ཁ་བ་མར་མར་བབས་ཀྱང་རུང་ངོ་།།
ཁ་རླངས་ཡར་ཡར་ལྡང་ཡང་འདྲའོ།།
བརྩེ་བའི་སེམས་ཀྱི་འོད་ཐིག་འདྲ་ལེ།།
གང་ན་ཡོད་དེ་ཡོད་ཀྱང་མི་དགོས།།
མེ་ཏོག་མདངས་ལས་རྩ་བར་གཏད་དོན།།
ཆུ་བོའི་སྒྲ་ལས་རྒྱུན་ལ་ཆགས་དོན།།
བརྩེ་བ་རྐང་ལ་ཟུག་པས་ཡིན་ནོ།།
ཁྲེལ་གཞུང་གཤིས་ལ་དགའ་བས་ཡིན་ནོ།།
ས་ཆ་གང་སྐྱིད་དཀར་མཛེས་དར་མདོ།།
ཡུལ་དེ་གང་ཡིན་རྩེ་གཞུང་རྩྭ་ཐང་།།
སེམས་པ་གང་ཤོར་རྨི་ལམ་ནང་གི།
འཇའ་ཡི་བུ་མོ་འཇིག་རྟེན་མཛེས་མ།།
བརྩེ་བར་འཁྲེང་རབས་དགའ་རབས་བཤད་ན།།
ཞེ་མཐུན་འོ་ཆུ་འདྲེས་རབས་གླེང་ན།།
གམ་བཅར་སྙིང་གཏམ་བརྗོད་པར་དཀའ་འོ།།
དུངས་པའི་སེམས་ཁ་ཕྱིར་འཁོར་དཀའ་འོ།།
སེམས་ཤོར་བརྩེ་བ་འཐེན་སྟོབས་ཆེ་བས།།
ཉི་ཟླའི་རེས་མོས་འཁོར་འགྲོས་བར་ནས།།
ཉིན་ལམ་རིང་མོ་གོམ་གྱིས་འཇལ་ཡོད།།
མཚན་ལམ་ཁེར་རྐྱང་སེམས་ཀྱིས་འཇལ་ཡོད།།
གཟུགས་འཛིན་མཐོང་ལམ་བཀག་ཀྱང་རུང་ངོ་།།
སྒྲ་འཛིན་ཐོས་ལམ་བཅད་ཀྱང་ཆོག་གོ།
དྲན་པའི་ངོས་ལ་བརྐོས་ཐེངས་གཅིག་གིས།།
བརྗེད་དུ་མེད་དོ་སེམས་པའི་ཁྲ་རིལ།།
བརྩེ་བར་ལས་ལྷག་ཤོར་སོང་བསམས་ན།།
ནམ་མཁའི་གདུགས་འོག་མཆིས་སོ་ཅོག་དང་།།
དོག་མོའི་གདན་ཐོག་ཡོད་དོ་ཅོག་ལ།།
ཞིབ་ཏུ་དྲིས་དང་གསལ་ཁ་ཐེབས་ངེས།།
ཕོ་ལོ་ཉི་ཤུར་ལོན་པའི་ད་ཚོད།།
མོ་ལོ་བཅོ་ལྔར་སླེབས་པའི་ད་ཚོད།།
བརྩེ་བར་སེམས་གཅོང་ཡོད་ཚད་བསྐྱུར་ཐོངས།།
སྣང་མཐུན་རང་དབང་མིན་ཚད་གཡུགས་ཤོག །
བློ་ཐག་དམ་བཅའ་མེད་པའི་བརྩེ་བ།།
ཕར་དགའ་ཚུར་འཐད་མིན་པའི་འཚོ་བ།།
ཡོད་ཚད་འགྱོད་པའི་རྒྱུ་ལས་མེད་དོ།།
མཐར་ཐུག་སུན་པའི་གནས་ལས་མེད་དོ།།
སྡོང་ལོ་རླུང་གིས་འཁུར་ཚུལ་རིག་ན།།
མཚོ་བྱ་ངང་བའི་གྱེས་སྐད་གོ་ན།།
ཐོབ་ཤོར་ལས་འདིར་རྟག་བྱ་མེད་དོ།།
སྐྱིད་སྐྱིད་སྣང་ཡང་མིན་མིན་འདྲའོ།།