ལྷ་བྱམས་པ། དོ་དགོང་ངས་སྙན་ངག་འབྲི་བཞིན་ཡོད།

དཀར་ལུང་པདྨ་རྡོ་རྗེ། [རྨ་ལྷོ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


རབ་རིབ་ཀྱི་མུན་པ། ཟླ་ངོགས་ལ་ཐིམ་པའི་སྟོན་མཇུག་གི་མཚན་མོ་འདིར།
ངས་སྙན་ངག་འབྲི་བཞིན་ཡོད།
པོ་ཏ་ལའི་ཐེམ་སྐས་སྟེང་གནས་པའི་ཞབས་རྗེས་དག་སེམས་སུ་འཆར་བཞིན།
མེས་པོ་ཚོའི་གཏམ་རྒྱུད་དུ་གྲུབ་པའི་འདས་སོང་དག་ཡིད་དུ་སྒོམ་བཞིན།
དབྱངས་ཅན་མའི་མགྲིན་པ་ལས་ཐོན་པའི་འགྱུར་ཁུགས་དག་ངག་ལ་རོལ་བཞིན།
ངས། སེམས་ཀྱིས་སྙན་ངག་འབྲི་བཞིན་ཡོད། ལྷ་བྱམས་པ།
ད་དུང་། ཡར་ཀླུང་གཙང་བོའི་ངོགས་སུ།
རང་དབང་གི་ཉ་མོའི་ཚོགས། རྩལ་གྱིས་རྐྱལ་བཞིན་པ་བྲིས་ཡོད་ལ།
གདོད་མ་ཡི་ནགས་ཚལ་དེ་རུ།
སྤྲེའུ་སྲིན་གྱི་རིགས་ནི། རང་དགར་དུ་རྩེན་པའང་བྲིས་ཡོད།
དོ་དགོང་། ངས་འཇིག་རྟེན་གྱི་ཆེས་མཐོ་ས་ཞིག་ནས།
དུང་ཟླ་ལས་འཕྲོས་པའི་འོད་སྣང་དང་བསྡོངས་ཏེ། སྙན་ངག་འབྲི་བཞིན་ཡོད།
ཁ་སང་གི་སྦྲ་ནག་ལས་མཆེད་པའི་མར་རྩམ་གྱི་དྲི་མ་དེར་རོ་མྱོང་བྱེད་བཞིན།
དགོ་དགོའི་བཞོ་དབྱངས་ལས་མཆེད་པའི་མཚེར་ས་སྣུམ་པོ་དེ་སེམས་སུ་ཉར་བཞིན།
སེམས་པ་ཁེར་རྐྱང་ལ་སྦྲུམ་པའི་དངན་པ་རིང་མོ་དེ་ཧེབ་ཀྱིས་ལེན་བཞིན།
ངས། སྙན་ངག་འབྲི་བཞིན་ཡོད། ལྷ་བྱམས་པ།
ད་དུང་། སྤང་ཐང་དུ་རྩེན་པའི་ཤ་ཡུ་མོ་དེ་བྲིས་ཡོད་ལ།
མཚེར་ཤུལ་དུ་ལུས་པའི་ཁྱི་རྒན་ནག་ལྡང་དེའང་བྲིས་ཡོད།
སྣུམ་ཞགས་ཀྱི་འོད་སྣང་ལ་བརྟེན་ནས།
དོ་དགོང་། ངས་སྙན་ངག་འབྲི་བཞིན་ཡོད།
གྲོ་ཞིང་རྣང་མའི་ཁྲོད་ཀྱི་མཛེས་སྡུག་གི་བུ་མོ་དེ་སེམས་སུ་དྲན་བཞིན།
རི་གླུ་འགྱུར་ཁུགས་སུ་དྲངས་པའི་གདངས་དབྱངས་དེར་རྣ་བས་ཉན་བཞིན།
ངས་སེམས་ཀྱིས་སྙན་ངག་འབྲི་བཞིན་ཡོད། ལྷ་བྱམས་པ།
ད་དུང་། མཐོན་པོའི་རི་མགོ་རུ་གནས་པའི།
ལབ་ཙེ་དེ་ཟད་ཀྱིན་པ་བྲིས་ཡོད་ལ།
དམའ་མོའི་གཞོང་ཁུགས་སུ་རྒྱུག་པའི།
རྟ་མཆོག་གི་རྨིག་སྒྲ་ཡལ་བཞིན་པའང་བྲིས་ཡོད།
ལྷ་བྱམས་པ། དོ་དགོང་ངས་སྙན་ངག་འབྲི་བཞིན་ཡོད།
ད་དུང……


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1