བུ་མོ་གཡང་དཀར་སྒྲོལ་མ། (ཞར་བཀོད་གཅིག)
འགར་སྐལ་བཟང་། [ཟི་ལིང] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22
(ཞར་བཀོད་གཅིག)
ཁང་ལེབ་མདུན་གྱི་ཤམ་བུ།།
གཡུག་གཡུག་རླུང་གིས་ཟད་སོང་།།
བུ་མོ་གཡང་དཀར་སྒྲོལ་མ།།
རྩག་རྩིག་ལས་ཀྱིས་ཟད་སོང་།།
སྐྱིད་སོང་སྐྱིད་སོང་མ་གསུངས།།
འཁོར་བ་སྡུག་གི་གཞི་མ།།
སྡུག་སོང་སྡུག་སོང་མ་གསུངས།།
འཁོར་བ་སྐྱིད་ཀྱི་གཡང་ར།།
ཡིན་དང་མིན་གྱི་བར་ནས།།
སེམས་ཀྱི་ཨ་ཐང་ཆད་སོང་།།
ཡོད་དང་མེད་ཀྱི་བར་ནས།།
ལུས་པོའི་ཤ་ཡང་ཟད་སོང་།།
ཨ་ཇོ་ཨ་ཇོ་མ་གསུངས།།
ཨ་ཇོ་ཕེབས་རྒྱུ་མི་འདུག །
ཨ་ཅག་ཨ་ཅག་མ་གསུངས།།
ཨ་ཅག་སེམས་པ་རྒས་སོང་།།
གཞས་དེ་སྐྱོ་གཞས་སྨེང་གཞས།།
རྨ་ཆུའི་རྒྱུན་ལ་དྲངས་སོང་།།
གཞས་དེ་དགའ་གཞས་སྤྲོ་གཞས།།
བཀྲ་ཤིས་གཡང་ལ་ཆགས་སོང་།།
རོང་བཙན་ཁ་བ་དཀར་པོ།
རོང་བཙན་ཁ་བ་དཀར་པོ།།
རི་རྩེ་ལྷ་ལ་གཏད་ཡོད།།
རི་ཞབས་ཀླུ་ལ་བསྲིངས་ཡོད།།
གངས་ཅན་བོད་པའི་བླ་རི།།
དབུ་འཕང་དམའ་འདུག་མ་གསུངས།།
ཁ་བ་ཅན་གྱི་རི་ལ།།
རང་མདངས་མི་འདུག་མ་གསུངས།།
རོང་བཙན་ཁ་བ་དཀར་པོ།།
རི་རྩེ་དཔུང་རྡང་སྦྲེལ་ཡོད།།
རི་རྒྱུད་སྤང་ལ་བསྲིངས་ཡོད།།
གངས་ཅན་བོད་པའི་བླ་རི།།
དབུ་རྩེ་མང་འདུག་མ་གསུངས།།
ཁ་བ་ཅན་གྱི་རི་ལ།།
རི་རྒྱུད་མི་འདུག་མ་གསུངས།།
རོང་བཙན་ཁ་བ་དཀར་པོས།།
གངས་དཀར་དབུ་ཞྭ་མནབས་ཡོད།།
སྤྲིན་པའི་སྐ་རགས་བཅིངས་ཡོད།།
གངས་ཅན་བོད་པའི་བླ་རིར།།
ཟིལ་ཤུགས་མི་འདུག་མ་གསུངས།།
ཁ་བ་ཅན་གྱི་རི་ལ།།
ལྷ་སྲུང་མི་འདུག་མ་གསུངས།།