ཁྲི་ཤོར་རྒྱལ་མོ། ངའི་སེམས་ཀྱི་ན་ཆུང་མ།
བསོད་རྒྱལ་འབུམ། [ཟི་ལིང] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22
ན་ཆུང་མའི་མེ་ལོང་བོར་སོང་བས།
ནམ་མཁའ་དང་བཅས་པ་ནང་དུ་ཤར་ཞིང་།
བྱ་ཚོགས་དེས་མཚོ་མོར་འཁྲུལ་ནས་བབས་བྱུང་ངམ།
གསེར་ཉར་འདྲེས་ནས་ནམ་མཁའ་གཞན་ཞིག་གི་མཐོངས་ལ་
མཚར་སྡུག་བསླངས།
མེ་ལོང་ཁྲོད་ཀྱི་མཚོ་སྔོན་པོ་སྔོན་པོ་དེ།
ངའི་སེམས་དང་འདྲེས་པའི་ནམ་མཁའི་ཕྱེད་ཀ་རེད།
མིང་ལ་ཁྲི་ཤོར་རྒྱལ་མོ་ཟེར།
དབང་ཤེས་ལ་ངོ་མཚར་དང་མཐོང་སྣང་སྟེར་བས།
བྱིས་དུས་སུ། མཚོ་སྔོན་པོ་འདི་གནམ་ལ་ཐུག་ཡོད་པར་འདོད་ལ།
མཚོ་སྙིང་དེ་གནམ་འདེགས་ཀྱི་ཀ་བ་ཞིག་ཡིན་པར་བསམ།
མེས་པོ་ཚོས་ཁྲི་ཤོར་རྒྱལ་མོ་ཞེས་འབོད་སྐབས།
རང་གི་མེས་པོ་དབང་ཤེད་ཅན་ཞིག་ཡིན་པས།
གནམ་སྔོན་པོ་དེ་ཡི་ཁང་ཁྱིམ་ཡིན་ཞིང་།
ང་ཡང་དེ་ཡི་ཁྱིམ་རྒྱུད་ནས་སྐྱེས་པ་ཡིན་པས།
སེམས་སུ་སྐྱིད་སྣང་ཞིག་དང་ང་རྒྱལ་ཞིག་ཤར་ཡོང་།
རྒྱང་རིང་གནམ་མཐའ་ནས་ཡོང་བའི་རླབས་ཕྲེང་དེ་ནི།
ལན་བུ་ནག་པོ་ཞིག་ལྷོད་ཀྱིས་འཕྱོ་བ་དང་འདྲ་ལ།
མཚོ་མཐའི་ལྦུ་བ་དཀར་པོ་དག
མོའི་ལྭ་འདབས་དེ་རླུང་གིས་བསྐྱོད་པ་ཡིན་ནམ།
སྤྲིན་དཀར་ལེབ་མོ་དེ་དབུ་ཞྭ་དཀར་པོ་དང་།
མཚོ་མཐའི་ཁ་དོག་སྣ་ཚོགས་ཀྱི་རྡེའུ་དང་མེ་ཏོག
མགུལ་བར་བསྒྲོན་པའི་དོ་ཤལ་དང་རྒྱན་ཆའམ་ཅི།
མོས་གོས་སྔོན་པོ་ཞིག་གོན་ཞིང་།
བརླན་དྲི་ལ་འགྲོགས་པའི་བསུང་ཞིམ་གང་མང་།
ལུས་སྟེང་ནས་ཐོན་པའི་དྲི་ངད་དམ།
མཆོད་རྐོང་གི་མདུན་དུ་འཚེར་བའི་སྒྲོལ་མ་སྔོན་མོ་དེ་ཡང་།
མོ་ལྷ་རུ་སྤྲུལ་པའི་སྣང་བརྙན་ཞིག་མིན་ནམ་འདོད།
ཁྲི་ཤོར་རྒྱལ་མོ། ཁྱོད་སུ་ཞིག་གིས་བདག་གི་ལང་ཚོའི་སྐྱེས་སུ་གནང་།
རི་ཆེན་རི་ཆུང་གི་བུམ་པར་འཁྱིལ་བའི་བདུད་རྩི་མ།
ཁྲ་ཚོན་གྱི་དྲན་པར། ཁྱོད་གཙང་བོར་སྤྲུལ་ནས་བདག་གི་བྲང་ཁར་བབས་ཤིང་།
བརྩེ་བའི་དྭངས་གཙང་རུམ་ནས།
ངའི་ཡ་ཆུང་གི་རགས་ལས་ཤག་ཤག་བཞུར་མྱོང་།
ང་རྫི་གླུ་སྙན་མོའི་རྨི་ལམ་དུ་ཉལ་སྐབས།
ཁྱོད་ནི་མཆུ་སྒྲོས་ལ་དམར་ཤ་བབས་པའི་ན་ཆུང་མ་དེ་ཡིན་དགོས་ལ།
འབྲོག་མོ་ཆུང་ཆུང་དེ་རྟ་ནོར་ལུག་གསུམ་གྱི་མཐའ་རུ་ཙོག་ནས།
མཛའ་བོའི་ལོག་ཕེབས་ལ་སྒུག་ཡོད་འདོད་ན།
ཚོད་ཚོད་དུ་འཛུམ་དགོས་བྱུང་ལ།
ཀླུ་རྒྱལ་གྱི་བུ་མོ་ཆུང་མར་ཐོབ་པའི་གནའ་གཏམ་དེའང་།
འཆར་སྣང་གི་སྒྱུ་མར་མངོན་སུམ་དུ་སྣང་།
ཁྲི་ཤོར་རྒྱལ་མོ། ཁྱོད་ཀྱི་སེམས་པ་དང་འགྲོགས་པའི་བྱ་ཚོགས།
ད་དུང་ཁྱོད་ཀྱི་འདང་བརྩེ་ཡིས་ཉར་བའི་སྔོན་པོ་ཡུག་གཅིག་དེ།
དགུན་ཁའི་འཁྱག་པས་འཛིན་དུས།
འདི་རུ་ཉེ་འབྲེལ་དང་ཕྱིར་དྲན་མང་བོ་ལུས་ཡོད་འདོད་ན།
བདག་དང་རུ་སྡེ་ཁྲ་མོ་འདིར།
བཅོས་མིན་གྱི་ཞེན་ཆགས་ཆེའམ།
ཁྲི་ཤོར་རྒྱལ་མོ། གནའ་བོའི་གོ་རྟོགས་དང་ངོས་འཛིན་ཁྲོད།
ལྷ་སྒྲུང་དང་རྨི་ལམ་མཉམ་དུ་རྨིས་ཤིང་།
ཟུངས་ཁྲག་སྔོན་མོ་ཞིག་གོས་སུ་བཀླུབས་པའི་ཁྱོད།
ཨ་མྱེས་རྨ་ཆེན་སྦོམ་རའི་གསང་ཡུམ་མམ།
གངས་དཀར་ཞོ་བླུགས་ཀྱི་ཚེ་གྲོགས་སུ་བརྗོད་ནའང་།
སྒེག་ཉམས་གང་རུང་གིས་ངའི་མིག་ལ་འཚེར་སྐབས།
མཚར་སྡུག་ཁྲི་ཡི་རྙི་ལ་ཚུད་དེ།
སྒྲོལ་མ་ཉེར་གཅིག་ལས་གང་རུང་བཞིན་མཛེས་ཤིང་།
ངའི་དད་སེམས་དང་བརྩེ་འདང་ལ་བཞད་པའི་མེ་ཏོག་མ་ཡིན།
ཁྱོད་ཀྱི་ལང་ཚོ་ལས་སྐྱེས་པའི་མྱོས་བུམ་བཞིན་གྱི་གླིང་ཕྲན་དེ་དག་ནས།
བྱིན་རླབས་དང་ཆགས་སེལ་གྱི་གནས་ཚང་ཞིག་གཡར་ན།
ལྷ་འདྲེ་གང་མང་གི་ངོ་གཉིས་ལ་ནམ་ཡང་གཡེལ་ནས།
སྔས་འགྲམ་ནས་དྲོད་ཁོལ་ཡལ་བར་མི་བྱེད་པར།
ཁྱོད་ངའི་ལྷ་མོ་ཡིན་ལ། ངའི་སེམས་ཀྱི་ན་ཆུང་མའང་ཡིན།