལས་བགོ་བཏང་སྙོམས་སུ་བསྐྱུར་མཐར། ཁོ་དང་སློབ་གྲོགས་འགའ་ཞིག་ཕྱིར་རང་གི་ས་གནས་སུ་ལས་བགོས་བྱས། ཁོས་དེ་ལྟར་དྲན་གྱིན་ཨ་ཁུ་ལུང་རྟོགས་ལ་གཏད་ནས“དཀོན་མཆོག་ངར་བ་རེད། ང་འགྲོ་མ་ཐུབ”ཅེས་འཛུམ་བཞིན་བཤད་པ་ན། ཕ་རོལ་པོའི་གདོང་ནས་ཡིད་ཚིམས་པའི་གཉེར་རིས་ཤིག་ཤིག་ངང་ཁ་བརྡ་མུ་མཐུད་དུ་བྱ་འདོད་ཀྱིས་ཞིང་ཁ་ནས་འབབ་རྩིས་བྱས་མོད། ལྷ་དགའ་ཁོ་རང་གི་ཁྱིམ་ལ་འགྲོ་བར་བྲེལ་བཞིན་པས་མྱུར་དུ་བདེ་མོ་བཞག
   དེ་ནས་ལྷ་དགས་རང་ཁྱིམ་དུ་ཉིན་འགའ་ལ་བསྒུགས་པ་ན། ལས་བགོ་བྱེད་པའི་ཉིན་མོ་གཞི་ནས་སླེབས། ཁོ་ཡུལ་ཚོའི་སྲིད་གཞུང་དུ་སོང་བར། ར་སྐོར་ནང་དུ་ལས་བགོ་ལ་བསྒུགས་པའི་མཐར་ཕྱིན་སློབ་མ་འགའ་ཞིག་ཀྱང་འདུག ཁོས་རང་ཉིད་ཡུལ་ཚོའི་སློབ་འབྲིང་དུ་ལས་བགོ་བྱུང་ན་སྙམ་མོད། སློབ་གྲོགས་དཀོན་མཆོག་གིས་དེ་སྔར་བཤད་པའི“ཞིང་སྡེ་སློབ་ཆུང་དུ་མངགས་ནའང་ཐང”ཞེས་པ་དངོས་གནས་དོན་ཐོག་ཏུ་སྨིན་སོང་། ཡུལ་ཚོའི་སློབ་འབྲིང་གི་སློབ་སྟོན་འགན་འཁུར་པས“ཁྱོད་ཡོང་བ་འགྲིག་འདུག ལྕང་ལུང་སློབ་ཆུང་དུ་བོད་ཡིག་དགེ་རྒན་མེད་པས ……”ཟེར་ཞོར་ཁོ་ཡུལ་ཚོ་ནས་སྤྱི་ལེ་ལྔ་ལྷག་གི་སར་ཡོད་པའི་ལྕང་ལུང་སློབ་ཆུང་དུ་བགོས།
   ཨ་ཕས་ཁོ་ཞིང་སྡེ་ཞིག་གི་སློབ་ཆུང་གི་དགེ་རྒན་དུ་མངགས་པ་ཐོས་པར“ཁྱོད་ལུང་རྟོགས་ཚང་གི་དཀོན་མཆོག་ལྟར་འབྲོག་ཕྱོགས་སུ་མི་འགྲོ་བར་ཕྱིར་རང་རྫོང་དུ་བུད་ཡོང་། རྫོང་ཐོག་ནས་ཀྱང་ཡུལ་ཚོ་ཞིག་ལ་མངགས། ཡུལ་ཚོ་ནས་ཀྱང་ཞིང་སྡེ་ཞིག་གི་སློབ་ཆུང་དུ་བརྫངས། དངོས་གནས”ཞེས་དགོད་ཀྱིན་སྨྲས། ཨ་མས“རང་ཡུལ་ལ་ཡོང་བ་བཟང་འདུག ཕ་མ་དང་སྤུན་ཟླ་མང་བོ་ལུང་བ་འདི་ན་ཡོད”ཟེར། བཟའ་མི་གསུམ་པོས་ལྷས་ར་རུ་ཁ་བརྡ་བྱེད་བཞིན་པའི་སྐབས་ལ། ཨ་ཁུ་ལུང་རྟོགས་ཀྱང་ཁོ་ཚང་ལ་སླེབས་བྱུང་། ཨ་ཕོ་སྤྱང་ཀི་བཤད་ན་སྤྱང་ཀི་སླེབས་ཟེར་བ་ལྟར། ལྷ་དགའ་ཕ་བུ་གཉིས་ཀྱིས་མ་བོས་མགྲོན་པོ་དེར་ལྟ་བཞིན་གཅིག་གིས་གཅིག་ལ་གཏད་དེ་དགོད་ཙམ་བྱས།“ངེད་ཚང་གི་དཀོན་མཆོག་མགོ་ལོག་ཁུལ་བོད་ཡིག་སློབ་འབྲིང་དུ་བགོ་ཐུབ་སོང་ཟེར།”ཨ་ཁུ་ལུང་རྟོགས་ཀྱིས་སྐད་མགོ་ཅུང་མཐོན་པོས་དེ་ལྟར་ལབ་པ་ན། ལྷ་དགའི་ཨ་ཕའི་གདོང་ལ་ཡིད་སྨོན་ཞིག་མངོན་མོད། སྒུར་སྒུར་ངང་ཅི་ཞིག་ལས་བཞིན་པའི་ཨ་མས་མགོ་བོ་ཡར་ལ་དགྱེ་སྟེ“མགོ་ལོག་གི་ཟླ་ཕོགས་མཐོ་ངེས་ཀྱང་།ས་མགོ་མཐོ་ལ་ཁ་ཐག་རིང་། ལོ་གཅིག་གི་ནང་རང་ཡུལ་དུ་ཐེངས་གཅིག་གཉིས་ཙམ་མ་གཏོགས་ཡོང་མི་ཐུབ”ཅེས་བཤད་པར། ཁྱོ་བོ་གྲགས་པས་བདེན་སྙམ་པའི་བརྡ་རུ་མགོ་བོ་ནང་དུ་ལྡེམ་ཙམ་བྱས་པ་དང་།དེ་ནས“བུ་འཁྱོངས་ན་བྱ་བ་གང་ནས་བསྒྲུབས་ཀྱང་གཅིག་ཡིན་རྒྱུ་རེད”ཅེས་བརྗོད་བྱུང་། བཟའ་ཟླ་གཉིས་ཀྱིས་འདི་ལྟར་གཅིག་རྒྱབ་གཅིག་གིས་སྐྱོར་བར། ཨ་ཁུ་ལུང་རྟོགས་ལ་ལབ་རྒྱུ་གཞན་མ་རྙེད་པར། ངོ་བསྟོད་དང་རྒྱལ་ཁ་མ་ཐོབ་པའི་བྱིས་པ་ལྟར་ངོ་མདོག་ཀྱང་རང་བཞིན་དུ་དམར་ལོག་གེར་གྱུར་པ་དང་། ཡུད་ཙམ་འགོར་རྗེས“ང་མཛོ་མོར་རྟོད་ཁ་སྤོར་དུ་འགྲོ་རྒྱུ”ཞེས་སྐད་གདངས་ཅུང་མཐོན་པོས་བཤད་རྗེས་ཤར་སེར་ཁྱིམ་དེ་དང་བྲལ།
   ལྷ་དགའ་ལྕང་ལུང་སློབ་ཆུང་གི་དགེ་རྒན་བྱས་ཏེ་ཟླ་གཅིག་ལྷག་སོང་བ་ན། ཁོའི་ལག་ཏུ་སློབ་གྲོགས་འགའི་ཡི་གེ་གཅིག་འཕྲོར་གཅིག་བྱས་ནས་འབྱོར།“འཛིན་གྲྭའི་ཡང་རྩེ་ཁྱོད་མཐའ་མར་སྡེ་བའི་ནང་ལྡོག་དགོས་པ་ཡིད་ལའང་མ་དྲན། ང་ཚོ་ཆུ་ཚད་དམའ་བ་དག་ཀྱང་ཁུལ་ཐོག་གམ་རྫོང་ཐོག་ཏུ་འདུག་ཐུབ་པ་བྱུང་ན། ཁྱོད་ཅིའི་ཕྱིར་གནས་དེ་འདྲ་ཞིག་ཏུ་བགོས་པ་ཡིན།”སློབ་གྲོགས་ཚོས་ཡི་གེ་རུ་དེང་གི་ལས་བགོ་བྱེད་སྟངས་ལ་འདང་མི་ཕོག་པའི་རྣམ་འགྱུར་དང་མི་འཐད་པའི་འཁང་ར་བྱེད་ཞོར་དུ“ཨ་རོག ཡུན་རིང་ན། ཁྱོད་སྡེ་བ་དེའི་མག་པར་འགྱུར་ཡང་སྲིད། ཧུ་ཧུ”ཞེས་ཀུ་རེ་རྩེ་རྒྱུའང་བརྗེད་མི་འདུག ཁོས་ཀྱང་ཡིག་ལན་དུ“ངའི་མག་སྟོན་ལ་སློབ་གྲོགས་ཚོ་ཅིས་ཀྱང་གདན་འདྲེན་བྱ་ངེས་ཡིན”ཞེས་ལབ།
   1
   བྱ་བར་ཞུགས་ཏེ་ལོ་གཉིས་འདས་སོང་། ལྷ་དགའ་དང་མཉམ་གཅིག་ཏུ་མཐར་ཕྱིན་པའི་སློབ་གྲོགས་བསོད་སྒྲོལ་དང་དཀོན་མཆོག་སོགས་ཕན་ཚུན་འགྲན་སྡུར་བྱས་པ་ལྟར་གཉེན་བསྒྲིགས་ཏེ། དབྱར་གནང་ངམ་དགུན་གནང་དུ་ཡུལ་ལ་འཁོར་ཞག་ཏུ་ཡོང་ཐེངས་རེར་བཟའ་ཟླ་གཉིས་རེ་གཉིས་རེ་བྱས་ཏེ་ཡོང་། སློབ་གྲོགས་ཁ་ཤས་ཀྱིས་ད་དུང་བྱིས་པ་རེ་པང་དུ་བཟུང་བའམ་ལག་པ་ནས་ཁྲིད་ཡོང་བཞིན་པ་དེ་མཐོང་བས། ཁྱིམ་མི་ཚོས“ལྷ་དགའ། ཁྱོད་ཀྱང་གཉེན་བསྒྲིག་རན་འདུག”ཅེས་བྲེལ་བ་བསླངས་བྱུང་།
   ཨ་ཁུ་གྲགས་པས་བུ་ལྷ་དགའ་ལ“ད་ཁྱོད་ཀྱང་ལོ་ན་ཚོད་མི་ཆུང་བས། བཟའ་ཚང་ཞིག་འཚོལ་རན་རེད། ལུང་རྟོགས་ཚང་གི་བུ་ཡིས་ཆུང་མ་ཁྲིད་ཡོང་བ་ཀན་རེད”ཅེས་འོར་དང་ནན་གྱིས་བཤད།
   “ལུང་རྟོགས་ཚང་གི་མནའ་མས་རྫོང་སྲིད་གཞུང་དུ་བྱ་བ་སྒྲུབ་བཞིན་འདུག་ཟེར། ཁྱོད་ཀྱིས་ཀྱང་རང་དང་འདྲ་བའི་ལས་བྱེད་ཅིག་ཆུང་མར་ལེན་དགོས། གོ་སོང་ངམ།”ཨ་ཡེ་ཚེ་མོས་ཀྱང་རང་གི་ཁྱོ་ག་ལ་རམ་འདེགས་ཀྱི་ཚུལ་དུ་བུ་ལ་དེ་ལྟར་བཤད།
   “འོ་ལེ། ལས་བྱེད་པ་ཞིག་ཆུང་མར་མ་བླངས་ཚེ། ད་རག་ཏུ་ཡི་གེ་བཏོན་པ་སྟོང་བ་མིན་ནམ།”སྡེ་བའི་ནང་དུ་ཡོད་པའི་ཕུ་བོས་དེ་ལྟར་བརྗོད་པ་ན། ཐག་ཉེའི་སྡེ་བར་གནས་ལ་སོང་བའི་ཨ་ཅེས་ཀྱང“ཨ་ཁུ་ལུང་རྟོགས་ཚང་གི་མནའ་མའི་ཡག་མོ་སྒོ་ཁོ་ན་ལ་ཡང་ལྟད་མོ་ཞིག་འདུག ཞི་མོ་དེའི་གསེར་གྱི་རྣ་ལུང་གི་ཆེ་ཆུང་ལ་ལྟོས་དང”ཟེར་གྱིན་མཆིལ་མ་ཞིག་ཀྱང་སྒོག་གེར་མིད་བྱུང་།
   དང་ཐོག་ལྷ་དགའ་ཡིས་ཁོ་ཚོའི་ཁ་བརྡ་ལ་ཉན་ཁུལ་བྱས་མོད། ཉན་གྱིན་ཉན་གྱིན་སུན་སྣང་ཞིག་ཀྱང་སྐྱེས་ཡོང་བས། མྱུར་མོར་ཡར་ལངས་ཏེ“མོ་ལོ་ཉི་ཤུར་ཆུང་ཞད་མེད། ཕོ་ལོ་སུམ་ཅུར་རྒས་ཞད་མེད་ཟེར་བ་མ་གོའམ། རྐ་ལས་ཞོར་དང་ཆུ་བཞུར་ཞོར་རེད། ཆུང་མ་བཙལ་རྒྱུའི་ཡན་གྱི་ལས་སླ་མོ་ཞིག་གང་ན་ཡོད”ཅེས་གདེང་ཚོད་ཐིག་པོས་ལབ་སྟེ་སྒོར་ཉུག་ཏུ་འགྲོ་རྩིས་བྱས་པར། ཕུ་བོ་དང་ཨ་ཅེ་ཚོ་སྤུན་ཆུང་གི་སྐད་ཆ་བཤད་སྟངས་ལ་དགོད་ཁ་ཤོར་ཅིང་། ཁོའི་རྗེས་སུ་འཁོར་ཏེ“བླུན་རྒན་ཀན་ན་ཁ་བརྡ་བྱེད་ས་མི་འགྲོ། ཡ་ཡ། ང་ཚོས་ཁྱོད་ཀྱིས་ཆུང་མ་ཅི་འདྲ་ཞིག་ཁྲིད་ཡོང་བར་བལྟ”ཞེས་དགོད་ཀྱིན་སྨྲས།
   2
   ལས་ཟེར་བ་འདི་དངོས་གནས་ཡ་མཚན་ཞིག་རེད། ཆུང་དུས་བག་ཆགས་ཀྱི་ས་བོན་ཐོར་བ་དེ་ཤེས་མེད་ཚོར་མེད་ངང་རིམ་གྱིས་རྩ་བ་ཚུགས་པ་དེ་སུ་ཞིག་གི་ཡིད་ལ་ཤར་ཐུབ། ནམ་ཞིག་ལ་ག་ཤེད་ཅིག་ནས་ལམ་འཕྲད་བྱུང་ཚེ། འདས་སོང་གི་བག་ཆགས་དང་དྲན་ཤེས་དེ་གཉིས་ཀྱི་སྣང་བར་འདབ་མ་རྒྱས་ཤིང་། བསུང་ཞིམ་འཐུལ་བའི་མེ་ཏོག་ཅིག་ཏུ་གྱུར་འདུག དབྱར་ཁའི་ཉིན་ཞིག་གི་ནངས་མོར། ལྷ་དགའ་ཁོ་སློབ་མ་ཚོའི་ཞོགས་འདོན་གྱི་སྒྲ་དབྱངས་ཁྲོད་སློབ་གྲྭའི་སྒོ་རུ་འཆམ་འཆམ་དུ་ཕྱིན། ཕྱིན་པའི་མཐའ་ལ་སློབ་གྲྭའི་གཉའ་ཡི་ཞིང་ཁར་འགྲེང་ནས་ཕྱོགས་ཡར་མར་ལ་མིག་གཡེང་བྱས་ཏེ་བསྡད། དུས་ཡུན་ག་ཙམ་འགོར་བ་མི་ཤེས་མོད། སྐབས་ཤིག་ལ་ཁོས་རིང་དུ་འཕངས་པའི་མིག་ཞགས་ཚུར་སྡུད་སྐབས། ལྟ་ཕྱོགས་ཤིག་ལ་ཞིང་སྣེ་རུ་བུ་མོ་ཞིག་གིས་སྔོ་རྩྭ་འཐུ་བཞིན་ཁོ་ལངས་སའི་གནས་དེ་རུ་གཅོར་གྱིན་པ་མཐོང་། ཁོ་ལངས་སའི་ཞིང་ཁ་དེའི་གཤམ་དུ་ཟིལ་བ་ཁྲོམ་ཁྲོམ་གྱི་རྩྭ་ལོ་ནི་ཆུན་པོ་དང་ཚོམ་བུར་སྐྱེས་འདུག ཁོས་རྩྭ་འཐུ་མཁན་དེར་ཁ་ཞིག་སློང་དགོས་སྙམ་སྟེ“རྩྭ་འདི་དག་ཐོག་མར་ངས་མཐོང་བ་ཡིན”ཞེས་དགོད་ཀྱིན་ལབ་པ་ན། མོས་ཡུད་ཙམ་ལ་རྩྭ་འཐུ་མཚམས་བཞག་པ་དང་། དེ་ནས“ཁྱོད་ཚོ་དགེ་རྒན་དག་གིས་སློབ་མ་སྐྱོང་བར་མ་ཟད། མཛོ་མོ་ཡང་གསོས་ཡོད་དམ། ཧུ་ཧུ”ཞེས་སྐད་ཤུགས་ཆུང་ངུས་དགོད་ཀྱིན་བཤད་པ་དང་། སླར་ཡང་སྒུར་རེ་སྒུར་རེའི་ངང་སླེ་བོའི་ནང་རྩྭ་བཏུས་བྱུང་། ཕར་བཤད་ཚུར་ལབ་འགའ་བྱས་པར་ཁོ་གཉིས་ཀྱི་ཁ་བརྡའི་མགོ་རྐང་ཡོངས་སུ་འགྲིག་པར། ཁོའི་གོམ་ཁ་དབང་མེད་དུ་མོའི་ཕྱོགས་སུ་འཐེན་པ་ན། མོས་གཟན་རྩྭ་སླེ་བོའི་ཁ་མཐོར་ཉེ་བ་ཞིག་བཏུས་འདུག ཁོའི་མིག་གི་དབང་བོ་ཡུད་ཙམ་ལ་མོའི་ལྡེམ་མྱུར་ཆེ་བའི་ལག་པའི་ཐོག་ཏུ་ཤོར་པ་ན། མོ་དོགས་མ་བདེ་བར“ལས་ཀ་པ་ཞིག་གི་ལག་པའི་ཐོག་ལ་བལྟ་རྒྱུ་དེ་འདྲ་ཞིག་གང་ན་ཡོད”ཅེས་ཅུང་འཚེར་བག་དང་བཅས་བཤད། “ཁྱོད་ཀྱི་ལག་པའི་ཐོག་ན་དབྱངས་ཀྱི་འགྱུར་ཁུགས་ཤིག་བཞུར་གྱིན་གདའ།”ཁོའི་ངག་ནས་དེ་སྐད་ཐལ་བར། མོས་མགོ་བོ་ཡར་ཅུང་ཟད་དགྱེ་བཞིན“ཁྱོད་ཀྱིས་ཅི་ཞིག་གྱེར་བ་ངས་ཧ་མི་གོ”ཞེས་འཆད་ཀྱིན་ཁ་ཁོའི་ཕྱོགས་སུ་འཁོར་བཞིན་རྩྭ་དྲེག་ཆགས་པའི་ལག་པ་བསྐུམས་ཙམ་བྱས། ཁོ་གཉིས་ཀྱི་མིག་ཞགས་ཕྲད་པའི་སྐད་ཅིག་མ་དེར། ཕན་ཚུན་ཧད་ནས་ཡུད་ཙམ་བསྡད་རྗེས་ངག་ནས་འགྲོས་གཅིག་ཏུ“ཁྱོད་ཡིན་ནམ”ཞེས་ཤོར། ངོ་གདོང་ཆ་ཡོད་དེ་མཐོང་བ་དང་ཁོའང་ཅུང་ངོ་ཚ་ནས་གདོང་བ་ཚ་ལམ་ལམ་དུ་གྱུར།“ཁྱོད……བེའུ་ཚང……སྡེ་བའི་ཡིན་པ……”གར་ཡོང་མི་ཤེས་པའི་འཚུབ་ཆ་ཞིག་གིས་ད་ནི་ཁོའི་ངག་ཀྱང་འཁྲོལ་དཀའ་བར་གྱུར། མོས་ཀྱང“ང་ཡང་དུས་རྒྱུན་སློབ་གྲྭའི་གཉའ་ལྟག་བརྒྱུད་ནས་འགྲོ་བཞིན་ཡོད་མོད། ཁྱོད་འདི་རུ་དགེ་རྒན་བྱས་ཡོད་པ་མ་ཤེས”ཞེས་བཤད་རྗེས་མགོ་བོ་ཕྱིར་དང་གར་སྨད་བྱུང་། སློབ་མ་ཚོ་ཕལ་ཆེར་ཞོགས་སྦྱོང་མཇུག་བསྒྲིལ་ཏེ་ཉལ་ཁང་དུ་ནངས་ཟས་ལ་རོལ་པར་འགྲོ་བཞིན་པ་འདྲ། སྐབས་འདིར་ལྷུང་ལྷུང་འབབ་པའི་རྐ་ཆུ་དང་ལྗོན་རྩེའི་བྱིའུ་སྐད་འགའ་ལས་ཅི་ཡང་གྲག་རྒྱུ་མེད་པར། ཁོ་གཉིས་བར་དུ་ལྷིང་འཇགས་ཤིག་བསྐྱིལ་བྱུང་། ཁོའི་འཕྱོ་ཞིང་ལྡིང་བའི་སྙིང་ཆུང་དེ་ཅུང་ཟད་ལྷོད་ལ་བབས་རྗེས། ཡང་བསྐྱར་མོ་ལ་ཞིབ་ལྟ་ཞིག་བྱས། དཔྲལ་བའི་དཀྱིལ་དུ་གཉེར་རིས་ཤུར་མོ་འགའ་འཐེན་ཡོད་པ་ལས་ཁ་རིས་ངོ་ཚུགས་ལོ་བཅུ་ལྷག་གི་སྔོན་དང་འདྲ་བར་འགྱུར་བ་ཅང་བྱུང་མི་འདུག་སྟེ། བཞུན་ཤ་དོད་པའི་བྱད་བཞིན་དེ་སྔར་བཞིན་ཡི་གར་འོང་བ་དང། ལྷག་པར་ཆུ་མིག་ལྟར་དྭངས་ཤིང་ཀེམ་ཀེམ་དུ་གཡོ་བའི་མིག་ཟུང་དེས་ཁོ་ལ་དམའ་འབྲིང་སྐབས་ཀྱི་འདས་དོན་ཞིག་ཕྱིར་དྲན་བྱེད་དུ་བཅུག དམའ་འབྲིང་གཉིས་པའི་སྐབས་སུ་སྨྲ་དག་ཅིང་ཚིག་སྒོ་གསལ་བའི་སྐད་ཡིག་དགེ་རྒན་གྱིས་མིང་གི་མངོན་བརྗོད་ཁྲིད་སྐབས། རི་དྭགས་མིག་ཅན་ནི་མཛེས་མའི་མིང་སྟེ་ཞེས་འཛིན་གྲྭའི་དཀྱིལ་གྲལ་དུ་བསྡད་ཡོད་པའི་སློབ་གྲོགས་ལེགས་མཛེས་ཀྱི་ཕྱོགས་སུ་མིག་མྱུལ་ཞིག་བྱས་པ་ན། ལེགས་མཛེས་ནི་འཚེར་བག་གིས་མགོ་བོ་མྱུར་དུ་བྲང་ཁར་སྨད་འགྲོ་མོད། བློ་རིག་རྒོད་པའི་སློབ་གྲོགས་ཚོས་དེའི་མུར་རི་དྭགས་མིག་ཅན་ནི་བུ་མོ་མཛེས་ཤིང་ལྟ་ན་སྡུག་པའི་མིང་གི་མངོན་བརྗོད་ཡིན་པ་གསལ་བོ་གོ་བར་མ་ཟད། དགེ་རྒན་གྱིས་དེ་ལྟར་དཔེ་དང་དོན་སྦྱར་ཏེ་ཁྲིད་པ་ན། སློབ་གྲོགས་ཕོ་ཚོའི་སྣང་བ་ཞིག་ལ་མོ་ནི་དངོས་གནས་ཡན་ལག་ཕྲ་ཞིང་སྤུ་མདོག་ཁྲ་ཐིག་ཅན་གྱི་རི་དྭགས་ཤིག་དང་འདྲ་བར་རང་གི་ཡིད་ཀྱི་སྤང་ཐང་དུ་ཅི་དགར་རྩེན་པས། ཏབ་ཅིག་ལ་སྒོ་སམ་ཕྱོགས་སུ་འཁོར་བའི་མིག་ཟུང་མཐའ་དག་དབང་མེད་དུ་དཀྱིལ་གྲལ་ན་ལྷང་ངེར་མངོན་པའི་བུ་མོ་དེའི་ཕྱོགས་སུ་འཁོར་བར་བྱས། དེ་ནས་བཟུང་སློབ་གྲོགས་ཚོས་མངོན་ལྐོག་གང་དུའང་ལེགས་མཛེས་ལ“རི་དྭགས་མིག་ཅན”ཞེས་འབོད་ཅིང་། ཁོས་ཀྱང་རི་དྭགས་མིག་ཅན་ཟེར་ན་ལེགས་མཛེས་ལ་གོ་ཞིང་། ལེགས་མཛེས་ཟེར་ན་རི་དྭགས་མིག་ཅན་གྱི་མིང་དུ་བསྒོམས་པར་མ་ཟད། ད་དུང་དཔེ་དེབ་ཀྱི་གསེབ་དང་སྦྱོང་དེབ་ཀྱི་ནང་དུ་མངོན་བརྗོད་དེ་བཀོལ་ནས་སྙན་ཚིག་དམ་དུམ་རེ་བྲིས་པ་ད་ལྟ་ཡང་ཡིད་ངོགས་སུ་ཤར་ངེས། ལེགས་མཛེས་ནི་དམའ་འབྲིང་གསུམ་པ་མཐར་ཕྱིན་རྗེས། མུ་མཐུད་དུ་མཐོ་འབྲིང་མ་འགྲིམས། ཕྱིས་སུ་གོ་ཐོས་ལ་མོར་ཉེ་ལོགས་ཀྱི་སྡེ་བ་ཞིག་གི་གསར་བུ་ཞིག་མག་པར་བཞག་སོང་ཟེར། ཁོ་སློབ་ཆེན་འགྲིམ་སྐབས་སློབ་གྲོགས་ཤིག་གི་ངག་ནས་མོའི་ཁྱོ་ག་དེ་འཁོར་བགེགས་ཤིག་གི་ཁྲོད་ཚེ་ལས་འདས་པ་གོ་བྱུང་།སློབ་གྲོགས་དེས“ལེགས་མཛེས་མ་བུ་གཉིས་ཀ་ཤུལ་དུ་བསྐྱུར་སོང་། སྙིང་རེ་རྗེ”ཞེས་གླེང་བར་བྱེད། གཏམ་ངན་དེ་ཐོས་རྗེས་ཁོ་ཡང་ལེགས་མཛེས་ཀྱི་དོན་དུ་ཕངས་སེམས་སྐྱེས་མོད། སློབ་ཆེན་དུ་ན་གཞོན་ཕོ་མོ་བརྒྱ་འདུས་སྟོང་འདུས་ཡིན་ལ། ཉིན་རེའི་སློབ་ཁྲིད་དང་རྩེད་འཇོ་ཡིས་ཁོར་ལེགས་མཛེས་ཀྱི་གནས་བབ་དྲན་པའི་ཁོམ་ལོང་མེད་པར་བཟོས། དེ་བས་དེ་རིང་གནས་འདི་རུ་མ་ཕྲད་ཚེ། ཁོས་མོའི་ཕ་ཡུལ་སློབ་གྲྭ་འདིའི་གོང་ན་ཆགས་པའི་བེའུ་ཚང་སྡེ་བ་ཡིན་པའང་གཏིང་ནས་བརྗེད་འདུག ཁོས་མོ་ལ་ད་ལྟའི་གནས་ཚུལ་ཞིག་འདྲི་འདོད་མོད། མགོ་ཇི་ལྟར་སློང་དགོས་པའང་མ་ཤེས། ད་ཅི་ཕྲད་མ་ཐག་གི་དགའ་ལྷང་ལྷང་གི་ཉི་ཟེར་དེ་མོའི་ངོ་གདོང་ནས་ཡུན་གྱིས་ཡལ་ཏེ། སྨིན་དབྲག་གི་མཚམས་སུ་སྤྲིན་ནག་ལྟ་བུའི་མུན་པ་ཞིག་འཐིབས་བྱུང་། མོས་ཁོ་ལ་གཏད་དེ“ཁྱོད་ལ་ཁོམ་པ་ཡོད་ཚེ་ངེད་ཚང་ལ་ཤོག་དང་། ཨ་མ་དང་ངེད་གཉིས་ནམ་རྒྱུན་ཁྱིམ་དུ་ཡོད”ཅེས་འཆད་བཞིན་འཛུམ་ཆུང་ཞིག་ཕྱུང་མོད། སྨིན་མཚམས་སུ་ད་དུང་མདུད་ལོག་ཅིག་བརྒྱབ་འདུག ཁོས་ཅི་ཡང་མ་བྱུང་བ་བཞིན་དུ“ཁྱོད་ཀྱིས་མ་བོས་ནའང་ང་ཡོང་ངེས་ཡིན། སློབ་གྲོགས་ཚང་ལ་མི་འགྲོ་བར་སུ་ཚང་ལ་འགྲོ”ཞེས་ཁ་ཤག་ཤག་གིས་བཤད་པ་ན། མོས“ཁྱོད་ཡོང་མིན་སུས་ཤེས། ང་འདྲ་བའི་ཁྱིམ་ཚང་ཞིག་ལ……”སྐད་གདངས་གཉོམ་པོས་དེ་སྐད་བཤད་མ་ཚར་གོང་དུ། ཁོས་མྱུར་དུ་མོའི་ཁ་བཀག་ནས“ང་སློབ་གྲོགས་ཤིག་གི་ཚད་དུ་འཇོག་ན་ཁྱོད་ཀྱིས་དེ་སྐད་མ་ཟེར”ཞེས་སེམས་གཏིང་ནས་བརྡོལ་པའི་དྲོད་རླབས་ཤིག་དང་སྟོབས་ཤུགས་ཤིག་གིས་དེ་ལྟར་བརྗོད། མོས་ཁོའི་གདོང་ནས་གཟབ་ནན་གྱི་ཉམས་ཤིག་མཐོང་བ་ལོས་ཡིན། མིག་ཀོང་ནས་ཟེར་མ་ཞིག་འཁྱུག་བཞིན་ཁོ་ལ་བལྟས་ཙམ་བྱས་རྗེས“ཁྱོད་སློབ་གྲྭ་རུ་འགྲོ་རན་པ་མིན་ནམ”ཞེས་བཤད་པ་དང་། སླར་ཡང་མགོ་བོ་སྒུར་ཏེ་རྩྭ་བཏུས་བྱུང་།
   ཁོ་སློབ་གྲྭ་འདིའི་དགེ་རྒན་བྱས་ཏེ་ལོ་གསུམ་འགོར་ལ་ཉེ་མོད། དེ་རིང་མ་གཏོགས་མ་ཕྲད་པ་འདི་དངོས་གནས་བློ་ངོར་ཤོང་དཀའ་བ་ཞིག་རེད། བེའུ་ཚང་སྡེ་བ་དང་ལྕང་ལུང་སློབ་གྲྭ་གཉིས་ཀྱི་བར་དུ་གོམ་པ་ལྔ་བརྒྱ་ཙམ་ལས་མེད། ཐག་འདི་ལྟར་ཉེ་ནའང་ད་ལྟའི་བར་དུ་ཕྲད་མ་བྱུང་། མོས་འདང་རྒྱག་གིན་རྒྱག་གིན་སུ་ཞིག་གིས་ཀུ་རེ་བརྩེས་བྱུང་བ་ལྟར་དགོད་རྒྱུ་ཞིག་བུད་ཡོང་། ཁོ་ལའང་འགྱུར་བ་ཆེན་པོ་ཞིག་བྱུང་མི་འདུག་སྟེ། ལུས་ལ་ཤ་ཅུང་རྒྱས་པ་ཙམ་ལས་ངོ་གདོང་གོར་ཞིང་། དགོད་པའི་ཚེ་ན་ཚགས་དམ་པའི་དུང་སོ་སུམ་ཅུ་ཁྲ་ཀྱུག་གེར་ཕྱིར་མངོན་ཚུལ་ནི་དམའ་འབྲིང་སྐབས་དང་ཇི་མ་ཇི་བཞིན་རེད། དེའི་དུས་སློབ་གྲྭ་རུ་ལྒང་ལི་འགྲན་རྩེད་ཤིན་ཏུ་དར་བས། སློབ་གྲོགས་ཕོ་རྣམས་སློབ་གསེང་ངམ་ངལ་གསོའི་སྐབས་སུ་རྩལ་སྦྱོང་ར་བ་རུ་ལྒང་ལི་རྩེ་རྒྱུར་སྤྲོ་བ་ལྷག་ཏུ་ཆེ། ཁོ་དེའི་དུས་ལུས་རྩལ་ལྡན་ཞིང་ལྒང་ལི་རྩེ་བར་ཧ་ཅང་བཟང་ལ། ཕོ་སྒོའང་ཧ་ཅང་ལེགས་པས། སུས་མཐོང་ན་ཡིད་སྨོན་དང་དགའ་འབོད་མི་བྱེད་རང་དབང་བྲལ། ཁོ་རྩལ་སྦྱོང་ར་བ་རུ་དེ་ལྟར་ལྷང་ངེར་གསལ་ལ། ཁོའི་སྐད་ཡིག་གི་སྦྱངས་འབྲས་ཀྱང་དེ་བཞིན་གཟེངས་སུ་མཐོ། ལྷག་པར་ཁོས་བྲིས་པའི་སྦྱངས་རྩོམ་མང་བོ་ཞིག་སྐད་ཡིག་དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྐབས་སུ་བཀླགས་ཏེ་བྲིས་རྩོམ་གྱི་མ་དཔེ་རུ་བགྲང་བར་བྱེད། དེའི་དུས་མངོན་བརྗོད་ཀྱང་གསར་དུ་ཁྲིད་པ་ཡིན་པས། སློབ་གྲོགས་གཞན་པས་དེ་སྡེབ་ལེགས་སུ་བཀོལ་ཤེས་མཁན་ཤིན་ཏུ་ཉུང་། ཡིན་ནའང་ཁོས་མངོན་བརྗོད་མང་བོ་ཞིག་ཚིག་གི་ཕྲེང་བར་བརྒྱུས་པ་ཧ་ཅང་ལེགས་པས། སྐད་ཡིག་དགེ་རྒན་གྱིས་ཡང་ཡང་བསྟོད་པ་བྱས་ཙ་ན། སློབ་གྲོགས་ཚོའི་མིག་ཟུང་དུ་སླར་ཡང་ཡིད་སྨོན་ཞིག་གིས་ཁེངས་འདུག གོ་ཐོས་ལ་ཁོས《རི་དྭགས་མིག་ཅན》ཞེས་པའི་སྙན་རྩོམ་ཞིག་བྲིས་འདུག་ཟེར་བ་དང་། དེ་ནི་ཆེད་དུ་མོར་བྲིས་པ་ཡིན་ཟེར་མོད། མོས་གཏན་ནས་མཐོང་མ་མྱོང་།གལ་ཏེ་སྐབས་དེར་མོས་མཐོང་ཡོད་ཚེ། མོ་ནི་ཁོའི་ལྒང་ལི་རྩེ་བར་ཡིད་དབང་ཤོར་པ་ཇི་བཞིན་སྙན་རྩོམ་དེ་ལ་སེམས་ཅིག་ཅར་དུ་མི་འཆོར་བའི་རང་དབང་ཅི། མོ་ངོ་མ་དེའི་དུས་ཁོའི་སེམས་ཀྱི་རི་དྭགས་མིག་ཅན་དེ་ཡིན་ཚེ། རྔོན་པ་ཁོའི་རྙི་རུ་ཚུད་ཀྱང་འགྱོད་པ་ཅི། ཡིན་ནའང་དེའི་དུས་ཚང་མ་ལོ་ན་བཅོ་ལྔ་ཡས་མས་ཏེ། ལུས་ཀྱི་ཁོ་ལག་ཡོངས་སུ་རྒྱས་མེད་ལ། སློབ་གྲྭའི་ཕྱི་རོལ་གྱི་འཇིག་རྟེན་ལའང་ཆ་རྒྱུས་དེ་འདྲ་མེད་པས། རང་གི་སེམས་ཀྱི་སྲུབས་སུ་འཛུལ་བའི་མི་དེར་དགའ་བའམ་དུངས་པའི་འཁྲེང་ཞེན་རེ་སྐྱེས་ནའང་། སློབ་གྲྭ་ནས་མཐར་ཕྱིན་ཏེ་རང་རང་གི་སར་གྱེས་རྗེས། དེ་སྔོན་གྱི་མི་དག་གི་བཞིན་རས་དང་སྐད་གདངས་དག་ཡུན་གྱིས་དྲན་ངོས་ནས་བསེར་བུས་བྲིས་པའི་ཆུ་རིས་བཞིན་ཟད་དེ་རབ་རིབ་ཅིག་ཏུ་གྱུར་འགྲོ། ཡིན་ནའང་དེ་རིང་ཁོ་མཐོང་བ་ན། འོད་ཐིག་ཅིག་མོའི་ཡ་ཆུང་དུ་འཕྲོས་ཤིང་། ཡུན་རིང་དུ་སྤུངས་པའི་མུན་པ་རྔམས་མཐུག་དེའང་ཇེ་སྲབ་ནས་ཇེ་ཡང་དུ་གྱུར་པའི་ཚོར་བ་ཞིག་དང་། དྲོད་རྒྱུན་འཇམ་པོ་ཞིག་མོའི་ལུས་ཡོངས་སུ་ཁྱབ་ཡོང་། ཞིང་ཁ་རུ་ཁོ་དང་གྱེས་ཏེ་ཕྱིར་རང་ཁྱིམ་དུ་ལྡོག་པའི་ལམ་བར་དུའང་། མོའི་རྣ་སྒོར་ཁོས་གཟབ་ནན་ངང་བཤད་པའི་སྐད་ཆ་དག་འཁོར་ཡོང་བས། གོམ་ཁ་ནི་ཡང་ཟོར་ལྡན་པ་ཞིག་ཏུ་གྱུར་སོང་།
   ཨ་མས་ཁྱིམ་དུ་འཛུལ་བཞིན་པའི་མོའི་གདོང་ལ་ལྟ་བཞིན“དེ་རིང་ངོ་ལ་འཛུམ་གྱིས་ཁེངས་ཡོད་པ་ཅི་རེད”ཅེས་འཛུམ་དམུལ་དམུལ་ངང་དྲིས་པ་དང་།དེ་ནས་ཡང“ངའི་བུ་མོ་འདི་སྐྱིད་པོའི་ངང་བསྡད་ན་འགྲིག་མོད། ལས་མེད་ན་བཀོད་པ་ཅི་ཡོད། ད་ནི་ངའི་བུ་མོ་ལ་ལྟ་ནི་ཞིག་ཡོད་དམ། ཤུ……”ཨ་མའི་གདོང་གི་འཛུམ་མདངས་དེ་སླར་ཡང་སྤྲིན་ནག་གིས་བཏུམས་པ་ལྟར་གྱུར་སོང་། ཨ་མའི་ཤུ་སྒྲ་དེ་ནི་གསལ་འདེབས་ཤིག་དང་འདྲ་བར་མོ་ལ་གཉིད་ལས་བསླངས་འདྲའི་དྲན་པ་ཞིག་རྒྱས་པ་དང་། མོས་རང་གིས་རང་ལ་སྟོང་བསམ་བྱེད་བཞིན་པ་མིན་ནམ་ཞེས་ཁྲེལ་དགོད་ཅིག་བྱས་རྗེས། སྨིན་དབྲག་བར་དུ་སྔར་བཞིན་མདུད་ལོག་ཅིག་བརྒྱབ་བྱུང་།
   3
   བུ་འདི་རང་གི་ཡུལ་ལ་ལྡོག་ཁོམ་ཞིག་ཀྱང་མེད་དམ། སྔོན་ཆད་གཟའ་མཇུག་ཏུ་ཡུལ་ལ་མི་འོང་ནའང་། ཟླ་ཕྱེད་རེའི་ནང་ཡུལ་ལ་སྐོར་རེ་རྒྱག་ངེས། འོན་ཀྱང་སློབ་གཙོ་དེར་བསྡད་པ་ནས་ཡུལ་ལ་ལོག་གྲངས་ཇེ་ཉུང་དུ་གྱུར་སོང་། འགན་ཁུར་ལྕི་ཞིང་བྱ་བ་མང་ན་ཡུལ་ལ་ལྡོག་མི་ཐུབ་པར་ཁག་མེད་མོད། དོན་ངོ་མར་བྱ་བ་བསྒྲུབས་མི་ཚར་བ་ཞིག་ལས་རྒྱུ་ཡོད་མེད་སུས་ཤེས། ཨ་མ་ཚེ་མོས་རྒྱུན་དུ་དེ་ལྟར་སེམས་ཁྲལ་བྱེད་བཞིན་པར། ཨ་ཡེ་ཚོས་ཀྱང“ཚེ་མོ། ཁྱོད་ཚང་གི་ལས་བྱེད་པ་ཡུན་རིང་ཞིག་ལ་མཐོང་རྒྱུ་མེད་པ་ཅི་རེད”ཅེས་དྲིས་བྱུང་བས། མོ་ལ་སེམས་ཁྲལ་གྱི་ཐོག་ལ་དོགས་པ་ཞིག་ཀྱང་ཁ་སྣོན་བྱས་སོང་མོད། ངག་ནས“སློབ་གཙོ་རུ་བསྡད་ན་བྱ་བ་མང་བས། ཡུལ་ལ་དེ་འདྲ་ཡོང་ག་ལ་ཐུབ”ཅེས་ཅི་མི་སྙམ་པར་ལན་ལྡོན། མོ་ཚོས“བྱ་བ་མང་ན་ཡུལ་ལ་ལྡོག་མི་ཐུབ་པར་ཁག་མི་འདུག ཁྱོད་ཀྱི་བུ་ངར་བར་ལྟོས་དང་། སློབ་གཙོ་ལ་འདུག་ཐུབ་སོང”ཞེས་བསྟོད་པ་བྱས་པ་དེས། མོར་ཏབ་ཅིག་ཙམ་ལ་ངའོ་སྙམ་པའི་ང་རྒྱལ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང། ཡིན་ནའང་བུ་ཆུང་ཡུལ་ལ་འོང་གྲངས་ཇེ་ཉུང་དུ་ཕྱིན་པ་དེས། མོར་དོགས་པ་དང་བློ་མི་བདེ་བ་ཞིག་ཀྱང་དབང་མེད་ངང་འཁོར་དུ་བཅུག་བྱུང་། དེའི་མུར་དོགས་པ་དང་སེམས་ཁྲལ་དེ་ཚོ་ནི་ལག་ཟུང་ཆེན་པོ་ཞིག་དང་འདྲ་བར་མོའི་དགུང་དུ་བཏེགས་པའི་སྤྲོ་སྣང་དེ་ཐང་ལ་ཤུགས་ཀྱིས་དྲུད་ཡོང་།
   རྒན་མོས་འདི་ལྟར་སེམས་ཁུར་བྱེད་པར་ཡང་རྒྱུ་མཚན་ལོས་ཡོད། ད་ལོའི་དབྱར་ཁ་ནས་བཟུང་། བུ་སློབ་གྲྭ་ནས་ཡུལ་ལ་ལྡོག་གྲངས་ཇེ་ཉུང་དུ་སོང་བ་ནི། ཁོར་ཆུང་མ་ལེན་རན་སོང་ཞེས་བྲེལ་བ་བསླངས་པ་མང་སོང་བའི་སྟབས་ཀྱིས་མིན་ནམ། དངོས་གནས་ཁོས་བཤད་པ་ལྟར་ཕོ་ལོ་སུམ་ཅུར་རྒས་ཞད་ག་ལ་ཡོད། ཁོ་ད་ལོར་ལོ་ན་ཉེར་དྲུག་ལ་སླེབས་མ་ཐག་རེད། ཁྱིམ་ཐབ་བསྒྲིག་རྒྱུར་བྲེལ་བ་སློང་ག་ལ་དགོས། རང་དང་མཉམ་པའི་བཟའ་ཚང་ཞིག་ལོས་ཡོད་སྙམ་མོད། འོན་ཀྱང་རྒན་མོས“གྲགས་པ། འུ་ཚང་གི་བླུན་རྒན་ཀན་ཁྱིམ་ལ་མི་ལྡོག་པར་བལྟས་ན། བུ་མོ་ཞིག་ལ་ཁ་ཐུག་ཡོད་པ་མིན་ནམ”ཞེས་བརྗོད་པར། ཁྱོ་གའི་སེམས་ལའང་དོགས་པ་དང་དྲན་སྣང་སྣ་ཚོགས་ཤིག་ཤར་དུ་བཅུག་མོད། བུ་ཆུང་ཤ་དར་ཁྲག་དར་གྱི་སྒང་ཡིན་པས། གསར་མོ་མེ་ཏོག་ལྟ་བུ་རེ་ལ་ཕྲད་ཚེ། ཡུལ་ལ་ལྡོག་རྒྱུ་བརྗེད་མི་འགྲོ་བ་ག་ལ་སྲིད། རང་ཡང་ན་ཚོད་གཞོན་དུས་སྡེ་བའི་གསར་བུ་ཚོ་དང་འགྲོགས་ནས་སྡེ་བ་ཡར་མར་ཀུན་ལ་ཉུག་སྟེ། ཉིན་དཀར་ལྒང་ལི་རྩེ་བ་དང་།མཚན་མོར་སྡེ་བའི་བུ་མོ་རྣམས་བོས་ཏེ་ལ་གཞས་འཐེན་རེས་ཀྱིས་ནམ་གསལ་དུ་བཅུག་པ་མ་ཡིན་ནམ། རང་ཉིད་བུ་བུ་མོའི་ཕ་རུ་གྱུར་རྗེས་སུའང་། ཕོ་ལོ་བཅོ་བརྒྱད་དང་བཅུ་དྲུག་ལ་སོན་པའི་བུ་ཆེ་བ་དང་བུ་འབྲིང་བར་ཕག་ནས“ཁྱོད་གཉིས་སྟག་ཤ་ར་ཞིག་ལ་འདྲའམ། ནམ་རྒྱུན་པུས་མོ་རུམ་སྟེ་བསྡད་ནས་ཅི་ཞིག་ཡོང་རྒྱུ་ཡོད། སོང་། རུ་ཉུག་ལ་སོང་ཞིག”ཅེས་ལབ་མྱོང་བ་དྲན་པས། དབང་མེད་དུ་དགོད་ཁ་ཞིག་ཤོར་པ་ལ། རྒན་མོས“ཁྱོད་ཀྱིས་སེམས་ཁུར་མི་བྱེད་པར་ད་དུང་གླེན་དགོད་བྱེད”ཅེས་ཁོ་ལ་མིག་ལོག་གིས་ལྟ་བཞིན་སྡིགས་མོ་བྱས་འོངས།
   “རྒད་པོ། ཁྱོད་བློ་སེམས་བདེ་བཞིན་འདུག་ཐུབ་མོད། ང་སེམས་ཁུར་གྱིས་འདུག་མི་བཟོད། ལྷ་དགའ་ཡུལ་ལ་མི་ལྡོག་པར་བལྟས་ན། བུ་མོ་ཁ་འཁྱག་མ་ཞིག་ལ་ཐུག་ཡོད་པ་ཐག་གིས་ཆོད།”ཨ་ཡེ་ཚེ་མོས་ནམ་ལངས་མ་ཐག་དེ་ལྟར་ལེ་བདའ་བྱས་ལ། ས་རུབ་མ་ཐག་ཀྱང་དེ་བཞིན་བསྐྱར་ཟློས་བྱེད། གྲགས་པ་ལ་སྐད་ཆ་དེ་དག་རྣ་སུན་དུ་སོང་བས་ཁོང་ཁྲོ་དང་བཅས“བུ་མོ་ཁ་འཁྱག་མ་ཞིག་ལ་ཐུག་ཀྱང་ང་ལ་བཀོད་པ་ཅི་ཡོད། ཕོ་ལོ་ཉི་ཤུའི་ནང་གི་གསར་བུ་རེད”ཅེས་གང་བྱུང་དུ་སྨྲས་མོད། ཁོ་ལའང་སེམས་ཁྲལ་ཞིག་དབང་མེད་དུ་འཁོར་ཡོང། བུ་མོ་དགའ་ཞིག་ལ་ཕྲད་ཡོད་ན་བཟང་མོད། ཤ་རུས་གདུང་རྒྱུད་མི་བཟང་བ་ཞིག་དང་འགྲོགས་ཚེ་ལྟས་ངན་བསྟན་པ་མིན་ནམ། དེང་སང་གི་གསར་བུ་ཚོས་འདང་མང་བོ་རྒྱག་མི་ཤེས། ཁོས་དེ་ལྟར་སྙམ་པ་དང་རང་སྡེའི་གསར་བུ་ཚོས་ཆུང་མ་ལེན་ཚུལ་ཡང་ཡང་ཡིད་ལ་འཁོར། ལུང་རྟོགས་ཚང་གི་མནའ་མར་ཕར་བལྟས་ན་བཅོ་ལྔའི་དུང་ཟླ་དང་མཚུངས་མོད། གམ་དུ་བཅར་ན་དྲི་མ་ཁ་བོ་ཞིག་གིས་མགོ་ཡུ་འཁོར་ཏེ་འདུག་མི་བཟོད་ཟེར། དང་ཐོག་ལུང་རྟོགས་ཀྱིས་ཀྱང་སྡེ་བའི་ལོ་ལོན་ཚོའི་མདུན་ནས་ཁོ་ཚང་གི་མནའ་མའི་མོ་སྒོ་ལ་དོ་བ་ཞིག་སྡེ་བ་འདིར་མེད་ཅེས་ངོམ་སོ་དང་བསྟོད་པ་བྱེད་མོད། ཚང་མས་བཅོ་ལྔའི་དུང་ཟླ་དེའི་སྟེང་ནས་སྣོམ་དཀའ་བའི་དྲི་མ་ཞིག་འཐུལ་བ་ཤེས་པ་ནས། ལུང་རྟོགས་ཀྱིས་འུར་ལབ་པའི་སྐད་མགོ་ཇེ་དམའ་ནས་ཇེ་དམའ་རུ་གྱུར། ཨ་ཁུ་གྲགས་པས་ཀྱང་བཟའ་མི་ཚོའི་གྲས་ནས་སྐབས་རེར“ཤ་རུས་པ་མ་གཙང་ན། ཡག་མོ་སྒོ་ཡིས་ཅི་བྱ”ཞེས་ལུང་རྟོགས་ཚང་གི་མནའ་མ་དཔེ་རུ་བླངས་མྱོང་མོད། ལྷ་དགའ་ཡིས་ཆུང་མ་ག་འདྲ་ཞིག་འཁྲིད་ཡོང་རྒྱུ་སུས་ཤེས། གསར་བུ་ཡིན་ན་གསར་རྟགས་ལོས་སྟོན། རང་ཉིད་ཀྱང་གསར་བུ་བརྒྱུད་དེ་ཡོང་བ་ཡིན། དེའི་དུས་ཕ་དྲིན་ཆེན་པོས་རུ་ཉུག་བྱེད་པར་དགའ་བའི་ཁོ་ལ་གནང་བ་ཆེན་པོ་ཞིག་བྱིན་ཡོད་ནའང་། ཁོ་སྒོ་རུ་འབུད་ཐེངས་རེར་སྡེ་བ་གང་གི་ཟ་མ་བཟའ་མི་རུང་བ་དང་། སྡེ་བ་གང་ནས་ཞག་འདུག་བྱ་མི་འོས་ཚུལ་ནན་གྱིས་བརྗོད་མྱོང་། ངོ་མ་དེའི་དུས་སྡེ་བ་ཕ་རོལ་ཚུ་རོལ་གྱི་བུ་མོ་གང་མང་ཞིག་ལ་འགྲོགས་རུང་། ཤ་རུས་ལ་ཁས་གཏོང་བ་ཞིག་གི་རུམ་དུ་འཛུལ་བ་མི་དྲན། ཕ་རྒྱུད་རུས་པ་གསེར་དང་མ་རྒྱུད་རུས་པ་དུང་ལ་སེར་ཐིག་ཅིག་ལྷུང་ཚེ་ལུང་ཁོག་འདིར་གྲག་འགྲོ། ལུང་རྟོགས་ཀྱིས་ད་ལྟ་མི་ཚོགས་ཀྱི་གྲས་ནས་ཁ་དེ་འདྲ་གྲག་མི་ཐུབ་པ་ཡང་རྒྱུ་མཚན་འདི་ལ་ཐུག་ཡོད། ཨ་ཁུ་གྲགས་པས་དེ་ལྟར་སྙམ་པ་དང་ཡིད་ལ་དྲན་འཆར་སྣ་ཚོགས་ཤིག་སྐྱེས་ཏེ་སེམས་འཁྲུགས་བྱུང་། མཐའ་མར“ཁོ་ཡུལ་ལ་མ་ཡོང་ན། འུ་རྒན་རྒོན་གཉིས་བལྟ་རུ་འགྲོ་ཟེར་རྒྱུ་ཅི་ཡོད། ད་ཉིན་འགར་སྒུགས་དང་། ལུང་ཁོག་ཆུང་ཆུང་འདི་ནས་གནས་ཚུལ་འདྲ་མི་གོ་རྒྱུ་མེད”ཅེས་ལབ།
   4
    ལེགས་མཛེས་ལ་ཕྲད་པའི་ཉིན་དེའི་ཕྱི་ཉིན་གྱི་ཞོགས་པར། ལྷ་དགའ་ཉིན་སྔོན་མ་ནང་བཞིན་སློབ་གྲྭའི་གཉའ་ཡི་ཞིང་ཁ་རུ་འཆམ་འཆམ་དུ་ཕྱིན། ཡིན་ནའང་ཁོ་དེ་གར་འགྲེང་སྟེ་དུས་ཡུན་རིང་བོར་ཡར་མར་ལ་མིག་གཡེང་བྱས་ནས་བསྡད་མོད། རྩྭ་འཐུ་བུ་མོའི་ཁྲོད་དུ་ལེགས་མཛེས་མི་འདུག ཉིན་གུང་ཡང་ཨེ་མཐོང་སྙམ་སྟེ་སོང་ཡང་ལེགས་མཛེས་སྔར་བཞིན་མཐོང་ལམ་དུ་མ་མངོན། ཕྱི་དྲོ་ཡང་དེ་བཞིན་རེད། དེ་ལྟར་ཉིན་འགའ་ལ་རེ་བ་དང་བཅས་ཏེ་སོང་ཡང་། ཕྱིར་རེ་བ་འབྲས་མེད་དུ་ལྡོག་དགོས་བྱུང་བས། ལྷ་དགའ་ལ་སྔ་ན་མེད་པའི་ཕངས་སེམས་དང་སྟོང་སྣང་ཞིག་གིས་མདུན་དུ་སྒྱུར་བའི་གོམ་པ་ལྗིད་ཏིག་གེར་བཏང་། མོ་ད་ནི་མིག་གིས་མཐོང་རྒྱུ་མེད་པ་ཅི་ཞིག་གི་རྐྱེན་ཡིན་ནམ། ང་ལ་བསམ་གཟས་ཏེ་གཡོལ་བ་ཡིན་ནམ། ལྷ་དགས་བེའུ་ཚང་སྡེ་བའི་ཕྱོགས་སུ་མིག་ཞགས་ཡང་ཡང་འཕེན་བཞིན་སེམས་ལ་འཚུབ་ཆ་ཞིག་དབང་མེད་དུ་སྐྱེས། དེ་བས་གཟའ་མཇུག་ལ་སླེབས་ཚེ་ངེས་པར་ལེགས་མཛེས་ཚང་ལ་འགྲོ་རྒྱུའི་སེམས་ཐག་བཅད།
   “ཨ་ནེ། འདི་ལེགས་མཛེས་ཚང་ཨེ་རེད།”
   “རེད། ཁྱོད་སུ་ཡིན་ནམ།”
   “ང་ལེགས་མཛེས་ཀྱི་སློབ་གྲོགས་ཤིག་ཡིན།”
   “འོ། ཁྱོད་ལྕང་ལུང་སློབ་གྲྭའི་དགེ་རྒན་ལྷ་དགའ་མ་ཡིན་ནམ། ཤོག ནང་ལ་ཤོག ལེགས་མཛེས། འགྲུལ་པ་ཡོང་ཐལ།”
   ལེགས་མཛེས་ཁྱིམ་དུ་ཡོད་པ་ཐོས་པས། ལྷ་དགའི་སེམས་ཁོང་ལ་འོད་ཅིག་འཚེར་བྱུང་།
   ཁྱིམ་ནང་འགྲུལ་པ་སླེབས་པས། མ་སྨད་གཉིས་ཀར་དགའ་བ་དང་འཚུབ་ཆ་མཉམ་དུ་སྐྱེས། ལེགས་མཛེས་ཀྱི་ཨ་མས་འགྲུལ་པའི་སྔུན་ལ་ཅི་ཞིག་བསྒྲིག་རྒྱུ་མ་ཤེས་པར་རྟབ་རྟབ་པོར་ལག་པ་ཀྲབ་ཀྲབ་བྱས་བྱུང་། ལེགས་མཛེས་ཀྱི་གདོང་དུ་རྔུལ་ཆུ་ཀྲིག་ཀྲིག་འཚེར་བཞིན་ཇ་དཀར་ཡོལ་གང་བླུགས་ཏེ་མགྲོན་པོའི་ལག་ཏུ་དྲངས། ལྷ་དགས་ཇ་ཧུབ་འགའ་འཐུངས་པར“ཨ་ཡེ། ཨ་ཡེ”ཞེས་སྒོའི་ཕྱི་ནས་བྱིས་པ་ཞིག་གིས་འབོད་སྐད་སྒྲོག་བཞིན་ནང་དུ་བརྒྱུགས་ཡོང་། ཁྱིམ་གྱི་ཡར་སྒྱིད་ན་མི་ཆ་མེད་ཅིག་འདུག་པ་མཐོང་བས། འཕྲལ་མར་རྨོ་མོའི་རྒྱབ་ལ་ཡིབ་ཀྱང་མཚམས་རེར་སྐེ་བསྲིངས་ཏེ་འགྲུལ་པའི་ཕྱོགས་སུ་ཅེར་བར་བྱེད། ལྷ་དགས་བྱིས་པ་དེར་ལྟ་ཞོར་ལེགས་མཛེས་ལ“འདི་ནི་ཁྱོད་ཀྱི་བྱིས་པ་ཡིན་ནམ”ཞེས་དྲིས་པ་ན། ལེགས་མཛེས་ཀྱིས་མགོ་བོ་ལྡེམ་ལྡེམ་བྱས།“གཞན་གྱི་བྱིས་པར་ཨ་ཕ་ཞེས་འབོད་ས་ཡོད་ཀྱང་ལས་ངན་འདི་ལ་མེད་སོང་། ངེད་ཚང་ལ་མོ་ཁྱིམ་ཞེས་འབོད་པ་དང་། མག་པ་ཞིག་གི་སྐལ་བའང་མེད་ཐལ།”ལེགས་མཛེས་ཀྱི་ཨ་མས་ཚ་བོ་ལ་མིག་གིས་བལྟས་ཙམ་བྱས་ནས་མགོ་བོ་དུད་བཞིན་དེ་ལྟར་སྨྲས་པར། ཁང་བའི་ནང་རེ་ཞིག་དལ་ཅག་གེར་གྱུར། ངས་བྱིས་པ་འདིའི་ཨ་ཕའི་ཚབ་བྱེད་ཐུབ་ན་ཅི་མ་རུང་སྙམ་པ་དང་། ལོ་བཞི་ཡས་མས་ཀྱི་བྱིས་པ་ཞིག་ལ་ཕ་ནི་ཅི་འདྲའི་མཁོ་ཨང་།ལྷ་དགའི་ཡིད་ལ་དྲན་འཆར་གློ་བུར་བ་དེ་འདྲ་ཞིག་སྐྱེས་པར་ཁོ་རང་ཉིད་ཀྱང་ཧ་ལས་བྱུང་། བྱིས་པའི་ངོ་ཚུགས་ནི་ལེགས་མཛེས་བཞིན་གཅེས་སུ་རུང་བ་ཞིག་རེད། ཡུད་ཙམ་འགོར་རྗེས་ཁོས“བྱིས་པ་སྙིང་རྗེ་བོ་ཞིག་འདུག ཤོག འདིར་ཤོག་དང་། ཨ་ཁུས་ཁྱོད་ལ་ཀ་ར་ཉོ་སྤྱད་སྟེར”ཟེར་བཞིན་ཁང་མིག་ཆུང་ཆུང་ནང་གི་སྟོང་འཇགས་དེ་དཀྲོག་ཐབས་བྱས།
   “སྟེར་མི་དགོས།”ལེགས་མཛེས་ཀྱིས་བུ་ཡིས་ལག་པ་ཕར་བསྲིང་གྲབས་བྱེད་པ་མཐོང་བས“སོང་།
སྒོར་རྩེ་རུ་སོང”ཞེས་བྱིས་པ་སྒོ་རུ་བདས། ཁོས་བྱིས་པའི་ངོ་མདངས་ཤོར་པ་མཐོང་བས་སེམས་ནས་མ་བཟོད་པར“བྱིས་པ་ལ་དེ་ལྟར་སྡིགས་ནས་ཅི་བྱ”ཞེས་ཟེར་ཞོར་ཡར་ལངས་ཤིང་ཕར་སོང་སྟེ“འདི་ཨ་ཁུས་ཁྱོད་ལ་ཀ་ར་ཉོ་སྤྱད་དུ་བྱིན་པ་ཡིན”ཞེས་བྱིས་པའི་ལག་ལ་སྒོར་སིལ་འགའ་བཞག་པ་ན། ལེགས་མཛེས་ཀྱིས་ཀྱང་བུ་ཡི་མགོར་བྱིལ་བྱིལ་གཏོང་བཞིན“ད་སྒོར་རྩེ་རུ་སོང་། དེའི་འཕྲོར་ནུབ་འཚལ་འཐུང་རན་སྐབས་ཡུལ་ལ་ཤོག”ཅེས་ཟེར། བྱིས་པ་སོང་རྗེས་ཁོ་ཚོས་མུ་མཐུད་དུ་ཁ་བརྡ་བྱས། ཁ་བརྡ་བྱེད་བཞིན་པའི་སྒང་ལ། ལེགས་མཛེས་ཀྱི་ཨ་མས་སྒེའུ་ཁུང་གི་ཕྱི་རུ་བལྟས་ཙམ་བྱས་རྗེས“ལེགས་མཛེས། ཁ་བརྡར་གཡེང་ནས་བསྡད་དེ་ཅིི་བྱེད། སོང་ལ་ནུབ་འཚལ་སྐོལ་ཅིག འགྲུལ་པ་ལྟོགས་ཡོད་ངེས”ཟེར་བར། ཁོས་ཀྱང་ཕྱི་རོལ་ལ་ལྟ་བཞིན“ད་ང་ཡང་འགྲོ་རན་སོང་། ཁྱོད་གཉིས་ཀྱིས་དལ་མོར་བསྐོལ་ཆོག”ཅེས་ལབ་པ་ན། མ་སྨད་གཉིས་ཀས“ཁྱོད་ངེད་ཚང་ལ་ཐེངས་དང་པོར་ཡོང་བ་ཡིན་པས། ནུབ་འཚལ་མི་འཐུང་བར་འགྲོ་སྲོལ་ཞིག་གང་ན་ཡོད”ཅེས་མགྲོན་པོ་ཡར་སྒྱིད་དུ་བཀག་བྱུང་།
   བྱིས་པ་ཕྱིར་ཁྱིམ་ནང་སླེབས་ཏེ་ཅང་མ་འགོར་བར། ལེགས་མཛེས་ཀྱིས་ཀྱང་ནུབ་འཚལ་བསྐོལ་ཚར་འདུག ནུབ་འཚལ་འཐུངས་ཏེ་ཁོ་ལེགས་མཛེས་ཚང་ལས་ཕྱིར་འབུད་སྐབས། རྒྱང་རིང་གི་གནམ་མཐའ་ན་སྐར་མ་ཐར་ཐོར་རེ་ཤར་འདུག སྨད་ཀྱི་ཨ་མྱེས་སྟོང་རི་དེ་ད་ལྟ་མཐོང་ལམ་ན་རབ་རིབ་ཀྱི་གཟུགས་རིས་ཙམ་ལས་མི་མངོན། ལྷ་དགའ་ཡི་ཕ་ཡུལ་ནི་ཨ་མྱེས་སྟོང་རིའི་འདབས་ན་ཡོད་ཅིང་། བེའུ་ཚང་སྡེ་བ་དང་ཕ་ཡུལ་གྱི་བར་ལ་ཉུང་མཐའ་ཡང་སྤྱི་ལེ་བཅུ་ལྷག་གིས་ཆོད་ལ། འདི་ནས་རྐང་ཐང་ལ་ཆས་ན་ཕ་ཡུལ་དུ་སླེབས་ཚེ་མུན་ཡོངས་སུ་རུབ་ངེས་པས། དོ་ནུབ་སློབ་གྲྭ་རུ་ཞག་སྡོད་བྱེད་པ་ལས་འོས་མ་མཆིས། ལེགས་མཛེས་ཀྱི་ཨ་མས་ཀྱང“རྒྱང་མིག་འཆད་ལ་ཉེ་འདུག ཁྱོད་ཡུལ་ལ་སླེབས་ཚེ་ས་རུབ་ཐག་ཆོད་རྒྱུ་རེད”ཅེས་གནམ་ངོ་ལ་བལྟས་ཙམ་བྱས་རྗེས་དེ་ལྟར་ཟེར་བ་དང་། ཡང“འཕྲུལ་རྟ་ཡོད་ཚེ་སོང་ན་མགྱོགས་མོད། ཁྱོད་རྐང་ཐང་ལ་སོང་ན་ནམ་ཞིག་ལ་སླེབ་རྒྱུ”ཞེས་བཤད་པ་ན། ཁོས“ཨ་ནེ། དོ་དགོང་ང་སོང་ནས་སློབ་གྲྭའི་ནང་བསྡད་ཆོག”ཅེས་བརྗོད་རྗེས། ཁོ་ཚོ་དང་གྱེས་ཏེ་སློབ་གྲྭའི་ཕྱོགས་སུ་འཐེན་པའི་ལམ་བུ་དེར་ཞུགས།
   “འུ་གཉིས་ཀྱིས་ད་ཅི་འགྲུལ་པ་བཀག་སྟེ་འགྲོ་རུ་མ་བཅུག་པ་ཡང་འགྲིག་མི་འདུག ཁོ་ཡུལ་ལ་ཡང་སླེབས་སུ་མ་བཅུག”མགྲོན་པོ་སྒོ་རུ་བསྐྱལ་རྗེས་
ལེགས་མཛེས་ཀྱི་ཨ་མ་ཁྱིམ་དུ་ཡོང་ནས་ལེགས་མཛེས་ལ་དེ་ལྟར་བརྗོད། ཡུད་ཙམ་འགོར་བར“ཁོའི་ཕ་མ་གཉིས་ཀྱིས་ཁོ་ལ་བསྒུགས་ཡོད་ངེས”ཟེར་ཞོར་མོའི་གདོང་ལ་གནོང་ཞིག་གིས་ཁེངས་བྱུང་། ལེགས་མཛེས་ཀྱིས་ཕྱིར“འོ་ལོས”ཞེས་ལན་སྟབས་བདེ་ཙམ་ལས་མ་བཏབ། མོའི་སྣང་ངོར་དེ་ལས་ལྡོག་སྟེ་འགྲུལ་པ་རང་ཁྱིམ་དུ་ཏབ་ཅིག་གི་ཡུན་ལས་མ་བསྡད་པར་ཚབ་ཚུབ་ངང་ཕྱིར་སོང་བར་ཕངས་སེམས་ཤིག་སྐྱེས་བྱུང་།ལེགས་མཛེས་ཀྱིས་ད་དུང་ཨ་མས་མགྲོན་པོ་ཕྱིར་འགྲོ་རྩིས་བྱེད་སྐབས“དོ་དགོང་འདི་ནས་སྡོད”ཅེས་པའི་ཚིག་གཅིག་ཀྱང་མ་བཤད་པར་ཡི་མུག་ཅིག་ཀྱང་སྐྱེས།
   ནངས་དུས་ཉི་རྩེ་ཁང་ཀླད་དུ་ཕོག་པ་ན། སྒོ་མདུན་གྱི་སྡོང་མགོ་རུ་སྐྱ་ཀ་ཁྲ་མོ་ལན་འགར་གྲག་བྱུང་། ཅག་ཅག་གི་བྱ་སྐད་དེ་སེར་ལམ་ལམ་གྱི་ཉི་ཐིག་དང་ལྷན་དུ་རྣ་ལམ་དུ་གྲག་པར། ལྷས་འཕྱག་བཞིན་པའི་ལེགས་མཛེས་ཀྱི་ཨ་མའི་སེམས་ཁོང་ནས་ཅི་ཞིག་དྭངས་སོང་བའི་སྤྲོ་སྣང་ཞིག་དབང་མེད་དུ་འཕེལ་བས། མགོ་བོ་ཡར་ལ་དགྱེ་སྟེ་སྡོང་རྩེ་རུ་ཡང་ཡང་བལྟས། དེ་རིང་འགྲུལ་པ་ཞིག་ཡོང་རྒྱུ་ཡིན་ནམ། མོས་སྐད་གདངས་ཅུང་མཐོན་པོའི་ངང“སྐྱ་ཀ་ཁྲ་མོ་གྲག་ཚུལ་ལ་བལྟས་ན། དེ་རིང་འུ་ཚང་ལ་འགྲུལ་པ་ཞིག་བསླེབ་པར་ཁྲིགས་ཁྲིགས་མི་འདུག”ཅེས་བཤད། ལེགས་མཛེས་དགོད་ཀྱིན“ཨ་མ། བྱ་སྐད་ཅིག་ལ་བརྟག་རྒྱུ་ཅི་ཡོད། ནམ་རྒྱུན་ཡང་གྲག་གིན་ཡོད་མོད། འགྲུལ་པ་ཞིག་ཡོང་མ་མྱོང་བ་མིན་ནམ”ཞེས་ཅི་མི་སྙམ་པར་བརྗོད་པ་ན། མོས་ཀྱང་བུ་མོའི་གཏམ་དེ་བདེན་པར་སྙམ། དངོས་གནས་ཁྱིམ་ཚང་འདི་ལ་དུས་རྒྱུན་མགྲོན་པོ་ཤིན་ཏུ་ཉུང་སྟེ། ཕུ་བོ་མཁར་བྱམས(ལེགས་མཛེས་ཀྱི་ཨ་ཞང་སྟེ། མོའི་ཨ་མའི་སྤུན་མཆེད་གཅིག་པུ་ཡིན)ཚང་མ་གཏོགས་ཁྱིམ་འདི་ལ་ཡོང་མཁན་མེད། ལུང་ཁོག་འདིའི་སྲིབ་ན་ཡོད་པའི་མཁར་བྱམས་ལ་ཁོམ་སྐབས་བྱུང་དུས། རང་གི་སྲིང་མོར་སྐོར་རྒྱག་ཏུ་ཡོང་ངེས་ལ། དཔྱིད་འདེབས་སམ་སྟོན་བསྡུའི་སྐབས་སུ་བུ་དང་མནའ་མ་གཉིས་ལས་རོགས་སུ་མངགས་ཡོང་། ཡིན་ནའང་ཕུ་བོ་ཚང་གི་བཟའ་མི་གང་བོ་ཁེ་ཉིན་ལྷ་སར་མཇལ་སྐོར་དུ་སོང་མ་ཐག་ཡིན་པས། མགྲོན་པོ་ཆ་མེད་སུ་ཞིག་འདི་རུ་ཡོང་ངམ། མོས་དེ་ལྟར་སྙམ་བཞིན་སླར་ཡང་སྒོའི་ཕྱི་ནང་གི་ལས་ཀར་ཞུགས་པ་ན། སྐྱ་ཀ་གྲག་པའི་སྔ་ལྟས་དེའང་རིམ་གྱིས་གཏིང་བརྗེད་དུ་གྱུར། ཕྱི་དྲོ་ལྷ་དགའ་ཡང་བསྐྱར་བུད་ཡོང་བར། ལེགས་མཛེས་ཀྱི་ཨ་མར་དགའ་སྤྲོ་འདྲེས་མའི་འཚུབ་ཆ་ཞིག་དབང་མེད་དུ་སྐྱེས་པ་དང་། མགྲོན་པོའི་མདུན་དུ་ཤོད་རྒྱུ་འོས་མོ་ཞིག་ཀྱང་མ་རྙེད་པ་ལ། ངོ་གནོང་ཞིག་གིས་ཁྱིམ་དུ་འདུག་མི་བཟོད་པར་བཏང་། ལེགས་མཛེས་ཀྱང་གོ་ཁ་རུ་ཕར་འཁོར་ཚུར་འཁོར་གྱིས་ཅི་ཞིག་འཚོལ་བ་ལྟར་འདུག་པ་དེ་མཐོང་བས། བུ་མོ་འདི་ཞེས་སེམས་ནས་སྡིགས་མོ་བྱེད་ཀྱིན་འགྲུལ་པར་ཇ་ལྡུག་ཏུ་བཅུག་པ་ན། བུ་མོས་གཞི་ནས་རྔུལ་ཆུ་ཀྲིག་ཀྲིག་གིས་མགྲོན་པོར་ཇ་དྲངས་བྱུང་། ཉིན་འགའི་སྔོན་ལ་ལེགས་མཛེས་ཀྱིས་རྩྭ་བཏུས་ནས་ཕྱིར་ཡོང་རྗེས“ངའི་སློབ་གྲོགས་ཤིག་ལྕང་ལུང་སློབ་གྲྭའི་དགེ་རྒན་རེད”ཅེས་གླེངས་བྱུང་།
མོས“དེས་ན་ཁྱིམ་དུ་མ་བོས་སམ”ཞེས་དྲིས་པར། མོས“ཁྱིམ་ལ་ཤོག་ཅེས་བཤད་ཡོད”ཟེར། ཁོ་ཚོས་ཁ་བརྡ་བྱས་ཚེ། ལྷ་དགའ་འདི་རུ་དགེ་རྒན་བྱེད་དུ་ཡོང་ནས་ལོ་གཉིས་ལྷག་འགོར་ལ་ཉེ་བ་ཤེས་པས། མོས་མ་རངས་པའི་ཉམས་དང་བཅས་བུ་མོར“ད་རག་བར་དུ་ཁྱིམ་ལ་མི་འབོད་དོན་ཅི་ཡིན་ནམ”ཞེས་སྡིགས་པར། ལེགས་མཛེས་ཀྱིས་འཛུམ་ཆུང་ཞིག་དམུལ་ཏེ་སློབ་གྲོགས་ཀྱི་ཕྱོགས་སུ་གཅིག་བལྟས་པ་དང་། མཐུད་ནས་མགོ་བོ་དུད་དེ་ཅི་ཡང་མི་ཟེར་མོད། ལྷ་དགའ་དགོད་ཀྱིན“ཉིན་དེར་ངེད་གཉིས་གསར་དུ་ཕྲད་པ་ཡིན”ཞེས་བཤད་པ་དང་།
“ངེད་གཉིས་སྔོན་ཞིག་ནས་ཕྲད་ཡོད་ཚེ། མ་བོས་ཀྱང་ང་སློབ་གྲོགས་ཚང་ལ་ལོས་ཡོང”ཞེས་སྨྲས་བྱུང་།
ལྷ་དགའ་ནི་གསར་བུ་ཁ་བརྡ་ཅན་ཞིག་རེད། ཁོས་ཡུལ་ཚོའི་སློབ་གྲྭ་འགྲིམ་སྐབས་ཀྱི་དུས་སྐབས་དེ་གླེང་བ་ན། དང་ཐོག་ལེགས་མཛེས་ཀྱིས་མགོ་བོ་དུད་དེ་ཉན་པ་ལས་སྐད་ཆ་ཅི་ཡང་མི་བཤད་མོད། ལྷ་དགས་མིག་ཆེ་རུ་གདངས་བཞིན“ཨ་ཙི། ཁྱོད་ཀྱིས་མི་དྲན་ནམ”ཞེས་དྲན་གསོ་བ་དང་། ཡང“ཁྱོད་འདི་བརྗེད་ངས་ཆེ་བ་ལ་ཨང”ཞེས་མགོ་བོ་གཡུག་གཡུག་བྱས་པར། ལེགས་མཛེས་ནི་ཁོའི་རྩེད་མཚར་དང་ཁ་བརྡ་བྱེད་ཚུལ་དེ་ལ་དབང་མེད་དུ་དགོད་ཁ་ཤོར། ཡུན་གྱིས་རྡོ་ཁབ་ལེན་གྱིས་དྲངས་པའི་ལྕགས་ཕྱེ་ལྟར་ཁ་བརྡའི་ནང་ལ་ཐིམ་ནས་འགྲོ་བཞིན་འདུག་ལ། མཚམས་རེར་ད་དུང་ཁ་རེ་གྲག་སྟེ་ཁ་བརྡའི་ཚིག་སྣེའང་མཐུད་ཀྱིན་འདུག ཁོ་གཉིས་ཀྱིས་འདས་དུས་ཀྱི་དོན་དག་ཅིག་གླེང་སྐབས། གཅིག་གིས་གད་མོ་ལྷང་ལྷང་གིས་པུས་མགོར་ཐལ་ལྕག་གིས་ཡང་ཡང་གཞུ་ལ། གཅིག་ནི་ལྟག་གར་དགྱེ་དགྱེའི་ངང་མིག་ཆུ་བརྡོལ་ལ་ཁད་དུ་བགད་དེ་ཁང་བའི་ནང་འུར་ཆིལ་ལེར་འགྲོ། ཁོ་གཉིས་ཀྱིས་ཅི་ཞིག་གླེང་གིན་ཡོད་པ་གསལ་བོར་མི་ཤེས་མོད། ན་གཞོན་ཕོ་མོ་འདི་གཉིས་ཀས་སློབ་གྲྭ་འགྲིམ་སྐབས་ཀྱི་དུས་དེ་གླེང་གིན་གླེང་གིན་ངར་ཤུགས་ཤིག་རྒྱས་འདུག ཁོ་གཉིས་དེ་ལྟར་འཛེམ་མེད་དོགས་མེད་ངང་ཁ་བརྡའི་ནང་ཐིམ་ཚུལ་ལ་བལྟས་ན། ཁོ་གཉིས་ཀྱི་ལོགས་སུ་ད་དུང་ལོ་དྲུག་ཅུ་ཡོལ་བའི་རྒན་མོ་ཞིག་ཡོད་པའང་ཡེ་ནས་བརྗེད་སོང་བ་ལྟར་དུ་མཆིས། མོས་དེ་རིང་མ་གཏོགས་བུ་མོས་དགོད་སྒྲ་ཡིད་ཚིམས་པ་ཞིག་འབྱིན་པའང་ཐོས་མ་མྱོང་། ཚ་བོ་ཡང་སྒོ་ནས་རྩེ་མཚམས་བཞག་སྟེ་ཁྱིམ་དུ་ལོག་པ་དང་། གཞིས་མགྲོན་གཉིས་ཀས་དེ་ལྟར་ལྷང་ལྷང་གི་དགོད་སྒྲ་དང་བཅས་ཁ་བརྡ་བྱེད་པ་དེ་མཐོང་བར། རེ་རེའི་གདོང་ལ་གཅིག་བལྟས་རྗེས། ཚོད་ཚོད་ལ་དགའ་སྤྲོས་ངང་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་། སྐབས་རེར་མགྲོན་པོའི་རྒྱབ་ཏུ་འཇབ་ཀྱིན་སོང་སྟེ། ཁ་རོག་གེར་སྐེ་བསྲིངས་ནས་མགྲོན་པོའི་ངོ་ལ་མིག་གིས་ཧྲིག་གེར་ལྟ་ལ། མགྲོན་པོས་ཁོའི་ལག་པར་འཇུ་གྲབས་བྱས་པ་ན། ཁོ་དེ་མ་ཐག་དེ་ནས་ཡལ་ཏེ་རྨོ་མོའམ་ཨ་མའི་ཕག་ཏུ་བསྐུངས་ནས་མགྲོན་པོའི་ཕྱོགས་སུ་བསྟན་བཤིག་སློང་བཞིན་ལྟ་བར་བྱེད། ནུབ་འཚལ་འཐུང་རན་པར་བྱིས་པས་ཀྱང་པྲ་ཆལ་བྱེད་མཚམས་བཞག་སྟེ། ཁོ་ཚོ་དང་མཉམ་དུ་ནུབ་ཟས་ལ་རོལ། ནུབ་འཚལ་འཐུངས་ནས་ཅང་མ་འགོར་བར། བྱིས་པས་མགོ་བོ་ཨ་མའི་ཐུ་བར་བསྙེས་ཏེ་གཉིད་དུ་ཡུར་བྱུང་། ལྷ་དགས་གཉིད་དུ་ཡུར་བའི་བྱིས་པ་ལ་ལྟ་བཞིན“ལྟོས་དང་།རྩེ་ནས་ཐང་ཆད་འདུག”ཅེས་བརྗོད་པ་དང་། འགྲོ་ཁར་ཁོས་ལེགས་མཛེས་ཀྱིས་པང་དུ་བཟུང་བའི་བྱིས་པའི་མཁུར་མགོར་ལག་པས་ཕུར་ཕུར་ཞིག་ཀྱང་བྱས་བྱུང་། མགྲོན་པོ་སྒོ་རུ་བསྐྱལ་པ་ན། གནམ་ངོ་རབ་རིབ་ཏུ་གྱུར་ཏེ་རྒྱང་རིང་བོ་མཐོང་ལམ་དུ་མི་གསལ། རྒན་མོས་མགྲོན་པོར་ཞག་འདུག་བྱེད་རོགས་ཞེས་སྨྲས་ན་འདོད་མོད། ལེགས་མཛེས་ཀྱིས་ཅི་ཟེར་བ་མི་ཤེས་པས་ཚིག་དེ་ངག་ནས་འཁྲོལ་མ་ཐུབ། ཁོས“དོ་དགོང་ང་སོང་ནས་སློབ་གྲྭ་རུ་འདུག་རྒྱུ་ཡིན”ཞེས་བཤད་པས་མོ་ཡང་སེམས་བདེ་བར་གྱུར། འགྲུལ་པ་བསྐྱལ་ནས་ཕྱིར་ཁྱིམ་དུ་འཛུལ་བར། ད་ཅིའི་འུར་སྒྲ་དག་གང་ཞིག་ལ་ཡལ་ཏེ་ཁང་བའི་ནང་དུ་སླར་ཡང་དལ་ཅག་གེར་ཨ་ཡེ་རྒན་ཚང་གི་ཚུགས་ཀ་དེ་རིམ་གྱིས་མངོན་ཡོང་། ལེགས་མཛེས་ནི་ཅི་ཞིག་ཤོར་པ་ལྟ་བུའི་ཕངས་སེམས་ཤིག་གིས་ཁེངས་ཏེ་གོ་ཁ་རུ་ཧད་དེ་འདུག རྒན་མོས་མོ་ལ“ད་ཉལ་རན”ཞེས་བརྗོད་པར། མོས་གཞི་ནས་དབུགས་རིང་ཞིག་འཐེན་རྗེས་ཁ་ཚུར་འཁོར་ཏེ་ཚ་ཐབ་ཀྱི་ཕྱོགས་སུ་ཡོང་།
   5
   “ཨ་མ།”ལྷ་དགའ་སྒོ་ཆེན་དུ་འཛུལ་བ་དང་། ཨ་མ་ལྷས་ན་ཡོད་པ་མཐོང་བས་ཁོས་དེ་སྐད་བོས་བྱུང་།
   ཨ་ཡེ་ཚེ་མོས་ལག་གི་ལས་མཚམས་བཞག་སྟེ། བུ་ལྷ་དགའི་ངོ་ལ་ཡུད་ཙམ་ཅེར་རྗེས“ལྷ་དགའ། ཁྱོད་ཡུལ་ལ་མ་ལོག་པར་ཟླ་གཉིས་འགོར་ལ་ཉེ་བ་མ་ཤེས་སམ”ཞེས་སྐད་མགོ་ཅུང་མཐོན་པོས་བཤད་པ་ན། མེ་ཁང་ནང་ནས“སུ་བུད་ཡོང་ངམ”ཞེས་འདྲི་བའི་སྒྲ་ཞིག་གྲག་པ་དང་མཉམ་དུ་ཨ་ཁུ་གྲགས་པ་མེ་ཁང་གི་སྒོ་རུ་མངོན་བྱུང་། དེ་ནས“ངས་ཁྱོད་ཡུལ་ལ་ཡོང་རྒྱུ་མ་རེད་འདོད་ཡོད”ཅེས་བཤད་པ་དང་། ཡང“ཟླ་ཕོགས་ལེན་ཐུབ་སོང་ན་ཡུལ་ཡང་མི་དགོས་སམ། ཧིན”ཞེས་བཤད་ཀྱིན་གདོང་ནས་ཁྲེལ་འཛུམ་ཡ་མཚན་ཞིག་མངོན་ཡོང་། ལྷ་དགའ་དགོད་ཙམ་བྱས་རྗེས“ཨ་ཕ། ང་མི་དེ་འདྲ་ཞིག་ག་ལ་ཡིན”ཞེས་བརྗོད་པ་ན། ཨ་མས“ད་སུས་ཤེས་རྒྱུ། བུ་ཁྲེལ་མེད་འགའ་རེས་རང་མགོ་ཐོན་ན་ཕ་མ་བརྗེད་འགྲོ་སྲིད”ཟེར་བ་དང་། མཐུད་ནས“དེང་སང་གི་བྱིས་པ་ཚོས་ཟླ་ཕོགས་བླངས་འཕྲལ་རང་ཉིད་ཅི་ཞིག་ཡིན་སྙམ་མོད། ཕ་མ་ཚོའི་བཀའ་དྲིན་མིན་རྒྱུ་ན། ཁྱོད་ཚོ་ལས་བྱེད་པ་རུ་འགྱུར་ཐུབ་བམ། ང་ཚོས་ཁྱོད་ཚོའི་དོན་དུ་གོ་རེ(ཞིང་སྡེའི་བྱིས་པ་ཚོ་སློབ་ཆུང་དང་སློབ་འབྲིང་འགྲིམ་སྐབས་གཟའ་འཁོར་རེའི་ཐུན་ཟས་གཙོ་བོ་གོ་རེ་ལྕགས་ཟངས་ཡིན)བསྲེགས་པའང་བགྲང་གིས་ག་ལ་ལངས”ཞེས་བུ་ལོན་བགྲང་བགྲང་གིས་བཤད་པ་ན། ལྷ་དགའི་ངོ་གདོང་རང་དབང་མེད་པར་ཚ་ལམ་ལམ་དུ་གྱུར། ལྷ་དགའི་སེམས་ནས“ཨ་མ། ངས་ཁྱོད་ཀྱིས་གོ་རེ་བསྲེགས་ཏེ་སྡུག་མྱངས་པ་དེ་བརྗེད་ག་ལ་སྲིད”ཅེས་སྨྲ་འདོད་མོད། ཨ་མས་ལག་པ་གཉིས་ཀྱིས་ཐུ་བའི་ཐོག་གི་རྡུལ་ཤེད་ཀྱིས་སྤྲུགས་པ་དང་། བུ་མོ་ཆུང་ཆུང་རང་ཡན་མ་ཞིག་ལྟར་ཁ་ཕར་ལ་འཁོར་ཏེ་བུད་སོང་བར། ལྷ་དགའ་ནི་ལྐུགས་པ་བཞིན་དུ་ངག་ནས་ཅི་ཡང་མ་ཐོན་ལ། གདོང་དུ་ངུ་མ་དགོད་ཀྱི་མདངས་ཤིག་ཤར་འདུག
   “དགེ་རྒན་ལྷ་དགའ། འདི་ཨ་ཅེ་ལེགས་མཛེས་ཀྱིས་ཁྱོད་ལ་བསྐུར་པ་རེད།”ཉིན་ཞིག་གི་སྔ་དྲོར། ཡུལ་བེའུ་ཚང་སྡེ་བ་ནས་ཡིན་པའི་སློབ་མ་ཞིག་གིས་ཁོ་ལ་འོ་མ་འགྱིག་དེམ་ཆེན་པོ་གང་ཁྱེར་ཡོང་། ཁོ་རང་ཉིད་ཀྱི་རྣ་ལ་ཡིད་མི་ཆེས་པ་ལྟར། འོ་མའི་འགྱིག་དེམ་དེར་ཡུད་ཙམ་ཅེར་རྗེས“ཁྱོད་ཀྱིས་ཨ་ཅེ་ལེགས་མཛེས་ལ་བཀའ་དྲིན་ཆེ་ཞེས་ཞུ་རོགས”ཞེས་སྤྲོ་བ་སེམས་ཀྱིས་མི་ནོན་པ་ཞིག་གིས་ཁོའི་ངག་ཀྱང་འདར་བྱུང་།“སློབ་གཙོ་ལྷ་དགའ། ཁྱོད་ལ་འདང་ཆེ་མཁན་མང་བ་ལ།”ལས་གྲོགས་ཚོས་ཁོར་འོ་མ་བསྐུར་ཡོང་བ་མཐོང་བས་ཀུ་རེ་བརྩེས་བྱུང་།“འདང་ཆེ་མཁན་སུ་ཞིག་ཡོད། སློབ་གྲོགས་ཀྱིས་བསྐུར་ཡོང་བ་རེད།” དྲང་གཏམ་འདྲ་བའི་ལན་དེ་ཁ་ནས་ཐལ་བར། ཁོ་ལ་གསང་བ་ཤོར་པ་ལྟ་བུའི་བག་ཚ་ཅུང་ཟད་སྐྱེས་མོད། དེར་མཐུད་ནས“དེའི་འཕྲོར་ངའི་ནང་ལ་འོ་ཇ་འཐུང་དུ་ཤོག”ཟེར། ལས་གྲོགས་ཚོས་ཀྱང་གཏིང་འདྲི་མི་བྱེད་པར“དེ་བཤད་ཅི་དགོས། ཁྱོད་གཅིག་པུས་འོ་ཇ་འཐུང་ས་ཞིག་གང་ན་ཡོད”ཅེས་དགོད་སྒྲ་ལྷང་ལྷང་གིས་འཆད་ཀྱིན་རང་རང་འགྲོ་སའི་སློབ་ཁང་གི་ཕྱོགས་སུ་བུད་སོང་། ལེགས་མཛེས་ཚང་ལ་བཞོན་མ་གཅིག་མ་གཏོགས་མེད། འོ་མ་སྣོད་ཆེན་པོ་འདི་འདྲ་ཞིག་གི་ནང་བླུགས་ཏེ་བསྐུར་ཡོང་ཚེ། ཁོ་ཚོར་བཏུང་རྒྱུ་མང་བོ་ལྷག་མེད་པ་ལྷ་དགས་ཀྱང་ཤེས་ཡོད། ཁོ་ཐེངས་དང་པོར་ལེགས་མཛེས་ཚང་ལ་མགྲོན་དུ་སོང་བའི་ཉིན་དེར། ཁོ་མ་སྨད་གཉིས་ཀྱི་ཁ་བརྡ་ལ་ཉན་པ་ན། ནམ་རྒྱུན་མཛོ་མོར་རྩྭ་བཏུ་རྒྱུ་དང་། ཕྱི་དྲོར་རྫི་པོས་རི་མགོ་ནས་སྡེ་བའི་ནོར་ཁྱུ་དང་ལྷན་དུ་མར་དེད་ཡོང་སྐབས། ཟོག་འདིའི་སྔུན་ལ་སོང་སྟེ་གཞན་གྱི་ཞིང་ནང་དུ་འགྲོ་རུ་མི་འཇུག་རྒྱུ་ནི་ཁོ་མ་སྨད་གཉིས་ཀྱི་ལས་ཀ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་ཤེས། ཁོས་འོ་མའི་སྣོད་ཆེན་དེ་ལ་ལྟ་བཞིན་མིག་ལམ་དུ་ཁྱིམ་ཕུགས་སུ་གྲོ་དང་སྐེ་ཚེ། ཞོག་ཁོག་གི་འགྱིག་སྒྱེ་འགའ་རེ་ལས་སྤུངས་མེད་པའི་ས་ཁང་ཆུང་ཆུང་དེ་ཤར་བར། ཁོར་འོ་མ་དེ་ཟངས་དེམ་དུ་ལྡུག་པར་བློས་མི་ཆོད་པའི་སེར་སྣ་ཞིག་ཀྱང་སྐྱེས་བྱུང་།ནམ་རྒྱུན་སློབ་གྲྭ་རུ་ཇ་ནག་ཁུ་མ་གཏོགས་བཏུང་རྒྱུ་མེད་པས། ལས་གྲོགས་ཚོས་ཁོས་བསྐོལ་པའི་འོ་ཇ་ཧུབ་ཀྱིས་འཐུངས་རྗེས“དགེ་བ་ཞིག་ཡོད་ཀི”ཞེས་ཁ་ལ་ལྕེ་ལྡག་རེ་བྱེད། ཁོས་དྲི་ཞིམ་འཐུལ་བའི་འོ་ཇ་དེ་འཐུངས་པ་ན། ལེགས་མཛེས་ཀྱི་བྱད་གཟུགས་ཡིད་ལ་ཝ་ལེར་ཤར་བྱུང་བས། མོར་འཕྲད་འདོད་ཀྱི་སེམས་པ་བྲེལ་བས་ཁེངས་སོང་། གཟའ་མཇུག་ཅིག་ལ་ཁོས་སིལ་ཁུ་དང་སིལ་ཟས་སྐོར་ཞིག་ཉོས་པ་དང་།འོ་མའི་སྣོད་དེ་བཟུང་ནས་ལེགས་མཛེས་ཚང་ལ་ཕྱིན། ཁོས“འོ་མ་ང་ལ་བསྐུར་ཡོང་ན། ཁྱོད་ཚོར་བཏུང་རྒྱུ་གང་ན་ཡོད”ཅེས་ལེགས་མཛེས་མ་སྨད་གཉིས་ལ་འཆད་ཀྱིན་བཀའ་དྲིན་ཞུས། ལེགས་མཛེས་ཀྱི་ཨ་མས“ཁྱོད་ཚོས་ཇ་ནག་ཁུ་དང་ཆུ་ཁོལ་ཏག་ཏག་འཐུངས་ཏེ་འདུག་ཐུབ་བམ། ངས་ལེགས་མཛེས་ལ་བསྐུར་དུ་བཅུག་པ་ཡིན། ང་ཚོར་འོ་མ་འཐུང་རྒྱུ་མི་ཆད། ཁྱོད་ཀྱིས་འདི་དག་ཉོས་ནས་ཅི་བྱེད། སྒོར་མོ་མང་བོ་བརླགས་སོང”ཞེས་སྨྲ་བཞིན་ཚུར་བསུས་པ་ན། ཁོ་ཡང་མགྲོན་པོ་རྙིང་བ་ཞིག་དང་འདྲ་བར་ཐད་ཀར་གོ་ཁའི་ཡར་སྒྱིད་དུ་བུད་འགྲོ། “འདི་ཨ་ཁུས་ཁྱོད་ལ་ཉོས་ཡོང་བ་རེད”ཅེས་རྨོ་མོས་ཚ་བོའི་ལག་ཏུ་སིལ་ཁུ་དང་སིལ་ཟས་རྡོག་པོ་འགའ་ཙམ་བཞག་པ་དང་། ཡང“ཡ། ད་བརྩེ་རུ་སོང”ཞེས་སྒོ་རུ་རྫོང་རྩིས་བྱས་མོད། ཚ་བོ་མགྲོན་པོའི་མདུན་ལ་བཅར་བ་དང་། ཁོ་ལ་ཁེན་ཏེ“ཨ་ཁུ། དོ་དགོང་ཁྱོད་ངེད་ཚང་ནས་བསྡད་དེ་ང་ལ་གཏམ་རྒྱུད་བཤད་ན་ག་འདྲ་རེད། བཀྲ་ལོས་བཤད་ན་ཁོ་ཚང་གི་ཨ་ཕས་ཉལ་ཁར་རྒྱུན་དུ་ཁོ་ལ་གཏམ་རྒྱུད་འཆད་ཀྱིན་ཡོད་ཟེར། འོན་ཀྱང་ང་ལ་གཏམ་རྒྱུད་བཤད་མཁན་མེད”ཅེས་ཕྲ་ལ་གཉོམ་པའི་སྐད་ཀྱིས་འཆད་ཀྱིན་རེ་བའི་མིག་གིས་ཁོའི་གདོང་ལ་ཅེར་བྱུང་། བྱིས་པས་འདི་ལྟར་བཤད་ཡོང་བ་ནི་ཁོའི་བློ་ཡུལ་ལས་འགོངས་མོད། ཁྱིམ་འདི་རུ་ཞག་འདུག་བྱ་ཐུབ་པར་ཁོས་སྔོན་ནས་རེ་ཞིང་བསྒུགས་ཡོད་པ་མིན་ནམ། དེ་སྔོན་ཁོས་ལེགས་མཛེས་ལ་ཐེངས་མང་བོར་དུས་བཏབ་པ་ཡིན་ལ། མོ་ཡང་ཐེངས་རེ་རེར་དུས་ལས་མ་འཛུར་བར་ཁོ་དང་ཕྲད་དུ་ཡོང་མོད། ཁོ་གཉིས་ཀྱི་མཚན་མོའི་ཕྲད་འཛོམས་རེ་རེ་ནི་གཏམ་ཕར་བཤད་ཚུར་ལབ་དང་ཀུ་རེ་སོགས་ཀྱིས་བསྐྱལ་བ་ལས། མཚོ་གཅིག་ལ་ཞུགས་པའི་ཉ་དང་ཚང་གཅིག་ཏུ་བབས་པའི་བྱ་ཡི་ཚད་ལ་ད་དུང་སླེབས་མེད། བྱིས་པའི་སྐད་ཆ་དེ་གོ་བར། ཁོ་ལ་རེ་བ་གང་ཞིག་མངོན་དུ་འགྱུར་བར་ཡིད་ཆེས་ཤིག་ཐོབ་པས་ཡིད་འགུལ་རབ་ཏུ་ཐེབས། འོན་ཏེ་ཁོས་རེ་ཞིག་ཇི་ལྟར་ལན་གདབ་རྒྱུའང་མི་ཤེས་པར་གྱུར། ལྟ་ཕྱོགས་ཤིག་ལ་ལེགས་མཛེས་ཀྱིས་བུའི་སྐད་ཆ་དེ་གོ་བ་དང་། མིག་མཐའ་བརླན་གཤེར་གཤེར་དུ་གྱུར་ལ། ལྷ་དགའི་མིག་ཞགས་དེར་གཡོལ་ཆེད་མགོ་བོ་བྲང་ཁར་དུད་བྱུང་།“ཡ་ཡ། རྨོ་མོས་དོ་དགོང་ཨ་ཁུ་འདི་རུ་བཀག་སྟེ་ཁྱོད་ལ་གཏམ་རྒྱུད་བཤད་དུ་འཇུག”སྐབས་ཤིག་ལ་མར་སྒྱིད་ཀྱི་ལོ་ལོན་དེས་གཉེར་རིས་ཤིག་ཤིག་དང་བཅས་བློ་ཐག་བཅད་པའི་སྐད་ཆ་དེ་བཤད་པ་ན། གོ་ཁར་ཏབ་ཅིག་ལ་བསྐྱིལ་བའི་ཁུ་སིམ་དེ་དཀྲོགས་ཤིང་།ཁོ་ལ་ཡང་ཅི་ཞིག་གི་བཅིངས་པ་ལས་ཐར་བའི་བདེ་བ་ཞིག་ཐོབ། ཕར་ཕྱོགས་ཀྱི་ལེགས་མཛེས་ཀྱི་མགོ་བོ་སྔར་བས་ཇེ་སྨད་དུ་གྱུར་ཅིང་། ལག་པ་གཉིས་ཀ་ཐུ་བ་ནས་སྣོལ་གྱིན་ཕུར་ཕུར་ཡང་ཡང་བྱེད་ཀྱིན་གདའ། ཨ་ཁུ་ཞག་འདུག་བྱེད་རྒྱུ་རེད་ཟེར་བ་གོ་བས། བྱིས་པ་ནི་གནམ་ལྡིང་ས་ལྡིང་བྱེད་བཞིན་སྒོའི་ཕྱིར་བརྩེ་རུ་བུད་སོང་། དགོང་མོ་དེར་ནུབ་འཚལ་འཐུངས་རྗེས། ཁོས་དེ་སྔ་ཁས་འཆེས་པ་བཞིན་བྱིས་པར་གཏམ་རྒྱུད་བཤད་མགོ་བརྩམས། གཏམ་རྒྱུད་གཅིག་བཤད་ཚར་བ་ན། བྱིས་པས་ད་དུང་གཅིག་ཤོད་དང་ཟེར་བས། གཏམ་རྒྱུད་རྗེས་མའི་མགོ་བརྩམས་མ་ཐག བྱིས་པས་སྔར་ལྟར་མིག་ཆེ་རུ་གདངས་ཤིང་རྣ་བ་ཀྲོང་ངེར་ཉན་མོད། གཏམ་རྒྱུད་ཀྱི་རྐེད་པར་སླེབས་ཚེ་ཁོའི་མིག་ལྕིབས་ཀྱི་འདབ་མ་ཡུན་གྱིས་བསུམས་ལ། མགོ་བོ་རིལ་རིལ་དེ་ཁོའི་བརླ་ཐོག་ཏུ་བཞག་སྟེ་སྔུར་སྒྲ་ཡང་མོ་ཞིག་འཐེན་བྱུང་། ཁོས་ཁོ་པང་དུ་བླངས་ཏེ་བདེ་མོར་གཉིད་དུ་བཅུག“བྱིས་པ་ང་ལ་བྱིན་དང་།ཁྱོད་གཉིས་ལ་ཁ་བརྡ་བྱེད་རྒྱུ་ཡོད་ན་མུ་མཐུད་དུ་བྱོས། ངེད་གཉིས་སྔོན་ལ་ཉལ་དུ་འགྲོ་རྒྱུ་ཡིན”ཞེས་ལེགས་མཛེས་ཀྱི་ཨ་མས་བྱིས་པ་ཁོའི་པང་ནས་ཚུར་བླངས་རྗེས། ཡང“ལེགས་མཛེས། ཁྱོད་ཀྱིས་ལྷ་དགའ་ལ་མལ་ས་བཅའ་རྒྱུ་མ་བརྗེད”ཅེས་ཚ་ཐབ་ཀྱི་ཕྱོགས་སུ་འགྲོ་བཞིན་བཤད་ཡོང་། ལེགས་མཛེས་ཀྱིས“འོ་ཡ”ཞེས་དོགས་མི་བདེ་བའི་མིག་གིས་ཁོ་ལ་བལྟས་ཙམ་བྱས་རྗེས་ཨ་མར་ལན་བཏབ། ཨ་མས་ཁ་ཏོན་ཟློ་བཞིན་ཁྱིམ་ཕུགས་ཀྱི་མཆོད་ཁང་ལ་འཁོར་ཏེ་ཕྱག་གསུམ་འཚལ་བ་དང་། དེ་ནས་ཚ་ཐབ་སྟེང་བུད་བྱུང་ལ། ཅང་མ་འགོར་བར་བག་ཡངས་པའི་སྔུར་སྒྲ་སྦོམ་ཕྲ་མི་མཉམ་པ་གཉིས་བསྟུད་མར་གོ་ཁ་རུ་མཆེད་བྱུང་། སྔུར་སྒྲ་དེ་ནི་དབྱངས་རྟ་མི་མཉམ་པའི་རོལ་དབྱངས་རྒྱ་ཡན་པ་ཞིག་དང་ཀུན་ནས་མཚུངས། ཁོ་གཉིས་ཀྱིས་གཅིག་གིས་གཅིག་ལ་གཏད་དེ་འཛུམ་རེ་ཕྱུང་། རྨོ་མོ་དང་ཚ་བོ་གཉིས་ཉལ་ཤུལ་དུ། ཁོ་གཉིས་ཀྱིས་ཡང་བསྐྱར་ཁ་བརྡའི་མགོ་ཇི་ལྟར་གླེང་རྒྱུ་མ་ཤེས་པར། གཉིས་ཀས་མིག་གིས་ཐབ་དོང་དུ་ཅི་ཞིག་འཚོལ་བ་ལྟར་ཧྲིག་གེར་བལྟས་འདུག སྐབས་ཤིག་ལ་ལེགས་མཛེས་ཀྱིས་ཁུ་སིམ་དེ་མ་བཟོད་པ་ལྟར“འགྲོ། ངས་ཁྱོད་ལ་མལ་ས་བཅའ”ཞེས་སྨྲ་བཞིན་ཡར་ལངས། གཞིས་ཁང་དུ་སླེབས་འཕྲལ་མོས་མྱུར་དུ་སྟེགས་སྒམ་གྱི་ཁ་ཕྱེ་ཞིང་། གདན་དཀར་དང་ཉལ་ཐུལ་གསར་བ་ཞིག་བླངས་ཏེ་ཚ་ཐབ་ཀྱི་ཐོག་ཏུ་བཞག དེ་ནས་གདན་དཀར་བཏིངས་པ་དང་། དེའི་ཐོག་ལ་རས་སྟན་ཁྲ་ཁྲ་ཞིག་ཀྱང་བཏིངས་བྱུང་། མོས་དེ་ལྟར་མལ་ས་བཟོ་སྐབས། ཁོ་ནི་ཚ་ཐབ་ཀྱི་སྔས་འགྲམ་དུ་ལངས་ནས་མོར་བལྟས་ཏེ་བསྡད། གློག་སྒྲོན་གྱི་འོག་ཏུ་མོ་ནི་ཉིན་མོ་ལས་ཀྱང་ཡིད་དུ་འོང་བའི་མཛེས་སྣང་ཞིག་སྐྱེས་བྱུང་།
   ནམ་ཕྱེད་ལ་ཉེ་ཡོད་ཤས་ཆེ། ལྷས་ར་ནི་མཚེའུ་ཞིག་ལྟར་འཇམ་ཅག་གེར་གནས་ཤིང་། ནོར་ཁང་ནས་མཛོ་མོའི་སྐྱུག་ལྡད་ཀྱི་སྐད་ལྷོད་པོ་དེ་སྐབས་སྐབས་སུ་ཁང་མིག་འདི་རུ་གྲག་ཡོང་། ཕྱི་རོལ་གྱི་ལྷིང་འཇགས་དང་གློག་སྒྲོན་འོག་གི་མོས་ཁོ་ལ་རྨི་ལམ་དང་མངོན་སུམ་གྱི་དབྱེ་བ་མི་གསལ་བའི་རབ་རིབ་གབ་ཚིག་ལྟ་བུའི་ལྐོག་གྱུར་གྱི་སྣང་བ་ཞིག་སྐྱེས་སུ་བཅུག་བྱུང་།
“ད་ཁྱོད་ཉོལ”ཞེས་བརྗོད་རྗེས་མོ་ཚ་ཐབ་ནས་བབས་པ་དང་སྒོ་རུ་འགྲོ་རྩིས་བྱས། ཁོས་འཚུབ་ཆ་དང་བཅས“ང་གཅིག་པུ་འདི་ནས་ཇི་ལྟར་ཉལ་ཨང”ཞེས་འཆད་ཀྱིན་སྒོ་འགྲམ་དུ་ལངས་ཏེ་མོའི་འགྲོ་ལམ་ཡོངས་སུ་བཅད་སོང་། ལེགས་མཛེས་ཀྱིས“ཁྱོད་འདི”ཞེས་ཁོ་ལ་ཁུ་ཚུར་གྱིས་གཞུ་རྩིས་ཙམ་བྱས་པ་དང་། དེ་ནས་ཁོའི་མདུན་དུ་མགོ་བོ་དུད་དེ་འགྲེང་བྱུང་། དབུགས་ཀྱི་འབྱིན་རྔུབ་མགྱོགས་དྲགས་པས་ཡིན་ནམ། ཡང་ན་མོའི་བྲང་གཞུང་ན་བར་མེད་དུ་ལྷེམ་ལྷེམ་འགུལ་བ་དེ་གཉིས་ཀྱིས་ཁོ་ལ་གསང་བ་ཞིག་འཆད་ཀྱིན་པ་འདྲ། ཁོས་དེའི་མུར་མོ་ཚུར་འཐེན་ཏེ་རང་གི་བྲང་ལ་སྦྱར། མཚན་མོ་དེ་ནས་བཟུང་། ཕྱི་དྲོའི་སློབ་ཐུན་གྲོལ་ཏེ་སློབ་མ་རྣམས་རང་རང་གི་ཉལ་ཁང་དུ་ངལ་གསོ་རུ་ཕྱིན་པ་དང་། སློབ་གྲྭའི་ཁོར་ཡུག་ཀུན་འཇམ་ཅག་གེར་ཕྱིན་རྗེས། ལྷ་དགའ་རང་གི་མལ་ཤག་ཏུ་གཅིག་པུ་སྡོད་མི་ཚུགས་པར་གྱུར། མུན་ཡོངས་སུ་རུབ་འཕྲལ་ཁོ་ནི་དུས་ཆད་ལ་ཕྱོགས་པ་བཞིན། སློབ་གྲྭའི་སྒོ་ཆེན་ནས་བུད་དེ་བེའུ་ཚང་སྡེ་བའི་ཕྱོགས་སུ་ཆས་འགྲོ། གཟའ་མཇུག་གང་མང་ཞིག་ལ་ཡང་དང་ཐོག་ཡུལ་ལ་འགྲོ་རྒྱུ་ཞེས་ལམ་དུ་ཆས་མོད། བེའུ་ཚང་སྡེ་མཐའི་དར་ཤིང་རིང་མོ་ཞིག་བསླངས་པའི་གྱང་ཟུར་དེ་མཐོང་བ་ན། ཁོའི་སྨད་ཕྱོགས་སུ་སྤོས་པའི་གོམ་ཁ་དེ་སྟོབས་ཤུགས་གཞན་ཞིག་གིས་ཕྱིར་འཐེན་ཏེ་སྟོད་ཕྱོགས་སུ་བསྒྱུར་འགྲོ།
   ལྷ་དགའ་ལྷས་དཀྱིལ་དུ་ལངས་ནས་དེ་ལྟར་ཕྱིར་དྲན་བྱས་པ་ན། ཕ་མ་གཉིས་རང་གི་ཐོག་ལ་ཁོང་ཁྲོ་ལངས་པར་ཡང་ཁག་མི་འདུག་སྙམ། ཁོ་མེ་ཁང་དུ་འཛུལ་ཏེ་རྒྱབ་ཀྱི་ཁུག་མ་ས་ལ་བཞག་རྗེས། ཨ་མ་ལ་ལས་རོགས་བྱེད་དགོས་སྙམ་སྟེ། ཆུ་རྫའི་རྩ་ཡི་ལྕགས་ཟོ་དང་འདེགས་ཤིང་ལག་ལ་བཟུང་།“འཐུང་ཆུ་སྔ་མོ་ནས་ལྷ་གོས(ལྷ་དགའི་སྲིང་མོ)བླངས་ཚར་ཡོད། སུས་ཁྱོད་ལ་ཆུ་ལེན་དུ་སོང་ཟེར། ཆུ་རྫ་བཀང་ཡོད་པ་མ་མཐོང་ངམ།”ཨ་མས་དེ་ལྟར་བརྗོད་པ་ན། ཨ་ཕས་སླར་ཡང་ཁོ་ལ་ཁྲེལ་འཛུམ་ཞིག་བསྟན་བྱུང་། ཆུ་རྫའི་ནང་དངོས་གནས་ཆུ་མེར་མེར་བ་ཞིག་བླུགས་འདུག“ཆུ་རྫའི་ནང་ལ་བལྟ་རྒྱུ་ཡང་མ་ཤེས།”ལྷ་དགའ་ཁ་སྐྱེངས་ཞོར་རང་གིས་རང་ལ་དེ་ལྟར་སྡིགས་མོ་བྱེད་བཞིན། ལྕགས་ཟོ་དང་འདེགས་ཤིང་ཕྱིར་ཆུ་རྫའི་རྩ་རུ་བཞག ཕ་མ་གཉིས་ཀྱི་ཁོང་ཁྲོ་ད་དུང་ཞི་མེད་པ་འདྲ། རང་རང་ས་རུ་ངོ་གདོང་ནག་རོག་པ་རེ་བསྟན་ནས་འདུག ཁོས་ཇི་ལྟར་ཁ་གྲག་ན་འོས་སམ་ཞེས་གདོང་ལ་འུ་ཐུག་པའི་རྣམ་འགྱུར་ཞིག་མངོན་བཞིན་གནས་གཅིག་ཏུ་ལངས་ནས་བསྡད་ཡོད་པའི་སྐབས་དེར། སྲིང་མོ་ག་ཤེད་ཅིག་ནས་ནང་ལ་སླེབས་བྱུང་།“ཕུ་བོ། ཁྱོད་སླེབས་བྱུང་ངམ།”མོའི་གསལ་ལྷང་ལྷང་གི་སྐད་སྒྲ་དེ་གཡེར་དྲིལ་ཞིག་དང་འདྲ་བར་ཁང་བའི་ནང་རོལ་འུར་སེར་བཏང་མོད། ཕ་མ་གཉིས་ཀྱི་གདོང་གི་ཁྲོ་ཉམས་དེ་ཆབ་རོམ་མཁྲེགས་པོ་ཞིག་ལྟར་ད་དུང་ཞུ་རུ་འཇུག་མ་ཐུབ།“ཕུ་བོ། ཤོག་དང་། ངས་ཁྱོད་ལ་ཇ་ལྡུག”སྲིང་མོས་ཁྲིའུ་ཞིག་འཁྱེར་ཡོང་སྟེ་གོ་ཁར་འཇོག་ཞོར་བཤད་པ་དང་། གློ་བུར་ཅི་ཞིག་ཚོར་སོང་བ་ལྟར་ཕ་མ་གཉིས་ཀྱི་གདོང་ལ་རིག་རིག་ལྟ་བཞིན“ཁྱེད་གཉིས་ཀྱི་གནམ་ངོ་རུབ་པར་ལྟོས་དང་། ཅི་བྱུང་བ་ཡིན”ཞེས་དགོད་ཀྱིན་བརྗོད་པ་ན། ཨ་མས“ཧིན། ཡར་ནང་ཀན་ནས་བསྡད་དེ་ཁྱིམ་དུ་ལྡོག་རྒྱུའང་མི་ཤེས། ངེད་གཉིས་ཀྱི་གནམ་ངོ་ཐང་ཐུབ་བམ”ཞེས་ལྡོག་འདྲི་ཞིག་བཏང་ཡོང་། སྲིང་མོས“ཕུ་བོ་སླེབས་ཡོད་པ་འདི་མིན་ནམ། འུ་ཅག་དགའ་ན་འགྲིག ད་ཁྱེད་གཉིས་ཁོང་ཁྲོ་མ་ལངས”ཟེར་བཞིན་ཨ་ཕར་ཇ་ཁ་སྣོན་ཞིག་བྱས་རྗེས་ཕུ་བོར་ཡང་ཇ་དྲངས། ཁོས་ཀྱང་ཇ་ཧུབ་འགའ་འཐུངས་ཏེ་ཁ་བརྡ་སྐྱིད་པོ་ཞིག་བྱེད་བསམ་ཞོར་འཛུམ་དམུལ་ལེར་གོ་ཁའི་ཡར་སྒྱིད་མར་སྒྱིད་ཀྱི་ཕ་མ་གཉིས་ལ་བལྟས་པ་ན། གཉིས་ཀའི་གནམ་ངོ་ཅུང་ཙམ་དྭངས་སོང་ཡང་སྤྲིན་ནག་ཐར་ཐོར་རེ་གཉེར་མའི་གསེབ་ན་ད་དུང་ལུས་འདུག ཨ་ཕ་ཡི་གདོང་གི་སྤྲིན་ནག་ཐར་ཐོར་དེའི་གསེང་ནས་སྒྲ་ལྗིད་ཆེ་བ་ཞིག་ཀྱང་གྲག་བྱུང་སྟེ་། ཁོས“བཟའ་ཚང་མ་བཙལ་གོང་ནས་འདི་ལྟར་ཡུལ་ལ་མི་ཡོང་ན། བཟའ་ཚང་བསྒྲིགས་རྗེས་བུ་འདིའི་ཞལ་ངོ་མཐོང་དཀའ་རྒྱུ་རེད་ཡ”ཞེས་ཟེར་བར། ཨ་མའི་གདོང་གི་སྤྲིན་ནག་ཐར་ཐོར་ལས་ཀྱང་ལན་ལྡོན་པའི་ཚུལ་དུ“ངས་བུ་འདི་ཕུ་བོ་ལས་ཀྱང་སྡུག་པ་ཞིག་རེད་འདོད་བྱུང་། ཕུ་བོ་ནི་མིག་གིས་རིག་པ་ཀན་རེད། ཆུང་མའི་ཁ་ལ་ཉན་ཏེ་ཡུལ་ལ་སྐོར་ཞིག་ཀྱང་མི་རྒྱག”ཅེས་སྨྲས་པ་དང་། ཡང་ཅི་ཞིག་དྲན་པ་ལྟར“གྲགས་པ། འུ་ཚང་གི་བུ་ཕྲུག་ཚོའི་ནང་ན་གོ་ཆོད་མཁན་ཉུང་བ་འདི་ཅི་ཡིན་ནམ། འུ་གཉིས་ཀྱི་ལས་འདི”ཞེས་ཚིག་ལ་ཁ་སྣོན་ཞིག་ཀྱང་བརྒྱབ་བྱུང་། གཅིག་འཕྲོར་གཅིག་ལ་འཕངས་པའི་ཚིག་རྡོ་དེས་སྲིང་མོ་ཡང་འདུག་མི་བཟོད་པར་བཏང་སོང་བ་འདྲ། མོས“ཁྱིམ་འདི་རུ་འུ་བཟའ་མི་བཞི་པོ་མ་གཏོགས་མེད་པས། བཟའ་སྡུག་བྱས་ནས་ཅི་བྱེད་དམ”ཞེས་སྐད་འདར་གྱིན་བརྗོད་པ་ན། ཨ་མས་འཕྲལ་མར“ལྷ་གོ ད་ཁྱོད་ཀྱི་རྩིབ་ནས་སྐྱིད་ཅིག་མ་མཐོང་ན། ཨ་ཕ་དང་ངེད་གཉིས་ལ་རེ་བ་འཆང་ས་གཞན་མི་འདུག”ཅེས་ཟེར་བར། མོས“ཨ་མ། དེ་ལྟར་བཤད་ག་ལ་རུང་། དཔྱིད་འདེབས་དང་སྟོན་བསྡུའི་དུས་གང་ཡིན་ཡང་། ཕུ་བོ་དང་སྲུ་མོ། ཨ་ཅེ་བཅས་འུ་ཚང་ལ་ལས་རོགས་སུ་ཡོང་བ་མིན་ནམ”ཞེས་རྒྱུ་མཚན་དྲངས་ཏེ་བརྗོད་པ་ལ། ཨ་མར་རེ་ཞིག་ལན་གདབ་རྒྱུ་མེད་པར་གྱུར་མོད། ཨ་ཕས་མ་རངས་པའི་ཉམས་དང་བཅས“ཧིན”སྒྲ་ཞིག་བཏོན་པ་དང་། མཐུད་ནས“ངེད་གཉིས་ཀྱིས་བསྐྱངས་བསྐྱངས་ཏེ་ལམ་དུ་བཅུག་རྗེས། ད་ལག་ལས་ཀ་འདི་ཙམ་ལའང་རོགས་བྱེད་མི་ཐུབ་ན་བུ་ཕྲུག་གིས་ཅི་བྱ”ཟེར། ཨ་མས་ཀྱང་ཨ་ཕའི་རྗེས་མཐུད་དེ“བུ་ཕྲུག་མང་ཡང་རང་མིན་ནམ། ངས་ད་དུང་ཡང་རང་གི་རྒྱབ་ལ་གྱོན་ཆས་གྲ་དག་ཅིག་ལེན་ཐུབ་མེད”ཅེས་བཤད་ཀྱིན་གདོང་ལ་གྱོང་ཆེན་པོ་རེག་པ་ལྟ་བུའི་ཕམ་ཁ་ཞིག་གིས་ཁེངས་པར་བྱས། ཨ་མས་བཏོན་པའི་སྡུག་སྨྲེ་དེས་ལྷ་དགའ་ཡི་མིག་འོད་དབང་མེད་དུ་མོའི་ཐོག་འདྲེན་དགོས་བྱུང་། མོས་ཚར་རྙིང་དེའི་འོག་ཏུ་ཚི་ལེན་གོང་ཁ་རལ་བོ་ཅན་ཞིག་གོན་འདུག ཁོས་དེ་སྔོན་ཨ་ཕ་དང་མོ་གཉིས་ཀྱི་ལག་ཏུ་སྒོར་མོ་རེ་སྤྲད་པ་ཡིན་མོད། ཁོ་གཉིས་ཀྱིས་སྤྱོད་མ་ཐུབ་པར་འཁོར་བའི་ནང་དུ་བཀོལ་ཟིན་པ་གདོན་མི་ཟ། ལྷ་དགས་ཨ་མའི་ལུས་སྟེང་གི་གྱོན་ཆས་ལ་ལྟ་བཞིན་ལྟ་བཞིན་ནོངས་ཉེས་དང་ངོ་ཚ་ཞིག་དབང་མེད་དུ་སྐྱེས་བྱུང་། དེའི་མུར་ཨམ་ཕྲག་ནས་སྒོར་མོ་སྤམ་མཐུག་པོ་ཞིག་བཏོན་ཞིང་། དེ་ལས་ཤོག་སྒོར་འགའ་ཕྱིར་ཨམ་ཕྲག་ཏུ་བཅུག་རྗེས“འདི། ཨ་ཕ་དང་ཁྱེད་གཉིས་ཀྱི་གྱོན་ཆས་ཉོ་སྤྱད་བྱོས་དང་། འཕྲོ་མ་རུ་ཅུང་ཙམ་ལྷག་ཚེ་ལྷ་གོ་ལའང་ཚི་ལེན་ཞིག་ཉོ་རོགས”ཞེས་འཆད་ཀྱིན་སྒོར་མོ་བརྩེགས་མ་དེ་ཨ་མར་སྤྲད་བྱུང་། ཨ་མས“ང་ལ་མི་དགོས”ཞེས་ཁ་ཕར་འཁོར་ཏེ་ལག་པ་གཡུགས་བྱུང་མོད། ཁོས་ཕྱིར་ཨ་མའི་ལག་ཏུ་ཤུགས་ཀྱིས་བཙངས་པ་ན། ཨ་མས་ཀྱང“འདི་འདྲ་ཞིག་མང་འདུག”ཟེར་བཞིན་སྤར་བཅངས་བྱས་སོང་། ཨ་ཕས་ཨ་མའི་ལག་གི་སྒོར་མོ་གསར་བ་དེ་དག་མཐོང་བར། མཆུ་འདབ་གཞི་ནས་ཕྱེ་སྟེ“ཁྱོད་ཀྱིས་སྒོར་མོ་མ་བྱིན་ནའང་།ཨ་མ་དང་ངེད་གཉིས་ཀྱིས་ཁྱོད་ཀྱིས་མི་སྟེར་ཞེས་ག་ལ་བརྗོད”ཟེར་བ་དང་། དེ་ནས“གཙོ་བོ་རང་གི་ཡུལ་ལ་ཡོང་རྒྱུ་གལ་ཆེ། ཕྱི་ནས་འདུག་རྒྱུ་མང་ན་ཨ་མ་དང་ངེད་གཉིས་ཀྱི་སེམས་བདེ་སྲིད་དམ”ཞེས་ནན་ཏན་གྱིས་བཤད་འོངས། སྲིང་མོའི་གདོང་ལ་སེར་སྣས་ཁེངས་ཞོར“ཕུ་བོ། ཁྱོད་ལ་མཁོ་ས་མེད་དམ། སྒོར་མོ་དེ་འདྲ་མང་བོ་ཞིག”ཅེས་སྨྲ་བ་ཁེགས། ལྷ་དགས“ང་ལ་ད་དུང་ཡོད”ཅེས་ཡོད་མདོག་ཆེན་པོས་སྨྲ་བར་བྱེད། བཟའ་མི་ཚོའི་ཁ་ཕར་གྲག་ཚུར་གྲག་གི་སྒྲ་དེ་གཤོག་ཐོགས་ཀྱི་ཉི་འོད་ཅིག་དང་འདྲ་སྟེ། ཉི་འོད་འདིས་གཤོག་རྡེབ་ལན་འགའ་བྱས་པ་ན། ད་ཅིའི་སྤྲིན་ནག་གིས་བཟུང་བའི་མཁའ་དབུགས་དེ་དག་ད་ལྟ་ཆབ་རོམ་ལྟར་ཞུ་སྟེ་གོ་ཁ་རུ་ལྷུང་ལྷུང་འབབ་ཀྱིན་གདའ།
   གཟའ་ཉི་མའི་ཕྱི་དྲོ་དེར། ཁོ་ཡུལ་ནས་སློབ་གྲྭར་ཆས་མགོ་བརྩམས། ཨ་མ་དང་སྲིང་མོ་གཉིས་ཀས་སྒོ་ཆེན་ཁ་རུ་བསྐྱལ་རྗེས་ཁོ་ལ་བདེ་མོ་བཞག ཨ་ཕས་ད་དུང་སྐྱེལ་མ་བྱས་པ་ལ། ཁོས“ཨ་ཕ། ད་ཁྱེད་ཕྱིར་སོང”ཞེས་བརྗོད་པར། ཨ་ཕས་སྡེ་མཐའི་ལམ་སྣེ་དེ་སྟོན་བཞིན“མན་ཆད་ཀན་ན་བསྐྱལ་རྗེས་ང་ཕྱིར་འགྲོ”ཟེར། གཞུང་ལམ་དུ་འཐེན་པའི་ལམ་སྣེ་དེར་སླེབས་པ་ན། ཁོ་ཁ་ཕྱིར་འཁོར་ཏེ“ད་བདེ་མོ་བྱོས”ཞེས་ཨ་ཕ་ཕྱིར་འགྲོ་རུ་འཇུག་རྩིས་བྱས། ཨ་ཕ་ལམ་སྣེ་རུ་འགྲེང་སྟེ་ཁོ་ལ་གསལ་བོ་ཞིག་བལྟས་རྗེས། ཅི་ཞིག་བརྗོད་འདོད་ཀྱིས་ཁ་མུར་མུར་བྱས་བྱུང་བར། ཁོས“ཨ་ཕ། ཁྱེད་ལ་བཤད་རྒྱུ་ཞིག་ཡོད་དམ”ཞེས་དྲིས། ཨ་ཕས
“ཁྱོད་ཀྱང་ལོ་ན་མི་ཆུང་བས། གཉེན་བསྒྲིགས་རན་འདུག ཆུང་མར་འཚམ་པའི་བུ་མོ་ཞིག་ལ་ཐུག་སོང་ངམ”ཞེས་དྲིས་པ་དང་། ཡང“ཟླ་འགའ་རེར་ཁྱིམ་དུ་མི་ལོག་ཚུལ་ལ་བལྟས་ན། བུ་མོ་ཞིག་ལ་ཁ་ཐུག་སོང་བ་མིན་ནམ། གང་གི་རེད། གལ་ཏེ་འོས་འཚམ་ཞིག་ཡིན་ན་ང་ཚོས་མི་མངགས་ནས་གཉེན་སློང་དུ་འགྲོ་དགོས”ཞེས་བཤད་འོངས་པར། ཁོས་ཀྱང་བུ་མོ་ཞིག་ལ་ཕྲད་ཟིན་པའི་དོན་དངོས་དེ་ཀུ་རེ་འདྲེས་མས་གླེང་འདོད་མོད། ནམ་རྒྱུན་འཛུམ་ཞིག་མཐོང་དཀོན་པའི་ཨ་ཕའི་གདོང་ན་གཟབ་ནན་འབའ་ཞིག་ལས་ལྷོད་བག་གི་མདངས་ཤིག་མི་མཐོང་བས། ཁོར་སྨྲ་འདོད་ཀྱི་སྤོབས་པ་མེད་པར་གྱུར། ཁོ་དགོད་ཙམ་བྱས་པ་ལས་ཁ་ནས་ཅི་ཡང་མ་བུད་པ་ལ། ཨ་ཕས“གང་ལྟར་རང་དང་མཉམ་པ་ཞིག་ཆུང་མར་ལེན་དགོས། གང་བྱུང་དུ་ལེན་མི་རུང་། ཨ་ཕའི་ཚིག་འདི་སེམས་ལ་ཟུངས། ད་དེ་བྱོས”ཞེས་བཤད་རྗེས་ཁ་ཕྱིར་འཁོར་ནས་བུད་སོང་། ལྷ་དགའ་རྐང་ཐང་དུ་ཡུད་ཙམ་ལ་ཕྱིན་པར་གཞུང་ལམ་ཁ་རུ་སླེབས། འདི་ནས་ཡར་ལ་བལྟས་ཚེ་སྟོད་རྒྱུད་ཀྱི་རི་འདབས་དང་ལུང་ཁ་རུ་ཐར་ཐོར་ངང་ཆགས་པའི་སྡེ་ཆེ་ཆུང་ཀུན་པོ་མིག་གིས་མི་མཐོང་ནའང་། ལྕང་སྡོང་དང་མ་གལ་འཁྲིགས་པའི་བེའུ་ཚང་སྡེ་བའི་མཐའ་སྣེ་ཞིག་རགས་ཙམ་མཐོང་ཐུབ།“རང་དང་མཉམ་པ་ཞིག་ཆུང་མར་ལེན་དགོས།”ཁོ་སློབ་གྲྭར་ལོག་པའི་ལམ་བར་དུ། རྣ་སྒོ་རུ་ཨ་ཕས་ནན་ཏན་གྱིས་བཤད་པའི་བཅོལ་གདམས་ལྟ་བུའི་སྐད་ཆ་དེ་ཡང་ཡང་གྲག་བྱུང་། ལེགས་མཛེས་ཀྱིས་ཀྱང་ཁོ་ལ་དེ་ལྟ་བུའི་སྐད་ཆ་ཞིག་བཤད་མྱོང་།
   མཚན་མོ་དེར། ལེགས་མཛེས་ཀྱིས་རང་གི་ཚེ་འདས་ཀྱི་ཁྱོ་ག་གླེངས་བྱུང་།“ནངས་མོ་དེར་ལམ་ལ་ཆས་སྐབས། ཁོས་མདང་ནུབ་རྨི་ལམ་དུ་གཟན་ཤམ་དམར་པོ་ཅན་གྱི་གྲྭ་པ་མང་བོ་ཞིག་འུ་ཚང་ལ་ཕྱོགས་ནས་ཡོང་གིན་འདུག་ཅེས་འཆད་ཀྱིན་གདོང་ལ་ཐང་ཆད་པའི་རྣམ་འགྱུར་ཞིག་མངོན་པ་དང་། ཡང་སོས་ཀ་ས་དྲོས་དུས་ཀྱི་རྨི་ལམ་འདི་ལ་བརྟག་རྒྱུ་ག་ལ་ཡོད་ཅེས་ཁེར་ལབ་ལྟ་བུ་ཞིག་བྱེད་བཞིན་རྐང་གསུམ་འདྲུད་འཁོར་བསྐོར་ཏེ་ལས་ཀ་ལས་སར་ཕྱིན། ཕྱི་དྲོར་ངས་ནོར་ཁང་ནས་ལུད་འཕོ་བཞིན་པའི་སྐབས་སུ། ཁོའི་ཞོར་ལས་སུ་འགྲོ་རོགས་དེ་ཚབ་ཚུབ་ཀྱིས་ངེད་ཚང་ལ་སླེབས། བརྡ་གཏོང་དུ་ཡོང་བའི་གསར་བུ་དེའི་སྐད་ཆ་གོ་བ་ན། ངའི་རྣ་ནང་དུ་ཁོ་ད་ནངས་ལམ་ལ་ཆས་ཁར་བཤད་པའི་ཚིག་དག་ཡང་བསྐྱར་གསལ་བོར་གྲག་ཡོང་ལ། མིག་ལམ་དུ་ངལ་དུབ་ཤུགས་ཟད་ཀྱི་ངོ་གདོང་དེ་ཡང་ཤར་ཡོང་། འཁོར་བགེགས་བྱུང་བའི་ཉིན་དེར་བྱིས་པ་འདི་སྐྱེས་ནས་ཟླ་གསུམ་འགོར་མ་ཐག་ཡིན། ཁོའི་རྨི་ལམ་དེས་ང་ལ་རྣམ་རྟོག་ཅིག་བསླངས་མོད། ལས་ཀར་བྲེལ་པའི་དབང་གིས་ངས་ཁོ་འགོག་རྒྱུ་བརྗེད་སོང་།”མོས་གླེང་གིན་གླེང་གིན་མཆི་མའི་ཐིགས་པ་བར་མེད་དུ་འཐོར།“ད་སྡུག་ནས་ཡོང་རྒྱུ་ཅི་ཡོད། ལས་འདི་ལྟར་ཡིན་པ་སྔོན་ནས་བཀོད་སྒྲིག་བྱས་འདུག འོན་ཀྱང་སྐབས་རེར་ཁོ་གློ་རྡེག་ལ་མིག་ལམ་དུ་ཤར་དུས། ད་དུང་གམ་ན་ཡོད་ཡོད་འདྲ་བའི་འཁྲུལ་སྣང་ཞིག་གིས་འདུག་མི་བཟོད་པར་གཏོང་།”ལེགས་མཛེས་ཀྱི་མིག་ཀོང་དུ་སླར་ཡང་མཆི་ཞགས་ཤིག་འཁོར། མཐུད་དེ“འཇིག་རྟེན་འདི་ན་ང་ལྟར་མོ་ལོ་ཉི་ཤུའི་ནང་ཡུགས་སར་བུད་པ་ཅི་ཙམ་ཡོད་དམ”ཞེས་དབུགས་རིང་རེ་ཕྱུང་བ་ན། ཁོས་གཞི་ནས“ཁྱོད་ཀྱིས་སེམས་ཁྲལ་མ་བྱེད་དང་། ངས་ཁྱོད་ལ་དེང་ཕྱིན་ཁྱོ་ཤུག་བཟའ་ཚང་གི་འཚོ་བ་དངོས་དེ་རོལ་ཏུ་འཇུག་ངེས”ཞེས་ཁ་གྲག མོས“ཁྱོད་ཀྱིས་དེ་ལྟར་ཟེར་མི་རུང་། ང་ལྟ་བུར་འགྲོགས་ན་སྐྱིད་ཅིག་ཡོད་མི་སྲིད”ཅེས་བརྗོད་བྱུང་། ཁོས“སྐྱིད་མེད་ན་ང་ཁྱོད་བཙལ་དུ་ཡོང་ངམ”ཞེས་པ་ན། ལེགས་མཛེས་ཀྱིས“ཁྱོད་དང་འུ་གཉིས་འདྲ་མི་སྲིད། ཁྱོད་གཅིག་ན་རྒྱལ་ཁབ་ཀྱི་ལས་བྱེད་རེད། གཉིས་ན་གཉེན་བསྒྲིགས་མ་མྱོང་བ་ཞིག་ཡིན། འོན་ཀྱང་ང་ནི་ཞིང་ལས་པ་ཞིག་སྟེ། ད་དུང་ཡུགས་མོ་ཞིག་ཡིན”ཞེས་ངུ་ངག་གིས་སྨྲས་པར། ཁོས“འུ་གཉིས་ཀྱི་ནང་སེམས་འདྲ་ན། ཕྱི་འདྲ་དགོས་དོན་ཅི་ལ་ཡོད། ངས་ཁྱོད་མ་གཏོགས་བུ་མོ་གཞན་ལ་མིག་གིས་ཀྱང་བལྟ་མི་འདོད”ཅེས་བློ་ཐག་རྦད་ཆོད་ཀྱིས་སྨྲས་པ་ན། ལེགས་མཛེས་ཁ་རོག་གེར་ཡུད་ཙམ་ལ་བསྡད་རྗེས“ལྷ་དགའ། ཁྱོད་ཀྱིས་རང་དང་མཉམ་པ་ཞིག་བཙལ་ན་འགྲིག ང་དང་འགྲོགས་པར་ཁྱོད་ཚང་གི་མི་རྣམས་འཐད་མི་སྲིད”ཅེས་བརྗོད་འོངས། ཁོས་སླར་ཡང“དེ་ལྟར་མ་བཤད། ངས་ཁྱོད་ལས་གཞན་པ་ཞིག་མི་བཙལ་ཁོ་ཐག་ཡིན”ཞེས་དམ་བཅས་པར། མོས་ཅི་ཡང་ལབ་མ་བྱུང་། དེ་རིང་སློབ་གྲྭར་ལྡོག་པའི་ལམ་བར་དུ་བེའུ་ཚང་སྡེ་བ་མཐོང་ལམ་དུ་ཤར་མ་ཐག ལྷ་དགའི་སེམས་ཁོང་དུ་འོད་ལམ་མེར་གྱུར་པའི་མོད་ལ། གོམ་ཁ་རང་བཞིན་གྱིས་ཇེ་མགྱོགས་སུ་ཕྱིན་མོད། ཡང་ཨ་ཕས“རང་དང་མཉམ་པ་ཞིག་བཙལ་ན་རེད”ཟེར་བ་དང་། ལེགས་མཛེས་ཀྱི་སྐད་ཆ་དག་རྣ་ལམ་དུ་རེས་མོས་སུ་མཆེད་པ་ན། སེམས་ཁྲལ་ལམ་འདང་རྒྱག་ཅིག་གིས་ཁོའི་གོམ་ཁ་ཇེ་ལྕི་རུ་བཏང་སོང་།
   ལྷ་དགས་མོར་དམ་དུ་འཁྱུད་དུས། མོས་ཕུད་རྒྱག་དང་འཕག་འཚག་ཅི་ཡང་བྱས་མ་སོང་ལ། ཁོའི་ལུས་ཀྱི་སྟོབས་དང་སྐྱེས་ཕོ་རབ་ཀྱི་གཟི་རྔམ་དེ་ལ་མོ་སྔོན་ནས་རྒྱུས་མངའ་བ་ལྟར་སྣང་ཞིང་། ཁོའི་ལུས་ཀྱི་དྲི་བསུང་དེས་མོའི་ལུས་ཡོངས་སུ་དྲོད་རྒྱུན་ཞིག་གིས་ཁྱབ་པར་བྱས། རེ་ཞིག་འགོར་རྗེས། གཉིས་ཀས་མགོ་བོ་མཉམ་གཤིབ་ཀྱིས་སྔས་མགོ་རུ་བཞག་པ་ན། མོར་དགའ་རྒྱུ་ཞིག་དང་སྡུག་རྒྱུ་ཞིག་མཉམ་དུ་སྐྱེས། དུས་ཡུན་རིང་མོ་ཞིག་ལ་འདི་ལྟར་སྔས་གཅིག་ཏུ་མགོ་བོ་མཉམ་གཤིབ་བྱས་མ་མྱོང་བས། མོར་ཆ་ཤས་ཤིག་ནས་ཆ་ཚང་དུ་གྱུར་པའི་ཡིད་ཆེས་ཤིག་སྐྱེས་མོད། སང་ཞོགས་སྐྱ་མདའ་གཏོང་དུས་ཞག་གཅིག་གི་གཤིབ་རོགས་འདི་ཉི་རྩེ་དང་པོ་དང་འགྲོགས་ཏེ་རིང་དུ་གྱེས་མི་འགྲོའམ་ཞེས་ཐེ་ཚོམ་དང་སྐྱོ་སྣང་ཞིག་ཀྱང་སེམས་ཁོང་དུ་ལང་ལོང་ལྡང་། ཡིན་ནའང་ཁོས་དབུགས་འཇམ་པོར་རྔུབ་ཀྱིན་ལག་པས་མོའི་ལུས་ལ་དལ་གྱིས་བྱིལ་བྱིལ་བྱས་པར། མོའི་སེམས་ཕུགས་སུ་བྱིང་བའི་འདས་དོན་དག་བྱང་ཁོག་ནས་རིམ་གྱིས་འཕྱུར་ཞིང་གྲེ་བ་ནས་ཡུན་གྱིས་བརྡོལ་བྱུང་། ཁོས་རྣ་བ་གཏད་དེ་ཉན་ཅིང་སྐབས་སྐབས་སུ་མོའི་མཆི་མ་ལག་པས་འབྱིད། མོས་མཆི་མ་འཇོ་བཞིན་སེམས་གཏམ་གླེང་བ་ན། ལུས་ནས་ཁུར་བོ་ཞིག་ཕོགས་པ་ལྟ་བུའི་བདེ་བ་ཞིག་རག་ཐུབ་སོང་། གཟའ་མཇུག་དུ་མ་ཞིག་ལ་ཁོ་ཡང་ཡང་མོ་ཚང་དུ་སླེབས་བྱུང་། མོས་ཁོ་ལ“ཁྱོད་ཡུལ་དུ་ལོག་མི་དགོས་སམ། ཕ་མ་གཉིས་ཀྱིས་ཁྱོད་ལ་བསྒུགས་ཡོད་ངེས”ཞེས་སེམས་ཁྲལ་གྱི་ཉམས་དང་བཅས་ཏེ་བརྗོད་པར། ཁོས“ངོ་མ། ཁྱོད་དང་ཕྲད་པ་ནས་ཡུལ་ལ་ལྡོག་རྒྱུའང་སེམས་ནས་བརྗེད་འགྲོ”ཞེས་པྲ་ཆལ་གྱི་མདངས་ཤིག་མངོན་བཞིན་བཤད་ཡོང་། མོས་འཚེར་སྣང་དང་བཅས“ཨ་མ་ཡོད་པ་མི་མཐོང་ངམ”ཞེས་ཁྱམས་འོག་ཏུ་ཁ་ཏོན་འདོན་བཞིན་པའི་ཨ་མའི་ཕྱོགས་སུ་མཆུ་བརྡ་ཞིག་སྟོན་བཞིན་ཁོང་ཁྲོ་ལངས་ཁུལ་བྱས་པར། ཁོ་ཡང་ཁ་སྐྱེངས་ཏེ་གཉའ་སྒོང་སྒོང་བྱས་བྱུང་། ཁོ་སྒོ་ཆེན་ཁ་ནས་མངོན་ཐེངས་རེར་བྱིས་པས“འུ་ཚང་གི་ཨ་ཁུ་ཡོང་ཐལ”ཞེས་གནམ་ལྡིང་ས་ལྡིང་གིས་མདུན་དུ་བརྒྱུགས་ཤིང་། ཨ་ཁུའི་ལག་པར་འཇུས་ཏེ་ནང་ལ་བསུས་ཡོང་བ་དང་། དེ་ནས་ཁོའི་མདུན་བསྲུངས་ཏེ་ཕྱི་རུ་རྩེད་འཇོར་རོལ་ཏུ་འགྲོ་རྒྱུ་ཡང་བརྗེད་འགྲོ། ཉིན་ཞིག་ནུབ་འཚལ་འཐུངས་རྗེས། བྱིས་པས་གློ་རྡེག་ཏུ་སྐད་གསང་མཐོན་པོས“ང་དོ་དགོང་རྨོ་མོའི་རུམ་ནས་མི་ཉལ། ཨ་ཁུ་དང་ཨ་མའི་རྩིབ་ནས་ཉལ་རྒྱུ”ཞེས་བརྗོད་པར། དེར་ཡོད་ཚང་མ་དེ་མ་ཐག་ཡུལ་ཡུལ་བོར་བཏང་སོང་ལ། མ་སྨད་གཉིས་ཀྱིས་ཀྱང་བྱིས་པའི་ཕྱོགས་སུ་མིག་ལོག་གིས་བལྟས་ཙམ་བྱས་རྗེས། མགོ་བོ་ཡོངས་སུ་སྨད་བྱུང་། ཡིན་ནའང་དགོང་མོ་དེར་བྱིས་པ་ནི་ཁོའི་རེ་བ་བཞིན་ཁོ་གཉིས་ཀྱི་གམ་ནས་ཉལ་དུ་བཅུག་ལ། མ་གཉིད་གོང་ལ་ཁོས་བྱིས་པར་གཏམ་རྒྱུད་ཅིག་ཀྱང་བཤད། བྱིས་པས་གཏམ་རྒྱུད་ལ་ཉན་གྱིན་སྔུར་བ་འཐེན་བྱུང་བར། ཁོས་དེའི་གདོང་ལ་ཅེར་ཏེ“སྙིང་རྗེ། ཨ་ཕ་ཟེར་ནས་འབོད་ས་ཞིག་མེད”ཅེས་ཤུགས་རིང་ཞིག་ཀྱང་ཕྱུང་བ་དང། མགོ་བོ་ཆུང་ཆུང་དེར་ལག་པས་བྱིལ་བྱིལ་བྱེད་ཀྱིན“ང་ད་ལྟ་ཁྱོད་དང་ཁ་འབྲལ་མི་ཐུབ་ལ། བྱིས་པ་འདི་དང་ཡང་འབྲལ་མི་ཕོད”ཅེས་གཟབ་ནན་ངང་སྨྲས་འོངས། སྐད་ཆ་དེ་སྨྲ་སྐབས་ཁོའི་མིག་མཐའ་རུ་གཤེར་ཁུ་ཞིག་འོད་ཀྲིག་ཀྲིག་བྱེད་ཀྱིན་གདའ། གང་ལྟར་ཁོ་ཁྱིམ་འདིར་ཡོང་བ་ནས་གོ་ཁ་རུ་དགོད་སྒྲ་དང་འུར་སྒྲ་ཇེ་མང་དུ་སོང་། བྱིས་པས་ཉིན་གཅིག་ལ་ཁོ་མ་མཐོང་ཚེ“འུ་ཚང་གི་ཨ་ཁུ་ནམ་ཞིག་ལ་ཡོང་ངམ”ཞེས་ཡང་ཡང་འདྲི། མོས་ཁ་ནས་ཅི་ཡང་མི་ཟེར་ནའང་། ཁོ་དང་ཉིན་གཅིག་ལ་མ་ཕྲད་ཚེ་བྲེལ་ཚུབ་ཅིག་དབང་མེད་དུ་སྐྱེས་ཡོང་། ངོ་མ་དུས་ཡུན་རིང་བོ་འགོར་བ་ལ། ཁོ་ནི་ཁྱིམ་འདིའི་གྲུབ་ཆ་ཞིག་ཏུ་གྱུར་པ་མོས་རིམ་གྱིས་ཚོར་མོད། ཨ་མས“ཁྱོད་གཉིས་ལྷན་དུ་འདུག་ཐུབ་ཚེ། གནམ་གྱིས་སྐལ་ཞིག་བྱིན་པ་ཡིན། ཡིན་ནའང་ངས་ཁྱོད་གཉིས་ལ་བགེགས་ཤིག་ཡོད་ཨེ་འགྲོ་སྙམ་ནས་སྐྲག་གི”ཞེས་འཆད་ཀྱིན་གདོང་བ་སྨད་དེ་བསྡད་བྱུང་།
   “ལྷ་དགའ། ཁྱོད་ཆུ་སྔོན་སྡེ་བའི་སུ་ཚང་གི་ཡིན་ནམ།”ཁོ་ཐེངས་དང་པོར་ཁྱིམ་འདིར་མགྲོན་དུ་ཡོང་བའི་ཉིན་དེར་རང་ཉིད་སྡེ་བ་གང་གི་ཡིན་ཚུལ་ངོ་སྦྱོར་བྱས་པར། ལེགས་མཛེས་ཀྱི་ཨ་མས་དེ་ལྟར་དྲིས་མྱོང་། ལྷ་དགས་ཕ་མ་གཉིས་ཀྱི་མིང་བཤད་པ་ན། མོས་ཧ་ལས་པའི་ངང“ཆུ་སྔོན་བསམ་འགྲུབ་ཚང(ལྷ་དགའི་མེས་པོ)གི་ཡིན་ནམ། ཆུ་སྔོན་བསམ་འགྲུབ་ཟེར་ན་ལུང་བ་འདི་རུ་མི་ཤེས་མཁན་གཅིག་ཀྱང་མེད། ཡུལ་ཚོ་འདིའི་ནང་ཁོ་ཚང་ནི་སྔོན་ཆད་བླ་བྲང་དགོན་པར་བདུན་པའི་རིགས་སྒྲ་བསྐོལ་པའི་ཐོག་མ་ཡིན”ཞེས་འཆད་ཀྱིན་མགྲོན་པོའི་ཕྱོགས་སུ་ཡང་ཡང་བལྟས་པ་ན། ལྷ་དགའི་བྱད་གཟུགས་དང་སྐད་གདངས་ལས་གནའ་མི་རྒན་པོ་བསམ་འགྲུབ་ཀྱི་བྱད་གཟུགས་ཤིག་མངོན་ཡོང་།
   དེའི་དུས་མོ་ལོ་ན་བཅོ་ལྔ་ལ་བུད་མ་ཐག་ཡིན། སྟོན་མཇུག་ལ་ཉེ་བའི་ཉིན་ཞིག་ལ་གསེར་ལྗོངས་ལུང་བའི་ཉིན་སྲིབ་ཀྱི་རྒན་དར་གཞོན་གསུམ་མ་ལུས་ཀྱིས་ཨ་ལགས་བྱམས་བཟང་ཚང་ལ་མཇལ་ཆེད། གཞུང་ལམ་ཁ་རུ་ཇ་ཐབ་བཟུང་ཞིང་སེར་ཕྲེང་བསྒྲིགས་ཏེ་བསྒུགས། སྐབས་ཤིག་ལ་མི་ཚོགས་ཀྱི་གསེབ་ནས“ཨ་ལགས་ཚང་ཕེབས་འོང་གིན་གདའ”ཞེས་འུར་བརྒྱབ་བྱུང་། མོས་ཀྱང་གཡས་གཡོན་གྱི་མི་རྣམས་དང་མཉམ་དུ་ཁ་སྨད་ཕྱོགས་སུ་འཁོར་ནས་བལྟས་པར། ཞོལ་འདབས་ན་རྟ་པ་ཁྱུ་ཞིག་རྨིག་སྒྲ་ལྷང་ལྷང་ངང་རྡུལ་བྲེང་ངེར་འདི་ཕྱོགས་སུ་གཟས་ནས་ཡོང་གིན་འདུག མིག་རྡེབ་དབང་ཙམ་ལ་རྟ་པའི་ཁྱུ་ཚོགས་དེ་མཇལ་པ་ཚོའི་མདུན་གྱི་ལམ་དཀྱིལ་དུ་སླེབས་བྱུང་།ཆིབས་བསུའི་སྣེ་ཁྲིད་མཁན་ནི་བཅིབ་པ་བསམ་ཤེས་ཤིག་རེད། རྟ་རྐྱང་དམར་གོང་གི་གོས་ཕྲུག་ལྭ་ཅན་དེའི་གདོང་གི་གཟབ་ནན་གྱི་མདངས་ལ་འཛུམ་ཅུང་ཟད་རྒྱས་པ་དང་། ངའོ་སྙམ་པའི་གཟི་བརྗིད་ཅིག་དང་གཞོན་ཉམས་ཤིག་རབ་ཏུ་འཛོམས། བཅིབ་པ་ཚང་མ་ཁོའི་བཀོད་འདོམས་ལྟར་རྗེས་སུ་གཤར་ཏེ་ཡོང་བ་དེ་མཐོང་བའི་མོད་ལ། སྒྲོལ་གོའི་མིག་ལམ་དུ་སྤོ་བོ་དང་རྨོ་མོས་བཤད་མྱོང་བའི་གླིང་གི་དཔའ་རྟུལ་གཡུལ་ལ་ཆས་ཚུལ་དེ་ཤར་བྱུང་། ཕྱིས་སུ་ཆིབས་བསུའི་སྣེ་འདྲེན་མཁན་དེ་ལུང་ཁོག་འདིར་གྲགས་ཆེ་བའི་ཆུ་སྔོན་བསམ་འགྲུབ་ཏུ་འབོད་པ་དེ་ཡིན་པ་ཤེས། མོས་དེ་ལྟར་ཆུང་དུས་ཀྱི་ཆིབས་བསུའི་རྣམ་པ་དེ་དྲན་གསོ་བྱེད་བཞིན་ལྷ་དགའི་ཕྱོགས་སུ་ཡང་ཡང་བལྟ་འདོད་ཅིག་སྐྱེས། མི་རྒྱུད་ཅན་གྱི་མི་འདི་ལ་ཕར་བལྟས་ཚེ་གཞན་དང་མི་འདྲ་བ་ཞིག་ཏུ་སྣང་ལ། མོར་ཡིད་སྨོན་དང་ངོ་མཚར་ཡང་མཉམ་དུ་སྐྱེས།
   ཁོ་ཁྱིམ་འདིར་ཡོང་ཐེངས་རེར། ལེགས་མཛེས་ཀྱི་གདོང་ལས་འོད་མདངས་ཤིག་འཚེར་ཞིང་། སྐབས་རེར་ལག་ལས་ཀའི་བར་ནས་གླུ་ཐན་ཐུན་རེ་ཡང་ངག་ནས་འཆོར་གྱིན་གདའ། ཁྱོ་ག་ཚེ་ལས་འདས་རྗེས་སུ། ལེགས་མཛེས་ཀྱི་ཁ་ནས་གླུ་ཞིག་གཏོང་བ་ཡེ་ནས་གོ་མ་མྱོང་། མོས་ལེགས་མཛེས་ལ་བསམ་བཞིན་དུ“དེ་འདྲའི་དགའ་རྒྱུའི་དོན་དག་ཅི་ཞིག་ཡོད”ཅེས་དྲིས་པར། མོ་ཁ་སྐྱེངས་ཏེ་མགོ་བོ་སྨད་ཙམ་གྱིས་འཛུམ་ཆུང་ཞིག་དམུལ་ནས་ཨ་ལན་གྱི་ཚབ་བྱེད། རང་གི་བུ་མོ་ལ་ཨ་མའི་ཡན་གྱི་རྒྱུས་མངའ་བ་སུ་ཞིག་ཡོད། མོས་ལེགས་མཛེས་ཀྱི་གདོང་གི་སྐྱིད་མདངས་དེ་མཐོང་བ་ན། སེམས་ཁོང་ནས་དྲོད་རླབས་ཤིག་འཕྱུར་ཏེ་མིག་མཐའ་མཆི་མས་བརླན་ཡོང་། ཚ་བོ་འདི་ཡང་ཁོ་དང་ཤིན་ཏུ་འདྲིས་སོང་སྟེ། ཁོ་ཡོང་བ་ན་གམ་ནས་བསྡད་དེ་སྒོ་རུ་མི་འགྲོ་བ་ཡིན། ནམ་རྒྱུན་ཁོ་སློབ་གྲྭ་ནས་ཡོང་བ་མཐོང་འཕྲལ་རྩེ་མཚམས་བཞག་སྟེ“ངེད་ཚང་གི་ཨ་ཁུ་ཡོང་ཐལ”ཞེས་སྒྲོག་བཞིན་བྱིས་པ་རྣམས་ཀྱི་གསེང་ནས་བརྒྱུགས་འོངས་ཏེ་ཁོའི་ལག་པར་འཐམ་འགྲོ། ལྷ་དགའ་ཡང་ཁྱིམ་ཚང་གཅིག་གི་མི་ལྟར་གཞིས་ཁྱིམ་འདིའི་ནང་འགྲོ་རྐྱང་བྱས་པ་ན། སྡེ་བའི་ནང་གི་ལོ་ལོན་ཚོས་མོར“སྒྲོལ་གོ ཁྱོད་ཚང་གི་མག་པ་དེ་ལྕང་ལུང་སློབ་གྲྭའི་དགེ་རྒན་རེད་ཟེར། ལེགས་མཛེས་ཀྱི་ལས་དབང་བཟང་བར་ལྟོས་དང་། ཟླ་ཕོགས་ལེན་མཁན་ཞིག་རྙེད་འདུག”ཅེས་བཤད་པ་ན། མོས་དགོད་ཀྱིན“མག་པར་འགྱུར་མིན་ད་དུང་མི་ཤེས”ཞེས་རྗོད་པར་བྱེད། བགྲེས་པོ་ཚོའི་བཤད་སྟངས་དེ་ལ་མོར་དགོད་རྒྱུ་ཞིག་གཏིང་ནས་སྐྱེས།“ཁྱོད་ཚང་གི་མག་པ”སྟེ། སྡོམ་ཚིག་ལྟ་བུའི་འབོད་སྟངས་འདིས་མོར་དགའ་བ་ཏབ་ཅིག་འཕེལ་དུ་འཇུག་མོད། འོན་ཀྱང་འདི་ནི་སྔ་སོང་བའི་སྡོམ་ཚིག་ཅིག་མིན་པའི་གདེང་ཚོད་སུ་ལ་ཡོད།“གོ་ཐོས་ལ་གསར་བུ་ཕོ་སྒོ་ཅན་ཞིག་འདུག་ཟེར། ལེགས་མཛེས་ཀྱི་ལག་ལ་ཡོང་བར་འཆོར་དུ་མ་བཅུག་ཚེ། ཁྱོད་ཚང་གི་མག་པར་མི་འགྱུར་བར་ག་ལ་སྲིད།”རང་མཉམ་བགྲེས་མོ་ཚོས་སླར་ཡང་ཀུ་རེ་རྩེ་བཞིན་དེ་ལྟར་སྨྲས་པ་ན། མོས་སེམས་ནས་དེ་འདྲ་ཞིག་ཡིན་པར་སྨོན་ཞེས་བཤད་འདོད་མོད། ཁ་ནས“ད་ལས་ལ་ཐུག”ཟེར་བ་ལས་བརྗོད་རྒྱུ་གཞན་མ་རྙེད། མི་རྒྱུད་ཅན་གྱི་མི། ཟླ་ཕོགས་ལེན་མཁན་ཞིག ང་ཨ་ཡེ་མོ་ཁྱིམ་ཞིག་ལ་འཐོབ་པའི་སྐལ་བ་མཆིས་སམ། མོས་བུ་མོ་ལེགས་མཛེས་དང་ཚ་བོ་གཉིས་ཀས་ལྷ་དགའ་བསྐོར་ཏེ་གད་མོའི་དགོད་སྒྲ་འབྱིན་ཚུལ་ལ་ལྟ་བཞིན་སེམས་སུ་ཆར་སྨུག་ཅིག་འཐིབས་བྱུང་སྟེ། ཆར་སྨུག་དེས་ལན་རེར་མོར་ལྐོག་ནས་མཆི་མའང་འདོན་དུ་བཅུག་བྱུང་།
   6
   ཉིན་ཞིག་ལ། ལེགས་མཛེས་ཚང་གི་རྒྱབ་རའི་གྱང་སྣེ་དེ་རུ་སྐྱེས་པ་ཞིག་མངོན་བྱུང་། ཁད་ཅུང་རིང་སྟབས་ཁོས་དང་ཐོག་མི་དེ་སུ་ཡིན་ལ་མཉམ་འཇོག་དེ་འདྲ་མ་བྱས་མོད། བར་ཐག་ཇེ་ཉེར་སོང་བ་དང་མི་དེ་རྒྱུས་ཡོད་ཅིག་ཡིན་པ་གཞི་ནས་ཚོར། མི་དེས་ཀྱང་ལྷ་དགའ་ཡིན་པ་ཤེས་པས་འགྲོ་མཚམས་བཞག་པ་ན།ཁོས“ཕུ་བོ་དོན་གོ ཁྱོད་གང་ལ་སོང་བ་ཡིན”ཞེས་སྔོན་ལ་ཁ་གྲགདོན་གོས“ང་རྨོ་མོ་ཚང་ལ་སོང་བ་ཡིན”ཞེས་བཤད་པར། ལྷ་དགས་རིམ་གྱིས་དོན་གོའི་ཨ་མའི་མ་ཁྱིམ་སྡེ་བ་འདི་ན་ཡོད་པ་དྲན་བྱུང་། དོན་གོས“ཁྱོད་སུ་ཚང་ལ་འགྲོ་བཞིན་ཡོད”ཅེས་འདྲི་ཞོར་དུ། ལྷ་དགས་ཁ་གཏད་དེ་འགྲོ་སའི་ཁྱིམ་དེའི་ཕྱོགས་སུ་མིག་ཞགས་ཤིག་འཕངས་པར། མིག་ཞགས་དེ་ཏག་ཏག་སྒོ་ཕྱེ་སྟེ་ཕྱི་རུ་འོང་བའི་ལེགས་མཛེས་དང་ཕྲད་བྱུང་།
   དོན་གོས་ཧ་གོ་སོང་བ་ལྟར་སྨིན་མ་གྱེན་དུ་འདེགས་ཞོར་ཁ་ཚུར་འཁོར་ཏེ“འོ། ད་ངས་ཤེས་ཐལ། ངས་རྨོ་མོ་ཚང་ནས་གོ་བ་བདེན་འདུག”ཅེས་ཁེར་ལབ་ལྟ་བུ་ཞིག་བྱས་རྗེས་གདོང་ལ་ཁྲེལ་འཛུམ་ཞིག་ཤར། དེར་མཐུད་ནས“ངས་ཁྱོད་ཀྱི་ཞལ་རས་ཟླ་འགའ་ལ་མ་རིག་པར་ཁག་ཅི་ཡོད”ཅེས་རྗོད་ཀྱིན་སྐྱི་ལྤགས་རྐྱོང་འཐེན་གྱི་ཁྲེལ་འཛུམ་ཞིག་ཡང་བསྐྱར་གདོང་ནས་མངོན་བྱུང་། མིག་ཟུམ་ཟུམ་དང་སོ་རྙིལ་ཕྱིར་འབུར་བའི་དགོད་འཛུམ་དེས་ལྷ་དགའ་ལ་ཁབ་ཀྱིས་གཙགས་འདྲའི་ཟུག་རྔུ་ཞིག་བསྐྱེད་པར་བྱས་ལ། བརྙས་བཅོས་ཕོག་འདྲའི་ཞེ་སྡང་ཞིག་ཀྱང་བསླངས་བྱུང་མོད། ལེགས་མཛེས་ཀྱིས་སྒོ་ཁ་རུ་ཁོར་བསྒུགས་ཡོད་པ་མཐོང་བས། ཁོས་ཀྱང་སྡེ་བ་གཅིག་གི་མི་དེ་ལ“ཡ། དེ་ལྟར་བྱོས”ཞེས་བཤད་རྗེས་མིག་སྐྱེལ་ཙམ་ཡང་མ་བྱས་པར་ཁ་ཕར་ལ་འཁོར་ཏེ་ཕྱིན།
   “རྒད་པོ། རྒད་པོ།”ཨ་ཡེ་ཚེ་མོས་སྒོ་ཆེན་ཁྲོག་གེར་བརྒྱངས་པ་དང་། སླེ་བོ་དང་ལྕི་ཚེབ(སྦངས་དང་ལྕི་བ་སོགས་འཐུ་བྱེད་ཀྱི་ཚེབ་ཆུང)སྒོ་འགྲམ་དུ་གཡུགས་རྗེས་ཚབ་ཚུབ་ཀྱིས་ལྷས་རར་ཡོང་བ་ན། ཨ་ཁུ་གྲགས་པ་ཡང་རྟབ་རྟབ་པོར་གྱུར་ཏེ“ཨ་ཡེ། ཅི་རེད། སྨྱོ་ལ་ཁད་བྱས་པ་འདི”ཞེས་ཆུང་མ་ལ་སྡང་མིག་ཅིག་བགྲད་ཀྱིན་དྲིས་བྱུང། ཨ་ཡེ་ཚེ་མོར་དབུགས་འཚང་སྟེ་རྐེད་པ་སྒུར་སྒུར་གྱིས་གློ་ལུ་འགའ་བྱས་རྗེས“ངས་སྔོན་ཞིག་ནས་དེ་ཁ་འཁྱག་མ་ཞིག་ལ་ཐུག་ཡོད་རྒྱུ་རེད་ཅེས་བཤད་ཟིན”ཅེས་མགོ་རྔ་མི་ཚང་བའི་སྐད་ཆ་དུམ་བུ་དེས་ཨ་ཁུ་གྲགས་པའི་མགོ་རྨོངས་སུ་བཅུག ཁོས་གསལ་བོ་ཞིག་འདྲི་བསམ་སྐབས། རྒན་མོས“ཁྱོད་ཀྱི་བུ་བཟང་བོ་ལྷ་དགའ་ཟེར་བ་ཡིན། ཁོ་བེའུ་ཚང་སྒྲོལ་གོ་ཚང་གི་བུ་མོ་ཡུགས་ས་མ་དེ་ལ་འགྲོགས་ཀྱིན་འདུག་ཟེར”ཞེས་ལབ་འོངས། ཁོས་སྐད་ཆ་དེ་ཐོས་པར་རང་གི་རྣ་ལའང་ཡིད་མ་ཆེས་མོད། ཚེ་མོས་དོན་གོའི་ཆུང་མས་འདི་ལྟར་གླེང་བྱུང་ཞེས་གཞན་གྱི་ངག་ནས་ཐོས་པ་རྣམས་གཅིག་གཅིག་གཉིས་གཉིས་བྱས་ཏེ་བརྗོད་པ་ན། ཁོར་ལུས་ལ་ཐང་ཆད་རྒྱུ་ཞིག་བྱུང་སྟེ། ཕུང་བོ་ནི་ཉབ་ཉོབ་འདམ་བག་ལྟར་ཁྱམས་འོག་གི་སྟན་ཙེའི་ཐོག་ཏུ་ཕབ། ཡུད་ཙམ་འགོར་རྗེས“ང་ལའང་དོགས་པ་ཞིག་སྐྱེས་མོད། བུ་མོ་དེ་འདྲ་ཞིག་ལ་ཐུག་ཡོད་པ་སུའི་ཡིད་ལ་འཆར་ཐུབ”ཅེས་ཤུགས་མེད་ཅིང་སྐད་གདངས་གཉོམ་པོས་དེ་ལྟར་སྨྲས་པ་ན། ཨ་ཡེ་ཚེ་མོས་ཁོའི་ཉམས་ཤོར་པའི་ཚུགས་ཀ་དེ་མཐོང་བ་དང་། ངག་ནས“ཧ་ཧ། ད་ངས་ཁྱོད་ཀྱིས་བདག་མི་བྱེད་པར་འདུག་ཐུབ་མིན་ལ་བལྟ་ཆོག་ཨང”ཞེས་རྒྱལ་ཁ་བླངས་པ་ལྟར་བཤད། གྲགས་པས་བཟོད་བསྲན་མི་ཐུབ་པའི་ངང“ཁྱོད་དགའ་བཞིན་འདུག དགའ་རྒྱུའི་དོན་དག་ད་ཡོད་རྒྱུ་རེད། ཧིན”ཞེས་འོག་མིག་གིས་ལྟ་ཞོར་ལབ་པ་ན། ཚེ་མོར་གློ་བུར་དྲན་པ་སོས་པ་ལྟར“བེའུ་ཚང་སྒྲོལ་གོ་ཚང་གི་མག་པར་གྱུར་ཚེ། ངས་གཞན་གྱི་མདུན་ནས་མགོ་ཇི་ལྟར་འགྱོག་གམ”ཞེས་སྐད་འདར་འདར་གྱིས་བཤད་འོངས་པར། ཨ་ཁུ་གྲགས་པའི་མགོ་བོ་ཐུར་དུ་དཔྱངས་ཤིང་ཕྲག་པ་གློད་དེ་ཁ་རོག་གེར་བསྡད་བྱུང་།
   དེ་ནི་སྔོན་དུས་ཤིག་སྟེ། ཨ་ཁུ་གྲགས་པ་དང་ཨ་ཡེ་ཚེ་མོ་གཉིས་ད་ལྟའི་ལྷ་དགའ་ལྟར་ལོ་ཉི་ཤུའི་ནང་གི་གསར་བུ་གསར་མོ་གཉིས་ཡིན། ཉིན་ཞིག་ཁོ་གཉིས་མཉམ་པོར་གྲྭ་ཚང་ཕྱོགས་སུ་གོས་སྐུར་མཇལ་དུ་སོང་བ་ན། དགོན་པ་རུ་ལུང་ཁོག་འདིའི་ཉིན་སྲིབ་དང་སྟོད་སྨད་སོ་སོ་ནས་ཡོང་བའི་མི་རྒན་གཞོན་ཀུན་གྱིས་འུར་འུར་ཟིང་ཟིང་བྱེད་ཀྱིན་འདུག་ལ། འདུ་ཁང་མདུན་གྱི་རྡོ་གཅལ་སྟེང་དུ་མི་རྣམས་འཚང་ག་ཤིག་ཤིག་གིས་ཕན་ཚུན་ཕུད་རྒྱག་དང་དཔུང་བས་འདེད་ཀྱིན་མཆི། ཁོ་གཉིས་ཀྱང་གོས་སྐུའི་ཉེ་སར་བཏུད་འདོད་ཀྱིས་མི་ཚོགས་ཀྱི་གསེང་དུ་ཤུགས་ཀྱིས་བཙངས་མོད། མི་ཚོགས་ནི་ཆུའི་རླབས་གཉེར་དང་འདྲ་བར་ཁོ་གཉིས་ཕྱི་རུ་དེད། སྐབས་ཤིག་ལ་མདུན་གྱི་མི་ཚོས་སྔངས་སྐད་ཅིག་སྒྲོག་བཞིན་ཕྱིར་སྣུར་དང་གཡས་གཡོན་དུ་བཀྱེད་བྱུང་། ཁོ་གཉིས་ཀྱིས་ཅི་ཡིན་ཆ་མ་འཚལ་བར་མཐའ་སྐོར་གྱི་མི་རྣམས་ལ་ཧྲིག་གེར་བལྟས་ཚེ། མི་ཚོགས་ཀྱི་བར་གསེང་ནས་ངོ་གདོང་དམར་ཞིང་སྐྲངས་ཏེ་འོད་ཀྱུག་ཀྱུག་དང་སྨིན་མ་མེད་པའི་མི་མཚར་བོ་ཞིག་མངོན་བྱུང་། མི་རྣམས་ཀྱིས་མི་མཚར་བོ་དེ་ལ་ཅེར་བཞིན་གཅིག་གིས་གཅིག་གི་རྣ་རྩར་གཏད་དེ་ཤབ་ཤུབ་ཅིག་ཟློ་བཞིན་གདའ། དེར་གྲགས་པ་དང་ཚེ་མོ་གཉིས་ཀྱི་ཤ་གསེང་ནས་ཀྱང་གཡོ་འདར་ཞིག་བརྒྱབ་པ་དང་། སྣང་བ་ཞིག་ལ་མི་དེའི་ལུས་སྟེང་ནས་དྲི་ང་བ་ཞིག་ཀྱང་སྣ་ནང་དུ་མཆེད་འོངས། དེར་མི་རྣམས་ཀྱི་ངག་ནས་སྨིན་མ་མེད་པའི་མི་དེ་བེའུ་ཚང་སྡེ་བའི་ཡིན་པ་ཤེས་ལ། ཕྱིས་སུ་མཇལ་སྐོར་དང་ལྟད་མོར་ལྟ་ས་ཞིག་ནས་མི་དེ་མཐོང་ལམ་དུ་མ་མངོན། གོ་ཐོས་སུ་ཁོ་ཐག་རིང་ཐག་རིང་ཞིག་ཏུ་བསྐྱལ་སོང་ལ། ཤུལ་ན་སྒྲོལ་གོ་རུ་འབོད་པའི་བུ་མོ་ཞིག་ལས་མི་འདུག་ཟེར། སྒྲོལ་གོའི་ཁྱོ་ག་ལོ་ལྔ་བཅུ་ལ་སོན་མ་ཐག་ནད་ཀྱིས་བཟུང་སྟེ་ཚེ་ལས་འདས་པ་དང་། བུ་མོར་མག་པ་ཞིག་བླངས་ཀྱང་ལོ་གཉིས་མ་འགོར་བར་འཁོར་བགེགས་ཀྱི་ཁྲོད་དུ་མེད་པར་གྱུར་ཚུལ་རེ་ཞིག་ལུང་ཁོག་འདིའི་ནང་ལ་གྲགས་བྱུང་། དེ་བས་ཚང་མས“སྒྲོལ་གོ་ཚང་ལ་ཕོ་སྐྱེས་ཤི་བའི་ཁྲེགས་ཡོད”ཅེས་གླེང་བ་དང་། དོན་དེ་གླེང་སྐབས་མི་རྣམས་ཀྱི་གདོང་ལ་འཇིགས་སྐྲག་དང་འཛེམ་དོགས་ཀྱིས་ཁེངས་པས། གམ་གྱི་ཉན་པ་པོ་ལ་ཡང་དེ་བཞིན་དུ་རྣམ་རྟོག་གི་སྤུ་ལོང་དབང་མེད་དུ་གཡོ་བར་བྱེད་ལ། ཁྱོ་ཤུག་རྒན་རྒོན་གཉིས་ཀྱང་དེ་ལྟར་འདང་རྒྱག་གི་ཀློང་དུ་བྱིང་། གཟའ་ཉི་མའི་ཉིན་དེར་ལྷ་དགའ་ཡུལ་དང་གྱེས་ཁར། བུ་མོ་ཞིག་ལ་ཐུག་ཡོད་མེད་འདྲི་སྐབས། ཁོའི་ངོ་གདོང་ཅུང་ཙམ་དམར་པོར་གྱུར་ཅིང་། དོགས་མི་བདེ་བའི་ངང་འཛུམ་བག་སྟོན་ཚུལ་ལ་བལྟས་ན་བུ་མོ་ཞིག་ལ་ཕྲད་ཡོད་པར་བསམས་མོད། དེར་གཏིང་འདྲི་ཡང་འདྲི་མ་བྱས། འོན་ཀྱང་རང་གིས་ཁོ་ལ་གོ་རྒྱུ་ཅན་གྱི་སྐད་ཆ་ཞིག་རྣ་ནང་དུ་བཞག་མྱོང་བ་མ་ཡིན་ནམ། ཡུད་ཙམ་ནས་ཨ་ཡེ་ཚེ་མོས“ཡ། རྒད་པོ། ད་འདི་ལྟར་འདང་བརྒྱབ་སྟེ་ཅི་ཞིག་ཡོང་རྒྱུ་ཡོད། བཀོད་པ་ཞིག་འཐེན་རན་རེད”ཅེས་བཤད་པ་ན། ཨ་ཁུ་གྲགས་པས་མགོ་བོ་ཅུང་ཟད་ཡར་ལ་དགྱེ། མཐུད་ནས“ང་འགྲོ་ལ་སངས་རྒྱས(ལྷ་དགའི་ཕུ་བོ)ཁོ་ལྷ་དགའ་ཡུལ་ལ་ཤོག་ཅེས་འབོད་དུ་མངག་པར་བྱ”ཞེས་སྨྲ་ཞོར་ཡར་ལ་ལངས།
   “ཕུ་བོ། ཁྱོད་སླེབས་བྱུང་ངམ།”སངས་རྒྱས་འཕྲུལ་རྟ་ཞིག་ལ་བཞོན་ཏེ་སློབ་གྲྭའི་ནང་དུ་སླེབས་པ་ན། ལྷ་དགའ་མདུན་ལ་སོང་སྟེ་བསུ་མ་བྱས། སངས་རྒྱས་ནི་འཕྲུལ་རྟའི་ཐོག་ནས་མི་འབབ་པར་ངོ་གདོང་ནག་རོག་གེར“འགྲོ། ཡུལ་ལ་འགྲོ”ཞེས་ཁོ་ལ་མིག་གིས་ཧུར་གྱིས་ལྟ་བཞིན་བཤད་བྱུང་། ལྷ་དགས་དགོད་ཀྱིན“ཕུ་བོ། ང་ཡུལ་ལ་འབོད་དོན་ཅི་ཡིན། ང་ལ་ད་དུང་སློབ་ཁྲིད……”ཅེས་ཚིག་མཇུག་མ་རྫོགས་གོང་།ཕུ་བོས་སྔར་ལྟར“ཁྱོད་ཡུལ་ལ་འགྲོ་དང་། དོན་དག་ཅིག་ཡོད”ཅེས་གཟབ་ནན་གྱིས་བརྗོད་བྱུང་། ལྷ་དགའ་སོང་ནས་སློབ་གཙོ་གཞོན་པར་ཡུལ་ལ་འགྲོ་དགོས་པའི་དོན་དེ་གླེངས་རྗེས། ཕྱིར་ཡོང་ནས་འཕྲུལ་རྟའི་འཕོངས་ལ་ཞོན་འཕྲལ“ཕ་མ་གཉིས་ཀ་བདེ་མོ་འཚམ་པོ་ཡིན་ནམ”ཞེས་བློ་མ་བདེ་བར་དྲིས། སངས་རྒྱས་ཀྱིས“སྤྱིར་ན་མི་བདེ་རྒྱུ་མེད་མོད། ཁྱོད་ཀྱིས་སྐྱིད་པོར་སྡོད་དུ་འཇུག་གིན་མེད་པ་རེད”ཅེས་བཤད་ཀྱིན་པྲོག་ཞྭ་མགོ་རུ་མནབས་རྗེས། འཕྲུལ་རྟ་མདུན་དུ་བསྐོར་བྱུང་། ཁོས་ཕུ་བོའི་སྐད་ཆའི་ནང་དོན་ཧ་མ་གོ་བས། ཡང་བསྐྱར་གསལ་བོ་ཞིག་འདྲི་བསམས་མོད། འཕྲུལ་ཆས་ཀྱི་སྒྲ་དང་རླུང་སྒྲ་ཆེས་ཆེ་བས། དྲིས་ཀྱང་ཕ་རོལ་པོས་གསལ་བོར་ཐོས་དཀའ། གང་ལྟར་ཁྱིམ་ལ་བསླེབ་ཚེ་དོན་དག་གསལ་ངེས་སྙམ་པས། ལྷ་དགས་སླར་ཅི་ཡང་མི་སྨྲ་བར་འཕྲུལ་རྟའི་འཕོངས་ལ་བསྡད་དེ་ཡུལ་ལ་ཕྱིན།
   ལྷ་དགའ་དང་སངས་རྒྱས་གཉིས་ཁྱིམ་དུ་སླེབས་དུས་ས་སྲོས་ལ་ཉེ་བ་དང་། སྒོའི་ཕྱི་ནང་གཉིས་སུ་དལ་ཅག་གེར་འདུག ཁྱིམ་མི་དག་གང་ཞིག་ལ་སོང་བ་འདྲ། ལྷ་དགའ་དོགས་སྣང་སྐྱེས་ཞོར་ལྷས་རར་སླེབས་དུས། སྲིང་མོས་ཁྱིམ་སྒོ་ཕྱེ་སྟེ་ཕྱི་རུ་ཡོང་ནས“ཕུ་བོ་གཉིས་ཀ་སླེབས་བྱུང་ངམ”ཞེས་འདྲི་བཞིན་ཁོ་གཉིས་ཁྱིམ་ནང་དུ་བསུས་བྱུང་། ཕ་མ་གཉིས་ཀ་གོ་ཁའི་ཡར་སྒྱིད་མར་སྒྱིད་དུ་ཙོག་འདུག ཨ་ཕས“བུད་ཡོང་ངམ”ཞེས་འཆད་ཀྱིན་མིག་ཞགས་ནི་ལྷ་དགའི་ཀླད་པའི་རྩེ་ནས་ཕུ་བོའི་ཕྱོགས་སུ་འཕངས་པ་དང་། དེ་ནས་མགོ་ཐུར་དུ་བསྣར་ཏེ་བསྡད་བྱུང་། ཨ་མས་བུ་གཉིས་ཀ་ནང་དུ་ཡོང་བ་མ་ཚོར་བ་ལྟར་ངོ་གདོང་སྔར་བཞིན་ཨ་ཕའི་ཕྱོགས་སུ་གཅུས་ཏེ་འདུག ཕ་མ་གཉིས་ཀྱི་ངོ་གདོང་གཅིག་ལས་གཅིག་ནག་རོག་གེར་ཡོད་ཅིང་། ལྷ་དགར་ངོ་གདོང་དེ་གཉིས་ཀྱི་ངོས་ནས་ཆར་ཐིགས་ཤིག་འཛག་གིན་ཡོད་འདྲའི་ཚོར་སྣང་བྱུང་། ཁང་བའི་ནང་རོལ་གྱི་ཁ་དབུགས་ཡོད་ཚད་ཅི་ཞིག་གིས་བཏུམས་ཏེ་སྲ་ཞིང་མཁྲེགས་པ་ཞིག་ཏུ་སྣང་། སྲིང་མོས་ཕུ་བོ་གཉིས་ལ་ཇ་རེ་དྲངས་རྗེས་བྲེལ་ཚུབ་ངང་སྒོ་རུ་བུད་སོང་། མོ་མྱུར་སྟབས་ཀྱིས་འགྲོ་ཚུལ་དེ་ནི་ཆར་ཤ་ཆེན་པོ་ཞིག་ལ་གཡོལ་ཆེད་གཞའ་ས་སྐུང་ས་ཞིག་བཙལ་དུ་འགྲོ་བ་དང་ཀུན་ནས་མཚུངས། མོ་སྒོ་རུ་སོང་བར་ཕ་མ་གཉིས་ཀྱིས་སྔར་བཞིན་སྨྲ་བ་བསྡམས་ནས་བསྡད་བྱུང་བས། ཕུ་བོས་ཚུལ་དེ་མ་བཟོད་པར“ད་ཁྱེད་གཉིས་ལ་བཤད་རྒྱུ་ཡོད་ན་ཤོད་ཅིག ངས་བོས་ཡོང་བ་འདི་རེད”ཅེས་ནུ་བོ་ལ་མིག་ཟུར་གྱིས་ལྟ་བཞིན་བརྗོད་བྱུང་། ཨ་ཕས་ཁོག་སྟོད་ཡོམ་ཡོམ་འགའ་བྱས་རྗེས“ཕུ་བོ་དེ་རིང་བསམ་གཟས་ནས་ཁྱོད་འབོད་དུ་ཡོང་དོན་ཁྱོད་ཀྱིས་ཤེས་ཡོད་ཀྱང་ཆོག་ལ་ཤེས་མེད་ཀྱང་རུང”ཞེས་ཚིག་རྔ་རིང་དུ་རྐྱོང་བཞིན་བཤད་པ་དང་། མཐུད་དེ“ངའི་གོ་ཐོས་ལྟར་ན་ཁྱོད་བེའུ་ཚང་སྒྲོལ་གོ་ཚང་ན་མག་པ་ལྟར་འདུག་ཟེར། འདི་བདེན་པ་ཨེ་ཡིན”ཞེས་འཆད་ཀྱིན་གདོང་ཁོའི་ཕྱོགས་སུ་འཁོར། ཨ་ཕའི་གདོང་ན་ཨུ་ཚུགས་འདྲེས་མའི་གཟབ་ནན་གྱི་རྣམ་པས་ཁེངས་ཡོད་ལ། མིག་འོད་རྣོན་པོ་དེར་གསང་མཐིལ་གང་ཞིག་བརྟོལ་ནུས་པའི་གཟི་ཉམས་ཤིག་འདུག་པས། ཁོས་ཀྱང་ཡིན་པའི་བརྡ་ལ་མགོ་བོ་ལྡེམ་ཙམ་བྱས། ཨ་ཕའི་གདོང་ལ་དེའི་མུར་རེ་ཐག་ཆད་པའི་མདངས་ཤིག་ཤར་ཏེ“ཁྱོད་ཀྱིས་བུ་མོ་དེ་འདྲ་ཞིག་བཙལ་དོན་ཅི་ཡིན། བུ་མོ་དེ་ལ་ཅི་ཞིག་ཡོད་དམ། ལུང་བ་འདིའི་ནང་དུ་རང་དང་འདྲ་བ་ཞིག་མེད་དམ། ཁྱིམ་ཁུངས་ཅི་འདྲ་ཞིག་ཡིན་པ་གཞན་ལ་འདྲི་རྒྱུ་ཡང་མི་ཤེས་སམ”ཞེས་འདྲི་ཚིག་འགའ་བསྟུད་མར་འཕངས་བྱུང་བ་དེས། ཁ་གཏད་ཀྱི་ཨ་མ་ལའང་ངར་བསླངས་པས“བེའུ་ཚང་སྡེ་བའི་སྒྲོལ་གོ་ཟེར་བ་ཁྱོད་ཀྱིས་མི་ཤེས་ན་ངས་ཁྱོད་ལ་བཤད་ཆོག”ཅེས་རྐུབ་འོག་གི་འདུག་སྟེགས་སྔུན་དུ་ཁྲོག་གེེར་འཐེན་པ་དང་། དེ་ནས་ལུས་སྟོད་སྔར་ལས་དྲང་བོ་ཞིག་བྱས་འཕྲལ“སྒྲོལ་གོའི་སྐྱེས་པ་ཆེས་བཟང་སྒང་ཡིན་དུས་ཤི་སོང་ལ། ལོ་ཅང་མ་སོང་བར་བུ་མོའི་མག་པ་ཡང་ཚེ་མ་བརྟན། ཁྱོད་ཀྱིས་སོམས་དང་། ཕོ་སྐྱེས་དག་གཅིག་རྗེས་གཅིག་ལ་མེད་འགྲོ་བ་འདི་ལྟས་ངན་བསྟན་པ་མིན་ན་ཅི་ཡིན”ཞེས་སྐད་གདངས་མཐོ་རུ་བཏེགས་ཏེ་བརྗོད། ལྷ་དགས་ཅི་ཡང་མི་སྨྲ་བར་མགོ་བོ་སྒུར་ནས་སྡོད་པ་ལ། ཚེ་མོས་བུ་ལྷ་དགའ་ཡིས་སྐྱོན་ངོས་ཟིན་སོང་སྙམ་སྟེ། ཁ་ཚུར་འཁོར་ནས“ཁྱོད་ཀྱིས་སོམས་དང་། ཡུགས་ས་མ་ཚང་ཞིག་གི་བུ་མོ་དང་བཟའ་ཚང་བསྒྲིགས་པར། ཨ་ཕ་དང་ངེད་གཉིས་མི་གྲལ་དུ་འགྲོ་སྲོལ་ཡོད་རྒྱུ་ཨེ་རེད”ཅེས་ངར་ཤུགས་སྔར་ལས་རྒྱས་བྱུང་། མོས་མུ་མཐུད་དུ“ང་ཆུ་སྔོན་བསམ་འགྲུབ་ཚང་ཟེར་ན། མགོ་ཐོག་ནས་བྱ་མ་འཕུར། རྐང་འོག་ནས་ཆུ་མ་བཞུར་བ་ཞིག་རེད། ཕ་རྒྱུད་རུས་པ་གསེར་དང་། མ་རྒྱུད་རུས་པ་དུང་ཡིན། ཁྱོད་སྒྲོལ་གོ་ཚང་ཅི་རེད། རྨ་ཆུའི་ཕ་རོལ་ནས་ས་འདིར་ལྡོམ་ཡོང་སྟེ་ཟོག་རྫི་བྱས་ནས་ཁ་གསོས་པ་མིན་ནམ། ཆུ་མིག་ནག་པོའི་མགོ་ལ་གཅིན་བཏང་ནས། ཆུ་སེར་ནག་པོའི་ནད་བྱུང་བ་མ་ཡིན་ནམ། ང་འདིའི་རྒྱུད་པ་མི་དགོས”ཞེས་སྒྲོལ་གོ་མདུན་ན་ཡོད་པ་ལྟར་ནག་ཉེས་བགྲང་སྟེ་སྡིགས་མོ་ཅི་དགར་བྱེད། ལྷ་དགར་མཚོན་ན་ཨ་མའི་མཆུ་སྒྲོས་འགུལ་བ་དང་བསྟུན་ནས་མཆིལ་ཟེགས་དང་མཉམ་དུ་ཚིག་མཚོན་གང་སར་འཐོར་བ་དེར་ལྟ་བཞིན་ཧ་ལས་རྒྱུ་ཞིག་བྱུང་། གལ་ཏེ་ཨ་ནེ་སྒྲོལ་གོ་ད་ལྟ་འདི་རུ་ཡོད་ཚེ། ཨ་མས་ཁ་འགུལ་བཞིན་ཕར་ལ་ལག་འགུལ་རྒྱུར་ཡང་ཐེ་ཚོམ་ཡེ་ནས་མེད། ལྷ་དགའ་སློབ་ཆུང་འགྲིམ་དུས་ཤིག་ལ། མཛོ་མོ་ཞིག་ཁོ་ཚང་གི་གྲོ་ཞིང་ནང་དུ་ལྡིང་འདུག་པ་ཨ་མས་མཐོང་བས། ཀི་འབོད་བྱེད་བཞིན་ཞིང་ཁར་བརྒྱུགས། དེ་སུ་ཚང་གི་མཛོ་མོ་ཡིན་པ་ཤེས་འཕྲལ་རྡོས་བརྒྱབ་སྟེ་བདག་པོ་ཚང་ལ་དེད། དེར་བདག་པོ་ཚང་ཡང་མ་རངས་པར“གྲོ་ཁམ་འགའ་ཟོས་པར་དེ་འདྲ་བྱེད་དོན་ཡོད་དམ”ཞེས་བརྗོད་པར། ཨ་མ་བདག་པོའི་སྟེང་ལ་ཤོར་གྲབས་བྱེད་སྐབས། ཕུ་བོ་དང་ཨ་ཅེ་ཡོང་ནས“ཁྱོད་ངོ་མི་ཚའམ”ཟེར་གྱིན་བཙན་གྱིས་ཕྱིར་ཁྲིད། ཨ་མ་འགྲོ་ཞོར་དུ་ཁ་ཕྱིར་འཁོར་ཏེ“དེང་ཕྱིན་ཁྱོད་ཚང་གི་མཛོ་མོ་ངེད་ཚང་གི་ཞིང་ནང་དུ་འགྲོ་རུ་ཆུགས་དང་། ངས་བཤས་མི་འཇོག་ན”ཞེས་ཁ་ཤོམ་འཐེན། དུས་དེ་ནས་བཟུང་ཨ་མ་ལ་ཁ་སློང་ཐུབ་མཁན་ཞིག་སྡེ་བ་འདིར་བྱུང་མ་མྱོང་ལ། ཚང་མས་མོར་བཟོད་བསྲན་དང་རྒྱལ་ཁ་སྟེར་གྱིན་ཡོད་མོད། ལྐོག་ཏུ་དེ་ཚོས“རང་ཡན་མ(མོ་བུ་མོ་ཁེར་སྐྱེས་ཤིག་སྟེ། གྲགས་པ་ཚུར་མག་པར་བླངས་པ་རེད)ཀན་གྱི་ཁ་སུ་ཞིག་གིས་སློང་ངམ”ཞེས་སྡིགས་མོ་བྱེད་ཀྱིན་པ་ཐོས་ཡོང་། ཕ་མ་གཉིས་ཀྱིས་དེ་ལྟར་གཅིག་རྒྱབ་ལ་གཅིག་ལངས་ཏེ་གནས་ལུགས་བགྲང་བྱུང་བར། ལྷ་དགར་ཁེར་རྐྱང་གི་སྣང་བ་ཞིག་འགོག་མེད་དུ་སྐྱེས་འོངས། ཁོས་ཕུ་བོས་ཁོ་ལ་རོགས་ཤིག་བྱས་མི་འགྲོའམ་ཞེས་རེ་བ་དང་བཅས་ཕུ་བོར་བལྟས་ཙམ་བྱས་པར། དེས་ཀྱང“ཕ་མ་གཉིས་ཀྱི་ཁ་ལ་ཉན་ན་བཟང། ཞིང་ལས་པ་ཞིག་ཆུང་མར་བླངས་ནས་ཁ་གསོ་ཐུབ་བམ། རང་དང་འདྲ་བའི་ལས་བྱེད་ཅིག་ཆུང་མར་བླངས་ན་འོས”ཞེས་རྗོད་པར་བྱེད་པས། ཁོ་རེ་ཐག་ཆད་དེ་ཡི་མུག་པ་ཞིག་བྱུང་། ངག་ནས“ཞིང་ལས་པ་ཞིག་ཆུང་མར་བླངས་ཀྱང་། ངས་ཁ་གསོ་ཐུབ་ངེས”ཞེས་སྨྲ་རྩིས་བྱེད་སྐབས། ཡུད་ཙམ་ལ་བཤད་མཚམས་བཞག་པའི་ཨ་མས་སླར་ཡང“བུ་མོ་ཞིང་ལས་པ་ནི་ལུང་ཁོག་འདི་རུ་བོང་བུ་འགྲོ་འགྲོ་བྱེད་ཀྱིན་ཡོད་པ་མིན་ནམ། ཞིང་ལས་པ་ཡིན་པས་མི་ཚད། ད་དུང་ཡུགས་ས་མ་ཞིག་ཀྱང་རེད”ཅེས་ཁྲེལ་དགོད་ཅིག་ཀྱང་བྱས་བྱུང་། ལྷ་དགའི་ཚོར་སྣང་དུ་ཨ་མའི་བཞད་གད་ཀྱི་སྐད་སྒྲ་དེ་ཡེ་ནས་གོ་མ་མྱོང་བའི་རྒྱུས་མེད་ཅིག་ཏུ་ཤར་ལ། རྒྱུས་མེད་ཀྱི་སྐད་གདངས་དེས་ཁོའི་སྙིང་ལ་མེ་སྲེག་ཅིག་བྱས་འདྲའི་ཚ་རེག་ཅིག་ཀྱང་བསྐྱེད་བྱུང་། དེའི་མུར་ཁོའི་རྩ་ལམ་ཀུན་ཏུ་ཁྲག་རྒྱུན་ལྷོག་ལྷོག་ཏུ་རྒྱུ་ཞིང་སྙིང་གི་འཕར་སྒྲ་ཡང་ཇེ་མགྱོགས་སུ་ཕྱིན། རང་དབང་ན་མེད་པའི་ཞེ་སྡང་ཞིག་གིས་ཁོའི་ཁོག་གི་ཁྲོ་ཆུ་དེ་མིད་པའི་ཁར་དེད་ཡོང་བར“ཡུགས་ས་ཡིན་ན་ཅི་རེད། མི་མིན་ནམ”ཞེས་སྐད་ཆ་དེ་ངག་ནས་ཐལ་བ་ན། ཁོ་ལ་ཡང་དུས་མཉམ་དུ་འགྱོད་པ་ཅུང་ཟད་སྐྱེས་མོད། ད་ནི་གཞུ་ལས་ཤོར་པའི་མདའ་མོ་བཞིན་ཡལ་ཏེ་གང་ཞིག་ལ་ཕོག་ཡོད་པ་གདོན་མི་ཟ། ཕ་མ་གཉིས་ཀས་འགད་སྒྲ་ཆེན་པོ་ཞིག་ཐོས་པ་ལྟར་དུས་མཉམ་དུ་ཁོའི་ཕྱོགས་སུ་འཁོར་བ་དང་། ཧ་ལས་པའི་མིག་གིས་ཁོ་ལ་ལྟ་ཞོར་མཆུ་འདབ་ལྷབ་ལྷུབ་ཏུ་འདར་བྱུང་། ཕུ་བོ་ཡང་ཁོའི་ཕྱོགས་སུ་འཁོར་ཞིང་མིག་ནང་དུ་མི་ཆ་མེད་ཅིག་ལ་ལྟ་བཞིན་པའི་དོགས་ཟོན་གྱིས་ཁེངས་འདུག ཡུད་ཙམ་ལ་གོ་ཁ་ནི་སྟོང་འཇགས་སེར་གྱུར་པས། ཐབ་ཀྱི་ཨོང་མེས་འུར་སྒྲ་ཆུང་ཆུང་ཞིག་འབྱིན་པ་ལས་ཅི་ཡང་གོ་རྒྱུ་མི་འདུག རེ་ཞིག་འགོར་རྗེས་ཨ་ཕས“རེད། མི་མ་རེད་ཟེར་བ་མིན། ཨ་མས་ཁྱོད་ལ་ཤ་ཚ་ནས་སྐད་ཆ་དེ་བཤད་པ་ཡིན། ད་ཁྱོད་ལག་ཆགས་འདུག ཕ་མའི་ཁ་ཏ་རྣ་ནང་དུ་འགྲོ་ཡི་མི་འདུག”ཅེས་ལབ་པ་དང་། དེར་མཐུད་ནས་མཆིལ་མ་ཞིག་ཀྱང་སྒོག་གེར་མིད་བྱུང་། ཨ་མ་ནི་གློ་བུར་ཡར་ལངས་ཏེ“ཁྱོད་ཀྱིས་ཟླ་ཕོགས་ལེན་ཐུབ་སོང་ན་ཕ་མ་གཉིས་ཀྱི་ཁར་ཉན་རྒྱུ་མིན་ནམ། ཧོ་ཧོ་ཡ། ཡུགས་ས་ཡིན་ན་ཡུགས་ས་མ་ཞེས་བོས་ན་ཅི་ལ་མི་ཆོག”ཅེས་ཁོ་ལ་གཏད་དེ་སྐད་ཤུགས་ཆེན་པོས་བཤད་འོངས་པར། ཆ་སྒམ་གྱི་དཀར་ཡོལ་དང་སྡེར་མའི་གསེང་ནས་ཀྱང་སིང་སྒྲ་ཞིག་མཆེད་བྱུང་། ཕུ་བོས“ཨ་མ། སྐད་མགོ་དམའ་བར་བྱས་ན་མི་ཆོག་གམ། ཁྱིམ་མཚེས་གཡས་གཡོན་གྱིས་གོ་ན་ཅི་མི་ཟེར་རམ”ཞེས་སུན་སྣང་དང་བཅས་ཏེ་སྨྲས། དེར་མོས“ཁྱོད་ངོ་ཚའམ། འདིས་ངོ་ཚ་བྱེད་ཀྱི་བྱ་བ་ལས་ན་འུ་ཅག་ལ་ཕྱིས་སུ་གཞན་གྱི་མདུན་ནས་མགོ་བོ་འགྱོག་སྲོལ་མེད་འགྲོ་བ་ཁྱོད་ཀྱིས་མི་ཤེས་སམ”ཞེས་ཚམ་ཚོམ་མེད་པར་བརྗོད་པ་ན། ཕུ་བོས་ཀྱང“ཁོ་བྱིས་པ་ཞིག་མ་རེད། གཏམ་ཡག་པོའི་སྒོ་ནས་ཁ་བརྡ་བྱས་ན་ལོས་ཆོག སྐད་ལ་བརྒྱབ་སྟེ་གོ་ཅི་ཞིག་ཆོད་དམ”ཞེས་མ་རངས་པར་འཁང་ར་བྱས་ཚེ། ཨ་མ་དེ་འཕྲལ་ཕུ་བོའི་ཕྱོགས་སུ་འཁོར་ནས“སྐད་ལ་བརྒྱབ་ན་ཅི་རེད། ངས་བཤད་མི་རུང་བ་ཞིག་བཤད་པ་མིན”ཞེས་བརྗོད་པར། ཕུ་བོས་གདོང་ལ་གཉེར་མདུད་ཅིག་བརྒྱབ་ཐོག་སྣ་ནང་ནས་དབུགས་སྒྲ་ཞིག་ཕྱུང་བར། ཨ་མས་སྐད་མགོ་སྔར་ལས་ཇེ་ཆེར་བཏང་སྟེ“ཁྱོད་སུན་སྣང་སྐྱེས་པ་ཨེ་ཡིན། འདུག་མི་འདོད་ན་སོང་ཆོག”ཅེས་བསྒྲགས་བྱུང་། མོའི་སྐད་ཆ་དེ་ཕུ་བོའི་བསམ་ཐོག་ལ་ཁེལ་བ་དང་འདྲ། ཁོ་དེ་མ་ཐག་ཡར་ལངས་རྗེས“དེས་ན་ཁྱོད་ཚོས་ག་ལེར་ཁ་འཛིང་བྱོས་ཤིག ང་ལ་ཉན་ཁོམ་མེད། ད་དུང་ལས་ཀ་ཡོད”ཅེས་སྣ་དགོད་ཅིག་བྱས་པ་དང་། མཐུད་ནས་ལག་པ་གཡུག་གིན་གཡུག་གིན་སྒོ་རུ་བུད་སོང་། ཅང་མ་འགོར་བར་ལྷས་ནས“ཕུ་བོ། ནུབ་འཚལ་འཐུངས་རྗེས་སོང་ན་མི་ཆོག་གམ”ཞེས་སྲིང་མོའི་སྐད་གྲག་བྱུང་ལ། མཐུད་དེ“མིན། ང་སྒོ་རུ་བདའ་ན། ད་འདུག་སྲོལ་གང་ན་ཡོད”ཅེས་པའི་ཕུ་བོའི་སྐད་ཀྱང་གྲག་ཡོང་།“ཕུ་བོ། ཕུ་བོ། ཁྱོད་ཀྱིས་དེ་ལྟར་མ་ཟེར།”ལྕི་ཡང་མི་མཉམ་པའི་རྡོག་སྒྲ་ཞིག་གྲག་པ་དང་འབྲེལ་ཏེ་རྒྱ་སྒོ་ཕྱེ་བ་དང་གཏན་པའི་སྒྲའང་གཅིག་འཕྲོ་གཅིག་ལ་གྲག་འོངས། ཕུ་བོ་སྒོ་རུ་སོང་བ་ལ། ཨ་ཕས་ཨ་མ་ལ་ཧུར་གྱིས་ལྟ་བཞིན“ཁྱོད་ཀྱིས་སངས་རྒྱས་ལ་ནུབ་འཚལ་འཐུང་དུ་མི་འཇུག་པར་འགྲོ་རུ་བཅུག་སོང་། ཁོ་ལ་དོན་མེད་དུ་ཁྲོ་བསླངས་ནས་ཅི་བྱ”ཞེས་ལེ་བདའ་བྱས་པ་ན། ཨ་མའི་གདོང་ལའང་ནོངས་ཉེས་ཀྱི་མདངས་ཤིག་ཤར་བྱུང། དེར་ཨ་ཕས་མིག་ཞགས་ཚུར་ཁོའི་ཕྱོགས་སུ་འཕངས་ནས“ལན་རྒྱུ་འདི་ལན་པ་ཡིན། གྲིབ་མ་ནག་པོ་འདི”ཞེས་མཆུ་འདབ་འདར་བཞིན་གཤེ་གཤེ་བཏང་ཡོང་། ཁོས་ཕྱིར་ཅི་ཞིག་བཤད་རྩིས་ཀྱིས་ཁ་མུར་མུར་བྱས་པ་ན། ཨ་ཕས“ཁྱོད་ལ་ད་དུང་སྨྲ་རྒྱུ་ཞིག་ཡོད་དམ། བཟའ་ཚང་གང་བོའི་སེམས་ཁམས་དཀྲུགས་པས་མི་ཆོག་གམ”ཞེས་དཀར་ནག་གི་དབྱེ་མཚམས་གསལ་བའི་མིག་འབྲས་དེ་ཆེ་རུ་གདངས་བཞིན་བརྗོད་བྱུང་། སྐབས་དེར་སྲིང་མོ་ནང་དུ་སླེབས་ཡོང། མོའི་བཞིན་མདངས་ཤོར་ཞིང་མིག་མཐའ་རུ་མཆི་མ་འཁྱིལ་འདུག་པས། ངག་ནས“ད་ཁྱོད་ཚོས་ཁ་འཛིང་མི་བྱེད་པར་ཞུ”ཞེས་གཅོམ་ཆུང་གི་སྐད་ཀྱིས་སྨྲ་ཞོར་གོ་ཁར་བཏུད། དེ་ནས་ཡང“ཁྱེད་གཉིས་ཀྱིས་ཕུ་བོ་ལ་མ་སྡིགས་དང”ཞེས་ཕ་མ་གཉིས་ལ་མིག་ལྷེམ་ལྷེམ་རྡེབ་ཀྱིན་དེ་སྐད་ཟེར། མཐུད་ནས་ཚུར་འཁོར་ཏེ“ཕུ་བོ། ཁྱོད་ཀྱང་ཁོང་ཁྲོ་མི་ལང་རོགས། ཨ་ཕ་དང་ཨ་མ་གཉིས་ཀྱི་ཚིག་དེ་ཚོ་ཁྱོད་ལ་གནོད་མི་རུང”ཞེས་གཅེན་མོ་ལྟར་ཁ་ཏ་བྱས་འོངས་པ་ན། ཁོའི་གདོང་ཕྲུམ་ནས་སྐྱུར་ཤ་ཞིག་དབང་མེད་དུ་ལངས་པ་དང་འབྲེལ། མིག་མཐའ་ཡང་བརླན་གཤེར་གཤེར་དུ་གྱུར། མོས་ད་དུང“འུ་ཅག་བཟའ་མི་བཞི་པོ་མི་འགྲིག་པར་ཅི་བྱ། གཞན་གྱིས་ཤེས་ཚེ་སྙིང་འཕྱས་གཏོང་ངེས”ཟེར། སྲིང་མོའི་འཇམ་མཉེན་གྱི་ངག་ཚིག་དེ་དག་ནི་བསིལ་ཆར་ཞིག་དང་འདྲ། ཕ་མ་གཉིས་ཀྱི་ཞེ་སྡང་ཅུང་ཟད་ཞི་བས་རང་རང་ས་རུ་ཁ་རོག་གེར་བསྡད་བྱུང་། མཇུག་མཐར་མོས་ཚང་མར་འཛུམ་ཆུང་ཞིག་དམུལ་རྗེས“ད་ངས་འུ་ཅག་ལ་ནུབ་འཚལ་བསྐོལ”ཟེར་ཞོར་ཐབ་ཚང་དུ་བུད་སོང་།
   7
   “ཁྱོད་ཀྱི་ངོ་མདངས་མི་བཟང་བ་ཅི་རེད།”ལེགས་མཛེས་ཀྱིས་ལྷ་དགའི་ངོ་གདོང་ལ་ལྟ་བཞིན་དེ་ལྟར་དྲིས་བྱུང་།“ང་ལ་ཅི་ཡང་མ་བྱུང་།”ལྷ་དགས་བཙན་གྱིས་འཛུམ་ཞིག་ཕྱུང་།ལེགས་མཛེས་ཀྱིས་ཁོའི་ངོ་གདོང་ནས་ཅི་ཞིག་རྟོགས་སོང་བ་ལྟར། བསྐྱར་དུ་ཅི་ཡང་མི་འདྲི་མོད། སྐབས་སྐབས་སུ་ཁོའི་ཕྱོགས་སུ་ལྟ་བར་བྱེད། མདང་ནུབ་ནུབ་འཚལ་འཐུངས་ཚར་ཏེ་ཁོ་ཉལ་དུ་འགྲོ་གྲབས་བྱས་པ་ལ། ཨ་ཕས་ཁོར་གཏད་དེ“ཨ་མ་དང་ངེད་གཉིས་ཀྱིས་དེ་རིང་བཤད་པ་ཚང་མ་རླུང་ལངས་ནས་བཤད་པ་ཁོ་ན་རེད་མ་བསམས། ཁྱོད་ལ་འདང་རྒྱག་རྒྱུ་ཡོད་ངེས”ཟེར་བར། ཨ་མས་ཁ་གསབ་ཀྱི་ཚུལ་དུ“འདང་རྒྱག་མི་རྒྱག་ཁྱོད་ལ་གསལ”ཞེས་བརྗོད་པ་དང་། མཐུད་ནས་ལག་ལ་མ་ཎི་འཁོར་ལོ་བཟུང་སྟེ་དགོང་མོའི་ཁ་ཏོན་འདོན་མགོ་བརྩམས་བྱུང་། ལྷ་དགའ་མལ་དུ་ཉལ་མ་ཐག ངལ་དུབ་ཀྱི་དབང་གིས་དེ་འཕྲལ་གཉིད་དུ་ཡུར་འདོད་མོད། ཕ་མ་གཉིས་ཀྱིས་ལབ་པའི་སྐད་ཆ་དག་བར་མེད་དུ་ཁོའི་རྣ་ལམ་དུ་བཙངས་ཡོང་བས་གཉིད་ཀྱི་བདེ་བ་དེ་ཕྱོགས་ཕྱོགས་སུ་བྱེར། ནམ་གསལ་ལ་ཉེ་སྐབས། ཁོར་གཉིད་ཅུང་ཙམ་ཁུགས་མོད། སློབ་གྲྭར་འགྲོ་རན་པར་འདུག་པས་མལ་ལས་ལངས་དགོས་སོང་། ཁོ་ལྷས་རར་སླེབས་པ་ན། ཨ་ཕ་ཁོའི་རྗེས་དེད་དེ་སྒོ་ཁ་རུ་ཐོན། དེ་གར་ཨ་ཕས་འགྲོ་མཚམས་བཞག་སྟེ“བཤད་དགོས་པ་མཐའ་དག་མདང་དགོང་ཁྱོད་ལ་བཤད་ཟིན། ད་མང་བོ་འཆད་དགོས་དོན་མེད”ཟེར་ལ། ཡང“རང་དང་མཉམ་པའི་བུ་མོ་ནི་ས་ཆ་འདི་རུ་མང་བོ་ཡོད་བཞིན་དུ། སྒྲོལ་གོ་ཚང་གི་བུ་མོ་བཙལ་དོན་ཅི་ཡོད། ཨ་མ་དང་ངེད་གཉིས་ཀྱི་རེ་བ་ཡིན་ན། ཁྱོད་ད་ནས་བཟུང་སྟེ་བུ་མོ་དེར་མི་འགྲོག་རྒྱུ་དེ་ཡིན། གལ་ཏེ་ཁྱོད་ཀྱིས་ཡིན་གཅིག་མིན་གཉིས་ཀྱིས་དེ་དང་འགྲོག་རྒྱུ་ཟེར་ན། ངེད་གཉིས་ཕ་མར་མ་བརྩིས་པ་ཡིན་པས། ཁྱོད་ལ་ཡུལ་ཞེས་འདི་རུ་ཡོང་ས་ཞིག་དང་ཕ་མ་ཞེས་འབོད་ས་ཞིག་ཡེ་ནས་མེད། ངེད་གཉིས་ལ་ཡང་ཁྱོད་འདྲ་བའི་བུ་ཞིག་མེད། དེ་བས་ཁྱོད་ཀྱིས་འདང་རྒྱག་ཡག་བྱོས”ཞེས་བློ་ཐག་རྦད་ཆོད་ཀྱིས་བཤད་པ་ན། ཁོར་ཕྱིར་ལན་སློག་རྒྱུའི་ཚིག་ཅིག་མིད་པའི་ཁར་ཐོན་ཡོང་མོད། ཨ་ཕ་ནི་ཕ་བོང་ཞིག་ལྟར་ཁོའི་མདུན་དུ་ཀྲོང་ངེར་འགྱིང་ཡོད་ཅིང་། ཁོས་རེ་བ་དང་ཞུ་བ་ཅི་ཞིག་བཏོན་ཡང་ཕ་བོང་སྲ་འཐས་དེར་གཡོ་འགུལ་སྤུ་ཙམ་འབྱུང་བའི་རྟགས་ཤིག་མི་འདུག་པར་བརྟེན། གྱེས་ཕྱག་ཅིག་ཞུས་རྗེས་ཁ་རོག་གེར་ལམ་ལ་ཆས། ལམ་བར་དུ་ཕ་མ་གཉིས་ཀྱིས་མདང་དགོང་བརྗོད་པའི་སྐད་ཆ་དང་། ད་ནངས་ཡོང་ཁར་ཨ་ཕས་ལབ་པའི་ཚིག་དག་ལྷ་དགའི་རྣ་ལམ་དུ་ཡང་ཡང་གྲག་འོང་ཞིང་། སེམས་ཀྱང་ལྗིད་ཏིག་གེར་གྱུར་པས། གོམ་པ་ཡང་འདེགས་དཀའ་བའི་ཚོར་སྣང་ཞིག་སྐྱེས། སློབ་གྲྭའི་ནང་ལ་སླེབས་དུས། ཁོ་ལུས་ཐང་ཆད་དེ་ལུས་ནས་རྔུལ་ཆུ་ཡང་བརྡོལ་འོངས།“སེམས་དོན་ཅི་ཡོད་ཁྱོད་ཀྱིས་ང་ལ་སྨྲས་ན་མི་ཆོག་གམ།”ལེགས་མཛེས་ཀྱིས་ཁོར་ཡང་ཡང་དྲིས་བྱུང་བས། ཁོས་གཞི་ནས་མདང་དགོང་ཡུལ་དུ་ཕྱིན་པའི་དོན་རྣམས་ལེགས་མཛེས་ལ་བཤད།“ངས་ཀྱང་དོན་དག་དེ་འདྲ་ཞིག་རེད་བསམས་ཡོད།”ལེགས་མཛེས་ཀྱིས་ཁོས་སྨྲས་པ་དག་ལ་ཉན་རྗེས་དེ་སྐད་ཟེར། རེ་ཞིག་འགོར་རྗེས་མོས་ཡང་བསྐྱར“ངས་ཁྱོད་ལ་སྔོན་ཞིག་ནས་འུ་གཉིས་ལ་ཁྱད་པར་ཆེ་བས། ཁྱོད་ཀྱི་ཡུལ་མི་རྣམས་འཐད་པ་ཡོང་དཀའ་ཞེས་བཤད་མྱོང”ཞེས་ལབ་བྱུང་། ད་ལྟ་མོ་ཡང་འདབ་མ་རྙིད་པའི་མེ་ཏོག་བཞིན་མདངས་ཤོར་ཞིང་ཅི་ཡང་མི་སྨྲ་བར་མགོ་བོ་དུད་དེ་འདུག་པ་ལ། ཁོས“སེམས་ཁྲལ་མ་བྱེད་དང་། ངའི་ཕ་མ་གཉིས་ཀ་ཡུན་གྱིས་འཐད་ཀྱང་སྲིད”ཅེས་སེམས་གསོ་ཡང་ཡང་བྱས་བྱུང་ལ། ཡང་ཨམ་གཙིགས་ཤིག་སྡོམ་ཙམ་བྱས་རྗེས“ཕ་མ་གཉིས་ཀ་འཐད་ན་ལོས་བཟང་།གལ་སྲིད་མ་འཐད་ཀྱང་ཅི་སྐྱོན། འུ་གཉིས་ཀྱི་དོན་དག་འུ་གཉིས་ཀྱིས་ཐག་གཅོད་བྱེད་དགོས”ཞེས་སྐད་མགོ་ཅུང་མཐོ་རུ་བཏེགས་ཏེ་སྨྲས་པ་ན། མོས་མགོ་བོ་དགྱེ་སྟེ་ཁོ་ལ་གཅིག་བལྟས་བྱུང་། སྐད་ཆ་དེས་མོ་ལ་སྙིང་ཕུར་བརྡབས་སོང་བ་ལོས་ཡིན། ཁོར་ལྟ་བའི་མིག་ཀོང་ན་ཟེར་མ་ཞིག་འཁྱུག་གིན་འདུག་ལ། ཡུད་ཙམ་འགོར་རྗེས“ཕ་མ་གཉིས་མ་འཐད་ན་ག་ལ་རུང་། གཉེན་བསྒྲིག་རྒྱུ་དེ་དོན་དག་ཆུང་ཆུང་ཞིག་མིན”ཞེས་ཟེར་ཞོར་སླར་ཡང་མགོ་བོ་བྲང་ཁར་དུད་བྱུང་།
   དགོང་མོ་དེར་ནམ་རྒྱུན་དང་མི་འདྲ་བར་ཁ་བརྡ་ཉུང་བས་གོ་ཁ་ཧྲིལ་པོར་དལ་ཅག་གེར་ལུས། སྒྲོལ་གོས་ལྷ་དགའ་དང་ལེགས་མཛེས་གཉིས་ལ་རེ་རེར་བལྟས་ཙམ་བྱས་རྗེས“དོ་དགོང་ཨ་ཁུ་ཐང་ཆད་འདུག འུ་གཉིས་སྔ་མོར་ཉལ་དུ་འགྲོ”ཞེས་འཆད་ཀྱིན་ཚ་བོའི་ལག་པ་ནས་འཇུས་ཏེ་ཡར་བསླངས་ཤིང་།གཉིས་ཀ་ཚ་ཐབ་ཀྱི་ཕྱོགས་སུ་བུད་སོང་།“ད་འུ་གཉིས་ཀྱང་ངལ་གསོ་རུ་སོང་ན་ཅི་འདྲ་རེད།”རྨོ་མོ་དང་ཚ་བོ་གཉིས་མལ་དུ་ཉལ་ནས་ཡུད་ཙམ་ཕྱིན་པ་ན། ལྷ་དགའ་ཡར་ལངས་ནས་དེ་ལྟར་བརྗོད། མོ་ཡང་ཁོའི་རྗེས་དེད་ནས་གཞིས་ཁང་ནང་ཡོང་། མལ་དུ་ཉལ་བར་ལེགས་མཛེས་ཀྱིས་འདང་ཞིག་བརྒྱབ་རྗེས“ལྷ་དགའ། ངས་བལྟས་ན་འུ་གཉིས་མ་འགྲོགས་ན་བཟང་། སང་ཉིན་ནས་བཟུང་ཁྱོད་འདི་རུ་མི་ཡོང་བར་ཞུ”ཞེས་སྨྲས་བྱུང་། ལྷ་དགས“ཁྱོད་ཀྱིས་ཅི་ཞིག་ཟེར་གྱིན་ཡོད”ཅེས་མོའི་གདོང་ལ་བལྟས་པ་ན། མོའི་གདོང་ལ་གཟབ་ནན་གྱི་མདངས་ཤིག་མངོན་ཐོག མིག་མཐར་མཆི་མ་དྭངས་མོ་ཞིག་ཀྱང་འཁྱིལ་འདུག“ང་དང་འགྲོགས་ཚེ་ཁྱོད་སྡུག་ལ་སྦྱོར་བ་ལས་སྐྱིད་ཉུང་བ་ཁོ་ཐག་ཡིན། དེ་བས་ངའི་ཁ་ལ་ཉན་ན་བཟང་།”མོས་མགྲིན་པ་རྣོང་བཞིན་འཆད་དུས་མཆི་མའི་དོག་པ་རེ་རེ་མཁུར་ངོས་སུ་འགྲིལ་སོང་། མཆི་མ་དེ་དག་གིས་ཁོ་ལ་ན་ཟུག་བཟོད་དཀའ་བ་ཞིག་བྱིན། ཁོས“ཁྱོད་ཀྱིས་དེ་ལྟར་མི་སྨྲ་བར་ཞུ། ཁྱོད་ལས་བུ་མོ་གཞན་ཞིག་ལ་མི་འགྲོག་པའི་དམ་བཅའ་ངས་སྔ་མོ་ཞིག་ནས་བཅས་ཡོད་པ་མིན་ནམ”ཞེས་བརྗོད་པ་ན། མོས་སླར་ཡང“ངོ་མ་ང་ལྟ་བུའི་ཡུགས་ས་མ་ཞིག་ལ་ཅི་ཞིག་ཡོད་སྲིད། ཁྱོད་ཀྱིས་ཕ་མའི་ཁར་ཉན་ཏེ་རང་དང་མཉམ་པ་ཞིག་བཙལ་ན་བཟང”ཞེས་བཤུམ་པའི་སྐད་ཀྱིས་ལབ། ཁོས་མོའི་མཆི་མ་འབྱིད་ཀྱིན“ད་མ་ངུ་། ལེགས་མཛེས་ལགས། ངས་ཁྱོད་ཀྱི་མིག་ཆུ་མཐོང་ན་སེམས་ཀྱིས་མི་བཟོད”ཅེས་བཤད་མ་ཐག མིག་མཐའི་གཤེར་ཁུ་དྭངས་མོ་དེ་དག་མཁུར་མགོར་འགྲིལ་བྱུང་།“ཁྱོད་ཅི་ལ་ངུ་ཨང་། སྟག་ཤ་ར་ཞིག་ལ་མི་འདྲ་བར།”མོས་དེ་ལྟར་རྗོད་བཞིན་ལག་པ་ཁོའི་སྐེ་ལ་འཁྱུད་དེ་བྲང་ལ་སྦྱར་བ་ན། གཉིས་ཀའི་མིག་ཆུ་མཉམ་དུ་འདྲེས། སྐར་འོད་ལམ་ལམ་འཚེར་བའི་མཚན་མོའི་སྨག་རུམ་ཁྲོད་དུ། བེའུ་ཚང་སྡེ་བ་ནི་ལུང་བའི་གཤོང་ཁུད་ན་འཁྱིལ་བའི་ཆུ་རྫིང་བཞིན་ལྷིང་འཇགས་སེར་གནས། མུན་ནག་གི་གསེབ་ནས་བཤུམ་སྐད་དང་འགྲོགས་ཏེ་སྐད་ཆ་ཤབ་ཤུབ་སྨྲ་བའི་སྒྲ་ཞིག་ལྷས་རར་འཐོར་ཡོང་།
   དོན་འདིའི་ཐད་ཨ་ཡེ་སྒྲོལ་གོ་སྔོན་ཞིག་ནས་བློ་བདེ་མ་མྱོང་སྟེ། འདི་ནི་བསམ་ཡུལ་ལས་འདས་པའི་དོན་ཞིག་ཀྱང་མིན། ཞོགས་པར་ནངས་ཇ་འཐུང་སྐབས། མོས“ལྷ་དགའ། ཁྱོད་ཀྱིས་ང་ལ་མ་བཤད་ཀྱང་དོན་དག་ཕལ་ཆེར་ངས་ཤེས་ཡོད”ཅེས་སྨྲས་པ་དང་། ཡང“ངེད་ཚང་ལྟ་བུ་ཁྱེད་ཚང་གི་གཉེན་ཡར་གང་ནས་ཡོང་། ང་སྤྲང་མོ་མ་སྨད་གཉིས་ཀྱིས་གསེར་གྱི་ཀ་བ་ཞིག་ལ་འཇུ་བསམ་གྱིན་འདུག ངོ་མ་སེམས་སུ་སྐྱིད་པོ་དྲན་པ་རེད།”མོས་སྐད་ངག་འདར་འདར་གྱིས་རང་གིས་རང་ལ་འཕྱ་དགོད་ཅིག་བྱས་པ་དང་།དེར་མཐུད་ནས“ངས་མདང་དགོང་ཞག་གང་བོར་འདང་བརྒྱབ་པ་ཡིན། ངས་བལྟས་ན་ད་ནས་བཟུང་ཁྱོད་གཉིས་མ་འགྲོགས་ན་བཟང་། ཁྱོད་ཀྱིས་རང་དང་འདྲ་བ་ཞིག་བཙལ་ན་འགྲིག”མོས་དེ་ལྟར་འཆད་ཞོར་མིག་མཐའི་མཆི་མ་ལག་པས་ཕྱིས་བྱུང་།“ཨ་ནེ། ཁྱོད་ཀྱིས་ཅི་ཟེར་རམ། ཁྱོད་ཀྱིས་རང་ཉིད་དམའ་སར་མ་ཕབ་ཅིག ང་ཚོ་ཚང་མ་གཅིག་འདྲ་མིན་ནམ།”ལྷ་དགས་སྒྲོལ་གོ་ལ་གཏད་ནས་དེ་ལྟར་བཤད་པ་ན། སྒྲོལ་གོས“གཅིག་འདྲ་ག་ལ་ཡིན། མི་དང་མི་ལ་ཁྱད་པར་ཡོད་པ་རེད”ཅེས་གཟབ་ནན་ངང་སྨྲས་བྱུང་། ལྷ་དགས་ལེགས་མཛེས་ལ་མིག་མདའ་ཞིག་འཕངས་པ་དང་། དེ་ནས“མི་དང་མི་ལ་ཁྱད་པར་ཡོད་ན། ངས་ད་རེབ་གཅིག་འདྲ་བྱེད་རྒྱུ་ཡིན”ཞེས་བརྗོད། སྒྲོལ་གོས“ལྷ་དགའ། ཁྱོད་ཀྱིས་འདང་སླ་མོར་རྒྱག་བཞིན་འདུག”ཟེར་བ་དང་། ཡང“ཁྱོད་ཀྱི་ཕ་མ་གཉིས་གཏན་ནས་འཐད་མི་སྲིད། དེ་བས་ཁྱོད་ཀྱིས་རང་ཉིད་སྡུག་ལ་མ་སྦྱོར”ཞེས་བཤད་པར། ཁོས“ངས་ཀྱང་ཕ་མ་གཉིས་ཀ་འཐད་རྒྱུར་རེ་བ་བཅངས་ཡོད། གལ་ཏེ་ཁོ་གཉིས་འཐད་པ་མ་བྱུང་ནའང་། ངས་ལེགས་མཛེས་ཕན་གྱི་བུ་མོ་ཞིག་མི་བཙལ་ཁོ་ཐག་ཡིན”ཞེས་བློ་ཐག་བཅད་དེ་སྨྲས་པ་ན། སྒྲོལ་གོས་ཡུད་ཙམ་ལ་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད་བྱུང་། ཁོ་གཉིས་ཀྱིས་དེ་ལྟར་ཕར་ལབ་ཚུར་ལབ་བྱེད་སྐབས། ལེགས་མཛེས་ཀྱིས་སྐབས་རེར་མགོ་བོ་ཡར་ལ་དགྱེ་སྟེ་ལྷ་དགའི་ཕྱོགས་སུ་བལྟས་ཙམ་བྱེད་པ་དང་། སྐབས་རེར་ཅི་ཞིག་ལ་འདང་རྒྱག་ཞོར་མགོ་བོ་བྲང་ཁར་སྨད། སྐབས་ཤིག་ལ་སྒྲོལ་གོས་ལོགས་ཀྱི་ལེགས་མཛེས་སྟོན་བཞིན“ངས་དེའི་དུས་བུ་མོ་འདི་ཁྱིམ་དུ་མ་བཀག་པར་མུ་མཐུད་དུ་སློབ་གྲྭར་འགྲོ་རུ་བཅུག་ཡོད་ཚེ། ལས་དབང་འདི་ལྟ་བུའི་ངན་པ་ཞིག་མིན་ཡང་སྲིད། ཡིན་ནའང་ངས་ལས་ཀ་བསམས་ནས་མོ་སློབ་གྲྭར་འགྲོ་རུ་མ་བཅུག”སྐད་ཆ་དེ་འཆད་སྐབས་སྒྲོལ་གོའི་གདོང་ལ་ནོངས་ཉེས་དང་ཕངས་འགྱོད་ཅིག་གིས་ཁེངས་འདུག“ད་འདི་ལྟར་བཤད་དུས་འཕྱིས་ཟིན་པ་རེད། ལས་རེད་ཟེར་ཡང་ལག་པའི་ནང་གི་ལས་སྟངས་འཕྱུགས་པ་ཡིན་ཤས་ཆེ”ཞེས་བརྗོད་པ་ན། ལྷ་དགས་ཕྱིར་ཇི་ལྟར་སྨྲ་རྒྱུའང་མི་ཤེས་པར་གྱུར། སྒྲོལ་གོས་དེ་སྐད་གླེང་བར། ལེགས་མཛེས་ཀྱིས་མོའི་ལག་པར་འཇུས་ཏེ་སྒུལ་བཞིན“ཨ་མ། ཁྱེད་ཀྱིས་དེ་གླེང་ནས་ཅི་བྱེད། དེའི་དུས་ཁྱེད་ཀྱིས་ང་སློབ་གྲྭར་འགྲོ་རུ་བཅུག་ཀྱང་། ཁྱོད་གཅིག་པུ་ཁྱིམ་ནས་བསྐྱུར་ཏེ་ང་སློབ་གྲྭར་འགྲོ་ཕོད་དམ”ཞེས་བཤད་པ་ན།“ཁྱོད་ཀྱི་ཨ་ཕ་འགྲོ་སྔ་སོང་། ཁོ་ཡོད་དུས་ན་ལག་ལས་ཀའི་ཕྱོགས་ནས……”སྒྲོལ་གོའི་མགྲིན་པ་བརྣངས་བྱུང་།སྐབས་དེར་ལེགས་མཛེས་ཀྱིས་མགོ་བོ་ཨ་མར་ཁེན་ཏེ་མིག་ནས་མཆི་མ་བཏོན་ཡོང་།“ཁྱོད་གཉིས་ཀྱིས་མིག་ཆུ་མི་འདོན་པར་ཞུ།”ལྷ་དགའི་མིག་ཟུང་ཡང་རབ་རིབ་ཅིག་ཏུ་བཟོས། གོ་འདབས་ན་རྩེ་བཞིན་པའི་བྱིས་པས་ཀྱང་ཅི་ཞིག་ཚོར་སོང་བ་ལྟར། ཁོ་ཚོར་མིག་གིས་རིག་རིག་བལྟས་ནས་གདོང་གི་མཆི་མ་དེ་དག་མཐོང་བར་ངོ་མདངས་ཡོངས་སུ་ཤོར།“མིག་ཆུ་བཞུར་ནས་གོ་ཅི་ཆོད། ཚར་སོང་བ་ཉིད་ཚར་ཟིན། ལེགས་མཛེས། ད་མིག་ཆུ་མ་འཕོ།”སྒྲོལ་གོས་རང་གི་ལུས་ལ་ཁེན་པའི་བུ་མོ་སྒུལ་བཞིན་དེ་ལྟར་ཟེར།“ལྷ་དགའ། ཁྱོད་ཀྱིས་ངའི་ཁ་ལ་ཉན་རོགས། རྟ་ལ་རན་པའི་སྒ་ཟེར་བའི་དཔེ་ལྟར། བཟའ་ཚང་བསྒྲིགས་ན་རང་དང་མཉམ་པ་ཞིག་བཙལ་རྒྱུ་གལ་ཆེ། ངས་ཇི་ལྟར་བལྟས་ཀྱང་ངའི་བུ་མོ་འདི་ཁྱོད་ཀྱི་དོ་ཡར་མི་ཡོང་། ཁྱོད་ཀྱི་ཕ་མ་གཉིས་མི་འཐད་པར་ཁག་ཅི་ཡོད། འུ་ཚང་གཉིས་བར་ལ་གནམ་སའི་ཁྱད་པར་ཡོད།”སྒྲོལ་གོས་དབུགས་རིང་ཞིག་བཏང་བ་དང་། ཡང“སྤྱིར་ན་ངའི་བུ་མོ་འདི་ལས་ངན་ཞིག་རེད”ཅེས་བཤད་མ་ཐག་མིག་ཀོང་དུ་སླར་ཡང་མཆི་མ་འཁྱིལ་བྱུང་།“ཨ་ནེ། ཁྱོད་ཀྱིས་ལས་རེད་ལས་རེད་ཅེས་མ་ཟེར་དང་། ཁྱོད་ཀྱིས་ཀྱང་སྐབས་རེར་མིའི་ལག་གི་ལས་སྟངས་ལ་རག་ལས་ཟེར་བ་མིན་ནམ། ལས་ཁོ་ནའི་རྐྱེན་ག་ལ་ཡིན”ཟེར་བ་དང་།ཡང“ངས་བལྟས་ན་འུ་ཚང་གཉིས་བར་ལ་ཁྱད་པར་ཅི་ཡང་མི་འདུག ཁྱོད་སེམས་ཆུང་དགོས་དོན་ཅི་ཡོད”ཅེས་སྨྲ་དག་ཚིག་གསལ་གྱིས་སྨྲས་པ་ན། སྒྲོལ་གོས“གང་ལྟར་ཕ་མ་གཉིས་འཐད་ན་བཟང”ཞེས་ལབ་རྗེས་ཁ་རོག་གེར་བསྡད་བྱུང་། ལེགས་མཛེས་ཀྱིས་མགོ་བོ་ཡར་དགྱེ་སྟེ་ཁོ་ལ་གཅིག་བལྟས་རྗེས། གདོང་ལ་ཉི་ཟེར་ཕོག་པའི་པད་འདབ་བཞིན་སྤོབས་པ་ཞིག་ཤར་འདུག ལྷ་དགས་བྱིས་པའི་ལག་པར་འཇུ་ཞོར“ལྕགས་བྷ། ཁྱོད་ཀྱི་ཨ་ཡེ་དང་ཨ་མ་གཉིས་ཀྱིས་ང་མི་དགོས་ཟེར། ད་ནས་བཟུང་ཁྱིམ་འདིར་མ་ཡོང་ཞེས་རྗོད་ཀྱིན་འདུག ཇི་ལྟར་བྱས་ན་ལེགས་སམ”ཞེས་དགོད་ཀྱིན་བརྗོད་པ་ན། བྱིས་པས་བདེན་དུ་རློམ་སྟེ་དེ་འཕྲལ་རྨོ་མོ་དང་ཨ་མའི་ཐོག་ལ་ཤོར་ཏེ“ང་ལ་ཨ་ཁུ་དགོས། ཨུན་ཨུན……”ཞེས་ངུ་བཞིན་མ་སྨད་གཉིས་ལ་ཁུ་ཚུར་གྱིས་གཞུས་བྱུང་། རྨོ་མོས“ཨ་ཁུ་མི་དགོས་སུས་ཟེར། ད་མ་ངུ། ཨ་ཁུ་འུ་ཚང་གི་མི་མིན་ནམ”ཞེས་བྱིས་པའི་མིག་ཆུ་འབྱིད་བཞིན་ལུས་པོ་ཆུང་ཆུང་དེ་རང་གི་བྲང་དུ་སྦྱར་བར། ལེགས་མཛེས་ཀྱིས་ལྷ་དགའི་ཕྱོགས་སུ་ལྟ་བཞིན་མཆི་མས་བརླན་པའི་མིག་ནས་འཛུམ་ཟེར་ཞིག་འཁྱུག “ཨ་ཁུ་འུ་ཚང་གི་མི་མིན་ནམ”ཞེས་པའི་ཨ་ནེའི་སྐད་ཆ་དེའི་དྲོད་རྒྱུན་ཞིག་ལྷ་དགའི་ལུས་ཡོངས་སུ་ཁྱབ། ཁོས་ཕ་གིའི་མ་སྨད་གཉིས་དང་ཚ་བོ་བཅས་ལ་ཅེར་ཞོར་གདོང་ལ་ངལ་དུབ་སངས་པའི་བདེ་བ་ཞིག་ཤར་འོངས།
   8
   “གྲགས་པ། ལྷ་དགའ་ད་དུང་དེ་ཚང་ལ་འགྲོ་བཞིན་འདུག་ཟེར།”ཁོས་ཀྱང་གཞན་གྱི་ཁ་ནས་ཐེངས་གཅིག་མིན་པར་དོན་དེ་གོ་བྱུང་ནའང་།ཆུང་མའི་གསལ་འདེབས་ལྟ་བུའི་སྐད་ཆ་དེ་ཐོས་དུས་རང་གི་སྙིང་ལ་ཙག་ཤད་ཅིག་བརྒྱུགས་ཡོང་།“འགྲོ་བཞིན་ཡོད་ན། ང་ལ་བཤད་དེ་ཅི་བྱ།”ཨ་ཁུ་གྲགས་པས་ཞེ་སྡང་མ་ནོན་པར་དེ་ལྟར་སྨྲས། ཚེ་མོས་ཕྱིར“ལྷ་དགའ་ཁྱོད་ཀྱི་བུ་མིན་ནམ། ཁྲོ་ལངས་ནས……”ཞེས་ཚིག་ལན་སྒོག་ལོག་འདྲ་བ་ཞིག་འཕངས་པ་ཨ་ཁུ་གྲགས་པའི་མིད་པར་འཚང་སྟེ། སྣ་ནས་དབུགས་སྒྲ་འབྱིན་པ་ལས་ཕྱིར་ལན་འདེབས་རྒྱུ་ཅང་མ་རྙེད། ཆུང་མས་མཐུད་དེ“འདྲེ་མོ་མ་བུ་དེ་གཉིས་ཀྱིས་འུ་ཚང་གི་བླུན་རྒན་དེའི་མགོ་བསྐོར་ཟིན། ལག་གི་སྒོར་རྡོག་ཆ་བོ་ཡང་འདྲུ་བཞིན་ཡོད་པ་ཁོ་ཐག་རེད”ཅེས་བརྗོད་པ་ན། ཨ་ཁུ་གྲགས་པའི་གདོང་དུ་ལག་ནས་ཅི་ཞིག་ཕྲོགས་སོང་བ་ལྟ་བུའི་སེར་སྣ་ཞིག་མངོན། ཁེ་ཉིན་ཨ་ཡེ་ཚེ་མོས་མཆོད་རྟེན་ཁ་རུ་ཕྱག་སྐོར་བྱེད་སྐབས། ཨ་ཡེ་ཞིག་གིས་སྒྲོལ་གོས་ངེད་ཚང་གི་མག་པས་སྐམས་ཤ་ཉོས་ཡོང་སྟེ་བཙོས་པ་ཡིན་ཞེས་ངོམ་གྱིན་འདུག་ཅེས་བཤད་པ་དང་། ཡང“ཚེ་མོ། ཁྱོད་ཚང་གི་བུ་དེ་སྒྲོལ་གོ་ཚང་ལ་མག་པར་ནམ་ཞིག་ལ་བྱིན་པ་ཡིན། ཚིག་ཆང(སློང་ཆང)འཐུང་དུ་ཤོག་ཅེས་འབོད་པ་ཞིག་ངས་གོ་མ་མྱོང”ཞེས་དྲིས་པ་ན། ཚེ་མོ་ནི་ཟུར་ཟའི་ཚིག་མདའ་ཕོག་པས་ངོ་ཚ་དང་འཚིག་པ་མཉམ་དུ་སྐྱེས་མོད། ཁ་ནས“ཚིག་ཆང་ད་དུང་ཁྱེར་མ་ཡོང་ཐལ། ཁྱེར་ཡོང་ཚེ་སྡེ་བ་གང་བོ་ལོས་འབོད”ཅེས་འཆད་ཀྱིན་ཁོང་དགོད་ཅིག་བྱས། མོས་དོན་དེ་བསམ་གྱིན་བསམ་གྱིན་ངར་ཤུགས་ཤིག་གིས་འདུག་མི་བཟོད་པར་གྱུར་ལ། སྒྲོལ་གོའི་གདོང་གི་ཁྲེལ་འཛུམ་དེ་མིག་ལམ་དུ་ཤར་ཚེ་དེ་བས་ཀྱང་སྡོད་མི་ཚུགས་པ་བྱུང་།“རྒད་པོ། ཁྱོད་འགྲོའམ་ང་འགྲོ། འདི་ལྟར་བསྐྱུར་ཏེ་བཞག་ན་འགྲིག་གམ།”ཚེ་མོས་ཁྱོ་གར་དེ་ལྟར་དྲིས་པ་ན། ཨ་ཁུ་གྲགས་པ་ནི་སུན་སྣང་ཞིག་གིས་ལན་འདེབས་པར་ཡང་ཚེགས་ཁ་སྐྱེས་པས་མ་གོ་ཁུལ་བྱས་ཏེ་བསྡད། དེར་རྒན་མོས“ད་ཁྱོད་མི་འགྲོ་ན་ང་འགྲོ། ང་སོང་ནས་ཡུགས་ས་མ་མ་སྨད་གཉིས་ལ་རྟགས་ཤིག་མ་བསྟན་ན……”ཞེས་ཐུ་བ་ཡར་ལ་རྫེ་བཞིན་འགྲོ་གྲབས་བྱས་པར། ཨ་ཁུ་གྲགས་པ་འཚབ་སྟེ“ཁྱོད་སོང་ནས་མིག་སྟོན་བྱེད་བསམ་པ་ཡིན་ནམ། སྨྱོ་རྟགས་མ་སྟོན”ཞེས་སྡིགས་མོ་བྱེད་ཀྱིན་ཆུང་མ་བཀག ཁོས“ང་ཡང་སྙིང་རླུང་འཚང་ནས་འདུག་མི་ཐུབ་མོད། གཞན་སྡེ་ཡི་ཁྱིམ་ཚང་ཞིག་གི་ཐོག་ལ་ཤོར་པ་འདི་ལས་ཚུལ་ཡག་པོ་ཞིག་ག་ལ་ཡིན”ཞེས་བརྗོད་པ་དང་། ཡང་ཁ་གནམ་ལ་འཁོར་ཏེ་འདང་ཅུང་ཟད་བརྒྱབ་རྗེས“སེམས་ཕར་ལ་འཁོར་ཚར་རྗེས། གམ་ནས་བཙན་གྱིས་ཁྲིད་ཡོང་ཡང་དོན་མེད་རང་མིན་ནམ”ཞེས་དངན་པ་རིང་བོ་ཞིག་འཐེན་རྗེས་མགོ་བོ་མར་བསྒུར་བྱུང་།“འུ་གཉིས་ཀྱིས་བསྐྱངས་བསྐྱངས་ཤིང་འགྲོ་སྒོ་བཏང་བཏང་བའི་མཐའ་མར་གཞན་ཚང་གི་མག་པར་འགྱུར་རྒྱུ་རེད། བུ་ཁྲེལ་མེད་ཀན།”ཨ་ཡེ་ཚེ་མོས་ངུ་ངག་འདྲེས་མས་བཤད་པ་དང་། ཡང“ཡུགས་ས་མ་དེ་ལ་སྐྱི་ལྤགས་ཡག་པོ་ཞིག་ཡོད་པ་ལས། ལྟ་ས་གཞན་ཅི་ཞིག་ཡོད་དམ། ང་ཆུ་སྔོན་བསམ་འགྲུབ་ཚང་གི་མིང་ཁྱོད་ཀྱིས་བརླགས་ཚར་རྒྱུ་རེད”ཅེས་ལྷ་དགའ་མདུན་ན་ཡོད་འདྲའི་འཁང་ཚིག་སྨྲས།“ཚུགས་ཀར་བལྟས་ན། དོ་ཚིགས་ཚེ་ཟད་རྒྱུ་འདིས་འུ་ཚོར་ལོ་གསར་སྐྱིད་པོ་ཞིག་རོལ་ཏུ་འཇུག་རྒྱུ་མ་རེད།”ཨ་ཁུ་གྲགས་པས་དེ་སྐད་སྨྲ་བཞིན་སེམས་ཁྲལ་དང་ཞེ་སྡང་འདྲེས་མ་ཞིག་གདོང་ལ་ཁྱབ། མོས“ཁྱོད་ཀྱིས་ད་དུང་ལོ་གསར་སྐྱིད་པོ་ཡིན་མིན་བཤད་དམ། བུ་ངན་འདིས་འུ་ཚོ་ཚེ་གང་བོར་བདེ་མོར་འདུག་ཏུ་འཇུག་རྒྱུ་མིན་པ་ཁོ་ཐག་རེད”ཅེས་ལབ་པ་ན། ཨ་ཁུ་གྲགས་པའི་ངོ་མདངས་སྔར་ལས་ཀྱང་སྐྱ་ཐལ་ལེར་གྱུར་པ་དང་། ཕམ་དམག་ཅིག་ལྟར་མགོ་བོ་ཐུར་དུ་བསྣར་ཏེ་དབུགས་ཧུར་གྱིས་ལེན་གྱིན་གདའ།
   ལྕང་ལུང་སློབ་གྲྭའི་གཤམ་འོག་གི་དེའུ་འབུར་སྟེང་ནས་མར་བལྟས་ཚེ། གཞོངས་ན་ཆགས་པའི་རྨ་སྨད་སྡེ་བདུན་གྱི་ཡ་གྱལ་ཆུ་སྔོན་སྡེ་བའི་གཡོན་ཟུར་གྱི་དུད་ཁྱིམ་འགའ་རེ་མཐོང་ཐུབ། སློབ་གསེང་གི་སྐབས་སུའང་ལྷ་དགའ་ནམ་རྒྱུན་སློབ་གྲྭའི་ཕྱི་རོལ་ཏུ་ཁམས་བསང་བྱེད་པར་འགྲོ་རྒྱུར་དགའ་ལ། ཁོས་འབར་འབུར་མི་སྙོམས་པའི་རི་འབུར་སྦྲ་གུར་ལྟ་བུ་དེའི་ཕྱོགས་སུ་རྡོག་མགོ་དབང་མེད་དུ་བསྒྱུར་འགྲོ། ཁོས་རང་གི་སྐྱེས་ཡུལ་མིག་གིས་འཚོ་བཞིན་སེམས་སུ་རླབས་ཕྲེང་གཅིག་འཇགས་གཉིས་ལངས་བྱས་བྱུང་། ཟླ་སྔོན་མའི་གཟའ་མཇུག་ཅིག་ལ། ཁོས་གྲོང་རྡལ་ནས་ལུག་ཤ་རྐང་ཡས་ཤིག་ཉོས་རྗེས་ཡུལ་ལ་ཕྱིན། རྒྱ་སྒོའི་ཁར་སླེབས་པ་ན། སྲིང་མོ་ནང་ནས་ཡོང་བ་དང་ཕྲད། མོས“ཕུ་བོ། ཁྱོད་སླེབས་བྱུང་ངམ”ཞེས་འཚམས་འདྲི་བྱེད་ཞོར་ཁོའི་ལག་གི་དངོས་པོ་ལེན་རོགས་བྱས། ཁོས་ལྟ་ཕྱོགས་ཤིག་གིས་སྲིང་མོའི་གདོང་དུ་སྐྲག་སྣང་འདྲེས་མའི་སེམས་ཁྲལ་ཞིག་མཐོང་མོད། ད་ནི་སྒོ་དྲུང་དུ་སླེབས་ཟིན་པས་ཅི་བྱུང་ན་བྱུང་ཞེས་གོམ་པའི་འདེགས་འཇོག་ཁྱིམ་ནང་དུ་བསྒྱུར། ཨ་ཕས་ཁོ་མཐོང་མ་ཐག་ཡར་སྒྱིད་ནས་མར་འཁོར་ཏེ“ཁྱོད་དེ་ཚང་ནས་མི་འདུག་པར་འདིར་སྐྱག་པ་བཟའ་རུ་ཡོང་བ་ཡིན་ནམ”ཞེས་སྡང་མིག་དམར་ལོག་གེར་བགྲད་ཀྱིན་གཤེ་གཤེ་བཏང་བ་ན། ཨ་མས་ཀྱང“སོང་།
ཁྱོད་ཁྱིམ་ཚང་འདི་རུ་ཡོང་མི་དགོས”ཞེས་ཁོ་ལ་ཕུད་རྒྱག་ཅིག་བྱས་སོང་། སྲིང་མོས་ཨ་མ་འགོག་བཞིན“ཨ་མ། ཁྱོད་སྨྱོས་སམ་ཅི། ཕུ་བོ་སྒོར་བདའ་ནས……”
ཞེས་བཤད་པ་ན། ཨ་མས“ང་སྨྱོས་སོང་ན་ཅི་རེད། ང་གདོན་ཕྲུག་འདིས་སྨྱོ་རུ་བཅུག་སོང”ཞེས་སྲིང་མོ་ཕར་ལ་དེད་དེ་ཁོ་སྒོ་རུ་འདྲུད་རྩིས་བྱས། ཨ་མ་ནི་ལོ་དྲུག་ཅུ་ཟད་དེ་བདུན་ཅུར་ཉེ་བ་ཞིག་དང་ཡེ་ནས་མི་འདྲ། མོའི་ལག་ཤུགས་ཆེ་བ་ནི་ཧ་ལས་པ་ཞིག་རེད། ཁོ་བརྟན་བཀྱིག་གེར་ལངས་ཏེ་སྡོད་བསམས་མོད། ཨ་མའི་ལག་པས་འཐེན་ཐེངས་ཤིག་གིས་ཁྱར་ཁྱོར་ངང་ཁྱིམ་སྒོར་དྲུད་བྱུང་། ཁོས་ཨ་ཕས་སྐབས་འདིར་ཁ་ཞིག་གྲག་ངེས་ཞེས་ཐབ་ཀའི་ཡར་སྒྱིད་ཀྱི་ཕྱོགས་སུ་བལྟས་པ་ན། ཨ་ཕ་ནི་བཏང་སྙོམས་ལ་གནས་པའི་བྱ་བཏང་བ་ཞིག་དང་འདྲ་བར་མིག་བཙུམས་ཏེ་བསྡད་འདུག སྲིང་མོ་ཡང་བསྐྱར་བར་ལ་ལྡིང་རྩིས་བྱེད་སྐབས། ཨ་མས“ལྷ་གོ ཁྱོད་ཕར་ལ་འགྲོ་ཐུབ་བམ། ཁྱོད་ཀྱིས་ནམ་ཡིན་ཡང་ཁོ་བཤོལ་ནས”ཞེས་ངར་སྐད་བསྒྲགས་པར། སྲིང་མོས་སྐྲ་ལོ་ཟིང་ངེར་གྱུར་པའི་ཨ་མ་ལ་ལྟ་བཞིན་ལག་པ་ཕྱིར་བསྐུམས། ཁོ་རྒྱ་སྒོའི་ཕྱི་ལ་དྲུད་རྗེས་ཨ་མས་ཅི་ཞིག་ཡིད་ལ་དྲན་པ་ལྟར་ཕྱིར་ཁང་བའི་ནང་དུ་བརྒྱུགས་ཤིང་། ཅང་མ་འགོར་བར་ཁོས་ཉོས་ཡོང་བའི་ལུག་ཤ་རྐང་ཡས་དེ་ལག་ཏུ་བཟུང་སྟེ“ཁྱོད་ཀྱིས་འདི་ཕྱིར་ཁྱེར་ཅིག ཡུགས་ས་མ་མ་སྨད་གཉིས་ལ་བཟའ་རུ་ཆུགས”ཞེས་བརྗོད་དེ་སྒོ་ཁར་ཅལ་སེར་གཡུགས་བྱུང་། མུ་མཐུད་ནས“ད་ཁྱོད་བུ་འཁྱོངས་འདུག ཕ་མ་གཉིས་ཀྱི་སྐད་ཆ་རྣ་རྒྱབ་ཏུ་གཡུག་རྐྱང་བྱེད་ཆོག”ཅེས་མཆིལ་ཟེགས་ཐར་ཐོར་གྱིས་འཆད་ཀྱིན་ཁོའི་མདུན་དུ་ལྡིང་མ་མཆོང་ལྟ་བུ་ཞིག་གིས་ཡོང་བ་དང་། དེ་ནས“ཁྱོད་ཀྱིས་ངེད་རྒན་རྒོན་གཉིས་ཀ་བདེ་མོར་འདུག་ཏུ་མི་འཇུག་ན། ངས་ཀྱང་ཁྱོད་བདེ་མོ་སྐྱིད་པོ་ཞིག་མི་ཡོང་བའི་སྨོན་ལམ་འདེབས”ཞེས་སྐད་ལ་བརྒྱབ་བྱུང་། ལྷ་དགས་རང་གི་རྣ་ལ་ཡིད་མ་ཆེས་པར་ཨ་མའི་ཕྱོགས་སུ་བལྟས་ཚེ། སྐྲ་ལོ་གཟེངས་ཤིང་ཐུ་བ་ས་ལ་དྲུད་པའི་ཨ་མས་ཁ་གནམ་ལ་འཁོར་གྱིན“ཀྱེ་ཨ་མྱེས་དགྲ་རྒྱལ། ཁྱོད་ངའི་རེ་ས་དང་བརྟེན་ས་ཡིན་པ་བཤད་ཅི་དགོས། ད་ནི་ངའི་བུ་འདི་གདོན་ཕྲུག་ཏུ་གྱུར་འདུག འདིས་ཁྱིམ་འདི་ལ་བཀྲ་མི་ཤིས་པ་དང་གྲིབ་ངན་པ་ཁྱེར་ཡོང་ཡོད། འདི་ཁྱེད་ཀྱིས་མིག་གིས་རིག་དགོས། སེམས་ལ་འཛིན་དགོས། བུ་ངན་འདིའི་སྐྱིད་རྐེད་པ་ནས་ཆད་དུ་ཆུགས། ཁ་ཐུར་དུ་འགྲོ་རུ་ཆུགས། བྱ་བ་ལམ་ལ་མི་འགྲོ་བར་གྱིས། འདིའི་མགོ་ལ་མུན་པ་འཐིབ་ཏུ་ཆུགས། འདིའི་ཁ་གཞན་ལ་བསྐོར་ཏེ་མིག་གིས་མི་རིག་ས་ཞིག་ཏུ་འགྲོ་རུ་ཆུགས། ངས་བཅོལ་བའི་ལས་འདིར་ཁ་འཛིན་སྡོངས་གྲོགས་མཛོད་ཅིག བཅོལ་བའི་དོན་འདི་ཁ་ཐོག་མིག་ཐོག་ཏུ་ཤར་ཐུབ་མིན་ཁྱོད་ལ་གསལ། ཨ་མྱེས་དགྲ་རྒྱལ”ཞེས་ཆོས་སྐྱོང་སྲུང་མའི་མིང་ནས་བོས་ཏེ་འཕྲིན་བཅོལ་བྱས། དམོད་ཚིག་འདི་དག་ཨ་མས་དབུགས་ཐེངས་གཅིག་གིས་ཆུ་བཤལ་འཕོ་འཕོ་བྱས་པ་ན། ཁོ་ནི་ཧང་སངས་ཏེ་ས་རུ་བརྡབས་པའི་ཕུར་བ་བཞིན་གནས་གཅིག་ཏུ་ཧད་དེ་ལུས་མོད། ཨ་མས་ད་དུང་ཁོ་ཕར་ལ་ཕུད་རྒྱག་ཅིག་བྱས་སོང་བས། ཕྱིར་ཁྱིམ་དུ་འཛུལ་བའི་སྤོབས་པ་ཉམས་དམས་སུ་བཏང་།ཁོས་ཁ་ཕར་ལ་འཁོར་ཏེ་གོམ་པ་འགའ་མདུན་དུ་སྤོས་མ་ཐག“ཕའེ”ཞེས་མཆིལ་མ་ཞིག་བཏབ་པ་དང་མཉམ་དུ། རྒྱ་སྒོ་ཁྲོག་གེར་གཏན་པའི་སྒྲ་ཞིག་ཁོའི་རྒྱབ་ནས་གྲག་བྱུང་། དམོད་ཚིག་དེ་དག་རྣ་ལམ་དུ་གྲག་འོང་ཐེངས་རེར། ལྷ་དགའི་མིག་ལམ་དུ་ཨ་མས་ཁང་ཀླད་དུ་བསང་ཕུད་དེ། ཆོས་སྐྱོང་སྲུང་མའི་མིང་ནས་བོས་ཏེ་ཁོ་ལ་དམོད་མོ་འདེབས་པ་དང་། ཐ་ན་དགོང་མོ་ཉལ་ཁར་ཡང་མཆོད་ཁང་དུ་སོང་སྟེ་ཕྱག་འཚལ་བཞིན་སྨོན་ལམ་འཇིགས་སུ་རུང་བ་འདེབས་བཞིན་པ་དེ་མངོན་སུམ་དུ་ཤར་ཡོང་། ལྷ་དགས་བརྗེད་མི་སྲིད་དེ། ཆུང་དུས་ཁོ་ཚང་གི་ལུག་གཅིག་བོར་ན། ཨ་མ་དང་ཨ་ཕ་གཉིས་ཀྱིས་དེ་འཕྲལ་བསང་ཕུད་དེ་དམོད་བོར་པ་དང་སྔགས་པ་ལྕང་ལོ་ཅན་ཁྱིམ་དུ་གདན་དྲངས་ཏེ་དོགས་པ་ཟ་ས་ཚང་གི་ཕྱོགས་སུ་གཏོར་མ་འཕངས་འགྲོ། རྗེས་སུ་དོགས་པ་ཟ་སའི་ཁྱིམ་ཚང་གི་ཟོག་ལ་གོད་ཁའམ་མི་ལ་ན་ཚ་རེ་བྱུང་ཚེ། ཁོ་གཉིས་དགའ་ཐག་ཆོད་དེ“གནམ་གྱིས་རིག་སོང་། ཀན་ཚང་ལ་དེ་འབབ”ཅེས་ཁ་ནས་ཡང་ཡང་འདོན་ཞིང་གདོང་ལ་རྒྱལ་ཁའི་འཛུམ་མདངས་ཀྱིས་ཁེངས་པ་དེ་ད་ལྟ་ཡང་གསལ་བོར་དྲན་ཡོང་བས། འཁྱག་རླུང་རྒོད་པོ་ཞིག་ཁོའི་རུས་རྐང་དུ་ཟུག་འོངས་ལ། ལུས་ཀྱི་བ་སྤུ་དབང་མེད་དུ་གཟེངས་ཡོང་། སྨད་ཕྱོགས་སུ་བལྟས་ཀྱིན་བལྟས་ཀྱིན་བདག་མེད་དུ་བོར་བའི་ཁེར་ཧྲེང་གི་སྡུག་བསྔལ་ཞིག་གིས་ཁོའི་མིག་ཟུང་རབ་རིབ་ཏུ་བཏང་ལ། དེའི་མུར་མཐོང་ལམ་གྱི་ཕ་ཡུལ་དེ་ཁོ་དང་རིང་དུ་བཀྱེད་དེ་རི་ཚོགས་ཀྱི་ཕ་རོལ་ཏུ་ཡལ་བཞིན་པའི་སྣང་བ་ཞིག་ཀྱང་སྐྱེས་བྱུང་། དོ་ནུབ་གཞན་ཞིག་དང་ལྷན་དུ་ཁ་བརྡ་རེ་བྱས་ན་ཅི་འདྲ་ཡིན་ནམ། ལྷ་དགས་དེ་ལྟར་དྲན་བཞིན་ཕྱིར་སློབ་གྲྭའི་ཕྱོགས་སུ་ཡོང་། ཕྱི་དྲོ་སློབ་གྲྭ་གྲོལ་ཁར་ཁོས་བེའུ་ཚང་སྡེ་བའི་སློབ་མ་ཞིག་ལ་དོ་དགོང་སློབ་གྲྭ་ནས་འདུག་རྒྱུ་ཡིན་ཞེས་པའི་སྐད་ཅིག་ལེགས་མཛེས་ལ་བསྐུར།
   “ལྷ་དགའ། ཁྱོད་ལེགས་མཛེས་ཀྱི་མག་པར་འདུག་རྒྱུ་རེད་ཟེར་བ་བདེན་པ་ཡིན་ནམ།”ལས་གྲོགས་རྡོ་རྗེ་ཡིས་དེ་ལྟར་དྲིས་པ་དང་། ཡང“མག་སྟོན་བྱེད་སྐབས་ང་ཡང་འབོད་རྒྱུ་མ་བརྗེད”ཅེས་དགོད་ཀྱིན་བཤད་པ་ན། དེ་སྔ་སློབ་གྲོགས་ཚོས་ཁོ་ལ“ཡུན་རིང་ན་ཁྱོད་སྡེ་བ་དེའི་མག་པར་འགྱུར་ཡང་སྲིད”ཅེས་ཀུ་རེ་བརྩེས་པ་དེའང་དྲན་བྱུང་། ད་ནི་ཁོ་སློབ་གྲོགས་ཚོའི་ཀུ་རེའི་ཚིག་བཞིན་དགེ་རྒན་བྱེད་སའི་སྡེ་བ་དེའི་མག་པར་མ་གྱུར་ཀྱང་། ཁྱིམ་མཚེས་སྡེ་བའི་མག་པར་ཕལ་ཆེར་གྱུར་ཟིན། ལས་ཟེར་བ་འདི་དངོས་གནས་བློས་མི་དཔོག་པ་ཞིག་རེད་ཨང་།
སློབ་གྲོགས་ཚོའི་ཁ་ནས་རང་དགར་ལུད་པ་དེ། ད་ནི་དོན་ཐོག་ཏུ་སྨིན་ལ་ཉེ་ཨང་སྙམ། དགོང་ཁའི་ནུབ་འཚལ་འཐུངས་པ་དང་། ཁོས་སློབ་གྲྭ་རུ་རྒྱུན་དུ་ཞག་སྡོད་བྱེད་པའི་ལས་གྲོགས་རྡོ་རྗེ་བཙལ་ཏེ་ཆང་འཐུང་མིན་དྲིས། དེས་ཀྱང་བསམ་ཐོག་ལ་ཁེལ་བ་ལྟར“ཡ་ཡ། ངས་ཀྱང་སྔོན་ཞིག་ནས་ཁྱོད་དང་མཉམ་དུ་ཆང་ཞིག་འཐུང་ན་འདོད་ཡོད”ཅེས་སྨྲས་བྱུང་། དེ་ནས་ཁོ་གཉིས་ཀྱིས་ལྕང་ལུང་སྡེ་བའི་སྒེར་ཚོང་ཁང་ཞིག་ནས་ལྦུ་ཆང་ཤོག་སྒམ་གཅིག་ཉོས་རྗེས་ལྷ་དགའི་ཉལ་ཁང་དུ་ཁྱེར་ཡོང་། སྐབས་ཤིག་རྡོ་རྗེས་ཁོ་ལ“ངས་དང་ཐོག་གོ་དུས་རྣར་མ་སོང་། ཕྱིས་སུ་ཁྱོད་རྒྱུན་དུ་བེའུ་ཚང་སྡེ་བར་འགྲོ་བཞིན་འདུག་པ་མཐོང་བས། ད་གཟོད་མི་རྣམས་ཀྱིས་གླེང་བཞིན་པ་དེ་བདེན་པ་རེད་སྙམ་བྱུང”ཞེས་རྗོད་ཞོར་ཁོ་ལ་ཆང་ཕོར་ཐོད་གཏུག་བརྒྱབ། ཁོས་སྔར་བཞིན་འཛུམ་ཞིག་དམུལ་པ་ལས་ཅི་ཡང་མི་ཟེར། ལས་གྲོགས་ནི་ཁོའི་མི་སྨྲ་ཁ་རོག་གེར་འདུག་པའི་ཚུལ་དེར་ཡིད་མ་ཚིམས་པ་བཞིན“ཁྱོད་ཀྱི་ཕྱོགས་གང་ལ་བལྟས་ཀྱང་ཆ་རྐྱེན་བཟང་བས། ལེགས་མཛེས་ལྟ་བུ་ཞིག་དང་བཟའ་ཚང་བསྒྲིག་དགོས་པའི་ཚད་དུ་ག་ལ་སླེབས”ཞེས་ནན་ཏན་གྱིས་བཤད་པ་དང་། གདོང་ལ་རློམ་དཀའ་བའི་མདངས་ཤིག་ཤར་བྱུང་། རྡོ་རྗེའི་སྐད་ཆ་དེ་དབྱུག་དུམ་ཞིག་དང་འདྲ། ཆང་གིས་ཅུང་ཙམ་བཟི་ཡོད་པའི་ལྷ་དགའི་མགོ་བོའི་ནང་གཟེར་བྲེང་ངེར་སོང་ལ། དེའི་མུར་ཨ་ཕ་དང་ཨ་མ་གཉིས་ཀྱིས་དེ་སྔོན་སྨྲས་པའི་སྐད་ཆ་དག་རེས་མོས་སུ་རྣ་ལམ་དུ་གྲག་ཡོང་། ལས་གྲོགས་འདིས་འདི་ལྟར་བཤད་ཡོང་བ་ཁོའི་ཡིད་ལའང་ཤར་མེད་ཀྱང་། ཁོར་ཕ་རོལ་པོའི་ཐོག་ལ་ཞེ་སྡང་སྐྱེས་པའི་སྟོབས་ཤུགས་དེ་མེད་པར་གྱུར། ཁོ་གཉིས་སློབ་གྲྭ་གཅིག་གི་དགེ་རྒན་བྱས་ཏེ་ལོ་གསུམ་ལ་ཉེ་ནའང་། བྱ་བའི་འབྲེལ་འདྲིས་སམ་སྐབས་རེར་ལས་གྲོགས་གཞན་ཚོ་དང་མཉམ་དུ་འཛོམས་ཏེ་ཟ་མ་རེ་ཟ་བ་དང་། སློབ་གསེང་གི་སྐབས་སུ་ཕན་ཚུན་ལ་ཁ་མཚར་ཀུ་རེ་དང་ཀྱལ་ཀ་རེ་སློང་བ་ལས། ཁོ་གཉིས་ཀས་མཉམ་གཅིག་ཏུ་ཆང་འཐུང་བ་དོ་དགོང་གཅིག་པུ་ཡིན།“ལེགས་མཛེས་ལྟ་བུ་ཞིག་དང་བཟའ་ཚང་བསྒྲིག་དགོས་པའི་ཚད་དུ་ག་ལ་སླེབས”ཞེས་པའི་སྐད་ཆ་དེས་ལྷ་དགའི་ཕོ་ཞབས་ནས་ཟས་སམ་བཏུང་བ་མ་ཞུ་བ་ཞིག་ཡར་ལ་འཕྱུར་ཞིང་ཞེན་ཁ་གཏིང་ནས་ལྡོག་པ་ལྟ་བུ་ཞིག་བྱུང་ལ། དུས་མཚུངས་སུ་ངས་མི་འདི་འདྲ་ཞིག་དང་ལྷན་དུ་ཆང་ཅི་ལ་འཐུང་བ་ཡིན་ནམ་སྙམ་པའི་འགྱོད་པ་ཞིག་ཀྱང་སྐྱེས་བྱུང་། ཁོར་མུ་མཐུད་དུ་ཆང་འཐུང་འདོད་ཀྱི་ཡི་ག་མེད་པ་དེ་རྡོ་རྗེ་ཡིས་ཤེས་སོང་བ་འདྲ། ངག་ནས“ཁྱོད་ཀྱིས་འཐུང་མི་ཐུབ་བམ། མི་ཐུབ་ན་འུ་གཉིས་སྔ་མོར་ངལ་གསོས་ན་ཅི་འདྲ་རེད”ཅེས་སྨྲ་བཞིན་ཡར་ལངས་བྱུང་།
   9
   ལོ་གསར་ཚེས་གཅིག་གི་ནངས་མོར། ཁོས་ལེགས་མཛེས་འཕྲུལ་རྟའི་འཕོངས་སུ་བཞག་སྟེ་ཕ་མ་གཉིས་ལ་ལོ་གསར་བསྐྱལ། ཁོ་གཉིས་སྒོ་ཁར་སླེབས་པ་ན། སྲིང་མོས་མཐོང་སྟེ“ཕུ་བོ་དང་སྲུ་མོ་གཉིས་ཀ་སླེབས་བྱུང་ངམ”ཞེས་འཛུམ་ཤིག་ཤིག་གིས་མདུན་ནས་བསུས་བྱུང་། སྲུ་མོ་ཞེས་བོས་པ་ཐོས་པར། ལེགས་མཛེས་ཀྱི་མིག་མཐར་མཆི་མ་ཞིག་འཁྱིལ་སོང་། མོས་མཐུད་ནས“ཕུ་བོ། ཁྱོད་ཀྱི་རྐང་བར་ཅི་ཞིག་བྱས་པ་ཡིན”ཞེས་ཁོའི་རྐང་བ་འཐེང་བཞིན་པ་དེ་མཐོང་བས་དེ་ལྟར་དྲིས། ལྷ་དགས“ངས་འཕྲུལ་རྟ་བསྐོར་ཏེ་དར་ཐོག་ཏུ་འགྲོ་དུས་ཤིག་ལ་ཤུད་པས་རྐང་བར་རྨས་ཕོག་མོད། སྐྱོན་ཆེན་པོ་མི་འདུག”ཅེས་འཆད་ཞོར་སྒོ་ཆེན་ནང་དུ་འཛུལ། ཁོ་ཚོ་ལྷས་སུ་སླེབས་པ་ན། ཁང་བའི་ནང་གི་ཁ་བརྡ་བྱེད་མཚམས་གློ་བུར་ཆད་དེ་དལ་ཅག་གེར་གྱུར། སྲིང་མོ་སྔུན་ལ་སོང་སྟེ་ཁྱིམ་སྒོ་ཕྱེ་བ་དང་། ཁང་བའི་ནང་ལ་གཏད་དེ“ཕུ་བོ་ལྷ་དགའ་དང་སྲུ་མོ་གཉིས་ཀ་སླེབས་སོང”ཞེས་བརྗོད་པ་ན། ཡ་ལན་སྟེར་བའི་སྒྲ་ཅི་ཡང་གྲག་མ་བྱུང་། ལེགས་མཛེས་ནི་ངོ་ཚ་དང་འཚུབ་ཆ་ཞིག་གིས་ལག་པ་ཕུར་ཕུར་བྱེད་ཀྱིན་ཕྱིར་སྣུར་སྟེག་པར། སྲིང་མོས“འགྲོ། སྲུ་མོ་ནང་ལ་འགྲོ”ཞེས་ལེགས་མཛེས་ཀྱི་ལག་ནས་འཇུས་ཏེ་འཐེན། ཨ་ཕ་དང་ཨ་མ་གཉིས་ཀ་ཚ་ཐབ་ཐོག་ཏུ་འདུག་ལ། སྔས་མགོ་ན་ཕུ་བོ་དང་ཨ་ཅེ་གཉིས་བསྡད་འདུག ལྷ་དགས་གཅེན་པོ་གཅེན་མོ་གཉིས་ལ“ཁྱོད་གཉིས་ཀྱང་སླེབས་བྱུང་ངམ”ཞེས་འཚམས་འདྲི་བྱས་པར། གཉིས་ཀས་ཁ་གྲག་ན་འདོད་མི་འདོད་ཀྱིས་ཡིན་སྒྲ་ཞིག་ཕྱུང་བ་དང་།ཡར་ལངས་ཏེ་གོ་ཁར་བུད་སོང་། ལྷ་དགའ་ཚ་ཐབ་ཀྱི་སྔས་མགོར་བཏུད་དེ“ངས་ཨ་ཕ་དང་ཨ་མ་གཉིས་ལ་ལོ་གསར་ཁྱེར་ཡོང་བ་ཡིན”ཞེས་ལོ་གསར་གྱི་སྐལ་རེ་ཕ་མ་གཉིས་ཀྱི་མདུན་ལ་བཞག དེ་ནས་ཕྱིར་སྣུར་ཞིག་བྱས་རྗེས་ལེགས་མཛེས་ལ“འུ་གཉིས་ཀྱིས་ཨ་ཕ་དང་ཨ་མ་གཉིས་ཀར་ཕྱག་འཚལ”ཞེས་འཆད་ཀྱིན་ཕྱག་བྱས། ཚ་ཐབ་ཐོག་གི་རྒན་རྒོན་གཉིས་ཀྱིས་བུ་ཆུང་བཟའ་བ་གཉིས་ཀས་ཕྱག་འཚལ་བ་དེ་མ་མཐོང་བ་ལྟར་ཁ་གཡང་གི་ཚིག་གཅིག་ཀྱང་མི་བརྗོད་མོད། ལྷ་དགའི་རྐང་བ་གཡས་པར་རྨས་ཕོག་པའི་རྐྱེན་གྱིས་ལུས་གསེག་གསེག་བྱས་ཏེ་ས་ལ་ཕབ་པ་ན། ཕྱག་འཚལ་སྟངས་དྲང་བོ་མིན་པར་ཡོན་པོར་སོང་འདུག་པས། ཨ་མ་དགོད་ཁ་ཤོར་ཏེ“ཧེ་ཧེ། ཕ་མ་གཉིས་ཀྱི་ཁར་མ་ཉན་ན་མིག་གིས་རིག་པ་ཀན་རེད”ཅེས་བཞད་གད་ཕྱུང་། ལྷ་དགའ་དང་ལེགས་མཛེས་གཉིས་ཀྱིས་གཅིག་གིས་གཅིག་གི་ངོར་ཅེར་བཞིན་བསྡད་པ་ལ། སྲིང་མོ་གོ་ཁ་ནས་ཡར་འཁོར་ཏེ“ཕུ་བོ། སྲུ་མོ་ཁྱེད་གཉིས་ཤོག་ལ་ལོ་གསར་ཐུངས”ཞེས་བོས་བྱུང་། ཁོ་གཉིས་གོ་ཁར་ཡོང་བར་ཐབ་རྩའི་ཕུ་བོ་དང་ཨ་ཅེ་གཉིས་ཀ་ཡར་ལངས་ཏེ་འགྲོ་རྩིས་བྱས། སྲིང་མོས“ཁྱེད་གཉིས་ཀས་ཀྱང་འཐུང་མེད་པས། ཁྱེད་ཅག་གིས་ལྷན་དུ་ཐུངས”ཞེས་ཐབ་ནས་ཤ་དང་ཤ་མོག འབྲས་སིལ་སོགས་སྡེར་མའི་ནང་བླངས་ཏེ་མདུན་ཅོག་གི་སྟེང་ལ་བསྒྲིགས་པས། ཕུ་བོ་དང་ཨ་ཅེ་གཉིས་ཀ་ཕྱིར་ཐང་དུ་བསྡད། ཁོ་ཚོས་བཟའ་བཏུང་ལ་རོལ་བཞིན་པའི་སྐབས་སུ། ཚ་ཐབ་ཐོག་ནས་ཨ་ཕའི་སྐད་བརྗིད་པོ་དེ་གྲག་ཡོང་།“དེ་རིང་ལོ་གསར་ཚེས་གཅིག་རེད། དགའ་དགའ་སྐྱིད་སྐྱིད་བྱ་དགོས་པའི་ཉི་མ་རེད། ངེད་ཅག་གིས་ཁྱོད་གཉིས་ལོ་གསར་ལ་མ་ཡོང་ན་འདོད་ཡོད། ཡིན་ནའང་ལྷ་གོས་ཞུ་བ་ཡང་ཡང་བྱས་པས། མོའི་ཁ་ལ་ཉན་པ་ཡིན། ད་ནི་མང་བོ་མི་བཤད། ཁྱོད་གཉིས་ཀྱིས་ལོ་གསར་འཐུངས་རྗེས་རེམ་མར་བུད་ལ་སོང་། ཡག་པོ་བྱས་ཏེ་སོང་ན་བཟང་། ཨ་མ་སྙིང་རོ་མ་ཞིག་ཡིན་པ་ཁྱོད་ལ་སྨྲ་ཅི་དགོས། དེའི་འཕྲོར་ཚང་མ་ཁ་འཛིང་བྱས་ན་མི་བཟང་། དེ་རིང་རུ་བར་ན་ཡར་འགྲོ་མར་འགྲོ་བྱེད་པའི་མི་མང་བས་གོ་ན་མི་བཟང་། ལྷ་དགའ་ཁྱོད་ཀྱིས་ཉན་ཡག་བྱོས། དེ་རིང་ཉི་མ་ཕན་ཆད་ནས་ཁྱོད་ཀྱིས་ཁྱིམ་འདིའི་རྒྱ་སྒོའི་མ་ཐེམ་སྟེང་ལ་རྐང་བ་སྤོ་མི་ཆོག” ཅུང་ཟད་འགགས་ལ་ལྗིད་པའི་སྐད་གདངས་དེ་གོ་ཁར་མཆེད་པ་ན། ཚང་མས་རེ་ཞིག་ཟ་མཚམས་འཐུང་མཚམས་བཞག་སྟེ་ཁུ་སིམ་མེར་བསྡད་བྱུང་། ཨ་ཅེས་ཨ་ཕའི་སྐད་ཆ་དེ་གོ་བར། ལེགས་མཛེས་ལ་མིག་ཟུར་གྱིས་གཅིག་བལྟས་ཏེ་མཆུ་སྒྲོས་ཀྱི་ཟུར་དུ་ཁྲེལ་བག་ཅིག་མངོན་བྱུང་། ཨ་ཕའི་སྐད་ཆ་དེ་ལག་ཟུང་ཆེན་པོ་ཞིག་དང་འདྲ་བར་ལྷ་དགའ་དང་ལེགས་མཛེས་གཉིས་སྒོ་རུ་འདེད་ཀྱིན་འདུག ཁོ་གཉིས་ཀྱིས་ཅུང་ཙམ་ཟོས་རྗེས་ཡར་ལ་ལངས་དགོས་བྱུང་། སྲིང་མོས་ཁོ་གཉིས་ལ་ལོ་གསར་གྱི་སྐལ་ཁུག་མའི་ནང་བཞག་རྗེས་སྒོ་རུ་སྐྱེལ་མ་བྱས། སྒོ་ཁར་སྲིང་མོས“ཁྱོད་གཉིས་བདེ་མོ་བྱོས”ཞེས་མིག་ནང་མཆི་མ་འཁོར་བཞིན་ཕུ་བོ་དང་སྲུ་མོ་གཉིས་ལ་བདེ་མོ་བཞག ལེགས་མཛེས་ཀྱི་མིག་ནས་ཀྱང་མཆི་མ་ལྷུང་བས། ཁ་མྱུར་དུ་ཕར་ལ་འཁོར། གནམ་གང་གི་དགོང་མོར་ལྷ་དགའ་ཁོ་གཅིག་པུས་ཡུལ་ལ་ལོ་གསར་འཁྱེར་རྩིས་བྱས་པ་ལ། ཨ་ནེ་སྒྲོལ་གོས“ཁྱོད་གཅིག་པུ་ག་ལ་འགྲོ། ལེགས་མཛེས་ཀྱང་འཁྲིད་ལ་སོང”ཞེས་བརྗོད་པ་ན། ལེགས་མཛེས་ཀྱིས“ང་སོང་ན་འོས་སམ། ལྷ་དགའི་ཡུལ་མི་ཚོས་ང་ལྷ་དགའི་ཆུང་མར་བརྩི་ཡི་མི་འདུག་པས”ཞེས་གདོང་ལ་སེམས་ཁྲལ་གྱིས་ཁེངས་བཞིན་བཤད། ཨ་ནེ་སྒྲོལ་གོས“ད་ཁས་མ་བླངས་ཀྱང་བཟའ་ཚང་བྱས་ཏེ་ལོ་གཅིག་གི་ཁ་གང་ལ་ཉེ། དེའི་ཁར་ཁྱོད་གཉིས་ལ་བྱིས་པ་ཞིག་ཀྱང་སྐྱེ་ལ་ཉེ”ཟེར་བ་ན། ལེགས་མཛེས་ཀྱིས་རང་གི་ཕྱིར་འབུར་བའི་ཕོ་བ་དེ་ལ་ལྟ་བཞིན་ཡང་བསྐྱར་ཅི་ཡང་མ་བཤད། ད་ནངས་ཁོ་གཉིས་ཀ་ལམ་ལ་ཆས་སྐབས་ཀྱང་། ཡུལ་ལ་སླེབས་ཚེ་ཕ་མ་གཉིས་ཀྱིས་ཅི་ཞིག་ཟེར་རམ་ཞེས་བློ་བདེ་བོ་ཞིག་མ་ཡོང་བར་སེམས་ཁྲལ་བྱེད་བཞིན་ཡོང་ལ། ད་ནི་འདི་ལྟར་ཕྱིར་འགྲོ་སྐབས་ངོ་ཚ་ཉོས་པ་ལྟ་བུའི་ཕམ་ཁ་ཞིག་གིས་ཁོ་གཉིས་ཀྱི་མགོ་བོ་བྲང་ཁར་དུད་དུ་བཅུག་པས། ཁ་རོག་གེར་འཕྲུལ་རྟའི་ཐོག་བསྡད་རྗེས། ཕྱིར་ལུང་བའི་སྟོད་ཕྱོགས་སུ་བུད་སོང་།
   “ལྷ་དགའ། མདང་དགོང་ཡང་ཁྱོད་ཀྱིས་སློབ་གྲྭ་ནས་ཆང་འཐུངས་པ་ཡིན་ནམ། ཆང་ཉུང་འཐུང་བྱས་ན་མི་ཆོག་གམ།”ལེགས་མཛེས་ཀྱིས་ལྷ་དགའི་ལུས་སྟེང་ནས་ཆང་དྲི་ཁ་བོ་ཞིག་འཐུལ་བ་བསྣམས་བྱུང་བས་དེ་ལྟར་དྲིས་ལ། ལྷ་དགའི་ངོ་མདོག་སེར་ཞིང་སྐྱ་བོ་དེ་མཐོང་བས། ཡང“ལྟོས་དང་། ཟ་མ་མི་བཟའ་བར་ཆང་ཏག་ཏག་འཐུང་སྟེ”ཞེས་སྨྲས།
   “ད་ང་སློབ་གཙོ་ནས་མར་ཕབ་བྱུང་། ཆང་འཐུང་རྒྱུའི་འགན་ཁུར་མ་གཏོགས་མེད། ཧེ་ཧེ།”ལྷ་དགའ་དགོད་ཀྱིན་ལེགས་མཛེས་ཀྱི་གམ་དུ་བཏུད་དེ“ག་རེ། ལྷ་མོ་སྒྲོལ་མ་ངས་གཅིག་པང”ཟེར། ལེགས་མཛེས་ཀྱིས་རུམ་གྱི་བྱིས་པ་བླངས་ཏེ་ཁྱོ་བོའི་ལག་ལ་བཞག
   “སེམས་ཆུང་གྱིས། ཁྱོད་ཁྱར་རེ་ཁྱོར་རེ། བཟི་ད་དུང་དྭངས་མེད་པ་འདྲ། བྱིས་པ་ལག་ནས་ཡེར་འགྲོ།”
   “གཅེས་ཕྲུག་ཁེར་བོ་ཡེར་དུ་ག་ལ་འཇུག ལྟོས་དང་། མིག་གཉིས་ཀ་སྲིང་མོ་ལྷ་གོ་དང་ཨ་ན་མ་ན་རེད།”
   རྨི་ལམ་དུ་ཨ་མ་མཐོ་ས་ཞིག་ན་ཀྲོང་ངེར་འགྱིང་འདུག མོས“ད་ཁྱོད་ཚོས་ཀན་གྱི་ཤ་ཟོ། ཁྲག་ཐུངས་ཤིག”ཅེས་ངར་སྐད་སྒྲོག་བཞིན་ལག་བརྒྱངས་ཤིག་བྱས་པ་ན། མོའི་ཁ་ནང་ནས་ནག་རོག་རོག་ངང་ཤ་འོད་དང་འདྲ་བ་ཞིག་བརྡོལ་པ་དང་། ཤ་འོད་རིང་མོ་དེ་སྐད་ཅིག་ཙམ་ལ་གཤོག་པ་བརྒྱངས་པའི་འདབ་ཆགས་སྐོར་ཞིག་ཏུ་གྱུར་ཅིང་། བྱ་དེ་དག་གིས་ནམ་མཁའ་ནས་གཤོག་རྡེབ་ལན་འགའ་བྱས། དེ་ནས་ཨག་འགྱུར་བྱེད་ཞོར་ཁོའི་ཐོག་ལ་སྤྲིན་ནག་བཞིན་རུབ་བྱུང་། ཁོ་འབྲོ་འདོད་ཀྱིས་རྐང་བ་མདུན་དུ་བཏེགས། ལག་པ་ས་ལ་ཕབ་སྟེ་རི་ངོས་སུ་འཛེགས་པ་ན། རྐང་ལག་ནི་ཐང་ལ་འབྱར་བ་ལྟར་འགུལ་ཙམ་ཡང་བྱེད་མ་ཐུབ། བྱ་མཆུ་དམར་དེ་དག་གིས་ཁོ་ལ་སྡེར་འབྲད་དང་མཆུ་བཙུགས་བྱས། སྐབས་དེར་ཨ་མའི་ཧབ་ཆ་ཡི་སྒྲ་དེ་ལུང་བའི་ནང་བྲག་ཅར་མཆེད་པས། ཁོར་སྡར་སྐད་དང་འཁུན་སྒྲ་མཉམ་དུ་ཤོར།“ལྷ་དགའ། ཁྱོད་ལ་ཅི་ཉེས།”ལུས་འགྲམ་གྱི་ལེགས་མཛེས་ཀྱིས་ཁོ་སྒུལ་བཞིན་དེ་ལྟར་དྲིས་པ་ན། ཁོས་དབུགས་ཧལ་ཧལ་གཏོང་བ་ལས་ཁ་གྲག་མ་ཐུབ། བྱ་མཆུ་དམར་དེ་དག་སྔར་བཞིན་ཁོའི་མིག་ལམ་ན་འཕུར་ལྡིང་བྱེད་ཀྱིན་འདུག“ཁྱོད་རྔུལ་ཏེ་ལུས་ཀུན་ཆུ་ཡིས་བངས་པ་དང་འདྲ། རྨི་ལམ་ངན་པ་ཞིག་རྨིས་སོང་ངམ། མ་སྐྲག”ལེགས་མཛེས་ཀྱིས་ཁོའི་སྐེ་དང་བྲང་ཁའི་རྔུལ་ཆུ་འབྱིད་བཞིན་སེམས་གསོ་བྱས། རྨི་ལམ་གྱི་འཇིགས་པ་དེ་ལས་ཡུན་གྱིས་སངས་མོད། སྟོང་ཞིང་འཇགས་པའི་ནམ་ཕྱེད་འདིར། ཁོས་བསམ་གྱིན་བསམ་གྱིན་ལུང་སྟོང་དུ་གཅིག་པུར་འཕྱན་པ་ལྟ་བུའི་གདུང་བ་སྔ་ན་མེད་པ་ཞིག་སྐྱེས་པས“ང་ལ་ཕ་མ་ཡོད་ཀྱང་། ཡུལ་ཞེས་འགྲོ་ས་མེད་སོང”ཞེས་ངུ་སྐད་དེ་ཁ་ནས་ཤོར་ལ། མཆི་མ་འཁྱག་བསིལ་བ་ཞིག་མིག་ཀོང་ནས་འགྲིལ་བྱུང་།
   དེ་ནས་ཉིན་མང་བོ་ཞིག་འགོར་རྗེས། ཁོ་སྨན་ཁང་དུ་སྨན་པར་སྟོན་དུ་ཕྱིན་ཚེ། སྨན་པས“ཁྱོད་སྔོན་ཞིག་ནས་སྟོན་དུ་ཡོང་ན་འགྲིག་འདུག ད་ལྟའི་བར་དུ་བསྐྱུར་ནས……”ཞེས་བཤད་པ་དང་། གདོང་ལ་ཡིད་ཕངས་པའི་མདངས་ཤིག་ཤར། དེ་ནས་ཡང“ནད་འདིའི་རིགས་ལ་མངར་ཟས་དང་སྣུམ་གྱི་རིགས་སྤང་དགོས། ཆང་ནི་གཏན་ནས་འཐུང་མི་རུང”ཞེས་བསྒོས་བྱུང་། སྨན་པའི་གཟབ་ནན་གྱི་མིག་མདངས་དང་ཚིག་ནན་མོ་དེས་ལེགས་མཛེས་ཀྱི་ངོ་མདངས་སྐྱ་ཐལ་ལེར་བཏང་མོད། ལྷ་དགས“ཁྱོད་ཀྱིས་སེམས་ཁྲལ་མ་བྱེད་དང་། ནད་འདིའི་རིགས་ཟ་འཐུང་གི་སྐོར་ལ་མཉམ་བཞག་ཚེ་མི་སྐྱོན”ཞེས་འཛུམ་ཕྱུང་བཞིན་བརྗོད་ནའང་། དེ་རིང་ལེགས་མཛེས་ཀྱི་མིག་ལམ་ན་ལྷ་དགའི་འགྲམ་པའི་མཁུར་མགོ་སྔར་བས་མར་ཞོམ་ཞིང་། སུག་པ་ཕྲ་བས་དོར་མའི་འཁོབས་ལྷག་ཏུ་ཆེ་བ་ལྟར་སྣང་། དེ་སྔ་ཤ་རྒྱགས་རུས་རྒྱགས་ཀྱི་མི་འདི་མིག་གིས་བལྟས་བལྟས་རིག་རིག་ལ་བརླན་གྱིས་བཏང་བའི་ལྗོན་ཤིང་རྙིད་པ་ཞིག་ལྟར་གྱུར། ནམ་ཞིག་ལ་རླུང་ཆེན་ཞིག་ལྡང་སྟེ་ལྗོན་ཤིང་རྙིད་པ་འདི་བསྒྱེལ་མི་འགྲོའམ་སྙམ་པ་དང་།མདུན་ན་འགྲོ་བཞིན་པའི་སྐམ་རིད་ཀྱི་རྒྱབ་གཞུང་དེས། ལེགས་མཛེས་ཀྱི་ཡ་ཆུང་དུ་སྨུག་པ་ཞིག་དཀྲི་ལོག་རྒྱག་ཏུ་བཅུག
   ཉིན་དེར་ནམ་མཁའ་སྔོ་ཞིང་བསངས་ལ། ཉི་འོད་ལམ་ལམ་ངང་སྔོ་ལྡེམ་ལྡེམ་གྱི་རྣང་ཞིང་དུ་འཕྲོས་འདུག དེ་རིང་ནི་དངོས་གནས་ལྦུ་ཆང་འཐུང་བའི་དུས་སྐབས་ཡག་ཤོས་རེད། ལྷ་དགའ་དང་ལས་གྲོགས་སྐོར་ཞིག་རྐ་ཁའི་ལྕང་མའི་གྲིབ་བསིལ་འོག་ཏུ་བསྡད་དེ་ལྦུ་ཆང་ལ་རོལ། ཅི་ཞིག་གི་རྐྱེན་ཡིན་ནམ། ལྦུ་ཆང་ཁམ་འགའ་ཁོང་དུ་སོང་མ་ཐག ཁོའི་ལྒང་བུ་སླར་ཡང་སྦོས་ཏེ་བདེ་བོ་ཞིག་ཡོང་དུ་མ་བཅུག ཡར་ལངས་ནས་ཕར་ཕྱིན་ཏེ་དྲི་ཆུ་སར་གཏོར་བ་ན། སྦྲང་ནག་སྐོར་ཞིག་ག་ཤེད་ཅིག་ནས་ནག་རོག་རོག་གིས་གཤེར་ཁུ་སེར་ལ་རྙོག་པ་དེའི་ཐོག་ཏུ་བབས་བྱུང་། སྦྲང་ནག་གིས་རྔམ་སྟབས་ཀྱིས་མཆུ་འཛུགས་བྱེད་ཅིང་ཤུགས་ཀྱིས་འཇིབ་པའི་ཚུལ་དེ་ལ་བལྟས་ཀྱིན་བལྟས་ཀྱིན་ཁོའི་མིག་ལམ་དུ་བྱ་མཆུ་དམར་དེ་ཚོ་ཤར་བས། ཁོར་དབང་མེད་དུ་གྲང་འདར་ཞིག་བྱུང་བ་དང་། རྐང་སྣམ་ཁ་འདིག་མྱུར་དུ་བཅིངས་རྗེས་ཆང་འཐུང་སར་ཡོང་།“ལྷ་དགའ། ཁྱོད་ལ་གཅིན་ཅི་འདྲའི་མང་ཨང་། ཕུང་བོའི་སྟོབས་ཉམས་ཀྱིན་ཡོད་པ་མིན་ནམ།”ལས་གྲོགས་ཤིག་གིས་དེ་ལྟར་ཀུ་རེ་བརྩེས་པ་ན། ལས་གྲོགས་གཞན་དག་གིས་ཀྱང་དགོད་ཀྱིན“གསར་བུ་ཡིན་དུས་ཆུ་མི་ཚོགས་ན། རྒས་དུས་ཅི་བྱ”ཞེས་རྩེད་མོ་བརྩེས་པར། ཁོས་ཀྱང“ཁྱོད་ཚོའི་ལྒང་བུ་དེ་རྐྱལ་བ་ཞིག་དང་འདྲ་བ་ལ། འཕུད་རན་དུས་ད་དུང་མི་འཕུད། འགགས་སོང་བ་མིན་ནམ”ཞེས་ཅི་མི་སྙམ་པར་བཤད་པ་ན། ཚང་མ་བཞད་གད་ཐག་གེར་སོང་། སྐབས་ཤིག་ལས་གྲོགས་ཤིག་གིས་ཁོ་ལ་ཅེར་བཞིན“ཁྱོད་ཀྱི་ཤ་རིད་པར་ལྟོས་དང་། ལུས་ཕུང་མི་བདེ་བ་ཡིན་ནམ”ཞེས་སྨྲས་པ་ན། ལས་གྲོགས་གཞན་དག་གིས་ཀྱང་ཁ་བརྡ་བྱེད་མཚམས་བཞག་སྟེ་ཁོའི་ཕྱོགས་སུ་འཁོར། གཅིག་གིས“མཉམ་མ་བཞག་པ་མ་གཏོགས། ཁྱོད་ཀྱི་རྐང་ལག་ཀྱང་ཇེ་ཕྲར་གྱུར་འདུག”ཅེས་ཧ་ལས་པའི་མིག་གིས་ལྟ་བཞིན་བརྗོད། ཡང་གཞན་ཞིག་གིས“སྔོན་ནས་སྨན་པར་བསྟེན་ན་བཟང”ཞེས་ནན་བཤད་བྱས་ཡོང། ཟླ་འགའི་སྔོན་ནས་བཟུང་།ཁོར་དུས་མིན་དུ་ལུས་ཐང་ཆད་དེ་འགུལ་ན་མི་འདོད་པའི་ཚོར་སྣང་སྐྱེས་ལ། མཚམས་མཚམས་སུ་བརླ་རྩ་ནས་ཟུག་གཟེར་ལྡང་ཞིང་མཁལ་སྐེད་ཀྱང་ན་འོངས། དེའི་ཁར་སྔོན་ཆད་དང་མི་འདྲ་བར་སྐོམ་སླ་ཞིང་ལྟོགས་སླ་བ་ཞིག་ཏུའང་གྱུར་འདུག ཆུང་མ་དང་སྒྱུག་མོ་གཉིས་ཀྱིས་ཁོས་ཟས་སྐོམ་ཚོད་མེད་དུ་བསྟེན་པ་དེ་མཐོང་བས། བློ་མ་བདེ་བར་སྨན་ཁང་དུ་སྟོན་དགོས་ཚུལ་ཡང་ཡང་བརྗོད་མོད། ཁོས་སྐྱོན་མི་འདུག་ཟེར་ནས་བསྐྱུར་བའི་ཁར། ཆང་ཡང་མུ་མཐུད་དུ་འཐུང་། དེ་རིང་ཁོ་ལེགས་མཛེས་ཀྱིས་བཙན་གྱིས་སྨན་ཁང་དུ་ཁྲིད་ཡོང་བ་ན། གཞི་ནས་རང་ལ་ནད་ཅིག་བྱུང་ཡོད་པ་ཤེས་སོང་།
   10
   ལྷ་གོས“ཕུ་བོ་ལྷ་དགའ་ན་ནས་མལ་སར་ལྷུང་འདུག་ཟེར”ཞེས་ཕ་མ་གཉིས་ལ་བཤད།
   “ན་བཞིན་ཡོད་པ་ཐོས་མྱོང་། ལོས་ན། ཕ་མའི་ཁ་ལ་མ་ཉན་ཚེ།”ཨ་ཡེ་ཚེ་མོས་ཅི་མི་སྙམ་པར་དེ་ལྟར་བརྗོད། གམ་གྱི་ཁྱོ་བོ་གྲགས་པས་གདོང་ལ་གཉེར་མདུད་ཅིག་རྒྱག་བཞིན་མགོ་བོ་སྨད་དེ་འདུག
   “དེས་ན་འུ་ཚང་སྐོར་ཞིག་རྒྱག་ཏུ་འགྲོ་དགོས་རྒྱུ་རེད།”ལྷ་གོས་ཕ་མ་གཉིས་ལ་གཏད་དེ་སྨྲས་པར། ཨ་ཕས་སྔར་བཞིན་ཅི་ཡང་མི་ལབ་པ་ལ། ཨ་མས“ཅི་ལ་འགྲོ་རྒྱུ། ང་ལ་བུ་དེ་འདྲ་ཞིག་མེད”ཅེས་སྔར་བཞིན་འཛེམ་མེད་དུ་བརྗོད་ཡོང་། ལྷ་གོས“ཨ་མ། ཁྱོད་ཀྱིས……”ཞེས་མགྲིན་པ་ཅི་ཞིག་གིས་ཁེགས་པ་ལྟར་ཚིག་རྔ་བཤད་འཕྲོར་བསྐྱུར། ཨ་ཁུ་གྲགས་པས་ཀྱང་མ་བཟོད་པར་ཆུང་མ་ལ་སྡང་མིག་ཅིག་བགྲད་རྗེས“ཁྱོད་ཀྱིས་དེ་ལྟར་སྨྲ་སྲོལ་ཡོད་དམ། ཁོ་ཁྱོད་ཀྱི་བུ་མིན་ན་སུའི་བུ་ཡིན། བཟང་ན་ངན་ན་རང་གི་ཤ་ལས་ཆད་པའི་བུ་རེད”ཅེས་ལབ་པ་དང་།མཐུད་ནས“ད་ནི་ཁྱོད་ཀྱི་བསམ་ཐོག་ལ་ཁེལ་འདུག དམོད་བོར་བ་བསམ་ཐོག་ལ་བབས་འདུག ཁྱོད་དགའ་ན་འགྲིག”ཅེས་ངག་འདར་གྱིན་དེ་ལྟར་སྨྲས། ལྷ་དགའ་དེ་ཚང་ལ་མག་པར་སོང་བ་ནས། ཆུང་མ་ནི་གདོན་གྱིས་བརླམས་པ་ལྟར་སྐབས་སྐབས་སུ་ཨ་མྱེས་དགྲ་རྒྱལ་ཞེས་ཆོས་སྐྱོང་སྲུང་མའི་མིང་ནས་འབོད་ཀྱིན་ཕྱག་འཚལ་ཏེ་གསོལ་བ་དྲག་ཏུ་འདེབས་ཤིང་།ཐ་ན་དགོང་མོ་ཉལ་ཁར་ཡང་མཆོད་ཁང་དུ་སོང་སྟེ་སྨོན་ལམ་ལོག་པ་གོ་ན་ཤ་སྦྲིད་འགྲོ་བ་ཏག་ཏག་འདེབས་པས། ཁོར་རྣམ་རྟོག་སྐྱེས་ཏེ་གཤེ་གཤེ་བཏང་ཞིང་། ངག་ནས“སྨོན་ལམ་ངན་པ་བརྒྱབ་ན་རྣམ་སྨིན་རང་ལ་འཁོར་ངེས”ཞེས་གནས་ལུགས་ཀྱང་བགྲང་མོད། ཆུང་མའི་སྙིང་ཁམས་དེ་འདྲ་བདེ་ཡི་མེད་པས་སྐབས་རེར་མོ་ལ་ཅི་བྱེད་ན་བྱེད་དུ་བཅུག ཨ་ཁུ་གྲགས་པས་དེ་ལྟར་དྲན་གྱིན་གདོང་ལ་གནོང་ཉེས་ཤིག་གིས་ཁྱབ། ཁོས་ཡུད་ཙམ་ལ་བསམ་བློ་བསྐོར་རྗེས“ལྷ་གོ ཁྱོད་ཕུ་བོ་ལ་འཚམས་འདྲི་བྱེད་དུ་སོང་ན་ཅི་འདྲ་རེད། ཨ་མ་དང་ངེད་གཉིས་དེ་ཚང་ལ་འགྲོ་སྲོལ་མེད”ཅེས་གམ་གྱི་རྒན་མོར་ལྟ་བཞིན་དོགས་མི་བདེ་བའི་ངང་དུ་བཤད་པ་ན། ཨ་ཡེ་ཚེ་མོས་ཀྱང་དྲན་སོས་པ་བཞིན“དངོས་གནས་ནད་ལྗིད་མོ་ཞིག་ཕོག་པ་ཡིན་ནམ”ཞེས་སྐད་ཤུགས་ཆུང་ངུས་སྨྲས་བྱུང་།
   དགོང་མོ་དེར། མོས་ཀྱང་རྨི་ལམ་འཇིགས་པོ་ཞིག་རྨིས། ལུང་འདབས་ནས་བྱ་མཆུ་དམར་གྱི་ཁྱུ་ཚོགས་ཤིག་ལྷ་དགའ་ཡི་ཐོག་ལ་རུབ་པར། སྨྲེ་ངག་དང་སྐྱབས་འབོད་ཀྱི་སྒྲ་དེ་འདབ་ཆགས་ཀྱི་ཨག་སྐད་དང་མཉམ་དུ་བསྡེབས་ཤིང་། ལུང་བ་ཕུ་རིང་དེ་འཕྲལ་མ་ཉིད་དུ་འུར་འུར་ཟིང་ཟིང་གིས་ཁེངས་པ་ན། མོས་རྒྱང་ནས་ལྟད་མོར་ལྟ་བཞིན་ཧབ་ཆ་བྱས། མོའི་ཉེ་འགྲམ་ན་ད་དུང་བུ་ཆེ་བ་དང་བུ་མོ་ཆེ་བའང་ལངས་ནས་ཡོད། ཁད་མི་རིང་བའི་ས་རུ་ཁྱོ་བོའང་ཐང་ལ་བསྡད་འདུག བྱ་ཚོགས་ཀྱིས་ཕན་ཚུན་གཤོག་ལྕག་གཞུ་བཞིན་བྲེལ་ཟིང་ཡུད་ཙམ་བྱས་པ་ན། ལྷ་དགའ་ཁོ་མཐོང་རྒྱུ་མེད་པར་ཐང་ན་གེལ་བ་ལྟ་བུའི་རུས་པ་དུམ་བུ་འགའ་རུ་གྱུར་འདུག བྱ་དེ་དག་སླར་ཡང་གཤོག་རྡེབ་བྱེད་ཀྱིན་བར་སྣང་དུ་འཕུར་ཞིང་། ཡུན་གྱིས་མཁའ་དབྱིངས་ལ་གཏད་དེ་འཕུར་ལྡིང་བྱེད། མོ་ལངས་སའི་མཐོངས་སུ་གཤོག་པ་འཇུམས་ཀྱིན་འཇུམས་ཀྱིན་ཡོང་། མཆུ་ཏོ་རིང་བོ་དེ་དག་ནས་ཁྲག་དམར་འཛར་གྱིན་ཤ་འོད་རྒྱུག་རྒྱུག་གིས་མོ་ལ་རུབ་སྟེ་ཡོང་། མོས་རྐང་ཀྲབ་ལག་ཀྲབ་སྒོས་ཨེ་ཐར་གྱིས་འོ་དོད་བོས་མོད། བུ་དང་བུ་མོ་གཉིས་ཀ་གང་ཞིག་ལ་བྲོས་སོང་བ་ལྟར་མཐོང་རྒྱུ་མི་འདུག་ལ། ཁྱོ་བོས་ཀྱང་ཅི་བྱ་གཏོལ་བྲལ་ངང་ལག་གཡུག་དང་རྐང་རྡེབ་བྱེད་ཀྱིན་གདའ།“འདི་ཅི་ཞིག་ཡིན་ནམ། རྨི་ལམ་ངན་པ་འདི་འདྲ་ཞིག”མོའི་སྙིང་ནི་ལུ་གུ་བཞིན་མཆོང་ལྡིང་བྱེད་ཅིང་སྒྲ་འཚུབ་ཆ་ཅན་ཞིག་ཀྱང་བྲང་ཁོག་ནས་མཆེད་ཡོང་། མོས་སྔངས་སྐད་གཟན་མོ་ཞིག་ཁ་ནས་ཤོར་ཡོད་སྲིད་མོད། གམ་གྱི་ཁྱོ་བོས་ཅི་ཡང་མ་ཐོས་པ་བཞིན་སྔུར་སྒྲ་སྟུག་པོ་ཞིག་འཐེན་གྱིན་གདའ།
   11
   ཨ་ནེ་སྒྲོལ་གོའི་ཕུ་བོ་མཁར་བྱམས་ནད་པ་འདུག་སའི་གཞིས་ཁང་ནས་ཕྱིར་མེ་ཁང་དུ་ཡོང་།
ཁོ་ཡར་སྒྱིད་དུ་བསྡད་རྗེས་སྒྲོལ་གོ་མ་སྨད་གཉིས་ལ“ཚུགས་ཀར་བལྟས་ན་ནད་པར་དྲག་སྐྱེད་ཡོང་བའི་རེ་བ་མི་འདུག”ཅེས་སྨྲ་བཞིན་ལེགས་མཛེས་ཀྱིས་དྲངས་པའི་ཇ་ཚུར་ལ་བླངས། རེ་ཞིག་འགོར་རྗེས་ཁོས་ཡང་བསྐྱར“ངས་བལྟས་ན་ཁྱོད་གཉིས་ཀས་ནད་པ་འདི་ནས་མི་འཇོག་པར་ཁོའི་ཡུལ་དུ་བསྐྱལ་ན་ལེགས། ཅི་ལ་ཞེ་ན་ཁོ་ཁྱིམ་ཚང་འདིའི་མག་པར་བརྫངས་ཡག་བྱས་མེད་པས། ཁྱོད་གཉིས་ཀྱི་གམ་ནས་འདས་སོང་ཚེ། མི་ཁ་འཁོར་ཡོང་ངེས”ཞེས་ནན་ཏན་གྱིས་བཤད་པ་ན། ལེགས་མཛེས་ཀྱིས་མིག་ཆུ་འདོན་པ་ལས་ཅི་ཡང་མི་ཟེར་མོད། སྒྲོལ་གོས“ཕུ་བོ་ལགས། ངས་ཀྱང་དེ་ལྟར་བསམས་མྱོང་། ཡིན་ནའང་ཁྱེད་ཀྱིས་སོམས་དང་།དེ་ལྟར་བསྒྲུབ་རུང་ངམ། ལྷ་དགའ་ངེད་ཚང་ལ་ཡོང་སྟེ་ལོ་གསུམ་ལྷག་འགོར་སོང་། དེའི་རིང་ལ་ཁོ་ཁྱིམ་འདིའི་མི་ཞིག་ལྟར་བསྡད་པ་ཡིན། ལེགས་མཛེས་དང་ཁོ་གཉིས་ཧ་ཅང་འགྲིག་པར་མ་ཟད། ངའི་ཐོག་ལའང་ཧ་ཅང་བཟང་། ད་དུང་ཚ་བོ་ལྕགས་བྷ་ལའང་རང་གི་བུ་ལྟར་གཅེས་པས། ང་ཚོ་ཁྱིམ་གཅིག་ཏུ་འདུས་པ་འདི་སྔོན་བསགས་ཀྱི་ལས་འབྲེལ་ཡིན་པ་སྨོས་ཅི་དགོས། ང་ཡང་ཁོ་ལ་བུ་ཞིག་གི་འདང་ཡོད། ད་ཁོ་ཚད་འདི་འདྲ་ཞིག་ཏུ་ལྷུང་དུས་ཕྱིར་ཡུལ་དུ་བསྐྱལ་ཚེ། སྡུག་གི་ཐོག་ལ་སྡུག་བཞག་པ་མིན་ནམ། ངས་ཕྱིར་བསྐྱལ་མི་ཕོད་ལ། སྐྱེལ་འདོད་ཀྱང་མེད”ཅེས་ངག་འདར་འདར་གྱིས་བརྗོད་པར། ཕུ་བོས“ཀན་ཚང་གིས་ཁྱོད་ཚང་སྡུག་ལ་མི་གཏོད་པར་སྨོན”ཞེས་ལབ་འཕྲལ་སླར་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད་བྱུང་།
   སྐབས་དེར་ཕྱི་རོལ་ནས་བུ་མོ་ཞིག་གིས“འདི་སྲུ་མོ་ལེགས་མཛེས་ཚང་ཡིན་ནམ”ཞེས་འདྲི་བའི་སྐད་གོ་ཡོང་། དེའི་མུར་ལེགས་མཛེས་མེ་ཁང་ལས་ཕྱིར་བུད་དེ“འོ། ལྷ་གོ་ཡིན་ནམ། ཁྱོད་བུད་ཡོང་ངམ། ནང་ལ་འགྲོ”ཞེས་མགྲོན་བསུ་བྱས་སོང་།
   “ཁྱོད་བུད་ཡོང་ངམ།”
   “འོ་ལེ། ཨ་སྲུ། ཕུ་བོ་ན་བཞིན་འདུག་ཟེར་བས་ཅི་འདྲ་རེད།”
   “ཇེ་དགར་འགྲོ་བ་མི་ཤེས་ཀི……”ལེགས་མཛེས་ཀྱིས་ལྷ་གོ་མེ་ཁང་ནང་དུ་བསུས།“འདི་ལྷ་དགའི་སྲིང་མོ་མིན་ནམ། དཀའ་ལས་བྱས་ཏེ་བལྟ་རུ་ཡོང་། ལེགས་མཛེས། ཁྱོད་ཀྱིས་མོར་ཇ་ཞིག་བླུགས་དང་།”ཨ་ཡེ་སྒྲོལ་གོས་དེ་ལྟར་བརྗོད་པར། མོས“ཨ་ནེ་ལགས། ང་ལ་འཐུང་ས་མི་འདུག”ཅེས་ཐབ་རྩར་སོང་སྟེ་ལག་པ་མེ་ལ་བསྲོས་ཙམ་བྱས་རྗེས“ང་སོང་ནས་ཕུ་བོར་ཅིག་བལྟ”ཟེར་བཞིན་ཡར་ལ་ལངས། ལེགས་མཛེས་ཀྱིས་མོ་ཁྲིད་དེ་གཞིས་ཁང་དུ་ཕྱིན་འཕྲལ“ལྷ་དགའ། ལྷ་གོ་ཁྱོད་ལ་བལྟ་རུ་སླེབས་འདུག”ཅེས་སྐད་དམའ་མོས་ལབ་པར། ལྷ་གོས་ཀྱང་དེ་མ་ཐག“ཕུ་བོ། ཁྱོད་ག་འདྲ་འདུག”ཅེས་ཁམས་འདྲི་བྱས་སོང་། ལྷ་དགས་སྲིང་མོ་མཐོང་བར། ལག་པ་མལ་སྟན་དུ་བཙུགས་ཏེ་ཡར་ལངས་རྩིས་བྱས། ལེགས་མཛེས་མྱུར་དུ་གམ་ལ་བཅར་ཞིང་ཁོ་བསྐྱོར་ནས་ཙོག་ཏུ་བཅུག་རྗེས། ལྟག་གར་མལ་ཐུལ་བཞག ལྷ་དགས“ད་ང་ལ་ལྟོས་དང་། ཚུགས་ཀ་མེད་པ་ལ”ཞེས་བཙན་ཚུགས་ཀྱིས་འཛུམ་ཞིག་ཕྱུང་བ་ན། ལྷ་གོ་དང་ལེགས་མཛེས་གཉིས་ཀར་མཆི་མ་ཤོར། དེར་ལྷ་དགས“ཁྱོད་གཉིས་ཀྱིས་མིག་ཆུ་མ་འཕོས་དང”ཞེས་སྨྲས་ཤིང་། དེ་ནས་ལྷ་གོ་ལ“ཨ་ཕ་ཨ་མ་གཉིས་ཀ་བདེ་མོ་འཚམས་པོ་ཡིན་ནམ”ཞེས་དྲིས་བྱུང། ལྷ་གོས་བདེ་མོ་ཡིན་ཚུལ་དང་ཕ་མ་གཉིས་ཀས་མོ་མངགས་ཏེ་ཁོ་ལ་བལྟ་རུ་ཡོང་ཚུལ་བརྗོད་པ་ན། ཁོའི་ངོ་གདོང་གི་ཤ་སྐྱི་འདར་འདར་འགའ་བྱས་རྗེས“ངས་ཁྱོད་ཚོ་དཀའ་ལས་ལ་གཏད་སོང”ཞེས་འཆད་ཀྱིན་མིག་ཆུ་བཞུར། ཁོས་མིག་ཆུ་འབྱིད་ཞོར“ང་ཕ་མ་གཉིས་ཀྱི་ལན་ཆགས་རེད། ཁོང་ཚོ་སྡུག་ལ་གཏོད་རྒྱུ་མ་གཏོགས་ཅི་ཡང་མི་ནུས”ཟེར། ལྷ་གོས“ཕུ་བོ། དེ་ལྟར་མི་སྨྲ་རོགས། ང་ཚོས་ཁྱོད་སྡུག་ལ་གཏད་སོང”ཞེས་ངུ་བཞིན་བཤད་པ་ན། ལེགས་མཛེས་ཀྱིས“ལྷ་གོ མ་ངུ”ཞེས་ལག་པར་འཇུ་དུས་མོ་ལའང་ངུ་སྐད་དབང་མེད་དུ་ཤོར། རེ་ཞིག་ལ་ཁང་མིག་ཆུང་ཆུང་ནང་ངུ་སྐད་ཀྱིས་ཁེངས་སོང་། སྐབས་ཤིག་ལ་ཁོས་གནམ་ལ་ཅེར་ཏེ་ཡུད་ཙམ་འགོར་རྗེས“ང་ཕ་མ་གཉིས་ཀྱིས་ཡུལ་ལ་ཡོང་དུ་མ་བཅུག་པས། སེམས་ལ་སྡུག་རྒྱུ་ཞིག་བྱུང་མོད། ངས་ཁོང་གཉིས་ལ་འཁོན་སེམས་ཅི་ཡང་བཅངས་མེད། ཕ་མར་ཡང་ཅི་ཁག བུ་ཕྲུག་དྲུག་གི(བུ་བུ་མོ་དྲུག་གི་ནང་ཁོ་གཅིག་པུ་མ་གཏོགས་གཞན་དག་གྲྭ་པ་དང་ཞིང་ལས་པ་ཡིན)ནང་ནས་ང་གཅིག་པུ་ལས་བྱེད་པ་ཡིན་པས། ངའི་ཐོག་ལ་རེ་བ་ཆེན་པོ་བཅངས་ཡོད་པ་ནི་སྨོས་མ་དགོས། ཁོང་གཉིས་ཀྱིས་ང་བསྐྱངས་བསྐྱངས་ཏེ་ངའི་སྟེང་དུ་འགྲོ་སྒོ་ཅི་འདྲ་ཞིག་བཏང་བ་ངས་ལོས་ཤེས། ཡིན་ནའང་ངའི་ཚུགས་ཀར་བལྟས་ན། ད་ཁོང་གཉིས་སྐྱིད་ལ་རོལ་ཏུ་འཇུག་ཐུབ་རྒྱུ་མིན་པ་འདྲ”ཞེས་སྨྲས་པ་དང་། ལེགས་མཛེས་ལ་ལྟ་བཞིན“འདི་མ་སྨད་གཉིས་ལ་ཁག་དཀྲི་རྒྱུ་ཅི་ཡང་མེད། ངས་ཁྱིམ་ཚང་འདིར་གོ་ཞིག་ཆོད་རྒྱུ་ཕར་ཞོག མ་བུ་གཉིས་ཀར་སྡུག་མི་ཉུང་བ་བཟོས་སོང”ཞེས་འཆད་ཀྱིན་མ་ཁ་སོ་བཅངས་བྱས་མོད། མཆི་མ་ནི་དབང་མེད་དུ་མཁུར་ངོས་ལས་བཞུར་གྱིན་འདུག ཁོས་མིག་ཆུ་ཕྱིས་རྗེས་ལྷ་གོར་གཏད་ནས“ང་ལ་འདི་རུ་ཤ་དང་རུས་པ་འབྲེལ་ནས་ཡོད་མཁན་ནི་ལྷ་མོ་སྒྲོལ་མ་ཡིན། ཕྱིས་སུ་ཁྱོད་ལ་ཁོམ་པ་རེ་ཡོད་ཚེ་སྙིང་རྗེ་བའི་ཚ་མོ་འདིར་ཁ་ལྟ་མིག་ལྟ་རེ་བྱ་རྒྱུ་ངའི་རེ་བ་ཡིན”ཞེས་བཅོལ་བ་ན། ལྷ་གོས་མ་བཟོད་པར“ཕུ་བོ་ཁྱོད་ཀྱིས་དེ་ལྟར་མི་སྨྲ་བར་མཛོད”ཅེས་ངུ་སྐད་ཆེ་རུ་ཕྱུང་།
   “ཁྱོད་ལ་ཅི་བྱུང་བ་ཡིན། ཨ་ཙི། ལུས་ཤ་གྱོང་ཞིང་སྐེམ་པར་ལྟོས་དང་།”རུ་བར་དུ་སྡེ་མི་སུ་ཞིག་ལ་ཕྲད་ན་ཚང་མས་ཨ་ཡེ་ཚེ་མོ་ཡི་ལུས་ཕུང་ལ་ཅེར་བཞིན་དེ་སྐད་དྲིས་ཡོང་། ཨ་ཡེ་ཚེ་མོ་ལོ་དོན་ལྔར་བུད་པས། ལོ་རྒས་པ་ཞིག་ལ་ནད་ཅིག་བྱུང་སོང་ཞེ་ན་བློ་ཡུལ་ལས་འགོངས་པ་ཞིག་མིན་མོད། དུས་རྒྱུན་ཁྱིམ་ཕྱི་ནང་གི་ལས་ཀ་ཙག་ཙིག་རེ་ལུས་པོས་ལྕོགས་ཀྱིན་ཡོད་ལ། མ་ཎི་ཁང་དང་མཆོད་རྟེན་ཁ་རུ་ཡང་འགྲོ་ཐུབ་ཀྱིན་ཡོད་སྟབས། ཁྱིམ་མི་ཚོར་མཚོན་ན་གློ་བུར་བ་ཞིག་ཅི་ལ་མིན། ག་དུས་ཡིན་པ་མི་ཤེས་མོད། ཉིན་ཞིག་གི་སྔ་དྲོ་ནས་བཟུང་མོའི་ཕོ་བའི་ནང་དུ་ཟས་སྔོན་ཆད་ལྟར་མི་འགྲོ་ཞིང་། ཁོང་དུ་སོང་བའི་ཟས་དག་ཀྱང་མ་ཞུ་བར་ཕོ་ཁ་ནས་གཟེར་ལྡང་འོངས། ཟུག་གཟེར་ལངས་ཐེངས་རེར་ལུས་ནས་རྔུལ་ཆུ་འབབ་ཅིང་། ལུས་ཡོངས་བརླན་བག་གིས་འབྱར་བར་མ་ཟད། ཤུགས་ཟད་དེ་འགུལ་ན་འཕག་ན་མི་འདོད་པ་ཞིག་ཏུ་གྱུར། མོས་ཀྱང་ནད་འདི་དགའ་ཞིག་མིན་པ་རང་གིས་ཚོར་ནའང་། ཁྱོ་བོ་དང་བུ་ཕྲུག་ཚོས“སྨན་ཁང་དུ་སོང་སྟེ་བལྟས་ན་བཟང”ཞེས་རེ་བ་ཡང་ཡང་བྱས་པར། མོས་ཀྱང་མུ་མཐུད་དུ་ཨུ་ཚུགས་མི་བྱེད་པར་ཁོ་ཚོའི་ངག་བཀོད་ལ་ཉན་ཏེ་རྫོང་སྨན་ཁང་དུ་ཕྱིན། སྨན་པ་ཚོས་ཕོ་བར་བརྟག་དཔྱད་བྱས་རྗེས་ཐབས་བཀོད་མེད་ཚུལ་བསྟན་པ་ན། ཁྱིམ་མི་ཚོ་ཡིད་མ་ཆེས་པར་མོ་དེ་འཕྲལ་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྐྱལ། བརྟག་དཔྱད་ཀྱི་མཇུག་འབྲས་ནི་རྫོང་སྨན་ཁང་དང་ཡོངས་སུ་མཐུན་པས་སྨན་ཁང་ནང་སྡོད་དུ་མ་བཅུག ཕལ་ཆེར་སྨན་པ་ཚོས་ནད་ལ་ལྟ་རོགས་སུ་ཡོང་བའི་བུ་ཕྲུག་ཚོར་ནད་པར་ཉི་མ་རིང་བོ་མེད་ཚུལ་གསལ་བོར་བསྟན་པ་ལོས་ཡིན། མོ་ཕྱིར་ཁྱིམ་དུ་ཁྲིད་ཡོང་བར་ཟས་ཞིམ་པོ་གང་བཟང་བསྐོལ་ཏེ་ཟ་རུ་འཇུག་པར་མ་ཟད། སྔོན་ཆད་ཡེ་ནས་མཐོང་མ་མྱོང་བའི་སིལ་ཏོག་སྣ་ཚོགས་ཀྱང་ཉོས་ཡོང་ནས་ཟ་རུ་འཇུག་མོད། མོར་དེ་དག་ཟ་འདོད་ཀྱི་ཡི་ག་ཞིག་གང་ན་ཡོད་དེ། མདུན་དུ་སྤུངས་པའི་ཟས་དང་སིལ་ཏོག་དེ་རྣམས་ནི་མཐའ་མར་ལྷ་སྐུར་མཆོད་བཤམས་སུ་ཕུལ་པའི་མཆོད་རྫས་ཉིད་ལས་མ་འདས། མཐའ་ཁར་རུབ་ཡོང་བའི་ཚ་མོ་དང་ཚ་བོ་ཚོས་འགྲམ་ཆུ་ལྡང་བཞིན་སྡེར་མར་ཅེར་བྱུང་བ་མོས་མཐོང་བར། ཁོ་ཚོར་བགོས་ནས་ཟ་རུ་བཅུག བྱིས་པ་ཚོས་ཧྲིག་སྒྲ་དང་བཅས་རྔམ་ཟ་བྱེད་ཚུལ་དེ་མཐོང་བ་ན། མོ་ལ་ཡིད་སྨོན་ཞིག་འགོག་མེད་དུ་སྐྱེས་པའི་ཁར། འབྲས་ཁུ་རེ་དང་ཕྱེ་ལྡུར་རེ་མ་གཏོགས་ཁོག་ལ་མི་འགྲོ་བའི་མོ་ནི་རང་ཉིད་རང་ལ་ཡི་མུག་རྒྱུ་ཞིག་བྱུང་།
   “ཁྱོད་མིག་ཆུ་བཞུར་ནས་ཅི་བྱེད།”ཨ་ཁུ་གྲགས་པ་ཕྱི་ནས་ནང་དུ་སླེབས་ཤིང་། ཚ་ཐབ་ཐོག་གི་ནད་པས་མིག་ཆུ་འདོན་པ་མཐོང་བས་དེ་སྐད་སྨྲས། དེར་མོས“གྲགས་པ། ངས་བུ་ཆུང་དེ་དྲན་ན་གློ་མཆིན་སྟེང་འོག་བརྗེས་ཡོང་། ཁོ་ལོ་སུམ་ཅུར་མ་སོན་གོང་བུད་སོང་། ཁོ་ངས་གསོན་པོར་འཆོས་པ་ཡིན”ཞེས་བྲང་ཁར་ལག་པས་གཞུ་བཞིན་ངུ་བཤད་བྱས་བྱུང་ལ། མཐུད་ནས“ད་ང་ལ་རྣམ་སྨིན་འཁོར་ཏེ་སྟན་ལ་འབྱར་བ་འདི་རེད”ཅེས་རང་གིས་རང་ལ་ལེ་བདའ་ཡང་ཡང་བྱེད། ཨ་ཁུ་གྲགས་པས“ད་སྡུག་ནས་ཡོང་རྒྱུ་ཅི་ཡོད། དེ་བས་ཁ་ཏོན་རེ་བཏོན་ན་བཟང་། ང་དེ་རིང་དགོན་པར་ཞུ་རུ་སོང་བ་ན། འུ་ཚང་ལ་བཅའ་བ་རིམ་གྲོ་མང་བོ་ཞིག་བབས་འདུག་པར་མ་ཟད། མྱུར་དུ་བསྒྲུབ་དགོས་ཟེར། སང་ཉིན་ནངས་དུས་ནས་བཟུང་མགོ་རྩོམ་དགོས་རྒྱུ་རེད”ཅེས་འཆད་ཀྱིན་ཡར་ལངས་ཏེ་རིམ་གྲོ་ལ་གྲ་སྒྲིག་བྱེད་དུ་ཕྱིན།
   12
   ལེགས་མཛེས་ཀྱིས“ཁྱོད་སུ་ཡིན་ནམ”ཞེས་ཁ་གློང་བ་ན། ཁྱིམ་མཚེས་ཚང་གི་ཁ་གྲག་ཤེས་མི་ཤེས་པའི་བྱིས་པ་དེས་མོ་དང་མ་རྒན་སྒྲོལ་གོ་གཉིས་ལ་ནག་ཀྱུག་ཀྱུག་གི་མིག་གིས་ཅེ་རེར་བལྟས་རྗེས“ང་ལྷ་དགའ་ཡིན”ཟེར། ནུ་དྲི་མ་ཡལ་བའི་ངག་ཕྲ་མོས་ལན་དེ་ལྟར་བྱིན་པ་ན། མ་སྨད་གཉིས་ཀ་ངོ་མཚར་ཏེ་མིག་ནི་ཏབ་ཅིག་ལ་རྡེབ་ཙམ་ཡང་མི་བྱེད་པར་འགུལ་མེད་དུ་གདངས། རེ་ཞིག་འགོར་རྗེས་སྒྲོལ་གོས“ཁྱོད་ཚང་ན་སུ་ཡོད་དམ”ཞེས་ལུས་སྒུར་སྒུར་བྱས་ཏེ་དྲིས་ཚེ། བྱིས་པས་ལག་པ་ཆུང་ཆུང་དེ་ཚུར་བསྲིངས་ཤིང“ངེད་ཚང་ན་ལེགས་མཛེས་དང་སྒྲོལ་གོ་ཡོད། ད་དུང་ལྕགས་བྷ་ཡོད”ཅེས་རློན་ཤ་ཆགས་པའི་གདོང་དེ་ལ་རེག་བཞིན་བརྗོད། མ་སྨད་གཉིས་ཀས་མགྲིན་གཅིག་ཏུ“ངོ་མ་ཁོ་ཡིན་འདུག”ཅེས་ཤོར་ཞིང་། མིག་ཆུའང་འགོག་མེད་དུ་ལྷུང་། དེ་ནས་ལེགས་མཛེས་ཀྱིས་བྱིས་པ་དེ་པང་ལ་བླངས་ཏེ་བྲང་ལ་དམ་པོར་གླན་ནོ། །
   (རྩོམ་སྒྲིག་འགན་འཁུར་པ་མཁའ་འགྲོ་ཚེ་རིང་ཡིན)


རྩོམ་ཡིག་སྔོན་མ།
མར་མེ་ཚེ་འབར།
རྩོམ་ཡིག་རྗེས་མ།
དོང་ནང་གི་མེ་ཏོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1