དོང་ནང་གི་མེ་ཏོག

བསོད་ནམས་རྡོ་རྗེ། [ཟི་ལིང] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


   1
   ཁ་སང་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཡས་མས་སུ་ཨ་ཕས་ང་ལ་ཁ་པར་བཏང་དུས། ང་ད་དུང་སློབ་གྲྭའི་ཉེ་འདབས་ཀྱི་མགྲོན་ཁང་ཆུང་ཆུང་ཞིག་ཏུ་མེ་ཏོག་སྒྲོལ་མར་སྦྲུལ་ལྟར་འཁྱུད་དེ་རང་སྲོག་འཆོར་ལ་ཁད་བྱེད་ཀྱིན་ཡོད།
   དེའི་དུས། དགུན་གྱི་ཉི་ཟེར་སྐྱ་ཞིང་མིག་ལ་གཙེས་པ་ཞིག་སྒེའུ་ཡོལ་གྱི་སྲུབས་ཀ་བརྒྱུད་ནས་མེ་ཏོག་སྒྲོལ་མའི་བྲང་གཞུང་དུ་ཁེལ་ཞིང་ཕར་གཡོ་ཚུར་གཡོ་བྱེད་པ་ནི། ངའི་ལག་པ་ཟུང་གིས་གནས་དེར་ཕུར་ཕུར་བྱེད་པར་ཕྲག་དོག་གིས་འཐབ་མོ་བགྱི་བ་དང་ཀུན་ནས་མཚུངས། ངས་ཡ་ཆུང་གི་ཞེ་སྡང་དྲག་པོའི་མགོ་འཕང་གནོན་མ་ཐུབ་པར་གཡོན་ལག་གཡུག་ཐེངས་ཤིག་གིས་སྒེའུ་ཡོལ་གྱི་སྲུབས་ཀ་མེད་པར་བཟོས་པ་ན། ཉི་ཟེར་གྱི་ཞགས་པ་དེ་ཡང་སྐད་ཅིག་ཉིད་དུ་གར་སོང་ཆ་མེད་དུ་གྱུར། ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ་སྒེའུ་ཡོལ་གློ་བུར་འཐེན་པའི་ཧྲག་སྒྲ་དེས་མེ་ཏོག་སྒྲོལ་མའི་སྙིང་ལ་བྱིལ་བྱིལ་གཏོང་བའི་འཁུན་སྒྲ་རྣ་བར་སྙན་ཞིང་འཇེབས་པ་དེ་ཉིད། གློག་ཆད་པ་ནང་བཞིན་དུམ་སེར་བཅད་ཅིང་སྦྲུལ་ལྟར་འཁྱིལ་བའི་ལུས་པོའང་ལྷོད་སེ་བཞག
   “ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད།”
   “ཁྱོད་ཀྱི་ལུས་སྟེང་དུ་ཉི་ཐིག་ཕོག་འདུག་པས་ངས་སྒེའུ་ཡོལ་བརྒྱབ་པ་ཡིན།”
   “ཧིན།”
   ངས་མེ་ཏོག་སྒྲོལ་མའི“ཧིན”སྒྲ་དེའི་དོན་མ་རྟོགས་པར་མོའི་གདོང་ལ་བལྟས་པ་ན། མོའི་གདོང་དུ་མ་ཟད་ངག་ནས་ཕྱུང་བའི་ཧིན་སྒྲ་དེ་ལས་ཀྱང་འཁང་རའི་ཚ་གདུག་ལམ་ལམ་མཆེད་ཀྱིན་འདུག་སྟེ། ངའི་སྣང་བ་ཞིག་ལ་མོའི་སྣ་ཁུང་ནས་དུ་བའམ་རླངས་པ་གང་ཡིན་མི་གསལ་བ་ཞིག་ལྷོག་སེར་ཕྱི་རུ་འཕྱུར་ཡོང་སྟེ། ངའི་ངོ་གདོང་ངར་ལམ་མེར་བཏང་སོང་།
   དེ་བས་ངས་ཀྱང་ཡིད་མ་རངས་པའི་རྣམ་འགྱུར་ཞིག་བསྟན་རྗེས། མོའི་རེ་འདོད་སྐོང་མཚམས་བཞག་ལ། སླར་ཡང་མལ་ཁྲིའི་སྟེང་དུ་ཁ་སྦུབ་ཏུ་འགྱེལ་ནས་བསྡད་པ་ཡིན།
   ཟླ་འདིའི་ཟླ་མགོར་མེ་ཏོག་སྒྲོལ་མ་དང་ངེད་གཉིས་ཀྱི་བར་དུ་འགལ་བ་ཆུང་ཆུང་ཞིག་བྱུང་བས། གཟའ་འཁོར་གཉིས་ལྷག་གི་རིང་དུ་མོས་ང་ལ་ཉིན་མཚན་མེད་པར་ཁ་པར་ཡང་ཡང་བཏང་ཡོང་ནའང་། ངས་མོར་ཁ་ཡ་མ་བྱས་པར་སློབ་གྲྭའི་དཔེ་མཛོད་ཁང་དུ་འཛུལ་ཏེ་རྒྱ་ནག་གི་གཞུང་ཆེན་མོ《ཇུས་བློའི་ཁུག་པ་སོ་དྲུག》ལས་ལག་ལེན་མན་ངག་རེ་ཨེ་རྙེད་ལ་བལྟས་ནས་བསྡད་པ་ཡིན།
   ཡིན་ནའང་། སྔ་ཉིན་དགོང་མོར་མོས་ང་ལ་སླར་ཡང་ཁ་པར་བཏང་ཡོང་ཞིང་གདོང་མཆི་མས་གང་བའི་ངུ་ངག་གིས་ཞུ་བ་བྱས་ཏེ། གྲོང་ཁྱེར་གྱི་ལྟེ་བར་གཞིས་ཆགས་པའི་ནུབ་གླིང་གི་ཆང་ཁང་ཞིག་ཏུ་གདན་འདྲེན་བྱས་བྱུང་བས། ངས་ཀྱང་ཨུ་ཚུགས་གྱོང་བོའི་མཐའ་མ་འཁྱོལ་བར་མོ་དང་ངོ་འཕྲད་པར་ཡིད་འཐད་བྱས་ཤིང་། ཆང་ཁང་དུ་ཕྱིན་ཏེ་ལྦུ་ཆང་ཤེལ་ཕོར་གྲངས་མེད་ཅིག་གི་མགོ་རྟིང་བསློགས་རྗེས། ཐབས་བརྒྱ་ཇུས་སྟོང་གིས་མོ་མགྲོན་ཁང་དེར་ཁྲིད་ཐབས་བྱས།
   བུ་མོ་ཞིག་མགྲོན་ཁང་དུ་འཁྲིད་རྒྱུ་ནི་དངོས་གནས་ལས་སླ་མོ་ཞིག་མ་རེད། ལྷག་པར་མེ་ཏོག་སྒྲོལ་མ་མགྲོན་ཁང་དུ་འཁྲིད་རྒྱུ་ནི་ཆུ་ནང་གི་ཉ་མོ་སྤང་ཁུད་དུ་གདན་འདྲེན་པ་དང་ཧ་ཅང་མཚུངས། མེ་ཏོག་སྒྲོལ་མ་མགྲོན་ཁང་དུ་ཁྲིད་ཆེད། ངས་རང་ཉིད་ཀྱི་བློ་གྲོས་རྩལ་དུ་སྤྲུགས་ཏེ་རྒྱ་ནག་གི་གཞུང་ཆེན་མོ《ཇུས་བློའི་ཁུག་པ་སོ་དྲུག》གི་མན་ངག་ཅི་ཡོད་ལག་ལེན་དུ་བསྟར་ཅི་ཐུབ་བྱས་པ་ཡིན།
   “ཁྱོད་ཀྱིས་ང་ལ་དོན་དེའི་སྐོར་གསལ་བཤད་བྱེད་པའི་གོ་སྐབས་ཤིག་ཀྱང་མི་སྟེར་དོན་ཅི་ཡིན།”
   “ཅི་ཞིག”
   “མ་ཤེས་ཁུལ་མ་བྱེད། ངའི་སྐོར་གྱི་གཏམ་ཡན་དེ་དག……”
   “འོ…… ངས་དེ་དག་ལ་ཁ་ཡ་བྱེད་ཀྱིན་མེད།”
   “ངས་དེ་དག་དོན་དངོས་མིན་ཟེར་ན་ཁྱོད་ཀྱི་རྣར་ཨེ་འགྲོ།”
   “རྣར་ལོས་འགྲོ།”
   “དེས་ན་ཉིན་འདི་དག་གི་རིང་དུ་ཁྱོད་ང་ལ་ངོ་མི་ཐུག་དོན་ཅི་ཡིན།”
   “ངས་ཁྱོད་མགྲོན་ཁང་དུ་ཁྲིད་ཐུབ་རྒྱུ་ཨེ་རེད།”
   “……”
   སྔ་ཉིན་དགོང་མོར་མེ་ཏོག་སྒྲོལ་མ་ངེད་གཉིས་ཀྱིས་ཉིག་ཡོག་ས་འོག་ལྕགས་ལམ་ཆང་ཁང་དུ་ལྦུ་ཆང་འཐུང་ཞིང་སྡོད་དུས། མོས་ང་ལ་དོན་དེའི་སྐོར་གླེང་རྩིས་བྱས་བྱུང་། ཡིན་ནའང་ངས་མྱུར་དུ་ཐོལ་བྱུང་གི་དྲི་བ་དེས་ལྡོག་འདྲི་ཞིག་བྱས་པ་ན། མོའི་གདོང་ནས་དེ་མ་ཐག་ལྐོག་གྱུར་གྱི་འཛུམ་མདངས་ཤིག་མངོན་ཞིང་། མཆུ་སྒྲོས་ལན་འགར་མུར་མུར་བྱས་རྗེས་དབུགས་རྨེག་གེར་ཕྱིན།
   ངས་བསམས་ན། འགལ་བའི་མེ་སྟག་ནི་སྔ་མོ་ནས་དེ་ལྟར་མཛུབ་མོའི་བར་དུ་གཅིར་ནས་བསད་ན་འགྲིག་སྟེ། ལང་ཤོར་དུ་བཏང་དྲགས་ཚེ་བརྩེ་བའི་སྤང་ཐང་བསྲེག་པའི་ཉེན་ཁ་ཧ་ཅང་ཆེ།
   དེ་ནི་མེ་ཏོག་སྒྲོལ་མའི་སེམས་སུ་ཡང་གསལ་གྱི་ལེར་རྟོགས་ཡོད་ངེས་ཡིན། དེར་མ་ཟད། ངས་མོར་གསལ་བཤད་བྱེད་པའི་གོ་སྐབས་སྟེར་མི་སྲིད་པ་ཡང་སྔོན་ནས་རྟོགས་ཡོད་ཀྱང་སྲིད་མོད། ངས་ཚིག་མཚམས་གཅོད་བྱེད་དུ་དེ་འདྲའི་ཚིག་གི་སྟ་རེ་རྣོ་ངར་ཅན་ཞིག་བཀོལ་སྲིད་པ་དེ། མོའི་ཡིད་ཀྱི་དགུ་རུ་ཡང་ཤར་མེད་པ་འདྲ།
   ཡུན་རིང་ཞིག་ལ། མེ་ཏོག་སྒྲོལ་མས་ངག་བསྡམས་ཏེ་ཁུ་སིམ་མེར་ངའི་གདོང་ལ་ཅེར་ནས་བསྡད། མོས་དེ་ལྟར་སླར་ཡང་གསལ་བཤད་བྱེད་པའི་གོ་སྐབས་ཤིག་མཆུ་སྒྲོས་ནང་རོལ་གྱི་དུང་སོ་སུམ་ཅུའི་རྒྱབ་ལོགས་ནས་སྨྲ་ལྕེར་ཐིམ་དུ་བཅུག་སོང་། དེར་མ་ཟད་ཡུན་རིང་གྲ་སྒྲིག་བྱས་པའི་སྐད་ཆ་ཡོད་ཚད་ཀྱང་མིད་པའི་ནང་ནས་ཞག་བཞིན་དཀག་ཅིང་སྒོར་འབུད་རྒྱུ་མེད་པར་གྱུར།
   དེའི་དུས་ངས་ཀྱང་ཁ་རོག་གེར་ཤེལ་ཕོར་ནང་དུ་ལྦུ་ཆང་བླུགས་ཤིང་ཞབས་དག་བྱེད་བཞིན་མོའི་གདོང་ལ་བལྟས་ནས་བསྡད་པ་ཡིན། བར་སྐབས་དེར། ང་ལ་རང་ཉིད་ཀྱི་ཤེས་རབ་ལས་བྱུང་བའི་ཇུས་བློ་ཆུང་ཆུང་སྙིང་ལ་རྗེ་བོ་དེར་ཡིད་ཚིམ་པའི་ཚོར་སྣང་ཕྲ་མོ་ཉི་ཟེར་གྱི་ཞགས་པ་རྐང་གཅིག་ལྟ་བུ་ཞིག་བྱུང་།《ཇུས་བློའི་ཁུག་པ་སོ་དྲུག》དེ་ནི་ངས་ཇུས་བློ་དེ་ཉིད་ལག་ལེན་དུ་བསྟར་ཐེངས་དང་པོ་ཡིན།
   ཡིན་ནའང་ངས་མེ་ཏོག་སྒྲོལ་མར་གསལ་བཤད་བྱེད་པའི་གོ་སྐབས་མི་སྟེར་དོན་ནི། འགལ་བའི་མེ་སྟག་སྤང་ཐང་དུ་མཆེད་པའི་ཉེན་ཁར་གཡོལ་བ་མིན་ལ། 《ཇུས་བློའི་ཁུག་པ་སོ་དྲུག》ལས་བློ་ལ་ངེས་པའི་མན་ངག་ཅི་ཡོད་ལག་ལེན་དུ་བསྟར་བ་ནི་དེ་བས་ཀྱང་མིན།
   ང་ལ་མཚོན་ན། སློབ་གཉེར་གྱི་བྲེལ་ཟིང་བར་ནས་ཆེས་བདེ་སྐྱིད་ལྡན་པའི་དོན་ཞིག་བསྒྲུབ་འདོད་པ་ནི། མེ་ཏོག་སྒྲོལ་མ་དང་ལྷན་གཅིག་ཏུ་ལྷིང་འཇགས་ཀྱི་གྲུ་ག་ཞིག་ཏུ་འཛུལ་ཏེ། མོའི་གདོང་ལ་ལྟ་བཞིན་ཁུ་སིམ་མེར་ལྦུ་ཆང་འཐུང་བཞིན་སྡོད་པ་དེ་ཡིན། དེ་བས། ངས་མོའི་ཚིག་མཚམས་གཅོད་དོན་ནི་ལྷིང་འཇགས་ཀྱི་ཆེད་དུ་ཡིན་ཞེས་བཤད་ཀྱང་མི་ཆོག་པ་ཅི་ཡང་མེད།
   མཚན་མོ་དེར། ང་ལ་ཏག་ཏག་དེ་འདྲའི་ལྷིང་འཇགས་ཀྱི་སྐལ་བ་ཞིག་ཐོབ་སོང་། ངས་དེ་ལྟར་ལྦུ་ཆང་ཁེར་འཐུང་བྱེད་བཞིན་ཁུ་སིམ་མེར་མེ་ཏོག་སྒྲོལ་མའི་གདོང་ལ་ཅེར་ཞིང་བསྡད་པས། གནམ་གཅལ་ངོས་ནས་ཐུར་དུ་འོད་ཟེར་བཞིན་མཆེད་ཡོང་བའི་འཇམ་མཉེན་རོལ་དབྱངས་ཀྱི་སྒྲ་དང་། མཐའ་སྐོར་གྱི་མི་རྣམས་ཀྱི་ཁ་བརྡའི་སྒྲ་ཟ་ཟི་གློག་གི་འོད་སྣང་ལྟ་བུ་དེ་དག་ཀྱང་། མ་གཞི་ནས་ཟང་ཟིང་གི་རྒྱུ་མིན་པ་ལྟར་དུ་རང་བཞིན་གྱིས་ལྷིང་འཇགས་ཀྱི་རྐྱེན་དུ་གྱུར་ཏེ། ངའི་ལུས་སེམས་གཉིས་ཀ་སྔར་ལས་ཀྱང་གཏིང་ཟབ་པའི་ལྷིང་འཇགས་ཞབས་བརྡོལ་ཞིག་གི་གཏིང་རིམ་དུ་བྱིང་སོང་།
   དེ་དང་ལྷན་ཅིག མེ་ཏོག་སྒྲོལ་མའི་ཡིད་འོང་གི་སྐྱེས་གཟུགས་ལས་མཛེས་སྡུག་གི་ཆ་ཤས་ཕྲ་མོ་དག་ཀྱང་ངའི་མཐོང་ལམ་དུ་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ། ཐ་ན་མོའི་དབུགས་ཀྱི་རྒྱུ་བ་དང་ལྷན་དུ་མཁུར་ཚོས་དང་མཆུ་སྒྲོས། སྣ། སྐྲ་ལོ་སོགས་ཕྱི་རུ་ཅུང་ཟད་འབུར་ཞིང་ཕྱིར་སྐུམ་པའི་སྟངས་སྟབས་ཀྱང་།
ངའི་མཐོང་ལམ་གྱི་འཆར་ཤེལ་ངོས་སུ་ཕྲ་མཐོང་ཆེ་ཤེལ་བཙུགས་པ་ནང་བཞིན་གསལ་གྱི་ལེར་མངོན།
   ནམ་རྒྱུན་ལྟར་ན་མེ་ཏོག་སྒྲོལ་མ་ཡང་ལྷིང་འཇགས་ལ་མོས་པའི་བུ་མོ་ཞིག་ཡིན་ཡང་། མཚན་མོ་དེར་མོས་གཏིང་མཐའ་མེད་པའི་ལྷིང་འཇགས་དེའི་ཁྲོད་ཀྱི་ཁེར་རྐྱང་བཟོད་ཀྱིན་མེད་པ་འདྲ་སྟེ། བར་སྐབས་ཤིག་ལ་མོས་ངའི་ཕྱོགས་སུ་མངོན་ཆུང་གིས་བལྟས་ཙམ་བལྟས་ཙམ་བྱས་རྗེས་གློ་བུར་ཅོག་ཙེའི་སྟེང་ནས་ལྦུ་ཆང་གི་ཤེལ་དམ་ཞིག་བླངས་ཏེ་ང་ལ་ཆང་དྲངས་ཡོང་། ངས་མོས་དྲངས་པའི་ཆང་དེ་དབུགས་ཐེངས་གཅིག་གིས་ཞབས་དག་བྱས་པ་ན། མོས་སླར་ཡང་ལྦུ་ཆང་ཤེལ་ཕོར་ལྟེམ་མེ་བ་ཞིག་དྲངས་བྱུང་། ངས་དེ་ཡང་དབུགས་ཐེངས་གཅིག་གིས་ཞབས་དག་བྱས་པར། མོས་སླར་ཡང་ང་ལ་ལྦུ་ཆང་ཤེལ་ཕོར་ལྟེམ་མེ་བ་ཞིག་དྲངས་བྱུང་།
   དེ་ལྟར། ངས་མེ་ཏོག་སྒྲོལ་མས་དྲངས་པའི་ལྦུ་ཆང་ཤེལ་ཕོར་གསུམ་པོ་ཞབས་དག་བྱས་རྗེས་སླར་ཡང་མོའི་གདོང་ལ་བལྟས་ཙ་ན། མོས་ང་ལ་ངོ་མཚར་བའི་འཛུམ་ཆུང་ཞིག་སྟོན་པར་བྱེད། དེ་ནི་བརྩེ་བའི་འཛུམ་མདངས་ལྷུག་ལྷུག་འཕྲོ་བ་ཙམ་མིན་པར། ཆགས་པའི་རི་མོ་འབུར་གཟུགས་སུ་བཀྲ་བ་ཞིག་རེད། དེ་ནི་ང་སྣང་བ་འཁྲུལ་བ་ག་ལ་ཡིན་ཏེ། མོ་གསར་ཞིག་གིས་སྟག་ཤར་ཞིག་འདོད་པའི་དུས་ཀྱི་མིག་མདངས་ནི་ནམ་རྒྱུན་གྱི་ལྐོག་གྱུར་དེ་བོར་འགྲོ་བ་ཞིག་སྟེ། སེམས་རིས་ཅི་ཡོད་རྗེན་པར་མངོན་ནས་ཕ་རོལ་པོ་འགུགས་ཅི་ཐུབ་བྱེད་པ་ཞིག་རེད། མེ་ཏོག་སྒྲོལ་མའི་འདོད་འཇོའི་འཛུམ་ཆུང་དེས་སྐད་ཅིག་ཉིད་དུ་ངའི་ཡིད་སེམས་བློང་བློང་བོར་བཟོས་ཤིང་། ལུས་པོ་ཡང་གྱང་ཁའི་རྩྭ་ལོ་ནང་བཞིན་འདར་ཙམ་འདར་ཙམ་བྱས་སོང་།
   ཏག་ཏག་སྐབས་དེར། ངས་ཨམ་གཙིགས་བསྡམས་ཏེ་རང་སེམས་ནང་ལ་གཅུན་ཅི་ཐུབ་ཀྱིས། 《ཇུས་བློའི་ཁུག་པ་སོ་དྲུག》ལས་མེ་ཤོར་པ་ལ་བརྟེན་ནས་འཕྲོག་བཅོམ་བྱེད་པའི་ཇུས་བློ་ཡིད་ལ་བསྒོམས་ཏེ་གོ་སྐབས་དམ་འཛིན་བྱས།
   “འུ་གཉིས་མགྲོན་ཁང་དུ་འགྲོ། ཁྱོད་ཀྱིས་མི་འགྲོ་མ་ཟེར།”
   “ཁྱོད་ཀྱིས་ང་ནི་བུ་མོ་དེ་འདྲ་ཞིག་མིན་པ་མི་ཤེས་སམ།”
   “ངས་མི་ཤེས།”
   “ཁྱོད་དངོས་གནས་ང་ལ་ཡིད་མི་ཆེས་སམ།”
   “ཁྱོད་ང་དང་མཉམ་དུ་མགྲོན་ཁང་ནང་དུ་འགྲོ་མི་འདོད་དམ།”
   “……”
   མེ་ཏོག་སྒྲོལ་མས་སླར་ཡང་ངག་བསྡམས་ཏེ་ཡུན་རིང་འགོར། ཡིན་ནའང་ཐེངས་དེར་མོའི་གདོང་ནས་ལྐོག་གྱུར་གྱི་འཛུམ་ཆུང་ནི་ལྟ་ཅི། ངའི་ཕྱོགས་སུ་མིག་ཟུར་གྱིས་བལྟས་ཙམ་ཡང་མ་བྱས་པར་མགོ་བོ་ཕར་གཅུས་ནས་ཁུ་སིམ་མེར་བསྡད་སོང་། ངས་སྔར་བཞིན་གཡོན་ལག་གི་ཤེལ་ཕོར་ནང་དུ་གཡས་ལག་གི་ཤེལ་དམ་ལས་ལྦུ་ཆང་ལྟེམ་མེ་བ་རེ་བླུགས་ཤིང་ཞབས་དག་བྱས་རྗེས། སླར་ཡང་ལྟེམ་མེ་བ་རེ་བླུགས་ནས་ཞབས་དག་བྱེད་བཞིན་མོའི་རྣམ་འགྱུར་ལ་བལྟས་ནས་བསྡད།
   སྐབས་དེར། མེ་ཏོག་སྒྲོལ་མའི་མགོ་བོ་གཡོན་ཕྱོགས་སུ་གཅུས་ཤིང་ཐུར་དུ་ཅུང་ཟད་སྒུར་ནས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་ནའང་། མོའི་ནག་ཅིང་སྣུམ་པའི་སྐྲ་ལོ་དང་། ཅུང་ཟད་མཐུག་ལ་ཕྱི་རུ་འབུར་བའི་མཆུ་སྒྲོས། དཀར་ཞིང་སྲབ་ལ་ཐུར་དུ་ཅུང་རིང་བའི་རྣ་ཅོག ད་དུང་། ཡ་ཐོད་བསྐྱོར་བའི་གཡས་ལག་གི་མཛུབ་མོ་ཕྲ་ལ་རིང་བ་དེ་དག་འགུལ་ཙམ་འགུལ་ཙམ་བྱེད་པ་སོགས་ཀྱིས། གློག་འོད་ཟ་ཟི་ཤར་རྒྱུག་ནུབ་རྒྱུག་བྱེད་པའི་སྟངས་སྟབས་དང་ལྷན་དུ། ངའི་ལུས་ཀྱི་དབང་རྩ་མཐའ་དག་འཐོམས་ཤིང་སྦྲིད་པར་བྱས་ཏེ། ང་ནི་སྔར་བྱུང་མ་མྱོང་བའི་བག་ཕེབས་ཀྱི་གདན་སྟེང་ཞིག་ཏུ་གྲིལ་སོང་།
   “མེ་ཏོག་སྒྲོལ་མ་ནི་བཅུ་དྲུག་ལང་ཚོས་སྒེག་པའི་ལྷ་མོ་ཞིག་དངོས་སུ་མདུན་དུ་བྱོན་པ་དང་དབྱེར་མ་མཆིས་ཤིང་། ཚ་གདུག་དང་ཙག་རླུང་གིས་མནར་མ་མྱོང་བའི་དོང་ནང་གི་མེ་ཏོག་ཅིག་ལ་ཡང་ཅིས་མི་མཚུངས་ཨང་།”
   “མེ་ཏོག་སྒྲོལ་མ་ནི་མིག་གིས་མྱོང་བྱ་ཞིག་ལས་ལག་པས་རེག་བྱ་ཞིག་གཏན་ནས་མ་རེད།”
   “མེ་ཏོག་སྒྲོལ་མ་ནི་དངོས་གནས་དོང་ནང་གི་མེ་ཏོག་ཅིག་རེད།”
   ངའི་ཡིད་ལ་དེ་ལྟར་ཡང་ཡང་བསམས་ཤིང་ལྦུ་ཆང་ཞབས་དག་བྱེད་བཞིན་མེ་ཏོག་སྒྲོལ་མའི་གདོང་ལ་བལྟས་ནས་བསྡད་པ་ན། མོ་ནི་དོང་ནང་གི་མེ་ཏོག་ཅིག་གམ་ཡིད་འོང་གི་ལྷ་མོ་ཞིག་ལྟར། ངའི་མཐོང་བྱེད་ཀྱི་གསོས་སུ་སྨིན་ཏེ་བཀྲག་མདངས་ལམ་ལམ་འཚེར།
   ང་དེ་ལྟར་མེ་ཏོག་སྒྲོལ་མའི་མཛེས་སྡུག་གི་སྤང་ཐང་སྟེང་ནས་སྙིང་རྗེ་བའི་ལུ་གུ་ཞིག་ལྟར་ལུས་ཏེ་ཡུན་རིང་ཕྱིན།
   བར་སྐབས་ཤིག་ལ། མེ་ཏོག་སྒྲོལ་མ་གློ་བུར་ཏག་སེ་ཡར་ལངས་ཤིང་ང་ལ་ལྐོག་གྱུར་གྱི་ཟུར་མིག་ཅིག་འཕངས་རྗེས་རྒྱབ་ཁུག་ཁུར་ནས་ལམ་ལ་ཆས་བྱུང་། ཟུར་མིག་དེ་ནི་ཡར་སྔོན་གྱི་འཛུམ་ཆུང་དེ་དང་མཐོང་སྣང་མི་འདྲ་ཡང་ངོ་བོ་དབྱེར་མེད་དུ་ངེས་པས། ངས་ཀྱང་དེ་མ་ཐག་ཤུལ་དུ་ལྦུ་ཆང་ཤེལ་དམ་ཕྱེད་ཙམ་ལུས་པ་དབུགས་ཐེངས་གཅིག་གིས་ཞབས་དག་བྱས་རྗེས་མོའི་རྗེས་སུ་འབྲངས།
   ཕྱི་རོལ་ཏུ་གྲང་རླུང་འུར་འུར་ལྡང་ཞིང་ལམ་འགྲམ་གྱི་ལྕང་སྡོང་དག་ནི་སྲང་ལམ་གཞུང་གི་ལམ་འགྲོ་པ་དེ་དག་དང་འདྲ་བར་འདར་སིག་སིག་བྱེད་ཀྱིན་འདུག ཡིན་ནའང་ང་ལ་གྲང་བའི་ཚོར་སྣང་ཕྲན་ཙམ་ཡང་མ་བྱུང་། མེ་ཏོག་སྒྲོལ་མས་མདུན་དུ་ཕྱི་མིག་ཙམ་ཡང་མི་བལྟ་བར་ལྡེམ་སེ་ལྡེམ་སེ་འགྲོ། ངས་མོའི་རྒྱབ་གཟུགས་མིག་གིས་འཚོ་ཞོར་མདུན་ཕྱོགས་སུ་ཕྱིན་པ་ན། ཟླ་བཅུ་གཅིག་པའི་གྲང་རླུང་ནི་ངའི་གདོང་ལ་དབྱར་མགོ་མའི་བསིལ་རླུང་ནང་བཞིན་བསིལ་དྭངས་སེ་བབས་ཤིང་། སྐྲ་ལོ་འཕྱོ་ཙམ་འཕྱོ་ཙམ་བྱས་རྗེས་རྒྱང་དུ་བཞུད།
   ལྦུ་ཆང་གི་བཟི་ཁ་བཙན་པས་ཡིན་ནམ། གང་ལྟར་མཚན་མོའི་སྲང་ལམ་དུ་སྐྱོད་ཀྱིན་སྐྱོད་ཀྱིན། ངའི་དབང་རྟེན་རྣམས་ནི་གཉིད་ཀྱིས་ནོན་པ་ནང་བཞིན། རང་དབང་མེད་པར་ཁ་ནང་རུབ་ཏུ་བསྡུས་ཏེ་མུན་འཐོམ་མེར་འགྱུར་མགོ་བརྩམས།
   2
   ཁ་སང་ཕྱི་དྲོར་ང་ཨ་ཕ་དང་ཁོའི་གྲོགས་པོ་རྣམས་སྡོད་སའི་མགྲོན་ཁང་དེར་འབྱོར་དུས་ནི་ཆུ་ཚོད་གཉིས་པ་ཙམ་རེད།
   སྒོ་ཕྱེ་བ་དང་ནང་དུ་གོམ་པ་སྤོས་ཙ་ན། དཔོན་པོ་རྣམས་ཀྱི་སྡོད་སར་ཐུན་མིན་དུ་ཡོད་པའི་དྲི་ངན་ཞིག་གིས་ངའི་དབུགས་ཀྱི་རྒྱུ་བ་ཏབ་ཅིག་བཀག་ཅིང་།སྐྱུག་མེར་ཀེར་ཀེར་ལངས་ནས་བཟོད་ཐབས་བྲལ་པར་གྱུར། དེ་ནི་ཆང་རག་དང་ཐ་མག བུད་མེད་གསུམ་གྱི་དྲི་ངན་འདྲེས་སྦྱོར་བྱས་པ་ལས་བྱུང་བའི་ཕུང་གསུམ་པའི་དྲི་ངན་སྣ་སྒོ་ཚ་ལམ་ལམ་དུ་གཏོང་བྱེད་ཅིག་སྟེ། སྐྱེས་པ་རྣམས་ཀྱིས་བག་མེད་དུ་སྤྱད་དེ་སོལ་དུག་ནང་བཞིན་ཐོན་སྐྱེད་བྱས་རྗེས། ཁང་བའི་ནང་རོལ་གྱི་མཁའ་དབུགས་ཁྲོད་དུ་བཙའ་ལྟར་ཆགས་ཏེ་གཡོ་ཙམ་གཡོ་ཙམ་བྱེད་པ་ལས། སྒེའུ་ཁུང་ཕྱི་རོལ་ཏུ་སྐྱོད་ཐབས་མེད་པ་ཞིག་རེད།
   “རྫོང་དཔོན་བཀྲ་ཤིས། ཁྱོད་ཚང་གི་ཕོ་གསར་སླེབས་བྱུང་།”
   སྒོ་འབྱེད་མཁན་གྱི་སྐྱེས་པ་ཕོ་ལུག་དེས་ངའི་ཨ་ཕའི་ཕྱོགས་སུ་འཁོར་ནས་དེ་ལྟར་སྐད་བརྒྱབ་རྗེས། ཁ་ཕྱིར་འཁོར་ནས་སྒྲིག་ཤོ་རྩེ་སའི་རང་ཉིད་ཀྱི་འདུག་སྟེགས་སྟེང་དུ་ལོག་སོང་།
   ང་ཁ་མལ་ནས་ལངས་ཏེ་ནང་རོལ་ཏུ་བལྟས་པ་ན། ངའི་ཨ་ཕ་ཡང་སྒྲིག་ཤོའི་ཅོག་ཙེའི་འགྲམ་དུ་ཡོད་ཅིང་། ཁོས་མཛུབ་བར་དུ་སྒྲིག་ཤོ་ཞིག་བཙིར་ནས་ས་ལ་འཕེན་དགོས་མིན་སེམས་ཐག་མ་ཆོད་པར་ཕུར་ཕུར་བྱེད་ཀྱིན་འདུག་སྟེ། མཐའ་སྐོར་གྱི་མི་གཞན་རྣམས་ཀྱིས་ཁོའི་གདོང་གི་རྣམ་འགྱུར་ལ་བལྟས་ནས་སྡོད།
   “ནང་ལ་ཤོག ནང་ལ་ཤོག ཧད་ནས་མ་འདུག”
   ཨ་ཕས་ཕ་རོལ་ནས་ཕྱི་མིག་ཅིག་ཀྱང་མ་བལྟས་པར་ང་ལ་དེ་ལྟར་སྐད་བརྒྱབ་བྱུང་། ཁོའི་སྐད་ཀྱི་ནང་དུ་གར་ཡོང་མི་ཤེས་པའི་ཞེ་སྡང་གི་ངར་ཤུགས་ཤིག་གིས་ཁེངས་འདུག་ཅིང་། ནམ་རྒྱུན་གྱི་ཟིལ་ཤུགས་དེ་ཡང་མ་དོར་བར་སྔར་མལ་དུ་ཡོད་པས། ངའི་རྣ་ལམ་ནས་བྲག་ཆ་བཞིན་ཡང་ཡང་གྲག་སྟེ་སྙིང་ལ་ཟུག་གཟེར་ཕྲ་ལ་རིང་བ་ཞིག་བསྐྱེད་བྱུང་། ཡིན་ནའང་ང་སྔར་བཞིན་ཁ་མལ་ནས་ཡུད་ཙམ་ལ་མ་འགུལ་བར་བསྡད་པ་ཡིན།
   ཁང་བའི་ནང་རོལ་གྱི་དྲི་ངན་ཕུང་གསུམ་པ་དེའི་ཁྲོད་དུ་མགོ་བོ་གཏོང་བ་ནི་དངོས་གནས་ཐབས་རྡུགས་ཀྱི་ལས་ཤིག་ཡིན་ཏེ། ང་མྱུར་མོར་ནང་དུ་ཕྱིན་ན་དྲི་ངན་དེར་ཞེན་ཁ་ལོག་ཅིང་སྐྱུག་མེར་ལངས་ནས་རང་ཉིད་ཀྱི་སྐྱུག་རོ་ཡང་ཁང་བའི་ནང་གི་དྲི་ངན་དེའི་ཁྲོད་དུ་འབྱོ་བའི་ཉེན་ཁ་ཧ་ཅང་ཆེ། སྤྱིར་དྲི་ངན་ཁྲོད་དུ་དྲི་ངན་བསྲེས་ནའང་སྔར་བཞིན་དྲི་ངན་ལས་ཅི་ཡང་འབྱུང་མི་སྲིད་མོད། གལ་ཏེ་སྟབས་མ་ལེགས་པར་ངས་དངོས་གནས་རང་ཉིད་ཀྱི་སྐྱུག་རོ་ཁང་བའི་ནང་གི་དྲི་ངན་ཁྲོད་དུ་བྱོས་ན། ཨ་ཕས་ང་ལ་གཤེ་གཤེ་དྲག་པོ་བཏང་ནས་ཆད་པའི་ཚུལ་དུ་ཕྱི་དྲོ་ཧྲིལ་པོར་ཁང་བར་གཙང་སྦྲ་བྱེད་དུ་འཇུག་ངེས་ཡིན། དེ་བས་ངས་ཀྱང་རང་སེམས་གཅུན་ཅི་ཐུབ་ཀྱིས་རང་ཉིད་ཀྱི་འགྲོ་འདུག་ལ་མཉམ་འཇོག་གང་ནུས་བྱས།
   ངའི་ཨ་ཕ་ནི་རྫོང་དཔོན་གཞོན་པ་ཞིག་ཡིན། ང་ནི་ཁོར་བྱིས་པ་བདུན་ཡོད་པའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ངའི་ཨ་མ་ནི་ཁོའི་ཆུང་མ་གསུམ་པ་ཡིན་ལ། ཁོ་གཉིས་ཀར་བྱིས་པ་ང་གཅིག་པུ་ལས་མེད། ལོ་བཅུ་གསུམ་གྱི་སྔོན་དུ་ང་ལོ་བཅུ་གཅིག་ཡིན་དུས། ངའི་ཨ་ཕས་ངེད་མ་བུ་གཉིས་གཡུགས་ཏེ་བུད་མེད་གཞན་ཞིག་ལ་མཐུན་ཞིང་ཡུན་རིང་མ་འགོར་བར་མོ་དང་གཉེན་བསྒྲིགས་སོང་། དེ་བས་ངེད་གཉིས་ཀྱིས་ལོ་བདུན་ལྷག་ལ་ཁ་མ་བསྲེས་པར་བསྡད་པ་ཡིན།
   ཡིན་ནའང་། ལོ་དྲུག་གི་ཡར་སྔོན་དུ་ཁོས་ངའི་ཨ་མའི་ཁྱོ་ག་འཕྲོག་མཁན་བུད་མེད་དེ་མ་བུ་ཚོ་ཡང་གཡུགས་ཏེ་བུད་མེད་གཞན་ཞིག་དང་གཉེན་བསྒྲིགས་པས། ངེད་གཉིས་ཀྱི་འབྲེལ་བ་ཡང་རིམ་བཞིན་ཇེ་བཟང་དུ་གྱུར།
   དེ་ལ་རྒྱུ་མཚན་མང་བོ་མེད་དེ། གཅིག་ནི་ངའི་ཨ་མ་ཡང་སྐྱེས་པ་གཞན་ཞིག་གི་ཆུང་མ་བྱས་ཤིང་མོའི་ཁྱོ་ག་དེ་ང་ལ་ངའི་ཕ་ལས་ཀྱང་སྡང་བ་དང་།གཞན་ཞིག་ནི་ངའི་ཨ་ཕའི་ཆུང་མ་ལྔ་པ་དེ་ནི་ངའི་ཨ་མའི་ཁྱོ་ག་འཕྲོག་མཁན་མིན་པར་མ་ཟད། མོས་ངའི་ཨ་མའི་ཁྱོ་ག་འཕྲོག་མཁན་གྱི་ལག་ནས་མོའི་ཁྱོ་ག་ཕྲོགས་ཤིང་། ང་ལ་ཡང་འདང་རྩིས་ཧ་ཅང་ཆེ་བས་ཡིན།
   “དེ་ནས་སྡོད་དང་། ཅུང་ཙམ་གྱིས་འུ་ཚོ་ནུབ་འཚལ་འཐུང་དུ་འགྲོ།”
   ཨ་ཕས་སླར་ཡང་ང་ལ་དེ་སྐད་བཤད་པ་ལས་སྔར་བཞིན་མིག་གིས་བལྟས་ཙམ་ཡང་བྱས་མ་སོང་།ཁོའི་ཁ་ནང་དུ་ཐ་མག་རྐང་གཅིག་བཙུགས་འདུག་ཅིང་། དུས་ཡུན་ཐུང་ངུ་ཞིག་ལ་འཐེན་རྒྱུ་བརྗེད་པའི་དབང་གིས་ཐ་མག་གི་སྣེ་རུ་ཚག་ཐལ་རིང་བོ་ཞིག་ས་རུ་ལྷུང་ལ་ཁད་བྱེད་ཀྱིན་འདུག དེ་མ་ཐག་ངའི་སེམས་སུ་སླར་ཡང་ན་ཟུག་ཅིག་ལངས་ཤིང་། ཨ་ཕས་ཚག་ཐལ་དེ་ཡང་རང་ཉིད་ནང་བཞིན་སྣང་མེད་དུ་སྐྱུར་བར་འཁོན་སེམས་ཤིག་སྐྱེས་བྱུང་། ཡིན་ནའང་མཐུད་ནས་དགོད་རྒྱུ་འགོག་མེད་ཅིག་དང་ངུ་རྒྱུ་འགོག་མེད་ཅིག་ཀྱང་སྤྲིན་ནག་གསེབ་ཀྱི་འབྲུག་སྒྲ་ནང་བཞིན་ཞེ་ལ་འཁོར་ཡོང་།
   ང་དགོད་རྒྱུ་ཡོང་དོན་ནི་ངས་རང་ཉིད་ཚག་ཐལ་ཞིག་དང་བསྡུར་བས་ཡིན་ལ། ང་ངུ་རྒྱུ་ཡོང་དོན་ཡང་རང་ཉིད་ཚག་ཐལ་ཞིག་ལ་བསྡུར་དགོས་པའི་ཚད་ལ་ལྷུང་བས་ཡིན། གང་ལྟར། ཡུད་ཙམ་ནས་ཨ་ཕའི་ཐ་མག་གི་སྣེ་མོར་སྤུངས་པའི་ཚག་ཐལ་དེ་རང་བཞིན་གྱིས་ས་རུ་ལྷུང་སོང་། དེ་ནི་ང་ཨ་ཕས་ཇི་ལྟར་སྣང་མེད་དུ་བསྐྱུར་རུང་ཁོའི་གམ་ནས་ཁ་རོག་གེར་སྡོད་པ་དང་ཅིས་མི་མཚུངས། ངས་དེ་ལྟར་སེམས་བཞིན་ལངས་ནས་སྡོད་མི་ཚུགས་ནའང་། ཨ་ཕའི་གམ་ནས་སྐུ་སྲུང་པ་ཞིག་ལྟར་མི་འདུག་ཀ་མེད་བྱུང་།
   “རྫོང་དཔོན་བཀྲ་ཤིས། ཁྱོད་ཀྱི་བུ་འདིའི་སྐྱེས་གཟུགས་ནི་ཁྱོད་དཔར་བ་དང་མཚུངས། ཁྱོད་གཞོན་དུས་དང་ཨ་ན་མ་ན་རེད།”
   བར་སྐབས་ཤིག་ལ། ཡར་སྔོན་སྒོ་འབྱེད་མཁན་གྱི་སྐྱེས་པ་ཕོ་ལུག་དེས་ངའི་ཕྱོགས་སུ་བལྟས་ཙམ་བྱས་རྗེས་ངའི་ཨ་ཕར་དེ་ལྟར་བཤད་བྱུང་། སྐབས་དེར་ཁོའི་གདོང་དུ་ལྐོག་གྱུར་གྱི་འཛུམ་མདངས་ཤིག་མངོན་འདུག་སྟེ། དེའི་དོན་ནི་ངས་རང་ཉིད་ཀྱི་བློ་གྲོས་ཀོ་བཞིན་མཉེད་ཅིང་འོ་མ་བཞིན་དཀྲུགས་ནས་ཚོད་དཔག་བྱས་པ་ནོར་མེད་ན། ངས་གང་བྱུང་དུ་བཤད་པ་ཡིན་ཞེས་པ་དེ་རེད།
   “སྐྱེས་གཟུགས་ཡག་རུང་བཀོལ་སྤྱོད་བྱེད་མ་ཐུབ་ན་ཡོང་རྒྱུ་ཅི་ཞིག་ཡོད། ང་གསར་བུ་ཡིན་དུས་ཁོ་འདྲ་བ་ཞིག་ག་ལ་ཡིན། དེའི་དུས་མཁའ་འགྲོ་མའི་ཚོགས་བསྐོར་བ་ཡིན།”
   ངའི་ཨ་ཕས་བུད་མེད་གླེང་མ་ཐག་གཞན་གྱི་རྣམ་འགྱུར་ལ་ཡང་མི་བལྟ་བར་ཅི་ནུས་གང་ཐུབ་ཀྱིས་ང་ལ་ཟུར་ཟའི་མདའ་མོ་འཕེན་ངེས་ཡིན་ཏེ། དེ་ནི་ཁོས་རང་ཉིད་ཀྱི་བུའི་གཤིས་ཀ་ལས་མཐོང་བའི་སྐྱོན་ཆ་ཆེ་ཤོས་ཤིག་ཡིན་ཞིང་། ནམ་ཡང་གུ་ཡངས་སུ་བཏང་མ་མྱོང་ལ། ཁོ་རང་ཉིད་ཀྱི་བླ་ན་མེད་པའི་འཇོན་ཐང་ཞིག་ཏུ་ཡང་རློམ་བཞིན་ཡོད།
   “ངས་བལྟས་ན་ཁྱོད་ཚང་གི་གསར་བུ་འདི་ཁྱོད་ལས་ཀྱང་ངར་རྒྱུ་རེད། གསར་བུ། ནངས་མོར་ཁ་པར་བཏང་ན་ཕྱི་དྲོར་མ་གཏོགས་མི་ཡོང་དོན་ནི། གསར་མོ་ཞིག་གི་རུམ་ནས་འཆི་ལ་ཁད་ཅིག་བྱས་སོང་བ་མིན་ནམ།”
   ཡར་སྔོན་སྒོ་འབྱེད་མཁན་གྱི་སྐྱེས་པ་ཕོ་ལུག་དེས་སྔར་བཞིན་གདོང་ནས་ལྐོག་གྱུར་གྱི་འཛུམ་ཞིག་མངོན་བཞིན་ང་ལ་དེ་སྐད་དྲིས་ཤིང་ཚུར་བལྟས་ནས་བསྡད། དེ་མ་ཐག་ངས་ཞེ་སྡང་ཁོག་ཏུ་མ་ཆུད་པར“ང་གར་སོང་ཁྱོད་ལ་འབྲེལ་བ་ཡོད་དམ”ཞེས་པའི་ལྡོག་འདྲི་ཞིག་བྱེད་བསམས་ཀྱང་། སྐད་ཆ་མིད་པའི་ནང་དུ་ཐོན་མ་ཐག་གམ་དུ་ཡོད་པའི་ཨ་ཕ་མཐོང་ནས་ཁ་རོག་གེར་མི་སྡོད་ཀ་མེད་བྱུང་།
   “ཁོ་ལ་དེའི་འཇོན་ཐང་མེད། ཁོ་ད་རུང་དོང་ནང་གི་མེ་ཏོག་ཅིག་ཡིན།”ཨ་ཕས་གཞི་ནས་ཁོ་ཆེས་དགའ་བའི་དཔེ་འཇོག་དེ་བཀོལ་བྱུང་།
   “མེ་ཏོག ཧ་ཧ་ཧ། དཔེ་མི་སྲིད།”སྐྱེས་པ་ཕོ་ལུག་དེས་ཨ་ཕའི་དཔེ་འཇོག་གི་ནང་དོན་རྟོགས་ཀྱིན་མི་འདུག
   “ཁྱོད་ཀྱིས་སྐོར་ལོག་མ་དྲན། ངས་ཁོ་ད་རུང་ཁྲོན་པའི་ནང་གི་སྦལ་བ་ཞིག་རེད་ཟེར་བ་ཡིན།”
   “ཁྲོན་པའི་ནང་གི་སྦལ་བ། དོང་ནང་གི་མེ་ཏོག དོང་ནང་གི་མེ་ཏོག དེ་དངོས་གནས་དཔེ་འཇོག་ཡག་པོ་རེད……”
   “ཁྱོད་ཀྱིས་བལྟས་ན་ཁོ་དོང་ནང་གི་མེ་ཏོག་ཅིག་ལ་མི་འདྲའམ……”
   “དེ་དངོས་གནས་དཔེ་འཇོག་ཡག་པོ་ཞིག་རེད……”
   ཨ་ཕ་དང་སྐྱེས་པ་ཕོ་ལུག་དེ་གཉིས་ཀྱིས་རྫོགས་རྒྱུ་མེད་པའི་ཁ་བརྡ་ཞིག་གི་མགོ་བརྩམས་བྱུང་། ཁོ་གཉིས་ཀྱིས་ང་དོང་ནང་གི་མེ་ཏོག་ཅིག་ཡིན་ཚུལ་གླེང་དུས། ངའི་སེམས་ལ་གློ་བུར་མེ་ཏོག་སྒྲོལ་མ་དྲན་བྱུང་། ཆུ་ཚོད་གཅིག་ཙམ་གྱི་ཡར་སྔོན་དུ། ངས་མེ་ཏོག་སྒྲོལ་མ་མགྲོན་ཁང་ནང་ནས་བསྐྱུར་ཏེ་ཁ་འབྲལ་དུས། ཆུ་ཚོད་གཅིག་ལས་མི་འགོར་བའི་དམ་བཅས་ཡོད།
   དེར་མ་ཟད། ང་མྱུར་དུ་ཕྱིར་ལོག་ནས་རང་ཉིད་ཀྱི་འཆར་གཞི་གསར་བ་དེ་ལག་བསྟར་བྱེད་དགོས། ཡིན་ནའང་ད་ལྟ་སྐར་མ་བཞི་བཅུ་ལྷག་གཞི་ནས་འགོར་ཟིན་པས་ང་སྡོད་མི་ཚུགས་པར་གྱུར། ཨ་ཕ་དང་ཁོའི་གྲོགས་པོ་གཉིས་ལ་མཚོན་ན་སྒྲིག་ཤོ་རྩེད་ཞོར་དུ་ང་ལ་དེ་ལྟར་ཟུར་ཟ་བྱེད་པ་ནི། སྒྲིག་ཤོ་རྩེ་དུས་ཐ་མག་འཐེན་པ་འདྲ་ཞིག་ཡིན་ཡང་སྲིད་མོད། ངའི་ཡ་ཆུང་ནས་ཟུག་གཟེར་ཀེར་ཀེར་ལངས་ཏེ་བཟོད་ཐབས་བྲལ་པས། ཁ་རོག་གེར་མགྲོན་ཁང་གི་ཕྱི་རུ་བུད། ཨ་ཕས་ཁ་པར་ཡང་ཡང་བཏང་ནས་བཙན་སྐུལ་བྱས་པ་མ་གཏོགས། ང་དངོས་གནས་ཁོ་དང་ཁོའི་གྲོགས་པོ་རྣམས་སྡོད་སའི་མགྲོན་ཁང་གི་ཉེ་སར་བཏུད་ཀྱང་མི་འདོད་དེ། ཁོ་ཚོའི་ཁ་ནང་དུ་བུད་མེད་དང་དུ་ཆང་ལས་ཅི་ཡང་མེད།
   སྒོའི་ཕྱིར་ཐོན་པ་དང་ངས་མེ་ཏོག་སྒྲོལ་མར་ཁ་པར་བཏང་། ངས་མྱུར་དུ་རང་ཉིད་ལ་འཆར་གཞི་གསར་བ་ཞིག་ཡོད་པ་དེ་བསྒྲུབ་དགོས་སྙམ། ཡིན་ནའང་མོས་ཁ་པར་གྱི་གློག་སྒོ་གཏན་འདུག ཡར་སྔོན་སྡོད་སའི་མགྲོན་ཁང་དེར་ཕྱིན་དུས། ཞབས་ཞུ་པས་མོས་ང་སོང་མ་ཐག་ཁང་བ་ཕྱིར་བསློགས་ནས་ཆས་སོང་ཟེར།
   ཏག་ཏག་སྐབས་དེར། ངའི་སེམས་སུ་གློ་བུར་རང་ཉིད་ལ་ཡང་ཨ་ཕ་དང་ཁོའི་གྲོགས་པོ་དེ་དག་ནང་བཞིན་བུད་མེད་ལས་མི་དགོས་པ་འདི་ཅི་ཡིན་ནམ་སྙམ་ཞིང་རང་ཉིད་ལ་སྐྱོན་བརྗོད་བྱེད་བཞིན། ཨ་ཕས་ཁ་པར་གཏོང་བར་དོགས་ནས་ཁ་པར་གྱི་གློག་སྒོ་གཏན་ཞིང་ཉལ་ཁང་དུ་ལོག་སྟེ། དཔེ་ཁུག་བླངས་རྗེས་དཔེ་མཛོད་ཁང་དུ་ཕྱིན་ཞིང་། ཀློག་འཕྲོར་ལུས་པའི་རྒྱ་ནག་གི་སྒྲུང་ཆེན་མོ《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》མུ་མཐུད་དུ་བཀླགས།
   ལོ་གསུམ་གྱི་ཡར་སྔོན་དུ། ངས་སློབ་ཆེན་ལ་རྒྱུགས་འཕྲོད་དེ་སློབ་བསྡུའི་བརྡ་ཐོ་འབྱོར་བའི་ཉིན་དེར། ཨ་ཕས་ང་ལ་རྒྱ་ཡིག་གི་གནའ་དཔེ་ཕལ་སྐད་ལམ་ནས་བྲིས་པ་གཉིས་ཁྱེར་ཡོང་སྟེ“སློབ་ཆེན་གྱི་བསླབ་བྱའི་རྒྱུགས་འབྲས་མ་ལེགས་རུང་དེབ་འདི་གཉིས་ངེས་པར་བྱང་ཆུབ་པ་ཞིག་བློ་ལ་ངེས་དགོས། ནམ་ཞིག་ཁྱོད་ཀྱིས་ཀྱང་རྒྱལ་ཁབ་གསུམ་གྱི་ཇུས་བློ་འདོན་མཁན་རྣམས་ཀྱིས《ཇུས་བློའི་ཁུག་པ་སོ་དྲུག》ཇི་ལྟར་ལག་ལེན་དུ་བསྟར་བར་སློབ་སྦྱོང་བྱས་ཏེ་ཕ་ཤུལ་བུས་འཛིན་དགོས”ཞེས་གདམས་ཤིང་།ཡང“རྒྱ་ནག་གི་གཞུང་ཆེན་མོ《ཇུས་བློའི་ཁུག་པ་སོ་དྲུག》དང་། སྒྲུང་ཆེན་མོ《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》གཉིས་ནི་ཕ་བུ་ཞིག་དང་འདྲ་སྟེ། ཕྱི་མའི་རུས་རྐང་ཁྲོད་དུ་སྔ་མའི་རུས་རྐང་ཆུ་ལ་ཆུ་འདྲེས་པ་བཞིན་ཡོད་པ་ནི། ཁྱོད་ཀྱིས་ཚེ་གང་བོར་མིག་དཔེ་རུ་འཛིན་འོས་པ་ཞིག་ཡིན”ཞེས་གཞུང་སྒྲུང་དེ་གཉིས་ཀྱི་འབྲེལ་བ་ཡང་། ངེད་ཕ་བུ་གཉིས་ལྟར་རུས་གཅིག་པའི་འབྲེལ་བ་ཡིན་པ་དཔེ་མཚོན་གཏམ་རྒྱུད་དང་བཅས་ཏེ་ཕྱི་དྲོ་ཞིག་ལ་བཤད་བྱུང་།
   ཡིན་ནའང་སྐབས་དེར་གཅིག་ནས་ང་དེའི་སྐོར་ལ་སྤྲོ་བ་མེད་པ་དང་། གཉིས་ནས་ལོ་ཡང་ཆུང་བས་ཨ་ཕས་ཅི་བཤད་རྣ་གཅིག་གིས་ཉན་ཏེ་རྣ་གཅིག་གིས་སྒོར་ཕུད་པ་ཡིན།
   ངའི་ཨ་ཕ་ནི་རྫོང་དཔོན་གཞོན་པ་ཞིག་ལས་གོ་ས་ཆེས་མཐོ་བའི་དཔོན་ཆེན་ཞིག་མིན་མོད། ཁོ་དང་ཁོའི་མཐའ་སྐོར་གྱི་མི་མང་བོ་ཞིག་གིས་ཁོ་མིག་དཔེར་འཛིན་བཞིན་ཡོད་དེ། ཁོས་ངའི་ཕ་ཡུལ་གྱི་དམངས་སྲིད་ཅུས་ཀྲང་དང་དམངས་ཆེན་ཀྲུའུ་རེན། རྫོང་དཔོན་གཞོན་པ་བཅས་ཀྱི་འགན་བསྟུད་མར་ལོ་ངོ་བཅུ་དྲུག་ལྷག་ལ་ཁུར་བར་མ་ཟད་སྔ་ཕྱིར་ཆུང་མ་ལྔ་བརྗེས་པས། ངའི་ཕ་ཡུལ་ཕྱོགས་སུ་ཁོ་ལ་རྗེས་སུ་ཡི་རང་བྱེད་མཁན་མང་བོ་ཡོད།
   ཁོས་བཤད་ན། དེ་ནི་ཁོས་ལོ་ན་གཞོན་དུས་ལོ་ངོ་དུ་མའི་རིང་ལ་རྒྱ་ནག་གི་གཞུང་ཆེན་མོ《ཇུས་བློའི་ཁུག་པ་སོ་དྲུག》དང་། སྒྲུང་ཆེན་མོ《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》གཉིས་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པའི་བཀའ་དྲིན་ཡིན་ཟེར། ཁོས་དེ་ལྟར་འཆད་དུས་གདོང་ནས་ང་རྒྱལ་གྱི་འཛུམ་མདངས་ཤིག་འགོག་མེད་དུ་ཕྱིར་མངོན་ཡོང་ངེས་ཡིན་ཏེ། ཁོས་ནམ་ཡིན་ཡང་རང་ཉིད་ཀྱི་མི་ཚེ་ནི་བུ་ངའི་ཚེ་གང་གི་མིག་དཔེ་རུ་འཛིན་འོས་པར་ཡིད་ཆེས་བྱས་ཡོད།
   ཡིན་ནའང་། ཚེ་འདིར་ཁོ་ལ་བྱིས་པ་བདུན་ཡོད་ཀྱང་བུ་ནི་ང་གཅིག་པུ་ལས་མེད་དེ། ལྷག་མའི་དྲུག་པོ་ནི་བུ་མོ་རྐྱང་རྐྱང་ཡིན། དེ་བས་ཁོས་རེ་བ་བྱེད་ས་དང་མན་ངག་སྟེར་ས་ཡང་ང་གཅིག་པུ་ལས་མེད། དེར་མ་ཟད་ད་ལྟ་ཁོའི་བྱིས་པ་དག་ལས་ཁོ་ལ་བཀུར་བསྟི་བྱེད་མཁན་ཡང་ང་གཅིག་པུ་ལས་མེད་དེ། ལྷག་མའི་བུ་མོ་དེ་དག་གིས་ཁོ་ལ་ཨ་ཕ་ཞེས་མ་བོས་པར་ཡུན་རིང་འགོར་སོང་།
   ཁོའི་བུ་མོ་དེ་དག་ལས་ཆེ་བ་རྣམས་ཀྱིས་ཁྱིམ་བཟའ་ཚང་བསྒྲིགས་ཏེ་བྱིས་པ་ཡང་སྐྱེས་ཡོད་ལ། ཆུང་བ་རྣམས་ཀྱང་སོ་སོར་སློབ་ཆེན་དང་སློབ་འབྲིང་།སློབ་ཆུང་སོགས་འགྲིམས་ཏེ་གཤོག་རྩལ་རྒྱས་ཤིང་ལང་ཚོའི་ངར་ཤུགས་ཀྱི་ཁ་ལོ་མ་ཆུན་པར་བསྡད་ཡོད།
   ངའི་ཨ་ཕ་ནང་བཞིན་ཁོའི་བུ་མོ་དེ་དག་ལའང་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་དགའ་རོགས་བཙལ་རྒྱུར་དགའ་བ་དེ་ཡིན། ཁོའི་བུ་མོ་དེ་དག་ལས་ཆེ་བ་རྣམས་ཀྱིས་ཁོ་ནང་བཞིན་བཟའ་ཚང་ཡང་ཡང་བརྗེས་ཤིང་། ཆུང་བ་རྣམས་ཀྱིས་ཁོ་ནང་བཞིན་མཛའ་གྲོགས་ཉིན་བརྗེ་ཞག་བརྗེ་བྱེད་བཞིན་ཡོད། ཐ་ན་ཁོའི་ཆུང་མ་བཞི་པར་བུ་མོ་ལོ་བཅུ་དྲུག་ཅན་ཞིག་ཡོད་པ་དེ་མཐོ་འབྲིང་དུ་ཞུགས་ནས་ཟླ་གཉིས་མ་འགོར་བར་ཕོ་བ་འབུར་བས། སྨན་ཁང་དུ་བསྐྱལ་ཞིང་ཕྱིར་ཁྱིམ་དུ་ལོག་ནས་ཁམས་གསོ་བྱེད་ཀྱིན་འདུག་པའི་གནས་ཚུལ་ཡང་ཁོས་ང་ལ་གསང་ཅི་ཐུབ་བྱེད་ཀྱང་། ཀུན་གྱི་ངག་ན་རླུང་ལྟར་གྲག
   དེ་ལྟ་ནའང་། ངའི་ཨ་ཕ་བུད་མེད་ལ་དགའ་བའི་བྱ་སྤྱོད་དེར་འགྱུར་བ་ཕྲ་མོ་ཙམ་ཡང་བྱུང་མ་མྱོང་ཞིང་། ཁོས་རང་ཉིད་ཀྱི་བུ་གཅིག་པུ་ང་ལ་དགའ་རོགས་བཙལ་བའི་འཇོན་ཐང་མི་འདུག་བསམས་ནས། དོང་ནང་གི་མེ་ཏོག་རེད་ཅེས་འཕྱ་དམོད་དང་ཟུར་ཟ་བྱེད་པའི་མཚམས་ཀྱང་བཞག་མ་མྱོང་།
   3
   ཁ་སང་ནངས་མོར་ང་གཉིད་ལས་སད་དུས་ཞོགས་པའི་ཉི་ཟེར་སྒེའུ་ཁུང་གི་སྟེགས་བུའི་སྟེང་དུ་འཕྲོས་འདུག
   ངས་མིག་ཕྱེ་མ་ཐག་མེ་ཏོག་སྒྲོལ་མ་རང་ཉིད་ཀྱི་སྐེ་ལ་འཐམས་ནས་གམ་དུ་གཉིད་ཡོད་པ་མཐོང་བྱུང་། མེ་ཏོག་སྒྲོལ་མའི་མཁུར་ཚོས་ངའི་དཔུང་བའི་སྟེང་དུ་གླན་འདུག་ལ། སྐྲ་ལོའི་ཉག་མ་ཁ་ཤས་ངའི་གདོང་ལ་འཆོལ་ཞིང་། གཡོན་རྐང་ངའི་གཡོན་རྐང་གི་སྟེང་ལ་འཕངས་ཏེ་བྲང་ཁ་ངའི་བྲང་ཁར་གླན་ནས་ཡོད།
   མེ་ཏོག་སྒྲོལ་མས་དེ་ལྟར་ང་ལ་ཤ་མཆིན་པ་གླན་ནས་སྦྲུལ་ལྟར་འཁྱུད་འདུག་པས། ང་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར། ཡུད་ཙམ་ནས་སྙིང་ཆུང་ཡང་ལུ་གུ་ལྡིང་ལྡིང་བྱས་བྱུང་བས། ངས་མིག་ཟུང་བཙུམས་ཤིང་ལག་པ་བྲང་ཁར་བཞག་སྟེ། རིག་པ་ནང་ལ་བསྡུས་ཤིང་དབུགས་ཀྱི་རྒྱུ་བ་ཇེ་དལ་དུ་གཏོང་ཅི་ཐུབ་བྱས། ཡིན་ནའང་རིང་བོ་མ་འགོར་བར་ཆང་གི་དུག་ཁ་བཙན་པོས་ང་ལ་སྐོམ་པའི་གདུང་བ་ཚད་མེད་བསྐྱེད་དེ་ལུས་ཡོངས་མི་བདེ་བར་གྱུར་པས་འགུལ་ཙམ་འགུལ་ཙམ་བྱས་པ་ན། མེ་ཏོག་སྒྲོལ་མ་ཡང་གཉིད་ལས་སད་བྱུང་།
   “ཁྱོད་ཁ་སྐོམ་མམ། ངས་ཁྱོད་ལ་ལྦུ་སིབ་ཁུ་ནག་ཅིག་ཉོས་ཡོང་ཡོད།”
   མེ་ཏོག་སྒྲོལ་མས་གཡོན་ཕྱོགས་སུ་འགྲེ་ལོག་ཅིག་བརྒྱབ་ཅིང་ལག་པ་ཕར་བསྲིངས་ནས་ལྦུ་སིབ་ཁུ་ནག་ཅིག་ཁྱེར་ཡོང་སྟེ་ཁ་ཕྱེ་སོང་།
   སྐབས་དེར་ངས་མོའི་རྒྱབ་གཟུགས་ལ་བལྟས་པ་ན། བལྟ་བས་མི་བཟོད་པ་ཞིག་འདུག་སྟེ། དོར་ཐུང་ཞིག་གོན་ཡོད་པ་མ་གཏོགས་ལུས་ཡོངས་རྗེན་པོར་འདུག་པས། ཕར་འཁོར་ཚུར་འཁོར་བྱས་པ་དང་ལྷན་དུ་སྒལ་གཞུང་གི་ཚིགས་རུས་ཕྲེང་བ་མཉེན་ལྕུག་ལྡན་པའི་སྒོ་ནས་གཡས་འཁྱིལ་གཡོན་འཁྱིལ་བྱེད་པ་ཡང་ལྷང་ངེར་མཐོང་ཐུབ།
   དེ་ནི་ངས་ཐོག་དང་པོར་མེ་ཏོག་སྒྲོལ་མ་ལུས་རྗེན་དུ་བུད་འདུག་པ་མཐོང་བ་ཡིན་ཏེ། ལུས་རྗེན་དུ་བུད་པའི་མེ་ཏོག་སྒྲོལ་མ་ནི་དེ་འདྲའི་དཀར་ལ་དེ་འདྲའི་ཕྲ་ཞིང་མཉེན་ལྕུག་ལྡན་པ་ཞིག་རེད་ཨང་། ངས་རེ་ཞིག་མོས་ཚུར་གཏད་ཡོང་བའི་ལྦུ་སིབ་ཁུ་ནག་ལག་ཏུ་བླངས་པ་ལས་བཏུང་རྒྱུ་ཡང་བརྗེད་པར་གྱུར།
   “ལྦུ་སིབ་ཁུ་ནག་ཐུངས་དང་བཟི་དྭངས་སླ། མདང་དགོང་ཁྱོད་ངའི་གྱོན་ཆས་སྟེང་ལ་བསྐྱུགས་པས། ངས་གྱོན་ཆས་བཀྲུས་ནས་སྤྱོད་ཁང་ནང་གི་དྲོད་རླངས་སྟེང་དུ་བསྐམས་ཡོད། ཁྱོད་ཀྱི་སྟོད་ལྭའི་སྟེང་ལ་ཡང་སྐྱུག་རོ་བསྒོས་འདུག་པས་གཙང་མར་བཟོས་རྗེས་བསྐམས་ནས་བཞག་ཡོད།”
   མེ་ཏོག་སྒྲོལ་མ་སླར་ཡང་ངའི་གམ་དུ་ཉལ་ཞིང་ལུས་པོ་མལ་ཐུལ་གྱིས་གཅུད་རྗེས་ང་ལ་འཁོར་ནས་དེ་ལྟར་བཤད་བྱུང་། ཐེངས་དེར་མོས་ལུས་པོ་ཚུར་ངའི་བྲང་གཞུང་དུ་གླན་མ་བྱུང་ལ། ལག་པ་སྐེ་ལ་ཡང་མ་བསྲིངས་པར་མལ་ཐུལ་གྱི་ཁུད་དུ་སྙིང་རྗེ་བའི་ལུ་གུ་ཞིག་ལྟར་ལུས་སྒོང་སྒོང་བྱས་ཏེ་བསྡད་སོང་།
   “མདང་དགོང་ངས་ཆང་འཐུང་རྒྱུ་མང་ཐལ། སྐྱེ་བ་འདིར་དེ་འདྲ་ཞིག་བཟི་མ་མྱོང་།”
   ངས་མོའི་གདོང་དུ་བལྟ་མ་བཟོད་པར་སྒེའུ་ཁུང་ཕྱོགས་སུ་འཁོར་ནས་དེ་ལྟར་བརྗོད་ཅིང་། ལྦུ་སིབ་ཁུ་ནག་འཐུང་ཅི་ཐུབ་བྱས།
   མེ་ཏོག་སྒྲོལ་མ་ངེད་གཉིས་ཀྱིས་མཛའ་གྲོགས་བསྒྲིགས་ནས་ད་ནི་ལོ་ཡི་འཁོར་མོ་གཉིས་འགོར་ཟིན། དེའི་རིང་ལ་མོ་ནི་ངའི་ཉིན་མོ་ཟ་མ་ཟ་རོགས་དང་སློབ་ཁྲིད་ལ་ཉན་རོགས། དགོང་མོར་འཆམ་འཆམ་བྱེད་རོགས་དང་གློག་བརྙན་ལ་བལྟ་རོགས། ཆང་འཐུང་རོགས་བཅས་ཡིན་ཏེ། སློབ་གྲྭའི་ཕྱི་ནང་གི་ཐང་སྟོང་དག་ཏུ་ངེད་གཉིས་ཀྱིས་རྐང་རྗེས་མ་བཀོད་ས་ཞིག་མེད་ཅིང་། ཟ་ཁང་དག་ནས་ངེད་གཉིས་ཀྱིས་ཟ་མ་མ་ཟོས་པ་མེད་ལ། དྲ་ཁང་དག་ནས་ངེད་གཉིས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་མང་བོར་མཉམ་དུ་བལྟས་ཏེ་མཉམ་དུ་ཕྱིར་ཉལ་ཁང་དུ་ལོག་པ་ཡིན། དེར་མ་ཟད། ཆང་ཁང་དག་ནས་ངེད་གཉིས་ཀྱིས་ལྦུ་ཆང་ཐོད་གཏུག་བརྒྱབ་ཅིང་མཉམ་དུ་སྙན་པའི་རོལ་དབྱངས་ལ་ཉན་པ་ཡང་གྲངས་མེད།
   ངའི་ཁོར་ཡུག་གི་སློབ་གྲོགས་མང་བོ་ཞིག་གིས་ཟོ་ཆུན་འཁོར་ལོའི་ནང་དུ་བཞག་པ་དང་འདྲ་བའི་སློབ་ཆེན་གྱི་འཚོ་བ་འདི་ལ་ཡི་མ་རངས་པའི་རྣམ་འགྱུར་སྣ་ཚོགས་སྟོན་ཞིང་སེམས་མ་སྐྱིད་པའི་སྡུག་གཏམ་སྣ་ཚོགས་བཤད་ནའང་། ང་ནི་ལོ་ངོ་འདི་འགའི་རིང་གི་འཚོ་བར་ཡིད་ཧ་ཅང་ཚིམས་ཡོད་དེ། མེ་ཏོག་སྒྲོལ་མ་ནམ་རྒྱུན་གམ་དུ་ཡོད་པས། ཚེ་འདིར་བྱུང་མ་མྱོང་བའི་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་གིས་ངའི་དབང་རྩ་མཐའ་དག་སྦྲིད་པར་བྱས་ཏེ་ནམ་རྒྱུན་བློ་བདེ་བག་ཕེབས་ཀྱིས་བསྡད་ཡོད།
   ཡིན་ནའང་། ཁེ་ཉིན་དགོང་མོར་ངས་གཞི་ནས་མེ་ཏོག་སྒྲོལ་མ་དང་ངེད་གཉིས་ཀྱི་ཟོ་ཆུན་འཁོར་ལོ་དེ་སིལ་བུར་གཏོར་སོང་། ང་ཆང་གིས་བག་མེད་དུ་བཟི་ཞིང་མེ་ཏོག་སྒྲོལ་མ་བཙན་གྱིས་མགྲོན་ཁང་དུ་ཁྲིད་དེ། རང་ཉིད་ཀྱིས་ལོ་གཉིས་ཙམ་གྱི་ཡར་སྔོན་དུ་སྙིང་ལ་རི་མོ་བཞིན་བརྐོས་ཡོད་པའི་འཆར་གཞིའི་ནང་ལ་རྡོ་འཕངས་སོང་།
   དུས་ནམ་ཞིག་ཡིན་པ་བཤད་དཀའ་ཡང་། དེའི་དུས་མེ་ཏོག་སྒྲོལ་མ་ངེད་གཉིས་ཀྱིས་མཛའ་གྲོགས་བསྒྲིགས་ནས་དུས་ཡུན་རིང་བོ་ཞིག་འགོར་མེད། ས་སྲོད་ཅིག་ལ་མེ་ཏོག་སྒྲོལ་མས་ང་ལ་ཁ་པར་བཏང་སྟེ་མོའི་མིང་པོར་གཞན་གྱིས་གཅར་རྡུང་བྱས་ནས་སྨན་ཁང་དུ་བསྐྱལ་འདུག་པས། ང་རོགས་བྱེད་དུ་ཡོང་དགོས་ཟེར། དེའི་དུས་ངེད་གཉིས་ལ་ད་རུང་ཉིན་ཐུག་དགོང་ཐུག་བྱེད་པའི་གོམས་སྲོལ་ཆགས་མེད།
   སྨན་ཁང་དུ་འབྱོར་དུས། མེ་ཏོག་སྒྲོལ་མ་གསར་བུ་ཞིག་གི་རྐང་བར་འཐམས་ནས་གདོང་མཆི་མས་བཀྲུས་ཤིང་ངག་འདར་འདར་གྱིས་ཞུ་བ་བྱེད་ཀྱིན་འདུག རེ་ཞིག་ལ་ངས་ཅི་བྱུང་ཧ་མ་གོ་བར་དལ་བུར་ཕར་ཕྱིན་པ་ན། གསར་བུ་དེས་མོ་ལ“ཨ་ཅེ”ཞེས་འབོད་བཞིན་པ་ཐོས་བྱུང་།
   མེ་ཏོག་སྒྲོལ་མའི་མིང་པོ་ཆང་གིས་བཟི་འདུག ཁོའི་དཔུང་བ་ཁྲག་གིས་སྦགས་འདུག་ཅིང་ལག་པ་ཕར་གཡུག་ཚུར་གཡུག་བྱས་པ་དང་ཁྲག་གི་ཟེགས་མ་ཐར་ཐོར་གནམ་དུ་འཆོལ་ཞིང་ས་རུ་ཟགས་ཀྱིན་ཡོད། སྨན་པས་གམ་དུ་ཁེ་གྲི་ཞིག་དང་སྐུད་པ་ཞིག་བཟུང་ནས་ལངས་འདུག་ལ། མེ་ཏོག་སྒྲོལ་མ་ས་རུ་འགྱེལ་ནས་མོའི་མིང་པོའི་རྐང་བར་འཐམས་ཤིང་།མོའི་གྲོགས་མོས་གམ་དུ་མོའི་མིང་པོའི་དཔུང་བར་འཐམས་ནས་ཡོད། ང་ནང་དུ་སླེབས་དུས་ཁོ་ཚོས་སྨན་ཁང་གི་མྱུར་སྐྱོབ་ཁང་དུ་རྡུང་རེས་འདྲ་ཞིག་བྱེད་ཀྱིན་འདུག
   “ཁྱོད་སྟག་ཤར་ཞིག་ཨེ་ཡིན། ཡིན་ན། ཁྱོད་ཀྱིས་འདི་ལྟར་རང་ཉིད་ཀྱི་ཨ་ཅེ་ལ་གཞན་གྱི་མདུན་ནས་མིག་སྟོན་བྱས་ཏེ་ཅི་བྱེད།”
   ང་ཁོ་ཚོའི་གམ་དུ་སླེབས་པ་དང་མེ་ཏོག་སྒྲོལ་མའི་མིང་པོའི་ཐོང་ག་ནས་བཟུང་བ་ན། ངག་ནས་ཅི་ཡིན་འདི་ཡིན་མེད་པར་ཚིག་དེ་འདྲ་ཞིག་ཤོར་སོང་།དེ་མ་ཐག མེ་ཏོག་སྒྲོལ་མ་ཡར་ལངས་ཤིང་མོའི་གྲོགས་མོ་ཡང་ཕྱིར་བཀྱེད་སོང་།
   མེ་ཏོག་སྒྲོལ་མའི་མིང་པོ་ནི་མེ་ཏོག་སྒྲོལ་མ་དང་ཡེ་ནས་མི་འདྲ་བར་འདུག་སྟེ། ཁོ་ལ་མེ་ཏོག་སྒྲོལ་མ་ལྟ་བུའི་སྐྱེས་གཟུགས་མེད་ཅིང་མེ་ཏོག་སྒྲོལ་མ་ལྟ་བུའི་མཉེན་ལྕུག་ཀྱང་མེད་པར། ངས་ཁོའི་ཐོང་ག་ནས་ཚུར་འཐེན་བཞིན་དེ་སྐད་ལབ་ཙ་ན། ཁོའི་ངར་ཤུགས་སྐད་ཅིག་ཉིད་དུ་འཇགས་ཤིང་གདོང་ནས་ངོ་གནོང་བའམ་དཔའ་ཞུམ་པ་གང་ཡིན་མི་གསལ་བའི་འཛུམ་ཞིག་མངོན་བཞིན་ང་ལ་བལྟས་བྱུང་།
   མཚན་མོ་དེར། ངས་དེ་ལྟར་མེ་ཏོག་སྒྲོལ་མའི་མདུན་ནས་མོའི་མིང་པོར་བཙན་གྱིས་དཔུང་བའི་སྟེང་གི་ཤེལ་དམ་ཆག་རོས་བརྒྱབ་པའི་རྨ་ཤུལ་བཙེམ་དུ་བཅུག་རྗེས། སྨན་རིན་རྩིས་བརྒྱབ་ཅིང་སྨན་ཁང་ཉེ་འདབས་ཀྱི་མགྲོན་ཁང་ཞིག་ཏུ་ཕྱིན་པ་ཡིན། དེའི་དུས་མཚན་མོའི་ཆུ་ཚོད་བཅུ་གཅིག་བརྒལ་ཟིན་པས། ང་ཚོ་ཕྱིར་སློབ་གྲྭའི་ནང་དུ་ལོག་ཀྱང་ཉལ་ཁང་གི་སྒོ་ཆེན་གཏན་ཟིན་པས། མགྲོན་ཁང་དེ་རུ་མི་འདུག་ཀ་མེད་བྱུང་།
   མཚན་མོ་དེར། མལ་ཁྲི་གཉིས་ཅན་གྱི་མགྲོན་ཁང་ཆུང་ཆུང་དེའི་ནང་མེ་ཏོག་སྒྲོལ་མ་དང་མོའི་གྲོགས་མོ་གཉིས་མལ་ཁྲི་གཅིག་གི་སྟེང་དུ་ཉལ་ཞིང་།ང་དང་མོའི་མིང་པོ་གཉིས་མལ་ཁྲི་གཞན་དེའི་སྟེང་ནས་ཉལ་ཏེ་ནམ་འཁྱོལ་ཐབས་བྱས།
   མཚན་མོ་དེར། མེ་ཏོག་སྒྲོལ་མའི་མིང་པོའི་ན་ཟུག་གི་འཁུན་སྒྲ་དང་ལྷན་དུ་ངས་མེ་ཏོག་སྒྲོལ་མའི་དབུགས་ཀྱི་རྒྱུ་བ་དང་རང་ཉིད་ཀྱི་དབུགས་ཀྱི་རྒྱུ་བ་གཉིས་ཀྱང་གསལ་ལྷང་ངེར་ཐོས་ཡོང་སྟེ། སྒེའུ་ཁུང་ཕྱི་རོལ་ནས་འཕྲོས་ཡོང་བའི་གློག་འོད་ཟ་ཟིའི་ཁྲོད་དུ་ངེད་གསུམ་པོའི་སྒྲ་ནི་རྡུལ་ཚུབ་བཞིན་དུ་ལང་ལོང་འཚུབ།
   དེར་མ་ཟད། མེ་ཏོག་སྒྲོལ་མ་དུས་ངེས་མེད་དུ་གཙང་སྤྱོད་ཁང་དུ་འགྲོ་བ་དེས་ཀྱང་ང་ལ་ཅི་ཞིག་གི་བརྡ་སྟོན་བཞིན་པ་འདྲ་ཡང་། མཚན་མོ་དེར། ངས་ལག་པ་བྲང་ཁར་བཞག་ནས་ཡུན་རིང་བསམ་གཞིག་བཏང་མཐར་རྒྱང་རིང་གི་འཆར་གཞི་ཞིག་འཐེན་པ་ཡིན།
   དེ་ནི། ཚེ་གང་བོར་མེ་ཏོག་སྒྲོལ་མ་དང་ལུས་འབྲེལ་མི་འབྱུང་བ་དེ་ཡིན།
   དེ་ལ་རྒྱུ་མཚན་ཆེན་པོ་མེད་དེ། མཚན་མོ་དེར་ངས་མེ་ཏོག་སྒྲོལ་མར་ཨ་ཕས་ང་ལ་བཏགས་པའི་མིང་སྟེ། དོང་ནང་གི་མེ་ཏོག་ཅེས་པ་དེ་ཉིད་གསར་དུ་བཏགས་ཤིང་འགྲེལ་གསར་བ་ཞིག་བརྒྱབ། ཨ་ཕས་ང་ལ་དོང་ནང་གི་མེ་ཏོག་ཟེར་བ་ནི་ཁྲོན་པའི་ནང་གི་སྦལ་བའམ་ནར་སོན་མེད་པའི་དོན་ལ་གོ་དགོས་ཀྱང་།
ངས་མེ་ཏོག་སྒྲོལ་མར་དོང་ནང་གི་མེ་ཏོག་ཟེར་བ་ནི་ཉི་འོད་དང་ཙག་རླུང་གིས་མ་གཙེས་པའི་དོང་ནང་གི་མེ་ཏོག་སྟེ། དཀར་ལ་དྲི་མས་མ་གོས་པ་ཞིག་ལ་གོ
   མཚན་མོ་དེར། ངས་དཀར་ལ་དྲི་མས་མ་གོས་པའི་མེ་ཏོག་ཅིག་ཡིད་ལ་ཡང་ཡང་བསྒོམས་ཤིང་། རང་ཉིད་ཀྱི་འཆར་གཞི་དེ་ཉིད་ཚེ་གང་བོར་མཐའ་འཁྱོལ་ངེས་པའི་དམ་བཅའ་སྙིང་ལ་རི་མོ་བཞིན་དུ་བརྐོས་ཏེ་བརྟན་པོར་བཅངས།
   ཡིན་ནའང་། སྔ་ཉིན་དགོང་མོར་ང་ཆང་གིས་བག་མེད་དུ་བཟི་ནས་རང་ཉིད་ཀྱི་འཆར་གཞིའི་ནང་ལ་རྡོ་འཕངས་ཤིང་། མེ་ཏོག་སྒྲོལ་མ་བཙན་གྱིས་མགྲོན་ཁང་དུ་ཁྲིད་ཡོང་སྟེ། ཤ་མཆིན་པ་གླན་ནས་མཛེས་སྡུག་མེ་ཏོག་གི་སྟེང་ལ་ནག་ནོག་དྲི་མ་བསྒོས་སོང་།
   “མལ་ཁྲིའི་སྟེང་དུ་ནག་ནོག་བསྒོས་འདུག་པས་ད་ནི་ཅི་བྱ་ཨང་།”
   བར་སྐབས་ཤིག་ལ་མེ་ཏོག་སྒྲོལ་མ་ངའི་ཕྱོགས་སུ་འཁོར་ནས་དེ་ལྟར་དྲིས་ཤིང་། མལ་ཐུལ་ཕར་འཐེན་ནས་ང་ལ་མལ་གདན་དཀར་པོའི་སྟེང་གི་ནག་ཐིག་དེ་གཉིས་བསྟན་བྱུང་། ངས་ཅི་ཞིག་ཡིན་ནམ་སྙམ་བཞིན་ལག་པས་རེག་ཙམ་བྱས་ནས་ཞིབ་ཏུ་བལྟས་པ་ན། དེ་ནི་གཞན་མ་ཡིན་ཏེ་ཁྲག་ཐིགས་གཉིས་རེད།
   དེའི་དུས། མེ་ཏོག་སྒྲོལ་མའི་གདོང་དུ་པྲ་ཆལ་གྱི་རྣམ་འགྱུར་ཞིག་མངོན་འདུག་ལ། ང་བློང་བློང་བོར་གྱུར།
   “ཁྱོད་དེ་འདྲ་ཞིག་འཚབ་ནས་ཅི་བྱེད། སྐྱོན་མེད། གང་ལྟར་ཁྱོད་ཀྱིས་སྨན་ཁང་ནས་ངའི་མིང་པོར་གཤེ་གཤེ་བཏང་སྟེ་སྨན་བཅོས་བྱེད་དུ་བཅུག་པའི་མཚན་མོ་དེ་ནས་བཟུང་། ངས་ནམ་ཞིག་ཁྱོད་ཀྱིས་ང་ལ་རེ་བ་བཏོན་ན་དེའི་དུས་ངས་ཁྱོད་ཀྱི་རེ་འདོད་ཇི་བཞིན་དུ་སྐོང་བའི་འཆར་གཞི་འཐེན་ཡོད།”
   “མདང་དགོང་ང་བཟི་སོང་། དེར་མ་ཟད་ངས་ཁྱོད……”
   “ཁྱོད་དངོས་གནས་གཏམ་ཡན་དེ་དག་ལ་ཡིད་ཆེས་སོང་ངམ།”
   “མིན……”
   ཡར་སྔོན། ངའི་ཉེ་འབྲེལ་གྱི་གྲོགས་པོ་གང་མང་ཞིག་གིས་མེ་ཏོག་སྒྲོལ་མས་ལྐོག་ཏུ་གསར་བུ་མང་བོ་ཞིག་ལ་འབྲེལ་བ་བྱས་ཏེ་ང་ལ་རྒྱབ་འགལ་གྱི་ལས་ཀ་བྱེད་ཀྱིན་འདུག་ཟེར། དེ་ལ་སོགས་པའི་སྐད་ཆ་གང་མང་ཞིག་དངོས་སུའམ་བརྒྱུད་ནས་ཐོས་ཐེངས་རེར། ངའི་ཡ་ཆུང་དུ་ཟུག་གཟེར་ཕྲ་མོ་རེ་སྐྱེད་པར་བྱེད་ཀྱང་། ངས་དེ་ལ་དོ་སྣང་ཆེན་པོ་མི་བྱེད་པའི་དམ་བཅས་ཏེ་མ་ཐོས་ཁུལ་བྱས་ནས་བསྡད་པ་ཡིན།
   དེ་ནི་ངས་གནས་ཚུལ་དེ་དག་རྫུན་གཏམ་ཁོ་ན་རེད་འདོད་པ་གཏན་ནས་མིན་ཏེ། མོས་དེ་ལྟར་བྱེད་ཀྱིན་པའི་དབང་དུ་བཏང་རུང་། དང་ལེན་བྱེད་ཐབས་བྲལ་པ་ཞིག་ཀྱང་མིན་ཏེ། ངའི་སེམས་ནས་མོ་ནི་ནམ་ཡང་དོང་ནང་གི་མེ་ཏོག་ཅིག་ལྟར་དཀར་ལ་དྲི་མས་མ་གོས་པ་ཞིག་ཡིན་པར་བསྒོམས་ཡོད་པས་ཡིན།
   དེ་བས། ང་མེ་ཏོག་སྒྲོལ་མར་གཟའ་འཁོར་འགའི་རིང་ལ་ངོ་མི་འཕྲད་དོན་ཡང་། མོར་རང་ཉིད་ཀྱི་དྭངས་གཙང་གི་རིན་ཐང་ངོ་སྤྲོད་འདོད་པ་ཙམ་ཡིན།
   ཡིན་ནའང་། ད་ནི་མལ་གདན་དཀར་པོའི་སྟེང་དུ་ཁྲག་ཐིགས་གཉིས་ཟགས་འདུག་པས། ང་ཞབས་བརྡོལ་པའི་བསམ་གཞིག་གི་འོབས་དོང་ཞིག་ཏུ་ལྷུང་སྟེ། ལུས་སེམས་ཕྱི་ནང་མེད་པར་ཡང་མོ་བྱ་སྒྲོ་རླུང་གིས་བསྐྱོད་འདྲ་ཞིག་ཏུ་གྱུར།
   4
   ཁ་སང་ཕྱི་དྲོར་སློབ་གྲྭའི་དཔེ་མཛོད་ཁང་ནས《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》ལས་བུ་མོ་ཞའོ་ཆའོ་ཡི་སྐོར་ལ་བསམ་བློ་གཏོང་བཞིན་སྡོད་དུས། ངའི་ཡིད་སེམས་གློ་བུར་ཅི་ཡིན་འདི་ཡིན་མེད་པར་ལྗིད་ཏིག་གེར་གྱུར།
   “མེ་ཏོག་སྒྲོལ་མ་ད་ལྟ་གང་དུ་ཡོད་དམ།”
   ངས་གློ་བུར་དེ་ལྟར་བསམས་ཤིང་ཁ་པར་གྱི་གློག་སྒོ་ཕྱེ་སྟེ་མེ་ཏོག་སྒྲོལ་མར་ཁ་པར་ཞིག་བཏང་བ་ན། མོའི་ཁ་པར་སྔར་བཞིན་གཏན་ནས་བཞག་འདུག མཐུད་ནས་འཕྲིན་ཐུང་གཉིས་བསྟུད་མར་འབྱོར་བྱུང་། ངས་རེ་རེ་བཞིན་ཁ་ཕྱེ་ནས་བལྟས་པར། ཨ་ཕ་དང་མེ་ཏོག་སྒྲོལ་མ་གཉིས་ཀྱི་འཕྲིན་ཐུང་རེད།
   “ཁྱོད་དེ་ལྟར་གློ་བུར་ངང་བརྡ་ཞིག་ཀྱང་མ་བརྒྱབ་པར་འགྲོ་དོན་ཅི་ཡིན། མཉམ་དུ་ནུབ་འཚལ་འཐུང་རྩིས་བྱས་ཡོད་པ་མིན་ནམ། དགོང་མོར་ཁོམ་པ་ཡོད་ན་མགྲོན་ཁང་དུ་ཤོག་དང། དེ་རིང་ཨ་ཕའི་ཡོང་སྒོ་ཧ་ཅང་བཟང་། ངས་ཁྱོད་ལ་མཛའ་གྲོགས་འཚོལ་བྱེད་དུ་སྒོར་རྡོག་འགའ་སྟེར།”
   “སྙིང་ཉེ་ལགས། དོ་དགོང་ང་གྲོགས་མོ་ཞིག་དང་མཉམ་དུ་མོའི་ཨ་ནེ་ཚང་ལ་འགྲོ་རྒྱུ་ཡིན། ངའི་ཁ་པར་གྱི་གློག་ཚར་འདུག དོ་ནུབ་གློག་གསོག་རྒྱུ་མིན། འདི་ནི་ཉལ་ཁང་གཅིག་པའི་གྲོགས་མོ་ཞིག་གི་ཁ་པར་ཡིན། འདིའི་སྟེང་ལ་འབྲེལ་གཏུགས་མ་བྱེད། ང་མོ་དང་མཉམ་དུ་མེད། སང་ཉིན་སློབ་གྲྭའི་ནང་དུ་ཕྱིར་ལོག་ན་ཁ་པར་ལ་གློག་བསགས་ཏེ་ཁྱོད་དང་འབྲེལ་གཏུགས་བྱེད་ངེས་ཡིན།”
   འཕྲིན་ཐུང་གཉིས་ཀ་བསྟུད་མར་ཐེངས་འགར་བཀླགས་རྗེས་ང་ནི་སྡོད་མི་ཚུགས་པར་གྱུར། ང་མྱུར་དུ་མེ་ཏོག་སྒྲོལ་མའི་གམ་དུ་འབྱོར་ན་སྙམ། ང་མྱུར་དུ་མེ་ཏོག་སྒྲོལ་མར་ངོ་འཕྲད་ནས་མོར་འབྲེལ་ཐག་བཅད་ན་སྙམ།
   ང་ལ་ཆེས་ཐོག་མར་མེ་ཏོག་སྒྲོལ་མར་ཁ་འབྲལ་བའི་བསམ་ཚུལ་བྱུང་དུས་ནི་ཁ་སང་སྔ་དྲོར་མོ་དང་མཉམ་དུ་འདོད་པའི་ལས་ལ་ཞུགས་པའི་སྐབས་དེ་ཉིད་རེད། བར་སྐབས་དེར་ང་མེ་ཏོག་སྒྲོལ་མའི་སྟེང་ནས་ལྡེམ་ལྡེམ་འགུལ་ཏེ་ངལ་བའི་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་དུས། གློ་བུར་རང་ཉིད་ཀྱི་སྤྱོད་པར་སྐྱུག་བྲོ་བའི་བསམ་ཚུལ་ཞིག་སྐྱེས་ཤིང་། རང་ཉིད་ཀྱིས་ཀྱང་ཨ་ཕའི་གོམས་ངན་རྒྱུད་འཛིན་བྱས་ཏེ་བུད་མེད་ཀྱི་ལུས་པོ་སྤྱོད་རྒྱུ་ལས་ཅི་ཡང་མི་ཤེས་པར་འདུག་སྙམ་བཞིན། རང་ཉིད་ལ་ལེ་བདའ་དང་འཁང་རའི་ཚིག་ངན་སྣ་ཚོགས་དམོད་མོ་བཞིན་དུ་བོར།
   “ངས་དོང་ནང་གི་མེ་ཏོག་ལྟ་བུའི་མེ་ཏོག་སྒྲོལ་མའི་མེ་ཏོག་གི་ཟེའུ་འབྲུ་མལ་གདན་དཀར་པོའི་ཁུད་དུ་གཏོར་བ་ནི་དངོས་གནས་ནོར་འཁྲུལ་ཆེན་པོ་ཞིག་རེད།”
   ཁ་སང་ཞོགས་པར། ངས་མེ་ཏོག་སྒྲོལ་མ་གཅིག་པུ་མགྲོན་ཁང་དུ་བསྐྱུར་ནས་སྒོའི་ཕྱིར་བུད་དེ་ཨ་ཕར་ངོ་འཕྲད་དུ་འགྲོ་དུས་སེམས་ནས་སྔར་བཞིན་དེ་ལྟར་བསམས་ཤིང་། ཕྱིར་མགྲོན་ཁང་དུ་ལོག་པ་དང་མེ་ཏོག་སྒྲོལ་མར་འབྲེལ་ཐག་གཅད་དགོས་སྙམ་སྟེ། འཆར་གཞི་གསར་བ་ཞིག་འཐེན་མགོ་བརྩམས། ཡིན་ནའང་། ལམ་རིང་བོར་ངས་བློ་གྲོས་རྩལ་དུ་སྤྲུགས་ཏེ་ཀོ་བཞིན་མཉེད་ནའང་། མེ་ཏོག་སྒྲོལ་མར་འབྲེལ་ཐག་ཇི་ལྟར་གཅད་དགོས་ཚུལ་མ་ཤེས།
   “ཁྱོད་ང་དང་ལུས་འབྲེལ་བྱུང་བས་མི་གཙང་བར་གྱུར་ཚར་སོང་། སྔོན་ཆད་ངའི་སེམས་སུ་ཉར་བའི་ལྷད་མེད་རྣམ་དག་གི་སྣང་བརྙན་དེ་ཡང་ཡོངས་སུ་འཇིག་སོང་།”ངས་དེ་ལྟར་བཤད་དམ།
   ལམ་རིང་བོར་ང་ཕག་རྒན་ཞིག་ཕག་ཁང་ནང་དུ་འཕག་འཚག་རྒྱག་པ་བཞིན་ཐེ་ཚོམ་གྱི་རྒྱ་ལས་ཐར་རྒྱུ་མ་བྱུང་།
   སྔ་ཉིན་གྱི་སྔ་དགོང་མོར། ང་ཆང་གིས་བག་མེད་དུ་བཟི་ནས་མོ་བཙན་གྱིས་མགྲོན་ཁང་དུ་ཁྲིད་ཅིང་།
མོའི་དཀར་ལ་དྲི་མས་མ་གོས་པའི་མེ་ཏོག་གི་ཟེའུ་འབྲུ་དམར་པོ་མལ་གདན་དཀར་པོའི་ཁུད་དུ་གཏོར་བར་བྱས་པས། རང་ཉིད་ཀྱིས་ལོ་ངོ་གཉིས་ཙམ་གྱི་ཡར་སྔོན་དུ་སྙིང་ལ་རི་མོ་བཞིན་བརྐོས་པའི་འཆར་གཞིའི་ནང་དུ་རྡོ་འཕངས་ནས་དམ་བཅའི་བྱིའུ་དམར་གསོད་བཏང་ཞིང་། མེ་ཏོག་སྒྲོལ་མའི་ལྷད་མེད་རྣམ་དག་གི་སྣང་བརྙན་དེ་ཡང་མཚེའུ་སྔོན་པོ་ཞིག་གི་སྟེང་དུ་གློ་བུར་གྲུ་ཆུང་ཞིག་འབྱོར་ཏེ་རླབས་རིས་ཕྱོགས་བཞིར་མཆེད་ནས་ཐོག་མའི་སྔོ་ཡུག་ཡུག་གི་མཛེས་པ་དེ་ཤུལ་མེད་དུ་བཟོས་པ་ལྟར་གྱུར།
   ལྷག་པར་ཁ་སང་ནངས་མོར་ངས་མེ་ཏོག་སྒྲོལ་མའི་ལུས་རྗེན་ལ་བལྟ་བས་མ་བཟོད་པར་ལྦུ་སིབ་ཁུ་ནག་ཧུབ་འཐུང་བྱེད་བཞིན་ཡོད་དུས། མོས་ང་ལ་སླར་ཡང་འདོད་འཇོའི་འཛུམ་ཆུང་ཞིག་བསྟན་ཞིང་སླར་ཡང་འདོད་པའི་ལས་ལ་ཞུགས་པར་མ་ཟད། མཇུག་མཐར། ངས་གློ་བུར་སྒེའུ་ཡོལ་འཐེན་པའི་ཧྲག་སྒྲས་མོར་བསམ་ཡུལ་ལས་འདས་པའི་ཁོང་ཁྲོ་བསླངས་པས། ངའི་སེམས་ནས་སླར་ཡང་མེ་ཏོག་སྒྲོལ་མའི་ཡར་སྔོན་ལྐོག་གྱུར་གྱི་མཛེས་སྡུག་དེ་ཉིད། ས་མཁར་མཐོན་པོ་ཞིག་རྡུལ་འཚུབ་བེར་རྨང་ནས་ཉིལ་བ་བཞིན་དུ་སིལ་བུར་འཐོར་སོང་།
   “རེད་ཡ། མྱུར་དུ་མེ་ཏོག་སྒྲོལ་མར་འབྲེལ་ཐག་གཅད་དགོས།”
   ངའི་སེམས་ལ་དེ་ལྟར་སེམས་བཞིན་དཔེ་མཛོད་ཁང་གི་སྒོའི་ཕྱིར་བུད་ཅིང་། ཡར་སྔོན་མེ་ཏོག་སྒྲོལ་མས་འཕྲིན་ཐུང་སྐུར་བྱེད་ཀྱི་ཁ་པར་དེའི་སྟེང་དུ་འབྲེལ་གཏུགས་བྱས།
   “ཨ་རོག མེ་ཏོག་སྒྲོལ་མ་ཁྱོད་ཀྱི་གམ་དུ་མེད་དམ།”
   “མེད་ཡ། མོ་ཕྱི་དྲོར་སློབ་གྲོགས་ཤིག་དང་མཉམ་དུ་སྒོའི་ཕྱིར་བུད་སོང་།”
   “ཁྱོད་ཀྱིས་མོ་དང་མཉམ་དུ་ཕྱིན་པའི་སློབ་གྲོགས་དེའི་ཁ་པར་ཨང་གྲངས་མི་ཤེས་སམ།”
   “མི་ཤེས། རེད་ཡ། ཤེས་ཀྱང་ཁྱོད་ལ་བཤད་མི་རུང་། བུ་མོ་ཞིག་གི་ཁ་པར་ཨང་གྲངས་དེ་ལྟར་གང་འདོད་དུ་གཞན་ལ་བཤད་ཆོག་པ་ཞིག་ག་ལ་ཡིན། རེད་ཡ། ཁྱོད་ཀྱིས་ངའི་ཁ་པར་ཨང་གྲངས་ཇི་ལྟར་ཤེས་པ་ཡིན།”
   “དེ་རིང་ཕྱི་དྲོའི་ཆུ་ཚོད་དྲུག་པའི་སྟེང་དུ་མེ་ཏོག་སྒྲོལ་མས་ཁྱོད་ཀྱི་ཁ་པར་སྟེང་ནས་ང་ལ་འཕྲིན་ཐུང་ཞིག་བསྐུར་འདུག”
   “འཆལ་མོ་དེ…… རྗེས་ཕྱོགས་ང་ལ་ཁ་པར་མ་གཏོང་། མེ་ཏོག་སྒྲོལ་མ་དགོས་ན་མོའི་ཁ་པར་སྟེང་ལ་འབྲེལ་གཏུགས་བྱོས་དང་། མོས་སྔོན་འདིར་ང་ལ་ཁ་པར་ཞིག་འབྱོར་བྱུང……”
   བུ་མོ་དེས་སྔར་བཞིན་ཅི་ཞིག་འཆད་ཀྱིན་འདུག ཡིན་ནའང་ངས་ཁ་པར་ཁ་གཏན་ཞིང་སླར་ཡང་མེ་ཏོག་སྒྲོལ་མར་ཁ་པར་བཏང་ནའང་། མོའི་ཁ་པར་སྔར་བཞིན་གཏན་ནས་བཞག་འདུག བུ་མོ་དེས་ང་ལ་རྫུན་བཤད་པ་ཨེ་ཡིན་ནམ། ངས་དེ་ལྟར་སྙམ་བཞིན་མེ་ཏོག་སྒྲོལ་མར་མྱུར་དུ་ཁ་པར་གཏོང་དགོས་པའི་འཕྲིན་ཐུང་ཞིག་བསྐུར།
   ཡིན་ནའང་། འཕྲིན་ཐུང་དེ་ནི་ཐང་སྟོང་ཞིག་ནས་ཀི་རིང་ཞིག་བཏབ་པ་ལྟར་ཕར་ལ་རླུང་གིས་དལ་བུར་ཁུར་སོང་བ་ལས་ཚུར་ལ་ལན་ཅི་ཡང་མ་བྱུང་བས། ང་རེ་ཞིག་ཐབས་ཟད་དེ་གར་འགྲོ་འདི་འགྲོ་དང་ཅི་བྱེད་འདི་བྱེད་མེད་པར་གྱུར།
   5
   ཁ་སང་ཕྱི་དྲོར་ང་སློབ་གྲྭའི་སྒོ་ཆེན་ཁའི་རྡོ་སེང་གེའི་འགྲམ་དུ་འགྲེང་ནས་ཅི་བྱ་གཏོལ་མེད་དུ་གྱུར་ཡོད་དུས། གློ་བུར་ཨ་ཕའི་འཕྲིན་ཐུང་དེ་དྲན་བྱུང་།
   སྔ་ཉིན་དགོང་མོར་མེ་ཏོག་སྒྲོལ་མ་དང་མཉམ་པོར་ཆང་ཁང་དུ་ཕྱིན་ཞིང་མགྲོན་ཁང་དུ་སོང་ནས་སྒོར་མོ་མང་བོ་བརླགས་པས། ད་ནི་ངའི་ཁུག་མའི་ནང་དུ་ཟ་མ་ཟ་བྱེད་ཀྱི་སྒོར་རྡོག་འགའ་ལས་ལྷག་མི་འདུག དེ་བས་ང་ཨ་ཕ་སྡོད་སའི་མགྲོན་ཁང་དེར་འགྲོ་འདོད་མེད་ཀྱང་འཚོ་བའི་དཀའ་ངལ་སེལ་ཆེད་སླར་ཡང་དེའི་ཕྱོགས་སུ་གོམ་སྟབས་མི་བསྒྱུར་ཀ་མེད་བྱུང་།
   ནམ་རྒྱུན་ལག་ཏུ་སྒོར་མོ་མེད་དུས། ངས་ལོབས་ཕྱོགས་ཤིག་གིས་ཨ་ཕ་ཡིད་ལ་དྲན་ཞིང་། བར་སྐབས་དེ་དག་ལ་ངས་ཁོའི་བཀའ་དྲིན་ཡང་ཡིད་ལ་ཡང་ཡང་དྲན་ནས། ཡར་སྔོན་གྱི་ཞེ་སྡང་དང་འཁོན་སེམས་མ་ལུས་ནམ་མཁའི་སྤྲིན་ནག་བཞིན་རིམ་གྱིས་ཡལ་རྗེས་སྔོ་ཡུག་གེར་གྱུར་འགྲོ་བ་བཞིན། དལ་བ་དལ་བུར་བརྗེད་པར་གྱུར་འགྲོ།
   དེ་ལྟར་བསམས་ན། ངའི་ཨ་ཕ་ནི་འཇིག་རྟེན་གྱི་ཨ་ཕ་ཕལ་མོ་ཆེ་དང་འདྲ་བར་བུ་ཡི་དོན་དུ་རང་ཉིད་ལ་ཅི་ཡོད་བློས་གཏོང་ཐུབ་མཁན་ཞིག་མིན་ནའང་།ཁོ་ནི་ངའི་དྲིན་ཆེན་ཡིན་ཏེ། ཨ་མས་སླར་ཡང་ཁྱིམ་ཚང་བསྒྲིགས་ཤིང་མོའི་ཁྱོ་གས་ང་སྒོར་བདས་ནས་གར་འགྲོ་འདི་འགྲོ་མེད་པར་གྱུར་ཡོད་དུས། ཨ་ཕའི་ཆུང་མ་གསར་བས་ང་ཁྱིམ་དུ་བསུས་ནས་ལྟོ་གོས་བཀོད་སྒྲིག་བྱས་ཤིང་། ཨ་ཕས་ང་སློབ་ཆེན་དུ་བསྐྱལ་ནས་སློབ་གཉེར་གྱི་འགྲོ་གྲོན་མཐའ་དག་ཕར་ཞོག ལྟོ་གོས་དང་མཛའ་གྲོགས་འཚོལ་བྱེད་དུ་ཡང་སློབ་གྲོགས་གཞན་གྱི་ཁྱིམ་བདག་རྣམས་དང་བསྡུར་ན་སྒོར་མོ་ལྷག་མ་མང་བོ་སྟེར་བཞིན་ཡོད་དེ། ང་སློབ་ཆེན་ལོ་རིམ་བཞི་པར་སླེབས་རག་བར་དུ། སྒོར་མོའི་དོན་དུ་ང་ལ་ཚིག་ངན་གཅིག་ཀྱང་བཤད་མ་མྱོང་།
   “ཁྱོད་ཀྱི་ཨ་ཕ་འདི་ན་མི་འདུག འགྲམ་གྱི་ཁང་བའི་ནང་ན་མ་ཁོམ་པར་བསྡད་འདུག ཁྱོད་ཀྱིས་འདི་ནས་ཅུང་ཙམ་སྒུགས་དང་། ཁོ་ཡུད་ཙམ་ནས་སླེབས་ཡོང་།”
   ངས་ཨ་ཕ་དང་ཁོའི་གྲོགས་པོ་རྣམས་ཀྱིས་སྒྲིག་ཤོ་རྩེ་སའི་ཁང་བ་དེའི་སྒོ་བརྡུངས་ནས་ནང་དུ་ཕྱིན་པ་ན། ཡར་སྔོན་གྱི་སྐྱེས་པ་ཕོ་ལུག་དེས་ང་ལ་བལྟས་ནས་དེ་སྐད་སྨྲས་བྱུང་།
   ཁོ་ཚོས་སྔར་བཞིན་སྒྲིག་ཤོ་རྩེ་བཞིན་འདུག་ལ། ཁོ་ཚོའི་མཐའ་སྐོར་དུ་བུ་མོ་ཆུང་ཆུང་འགའ་ཡང་གསར་དུ་སླེབས་འདུག ང་གམ་གྱི་མལ་ཁྲིའི་སྣེ་མོ་ཞིག་ཏུ་བསྡད་དེ་བུ་མོ་དེ་དག་ལ་ཞིབ་ལྟ་ཞིག་བྱས་ཚེ། དེའི་ཁྲོད་དུ་མེ་ཏོག་སྒྲོལ་མའི་གྲོགས་མོ་ཞིག་ཀྱང་ཡོད་པ་མཐོང་།
   “མོ་འདིར་ཇི་ལྟར་སླེབས་པ་ཡིན་ནམ།”ངས་དེ་ལྟར་སྙམ་བཞིན་སྡོད་དུས་ཨ་ཕས་གློ་བུར་སྒོ་ཕྱེ་ནས་ནང་ལ་སླེབས་ཤིང་། ང་མཐོང་བ་དང་དོར་མའི་ཁུག་མའི་ནང་དུ་ལག་པས་སྦར་འདྲད་ཅིག་བྱས་རྗེས་སྒོར་མོ་སྤར་བ་གང་བླངས་ནས་ང་ལ་གཏད་བྱུང་། ངས་ཚུར་ལེན་དུས་རགས་རྩིས་ཤིག་བྱས་པ་ན། སྒོར་བདུན་བརྒྱ་བརྒྱད་བརྒྱ་ཞིག་ཡོད་ངེས་པར་འདུག་སྟེ། ཁྱོན་བསྡོམས་བརྒྱ་ཤོག་དྲུག་དང་བཅུ་ཤོག་དང་ཉི་ཤུ་ཤོག་ཅན་བཅུ་ལྷག་འདུག
   “རྫོང་དཔོན་བཀྲ་ཤིས། དེ་རིང་ངའི་ཁ་ལས་ཧ་ཅང་མི་བཟང་། ཁྱོད་ཡོང་ནས་ངའི་ཁ་མལ་ནས་བརྩེ་ན་ཅི་འདྲ་རེད།”
   ཡར་སྔོན་གྱི་སྐྱེས་པ་ཕོ་ལུག་དེས་ངའི་ཨ་ཕ་ནང་དུ་སླེབས་པ་མཐོང་ནས་དེ་སྐད་དྲིས་འོངས།
   “མིན། ངའི་དེ་རིང་གི་ལག་ཡོང་ཐམས་ཅད་བཀོལ་ནས་ཚར་སོང་། ཕྱེད་ཀ་བུ་ལ་བྱིན་ཟིན། ཕྱེད་ཀ་མཛའ་མོར་བྱིན་ཟིན།”ཨ་ཕས་ང་ལ་སྒོར་མོ་མ་བརྩིས་པར་ཁུག་མའི་ནང་དུ་ཆུགས་དང་སྒོར་འགྲོ་ཞེས་པའི་ལག་བརྡ་ཞིག་བསྟན་རྗེས“ཁྱོད་ཚོ་མུ་མཐུད་དུ་རྩེས། ངེད་ཕ་བུ་གཉིས་སྒོར་ཟ་མ་ཟ་རུ་འགྲོ་དགོས”ཟེར་བཞིན། སྒྲིག་ཤོ་རྩེད་སའི་རྐུབ་སྟེགས་ཀྱི་རྒྱབ་སྔས་སྟེང་དུ་བསྐོན་ཡོད་པའི་སྟོད་ལྭ་བླངས་ཤིང་གོན་བཞིན་ལམ་ལ་ཆས་བྱུང་།
   “ཁྱོད་ཀྱི་མཛའ་མོ་ཁྲིད་རྒྱུ་མིན་ནམ།”
   སྐྱེས་པ་ཕོ་ལུག་དེས་སླར་ཡང་དེ་སྐད་དྲིས་བྱུང་།
   “མོས་སྒོ་ན་བསྒུགས་བསྡད་ཡོད། ང་ལ་མཚོན་ན་མཛའ་མོ་དང་བུ་གཉིས་ཀར་ཁྱད་པར་མེད། ཧ་ཧ་ཧ……”
   ཨ་ཕས་དེ་ལྟར་འཆད་ཀྱིན་ཅི་ཡིན་འདི་ཡིན་མེད་པར་ཧབ་ཆ་དི་རི་རི་བགད་པ་ན། སྒྲིག་ཤོ་ཅོག་ཙེའི་མཐའ་སྐོར་གྱི་སྐྱེས་པ་ཕོ་ལུག་དེ་དག་ཀྱང་ཅི་ཡིན་འདི་ཡིན་མེད་པར་ཧབ་ཆ་དི་རི་རི་བགད་བྱུང་།དེ་ནི་བྱ་ཚང་ནང་དུ་རྡོ་འཕངས་པ་དང་འདྲ་སྟེ། རྣ་བར་གཟན་པ་ཞིག་ལས་དོན་གྱི་སྙིང་བོ་ཅི་ཡང་མི་འདུག
   སྒོར་འབུད་དུས། ངས་སླར་ཡང་མེ་ཏོག་སྒྲོལ་མའི་གྲོགས་མོ་དེ་ལ་ཕྱིར་མིག་ཅིག་བལྟས་མོད། ཁང་བའི་ནང་གི་དུ་སྨུག་སྟུག་དྲགས་པས་ཡིན་ནམ། མོས་ཚུར་བལྟས་ཙམ་བྱས་ཀྱང་ང་མཐོང་གིན་མེད་པ་འདྲ།
   མགྲོན་ཁང་གི་བར་ཁྱམས་སུ། ངེད་ཕ་བུ་གཉིས་དཔོན་གཡོག་ཅིག་ལྟར་གཅིག་རྗེས་གཅིག་གིས་དེད་དེ་ལམ་དུ་ཆས། གློག་སྐས་ནང་ནས་ཀྱང་ཁོས་ང་ལ་ཚིག་གཅིག་ཀྱང་བཤད་མ་བྱུང་། ངས་ཀྱང་ཁོར་ཅི་ཡང་མ་བཤད།
   ཚོམས་ཆེན་དུ་སླེབས་པ་དང་། ཁོས་ཕར་ཕྱོགས་ཀྱི་འབོལ་ཁྲིའི་སྟེང་དུ་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེར་ལག་བརྡ་ཞིག་བསྟན། དེ་མ་ཐག བུ་མོ་དེ་ཡང་དལ་བུར་ཚུར་སླེབས་པར། ང་ཁ་མལ་ནས་ཧོན་འཐོར་བ་བཞིན་ཡུན་རིང་ཞིག་ལ་འགུལ་རྒྱུ་མེད་པར་གྱུར།
   མདང་དགོང་། མེ་ཏོག་སྒྲོལ་མ་དེ་ལྟར་ངེད་ཕ་བུ་གཉིས་ཀྱི་ཕྱོགས་སུ་དལ་བུར་ཡོང་དུས། མོའི་གོམ་པའི་སྟངས་སྟབས་དང་གདོང་གི་རྣམ་འགྱུར་ངའི་མཐོང་ལམ་ནས་མག་མོག་ཅིག་ཏུ་གྱུར་སོང་།
   གང་ལྟར། ངའི་རིག་པ་ཇེ་གསལ་དུ་གྱུར་པ་དང་། ཨ་ཕས་ཅི་བཤད་ལ་ཡང་ཁ་ཡ་མ་བྱས་པར་རྒྱུག་ཐེངས་གཅིག་གིས་མགྲོན་ཁང་གི་ཕྱི་རོལ་ཏུ་བུད་ཅིང་། གླ་གཏོང་རླངས་འཁོར་ཞིག་ནང་བསྡད་དེ་ལམ་ལ་ཆས།
   “ཁྱོད་གང་དུ་འགྲོ་རྒྱུ་ཡིན།”
ཡུད་ཙམ་ནས་ཁ་ལོ་པས་ང་ལ་དེ་ལྟར་དྲིས་བྱུང་།
   “གང་དུ་འགྲོའམ། ཁྱོད་གང་ལ་བདེ་ན་དེར་སོང་དང་། ངས་ད་རུང་འདང་ཞིག་བརྒྱག་དགོས། དམིགས་ཡུལ་མེད།”
  སྐབས་དེར། ངའི་ཀླད་པ་སྔར་བཞིན་ལམ་འགྲམ་གྱི་ཡར་བསླངས་མ་ཐག་པའི་ཁང་ཆེན་དེ་དག་དང་འདྲ་བར་སྟོང་སེང་ངེར་འདུག
   མདང་དགོང་། ང་གླ་གཏོང་རླངས་འཁོར་ལ་བསྡད་དེ་ཟི་ལིང་མཁར་ལ་སྐོར་བ་ཞིག་བརྒྱབ་རྗེས་ཁ་ལོ་པར་གླ་ཆའི་སྒོར་མོ་བརྒྱ་དང་སོ་གསུམ་སྤྲད་ཅིང་ཉལ་ཁང་ནང་དུ་ལོག་སྟེ། ཨ་ཕས་ང་ལ་བྱིན་པའི་རྒྱ་ནག་གི་གཞུང་ཆེན་མོ《ཇུས་བློའི་ཁུག་པ་སོ་དྲུག》དང་སྒྲུང་ཆེན་མོ《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》གཉིས་ཁྱེར་ཏེ་སློབ་གྲྭའི་སྒོ་ཆེན་གྱི་ཕྱི་རོལ་ཏུ་ཆས།
   ཨ་ཕས་ང་ལ་ཁ་པར་ཡང་ཡང་བཏང་ནའང་།ངས་སྣེ་ལེན་མ་བྱས་ཤིང་ཁ་པར་གྱི་གློག་སྒོ་ཡང་མ་གཏན། ཡུད་ཙམ་ནས་ཁོས་ང་ལ་འཕྲིན་ཐུང་ཞིག་བསྐུར་བྱུང་། མཐུད་ནས་མེ་ཏོག་སྒྲོལ་མས་ཀྱང་ང་ལ་འཕྲིན་ཐུང་ཞིག་བསྐུར་བྱུང་།
  “བུ་ངན། ཁྱོད་ཀྱིས་བུ་མོ་ཞིག་གི་ཆེད་དུ་ཨ་ཕར་འབྲེལ་བ་གཅོད་འདོད་དམ།”
   “དགོངས་པ་མ་ཚོམས། ངས་ཁྱོད་གཉིས་ཕ་བུ་ཡིན་པ་མ་ཤེས།”
   དེའི་དུས། མཚན་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་རེད། དགུན་ཟླ་བཅུ་གཅིག་པའི་ཙག་རླུང་རྒོད་པོ་རྒྱང་རིང་ནས་སྤྱང་ཚོགས་བཞིན་ཚུར་མཆོངས་ཡོང་སྟེ། ངའི་ངོ་གདོང་གཙོ་བྱས་སྤྱི་གཙུག་ནས་རྐང་མཐིལ་བར་དུ་ཁེབས་ཀྱིས་བབས་ཏེ། ཤ་གསེང་དུ་མཆེ་བ་བཞིན་ཟུག་པ་ལས་ཕར་འགྲོ་རྒྱུ་མ་བྱུང་།
   ང་སློབ་གྲྭའི་ཉེ་འགྲམ་གྱི་གཞུང་ལམ་ཆེན་མོའི་འགྲམ་དུ་ཙོག་པུར་བསྡད་དེ། ཨ་ཕས་ང་ལ་བྱིན་པའི་དེབ་གཉིས་ཏེ་རྒྱ་ནག་གི་གཞུང་ཆེན་མོ《ཇུས་བློའི་ཁུག་པ་སོ་དྲུག》དང་། སྒྲུང་ཆེན་མོ《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》གཉིས་ཀྱི་ཤོག་བུ་རེ་རེ་བཞིན་ཐུར་དུ་གཤགས་ཤིང་མེར་སྒྲོན་བཞིན་བསྡད་པར། ལམ་འགྲོ་པ་གང་མང་ཞིག་གིས་ངོ་མཚར་བའི་ཚུལ་གྱིས་ང་ལ་ལྟ་བཞིན་འདུག
   བར་སྐབས་ཤིག་ལ། ངའི་སེམས་སུ་མལ་གདན་དཀར་པོའི་སྟེང་གི་ཁྲག་དམར་པོའི་ཐིགས་པ་དེ་གཉིས་འཁོར་ཞིང་། མེ་ཏོག་སྒྲོལ་མས“མལ་ཁྲིའི་སྟེང་དུ་ནག་ནོག་བསྒོས་འདུག་པས་ད་ནི་ཅི་བྱ་ཨང”ཞེས་འཆད་པའི་དུས་ཀྱི་པྲ་ཆལ་གྱི་རྣམ་འགྱུར་དེ་ཡང་དྲན་ཡོང་།
   བར་སྐབས་ཤིག་ལ། ངས་མཚན་ཞག་གང་བོར་ལམ་འགྲམ་འདི་རུ་འདི་ལྟར་དེབ་རྙིང་འདི་གཉིས་མེ་ལ་བསྒྲོན་ནས་བསྡད་ན་ཅི་འདྲ་ལ་ཨང་སྙམ།
   (རྩོམ་སྒྲིག་འགན་འཁུར་པ་ཁོན་ཐར་རྒྱལ་ཡིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1