ཕ་ཡུལ་ཁོ་ཚེ། (ཞར་བཀོད་གཅིག)

ཡེ་ཤེས་དཔལ་ལྡན། [ཀན་ལྷོ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


གངས་དཀར་རི་བོའི་འདབས་ནས་འཚོ་བ་ཡི།།
ང་ཡི་ཕ་ཡུལ་ཆུང་ཆུང་ཆུང་ཆུང་དེ།།
གོང་ན་མི་ཆོས་དར་གྱི་མདུད་པ་ཡོད།།
ང་ཡི་རུས་རྐང་དཀར་པོ་འཐོར་ས་ཡིན།།
དཀར་པོ་རླུང་རྟའི་གྲགས་པ་མཁའ་ལ་སྐྱོད།།
མེས་པོའི་གཏམ་རྒྱུད་རུམ་ནས་ཁྱེད་ལ་སྒུག །
སྐྱིད་པའི་གཡང་ས་ཁོ་ཚེ་ཕྱུག་མོ་འདིར།།
རྣམ་དག་སེམས་པས་མཆོད་པ་ལན་གསུམ་འཕེན།།
ང་ཡི་གཅེས་པའི་ཕ་ཡུལ། སེམས་ཀྱི་རྨི་ལམ་ཁྱེད་ཡིན།
དྲན་པའི་ལོ་ཟླ་སྐྱིད་ཀྱང་སྡུག་ཀྱང་རུང་།
མིག་ཟུང་ཕྲ་མོ་ཁྱེད་ཀྱི་སེམས་རྟེན་ཡིན།
2
གངས་ཆབ་སྔོན་མོའི་འགྲམ་ནས་འཚོ་བ་ཡི།
ང་ཡི་ཕ་ཡུལ་ཆུང་ཆུང་ཆུང་ཆུང་དེ།
སྟེང་ན་དཀར་པོ་ལས་ཀྱི་བརྩེ་བ་ཡོད།
ང་ཡི་སྐྲ་དཀར་ཉག་མ་ལྷུང་ས་ཡིན།
རེ་སྦྲ་གྲུ་བཞིའི་ཁྱུང་གཤོག་མཁའ་ལ་རྐྱོང་།
གཞོན་པའི་དཔུང་རྡང་སྦྲེལ་ནས་ཁྱེད་ལ་སྒུག
མཛེས་པའི་ཕ་ས་གངས་ཀྱི་ར་བ་འདིར།
དད་ཞེན་གཙང་མས་སྨོན་འདུན་ལན་གསུམ་ཞུ།
ང་ཡི་གཅེས་པའི་ཕ་ཡུལ། ཡིད་ཀྱི་དྭངས་མ་ཁྱེད་ཡིན།
དྲན་པའི་ལོ་ཟླ་སྐྱིད་ཀྱང་སྡུག་ཀྱང་རུང།
རྣམ་ཤེས་ཕྲ་མོ་ཁྱེད་ཀྱི་དྲན་ཤིང་ཡིན།
མཛའ་མོ།
ང་ཡི་ལས་དབང་གནམ་ནས་བབས་པ་མིན།
ང་ཡི་མི་ཚེ་ས་ནས་སྐྱེས་པ་མིན།
རྙེད་དང་མ་རྙེད་ལང་ཚོའི་རིན་ཐང་འདི།
ཁྱོད་ལ་དབང་བའི་བརྩེ་དུངས་ངོ་མ་ཡིན།
ཨ་རོག་ཡེ། མཛའ་ན་མོ།
ལང་ཚོ་ནི་ལུས་ཀྱི་མཛེས་སྡུག་ཅིག
ང་ཡི་བྱམས་སྐྱོང་ཉིན་མོར་སྣང་བ་མིན།
ང་ཡི་དགའ་དུངས་མཚན་ལ་འདས་པ་མིན།
ཐོབ་དང་མ་ཐོབ་དགའ་སྐྱོའི་འཚོ་བ་འདི།
ཁྱོད་ལ་ཕུལ་པའི་ལེགས་སྐྱེས་གཙང་མ་ཡིན།
ཨ་རོག་ཡེ། མཛའ་ན་མོ།
དགའ་སྐྱོ་ནི་འཚོ་བའི་ཁ་དོག་ཅིག
ང་ཡི་དམ་བཅའ་ཆུ་ལ་བྲིས་པ་མིན།
ང་ཡི་གཏན་འདུན་ལོ་ཟླས་ནོགས་པ་མིན།
འཚོལ་དང་མ་འཚོལ་འཇིག་རྟེན་ལྟ་བ་འདི།
ཁྱོད་ལ་བཞག་པའི་ཚེ་ནོམ་རྩ་ཆེན་ཡིན།
ཨ་རོག་ཡེ། མཛའ་ན་མོ།
འཇིག་རྟེན་ནི་མི་ཚེའི་ལོངས་སྤྱོད་ཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1