ངོ་མཚར་རྟགས་ཡིན། (ཞར་བཀོད་གཅིག)

སྟག་རིག་འབྲུག་ཐར། [མཚོ་ལྷོ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


ཚོན་མདོག་སྣ་ལྔའི་དར་ལྕོག་ཚེ་ཡིན།།
ཤིག་ཤིག་འཕུར་བའི་རླུང་བུ་སྲོག་ཡིན།།
ཚེ་སྲོག་འབྲེལ་བའི་མ་ཎི་ཡིག་དྲུག །
ལས་བསོད་རྒྱས་པའི་ངོ་མཚར་རྟགས་ཡིན།།
སྟག་སེང་ཁྱུང་འབྲུག་རླུང་རྟ་གཟུངས་ཡིན།།
ལམ་ལམ་འབར་བའི་མེ་དཔུང་སྔགས་ཡིན།།
གཟུངས་སྔགས་འཐབ་པའི་ཆིག་ཐུབ་མན་ངག །
ཁ་ལས་དགེ་བའི་ངོ་མཚར་རྟགས་ཡིན།།
རྟ་བདུན་བདག་པོའི་ཉི་མ་དྲོད་ཡིན།།
ཡན་ལག་བརྒྱད་ལྡན་ཆུ་མོ་གཤེར་ཡིན།།
དྲོད་གཤེར་འཛོམས་པའི་བཀྲ་ཤིས་རྟེན་འབྲེལ།།
ལོ་འབྲས་སྨིན་པའི་ངོ་མཚར་རྟགས་ཡིན།།
རེ་སྒུག
མཁའ་མཐའི་སྤྲིན་པ་དཀར་མོར།།
དུངས་པའི་ཚིག་གསུམ་བསྐུར་ཡོད།།
སྦྲང་ཆར་འབབ་པའི་དུས་ལ།།
སེམས་ཀྱི་མེ་ཏོག་སེར་ཆེན།།
དྭངས་མོ་ཆབ་ཀྱིས་བཀྲུ་ཆོག །
བཅོ་ལྔའི་དུང་ཟླ་དཀར་པོར།།
དགའ་བའི་གཞས་ཤིག་བསྐུར་ཡོད།།
སྐར་ཚོགས་ཤར་བའི་དུས་ལ།།
ཡིད་ཀྱི་གཡུ་མཚོ་སྔོན་མོ།།
སྟངས་སྟབས་གར་གྱིས་བསྟད་ཆོག །
ལྷོ་མོན་ཁུ་བྱུག་སྔོན་མོར།།
རེ་བའི་འཕྲིན་ཞིག་བསྐུར་ཡོད།།
དབྱར་ཟླ་བཞི་པའི་དུས་ལ།།
བསིལ་ལྗོངས་ནགས་ཀློང་ཕྱུག་མོ།།
གསུང་སྐད་སྙན་མོས་བསྲུང་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1