རྣམ་རྟོག་བྱེ་མར་འཐག་པའི་སྤུ་གྲི།— རྗེ་མི་ལ་རས་པའི་རྣམ་ཐར་བཀླགས་རྗེས།

བྱ་སྟོད་འོད་ཟེར། [མཚོ་ལྷོ] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།སྦྲང་ཆར། སྤེལ་དུས། 08-22


བྲག་དམར་མཆོང་ལུང་གི་རྫ་རིའི་གསེབ་ན།།
ལྷོ་སྤྲིན་དམ་དུམ་གྱི་གྲིབ་བསིལ་འོག་ན།།
གཙང་བོ་ཆལ་ཆིལ་གྱི་འགྲམ་ངོགས་དེ་ན།།
འཁོར་བ་མཚང་བརྟོལ་གྱི་གླུ་པ་ཁེར་རྐྱང་།།
ཨ་ཁུ་ཨ་ནེ་གཉིས་ཕྱི་མིག་མེད་པར།།
རྟ་ནོར་ལུག་གསུམ་གྱི་སྒོ་ཟོག་ཕྲོགས་ཤིང་།།
འོར་མ་གྲུ་གསུམ་གྱི་བང་བ་བགོས་ཏེ།།
མི་ལ་མ་སྨད་ཀྱི་སྐ་རགས་བཤིག་གོ།
ཨ་མ་མྱང་དཀར་གྱིས་སྙིང་ཕུར་བརྡབས་རྗེས།།
ཤ་འཁོན་ལྕགས་ནག་གི་སྡེར་མོ་གཟེངས་ཏེ།།
དགྲ་བོ་ཆམ་ཕབ་ཀྱི་རུས་པ་མཁྲེགས་པའི།།
དགྲ་འདུལ་གཉེན་སྐྱོང་གི་མི་དབང་གེ་སར།།
གནུབས་ཆུང་རིག་འཛིན་གྱི་བླ་མའི་དྲུང་དུ།།
སད་སེར་ཆར་གཏིབས་ཀྱི་མཐུ་གཉན་མནོས་རྗེས།།
རྒྱུ་འཕྲོག་ཞེ་གནག་པའི་མི་དགྲ་སོ་ལྔ།།
ས་རྡོ་རི་གསུམ་གྱི་ངོ་བོར་བསྟིམས་སོ།།
ཁྲོས་ན་ང་རོ་ཡིས་གྲོང་ཁྱེར་འཇོམས་ཚུལ།།
བྱམས་ན་མ་སྨད་ཀྱི་དགོངས་པ་སྒྲུབ་ལུགས།།
མཛའ་ན་ཡིད་བྱམས་ལ་རི་གླུ་ལེན་སྲོལ།།
གུང་ཐང་སྐྱ་རྔ་རྩའི་གྱད་མི་རོག་རོག །
སྡིག་སྒྲིབ་རྣམ་སྨིན་ལ་འགྱོད་ཚངས་འབུལ་ཆེད།།
མི་མེད་རི་ཁྲོད་ལ་ཤྭ་བཞིན་ཉུག་སྟེ།།
ཟུངས་ཟད་གཅེར་བུ་ཡི་རུས་པ་དཀར་པོས།།
ཉམས་རྟོགས་གླུ་དབྱངས་ཀྱི་གྲེ་བ་བསངས་སོ།།
མི་མོ་མཛེས་སེ་ལ་གྱེས་བརྡ་བཏང་ཞིང་།།
མཆོག་གི་མ་སྨད་ཟུང་མིག་ཆུས་བསྐྱལ་ཏེ།།
སྲིད་པའི་དཀྱིལ་འཁོར་གྱི་མུ་མཐར་བྱེར་བའི།།
ཞི་བ་འོད་གསལ་གྱི་འཇིག་རྟེན་འགྲིམས་སོང་།།
བླ་མས་འཁོར་ཚོགས་སུ་བཀྱོན་ཀྱང་མ་སྐྱོ།།
གྱད་མཁར་མཐོར་རྩེག་གིས་ངལ་ཡང་མ་ཁྲོས།།
སྒོ་གསུམ་ལམ་འཁྱེར་གྱི་གདམས་ངག་བྱོ་བས།།
མིག་ཆུ་སྙིང་ཁོང་དུ་ཁྲག་གིས་འཛར་རོ།།
མར་པ་ཁྲོས་ཚུལ་གྱིས་གཤེ་གཤེ་བཏང་ན།།
སྐྱོ་བ་ཁྲི་ཕྲག་གི་མནར་གཅོད་བསྲན་ཏེ།།
རྡོ་མཁར་བསྐྱར་བཞེངས་ཀྱིས་སྒལ་རྨ་བཏབ་ཀྱང་།།
དག་སྣང་རྨུ་ཐག་གི་སྐས་གདང་མ་ཐོར།།
རྩྭ་ལྡུམ་མེ་ཏོག་གི་ཁུ་བ་གདུ་བཞིན།།
འདབ་ཆགས་རི་སྐྱེས་ཚོགས་གྲོགས་སུ་བསྟེན་ཏེ།།
སྲིད་པ་སྐྱོ་ཤས་ཀྱི་གླུ་དབྱངས་ལེན་པའི།།
གནམ་ས་གོས་བཏིངས་ཀྱི་གྲུབ་ཐོབ་རྗེ་བོ།།
སྟོང་དབྱིངས་ཨ་སྔོན་གྱི་ནམ་མཁའ་བརྗིད་ལེ།།
དོག་མོ་གྲུ་གསུམ་གྱི་ས་གཞི་བརྟན་ནེ།།
བསུང་ཞིམ་མེ་ཏོག་གི་དྲི་ངད་ཆིལ་ལེ།།
རྣལ་འབྱོར་དབེན་གནས་ཀྱི་ཁོར་ཡུག་ལྷིང་ངེ་།།
ལྟོགས་གཟེར་ན་ཟུག་གིས་མ་ཤི་ཙམ་ཞིག །
ཚ་གྲང་རེས་འཐབ་ཀྱིས་མ་བརྟོལ་ཙམ་ཞིག །
ཕུང་གསུམ་ལྟོ་གོས་ལ་ཆོག་ཤེས་བྲོད་པའི།།
བཟོད་པའི་སྙིང་སྟོབས་ཀྱི་དཔའ་བོ་ཟུངས་ཟད།།
ཤ་སྐམ་རུས་མཐོང་གི་སྐུ་ལུས་སྨུག་པོར།།
གཅེར་བུ་སྒྲིབ་གཡོགས་ལ་གོས་ཀྱིས་ཐུང་བའི།།
ལྷིང་འཇགས་རི་སུལ་གྱི་ཁུགས་པའི་ལྟེབ་ན།།
སྣང་སྲིད་རྗེན་མཐོང་གི་མིག་ཤེལ་དཀར་པོ།།
གཉུག་གཤིས་མཁའ་དབྱིངས་ཀྱི་བུ་མོའི་བཞིན་ལ།།
སྒྲིབ་གཉིས་སྤྲིན་ཚོགས་ཀྱི་རི་མོ་བྲེས་ཀྱང་།།
འགོག་པ་མངོན་གྱུར་གྱི་ནམ་མཁའ་སྔོན་པོ།།
རྒྱུ་ནོར་བློས་ཐོངས་ཀྱི་རི་ཁྲོད་ཚེ་ནོམ།།
གསེར་དངུལ་གཡུ་བྱུར་གྱི་ཁྲི་ལ་མ་བཞུགས།།
ཤ་ཚིལ་སྣུམ་ཞག་གི་བཟའ་བ་མ་བསྟེན།།
ལྟོ་གོས་ཕུན་ཚོགས་ཀྱི་ཞེན་ཆགས་སྟོངས་པའི།།
ཆོས་བཞིན་ཉམས་བཞེས་ཀྱི་གདུགས་དཀར་སེར་པོ།།
སྐྲ་ལོ་བྲེགས་ཚུལ་གྱི་མགོ་རེག་མ་ཡིན།།
རབ་ཏུ་བྱུང་ལུགས་ཀྱི་ངུར་སྨྲིག་མ་བགོས།།
སྐུ་ལུས་དམར་སྒྲེན་གྱི་ཆ་ལུགས་མཛད་ཀྱང་།།
འཁོར་བར་ངེས་འབྱུང་གི་རབ་བྱུང་གཤའ་མ།།
སྣང་བ་ཀུན་གཞི་དེ་ཡུལ་ལས་འགགས་ཤིང་།།
གཟུང་བ་བདེན་མེད་དེ་བཏགས་པར་ཟད་ནས།།
གཉུག་མའི་འོད་གསལ་གྱི་ཕྱག་རྒྱ་ཆེན་པོའི།།
ཏིང་འཛིན་འཕྲུལ་འཁོར་གྱི་གཟིངས་ལ་བསྐྱོད་དོ།།
ཆོས་རྣམས་མིང་བརྡ་ཡིས་ཕར་ལ་བཏགས་ཀྱང་།།
བདེན་པའི་དམིགས་རྣམ་གྱི་གཟུང་བ་དགྲོལ་ཕྱིར།།
རང་ངོས་གྲུབ་ཚུལ་གྱི་གཏན་ཚིགས་ཁེགས་པ།།
རྟག་ཆད་མཐའ་བྲལ་གྱི་ཟབ་མོའི་ལྟ་བ།།
བདག་འཛིན་ལྕགས་སྒྲོག་གི་བཙོན་ལས་གྲོལ་ཏེ།།
བདེན་སྟོང་ཕ་ཡུལ་གྱི་གྲོང་ཁྱེར་འགྲིམ་དུས།།
བདེན་གཉིས་ཟུང་འཇུག་གི་ཨ་མའི་ཞལ་རས།།
ཚེ་གཅིག་ལུས་གཅིག་ལ་མཇལ་སྐལ་བྱུང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1