མགོ་ལོག་ན་གྲོགས་པོ་ཞིག་ཡོད།— གྲོགས་འཆི་མེད་རྡོ་རྗེ་ལ་ཕུལ་པ།

གསེར་ཐང་རྙེད། [མཚོ་ལྷོ] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
གངས་རླུང་གིས་སྐྲ་ལོ་དྲག་ཏུ་སྤྲུག་ཐེངས་རེར།
ཁོས་ང་ལ་ཁ་པར་གཏོང་བར་གོམས་ཡོད།
ཁོའི་ཁ་པར་གྱི་སྐུད་ལམ་ནས་མྱི་ལྡང་ཚོའི་ཨུ་ཚུགས་མཐོང་ཐུབ།
ཁོའི་སྐད་ཆའི་བར་གླགས་ནས་བན་ལོག་ཚོའི་སྡོམ་ཆད་མཐོང་ཐུབ།
ཁོའི་ཨུ་ཤུ་དང་ཡི་ཆད་ཀྱི་སྨྲེ་ངག་ལས།
མགོ་ལོག་པའི་སྐོར་ལོག་གི་སྐད་སྒྲ་ཐོས་ཐུབ།
ཁོས་བླ་མའི་ཆོས་གོས་སྟེང་གི་བྱིན་རླབས་མ་མཐོང་གོང་།
རིག་མའི་ཤམ་གོས་འོག་གི་ཟླ་མཚན་མཐོང་སོང་བས།
ཁོ་མྱི་ལྡང་ཚོའི་མིག་ལ་ཅུང་ཙམ་རན་ཚོད་མེད་པ་འདྲ།
མགོ་བོ་རུམ་ལ་བཅུག་ནས་ཤུམ་ཤུམ་གྱིས་ངུ་མི་སྲིད་ཀྱང་།
ལུས་པོ་སྔས་ལ་བསྙེས་ནས་ཤབ་ཤུབ་ཀྱིས་ཅི་ཞིག་ཟློ་བར་བྱེད།
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
སྐྲ་ནག་གི་ཟེ་བ་འཐོར་རླུང་གིས་སྐྱོད་བཞིན།
གྲང་རླུང་ལས་བཙས་པའི་ཞོགས་པ་རེ་རེ།
འདུར་རྒྱུག་དང་བྲེལ་ཚུབ་ལས་རྒས་སུ་བཅུག
ཁོ་དབྱུག་པ་འཆང་བའི་དགེ་རྒན་ཞིག་ཏུ་གྱུར་པ་ནི།
ཁོས་སླར་ཡང་ཕྱུགས་རྫི་ཞིག་གི་སྐྱེ་བ་བླངས་པ་དང་འདྲ།
ཁོའི་སློབ་གྲྭ་ན་ཀློག་མི་འགྲོ་བའི་སློབ་མ་ལོ་རྒས་མང་།
ཁོའི་འཛིན་གྲྭ་ན་གནས་ལ་ཆས་འགྲོ་བའི་སློབ་མ་ལོ་ཆུང་མང་།
ཁོའི་འཆར་གཞི་ལན་རེར་སློབ་མས་འཆོལ་དུ་འཇུག་པ་དང་།
ལན་རེར་རང་ཉིད་ཀྱིས་འཆོལ་དུ་འཇུག་གྲབས་བྱེད།
ཁོས་སློབ་མ་ཚོར་སེམས་གླན་ནས་དབྱུག་པས་རྡེག་པ་དང་།
མགོ་ལོག་པར་སྙིང་ལངས་ནས་དབྱུག་པ་འདོར་བར་གཞིག
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
ལན་རེར་བདུད་བྷེའི་རྡུང་ལེན་ལ་ཉན་ནས་དགའ་བའི་ཉམས་སྟོན་པ་དང་།
སྐབས་རེར་ལྕགས་མོ་རྒྱལ་གྱི་ལ་གཞས་ལ་ཉན་ནས་སྨེང་བའི་ཚུལ་འཛིན།
མཚམས་རེར་ང་ལ་ལ་གཞས་ཤིག་ལེན་པར་སྐུལ་པ་དང་།
ཡང་ལན་རེར་རང་ཉིད་ཀྱིས་ལ་གཞས་ཤིག་སྦྱང་དགོས་པའི་འཆར་གཞི་འཐེན།
ཁོའི་ཁ་གཏད་ནི་དགོན་པ་དང་དར་ལྕོག་ཡིན།
ཁོའི་སྡེ་གྲོང་ནི་ཇོ་མོ་དང་གྲྭ་པ་ཡིན།
ཁོས་ལ་གཞས་བླངས་ནས་ལག་ཡོང་ཞིག་མེད་ནའང་།
མགུར་མ་བླངས་ནས་མཐུན་སོང་བའི་བླ་མ་དང་།
གསང་སྔགས་བཟླས་ནས་ལོབས་སོང་བའི་མཁའ་འགྲོ་མ་དག་ལ།
ཐལ་མོ་སྦྱོར་ཐབས་བྲལ་ནའང་ལག་པ་ཐོད་ལ་ཀེར་ནས་ལྟ་བར་བྱེད།
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
དུས་རབས་ཉེར་གཅིག་དང་ཉི་ཤུ་པའི་འདྲེས་མཚམས་ན་ཡོད།
ཁོས་བསླབ་པ་གཙོ་བོར་བཟུང་ནས་བྱིས་པ་ཚོ་འཚོས་ཡོད་ནའང་།
བདེ་འཇགས་བླ་ལྷག་ཏུ་བཀུར་བའི་སྒྲིག་གཞིའི་ར་བ་རུ།
ཁོ་གཟེབ་ཏུ་ཚུད་པའི་བྱིའུ་ཞིག་དང་ཁྱད་པར་ཅི་ཡང་མེད།
ཁོས་ཅི་ཞིག་བརྗོད་འདོད་ཀྱིས་སྨྲ་ལྕེ་ཡང་ཡང་འགུལ་ནའང་།
ཁོའི་མགྲིན་པ་བརྣངས་ཤིང་ལྐུགས་པར་གྱུར།
ཁོའི་ངོ་མཚར་བ་ཐམས་ཅད་རྨི་ལམ་ལ་གྲུབ་པ་དང་འདྲ།
ཁོའི་ཡི་མུག་པ་མཐའ་དག་འཁྲུལ་སྣང་ལ་བབས་པ་དང་མཚུངས།
ནམ་རྒྱུན་མགོ་བོ་འཕྲེད་དུ་གཡུགས་ནས།
རྟག་ཏུ་བསམ་གཞིག་རིང་དུ་བཏང་ཡང་།
དྲི་བ་ཁོ་ནས་གང་བའི་སེམས་ལྗོངས་ཧྲིལ་པོར།
ལན་ཙམ་ཡང་མ་རྙེད་པར་སྔར་བཞིན་མགོ་བོ་ནང་ལ་དུད།
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
ཁོས་མྱི་ལྡང་ཚོའི་མི་གཤིས་ལས་ཅི་ཡང་ལེན་མི་འདོད་པས།
ཁོའི་སྨྲ་བརྗོད་ལ་མགོ་ལོག་པའི་ཡུལ་སྐད་ཙམ་འདྲེས་པའང་།
ཁོ་རང་ཉིད་ལའང་ཤིན་ཏུ་སྡང་བར་བྱེད་པར་འགྱུར།
གནང་བ་ཞུ་སྲོལ་མེད་པའི་སློབ་མ་རེ་རེ་བཞིན་རི་ལ་ཤོར་རྗེས།
མགོ་ལོག་པ་དང་ཀྲུང་གོ་པ་དངོས་གནས་ཆེ་ཆུང་གིས་དབྱེ་དགོས་ཨང་།
ཁོས་དྲི་བ་རྒས་འཁོགས་ཤིག་ལ་བསམ་གཞིག་གསར་བ་བྱས།
ཁོས་ང་ལ་ཡང་བསྐྱར་ཁ་པར་བཏང་ནས།
ཨ་ཨ་ཨ— ཨུན་ཨུན་ཨུན— ཧིན་ཧིན་ཧིན་ཞེས་པ་དེར།
ན་ཟུག་ཡོད་ཚད་བསྡུས་པའི་ཚུལ་དུ་བསྐྱུར།
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
ཁོའི་ཉལ་ཁང་ནང་ཙི་གུའང་མང་བོ་ཡོད་པར་སྣང་།
ཁོའི་སྒོར་ཁུག་དང་ཁ་པར་རྒྱུན་དུ་བོར་འགྲོ་བས།
ཐ་ན་ཁོས་ཕ་ཡུལ་གྱི་ཙི་གུ་དང་མགོ་ལོག་གི་ཙི་གུ་ཡང་མི་འདྲ་ཚུལ་རྗོད་ཀྱིན་འདུག
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
ཁོ“སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག”
“སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག”
ཅེས་མགོ་སྐྱབས་འགྲོ་ནས་མཇུག་བསྔོ་བ་སྨོན་ལམ་གྱི་བར་དུ་འདོན་པར་གོམས་ཀྱང་།
ཁ་སང་སློབ་གྲྭས་ཚགས་བཙུགས་ནས་བསད་པའི་ནོར་ལུག་དག་གི་མིག་ཟུང་གིས།
ཁོ་གློ་བུར་འགྱོད་སེམས་དྲག་པོས་མནར་ནས།
མ་ཎི་ཁོ་ན་བགྲང་བའི་རྒད་པོ་ཞིག་གི་བརྟུལ་ཞུགས་འཆང་དགོས་བྱུང་།
མགོ་ལོག་ན་མགོ་སྐྲ་རིང་བོ་ཅན་གྱི་གྲོགས་པོ་ཞིག་ཡོད།
ནམ་རྒྱུན་སློབ་གྲྭ་གྲོལ་རྗེས། ཁོས་ང་ལ་ད་དུང་།
ཕ་ཡུལ་དྲན་ཚུལ་གྱི་ལེའུ་ཕྱི་མ་དག་འཆད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1