སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་བྱ་དགའ་ཡོད་པའི་ ལྷུག་རྩོམ་འགྲན་སྡུར་གྱི་གསལ་བརྡ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


`    `ཏང་གི་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི“འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དུ་བསྟར་བ་དང་།“མཛེས་སྡུག་ཡིད་དུ་འོང་བའི་ཀྲུང་གོ་འཛུགས་སྐྲུན”གྱི་བླང་བྱ་བཏོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན2016ལོའི་ཟླ8པར་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཙོར་བྱས་པའི“ནན་ནན་ཏིག་ཏིག་བཞི”ཡི་གསུང་བཤད་གལ་ཆེན་དེ་དངོས་འབེབས་དོན་འཁྱོལ་འབྱུང་བ། རྩོམ་རིག་སྒྱུ་རྩལ་གྱིས་མི་དམངས་ལ་ཞབས་འདེགས་དང་དངོས་ཡོད་འཚོ་བར་ཞབས་འདེགས་ཞུ་བའི་ནུས་པ་འདོན་པ་བཅས་ལ་དམིགས་ཏེ། 《སྦྲང་ཆར》རྩོམ་སྒྲིག་ཁང་གིས2017ལོ་ནས་བཟུང་སྟེ། ལོ་གཉིས་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བརྗོད་བྱར་བྱས་པའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་པས། འདིར་འབྲེལ་ཡོད་ཀྱི་དོན་ཚན་གསུམ་རྒྱ་ཆེ་བའི་རྩོམ་མཁན་རྣམས་ཀྱི་སྙན་ལམ་དུ་བསྒྲོན་པ་ལ།
``དང་པོ། རྩོམ་བསྡུའི་ནང་དོན་ནི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཕྱི་སྣོད་ཀྱི་བཀོད་པ་དང་། ནང་བཅུད་ཀྱི་སེམས་ཅན་བར་གྱི་འབྲེལ་བ་བརྗོད་སྙིང་དུ་བཟུང་ཐོག རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་མིའི་རིགས་ཀྱི་འཚོ་གནས་ཀྱི་རྣམ་པར་གདེང་འཇོག་དང་སེམས་ཁུར་བྱེད་པ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་འབྱུང་ཁུངས་སོགས་ཇི་ལྟར་སྲུང་ཞིང་སྐྱོང་བ་སོགས་བརྗོད་བྱ་ཅི་རིགས་གདམ་ཆོག རྩོམ་ལུས་ངེས་པར་ལྷུག་རྩོམ་ཡིན་དགོས་པ་དང་། ཡིག་གྲངས་ཁྲི་གཅིག་གི་ནང་དུ་ཚོད་འཛིན་བྱ་དགོས།
``གཉིས་པ། རྩོམ་བསྡུ་བའི་དུས་ཚོད་ནི2017ལོའི་ཟླ་དང་པོ་ནས2018ལོའི་ཟླ8པའི་ཚེས31ཉིན་བར་ཡིན། རྩོམ་ཡིག་འདི་གར་འབྱོར་བ་ལས་ཕུལ་བྱུང་བརྩམས་ཆོས་དག2017ལོའི《སྦྲང་ཆར》དེབ་དང་པོ་ནས2018ལོའི《སྦྲང་ཆར》དེབ་བཞི་པ་སྟེ། ཁྱོན་དེབ་བརྒྱད་ཀྱི་སྟེང་དུ་དགོད་ངེས། འགྲན་ཞུགས་རྩོམ་ཡིག་རྣམས་ངེས་པར་སྦྲག་ཁང་དང་དྲ་ལམ་བརྒྱུད་དེ་བསྐུར་རྒྱུ་དང་། ཡིག་ངོས་སུ“རྩོམ་བསྡུའི་བརྩམས་ཆོས”ཞེས་པའི་ཡི་གེ་གསལ་བོར་བྲི་དགོས་པར་མ་ཟད། རྩོམ་གྱི་མཇུག་ཏུ་འབྲེལ་གཏུགས་ས་གནས་དང་རུས་མིང་། ཐོབ་ཐང་དཔང་ཡིག་དང་ཁ་པར་གྱི་ཨང་གྲངས་བཅས་གསལ་བོར་བྲི་དགོས།
``གསུམ་པ། 2019ལོའི་ཟླ6པར་ང་ཚོས་ཆེད་མཁས་པ་རྩ་འཛུགས་ཀྱིས་ཚད་གཞི་ལྟར་གཟབ་ནན་ངང་དཔྱད་སྡུར་བྱེད་རྒྱུ། དེར་བྱ་དགའ་རིམ་པ་ཨང་དང་པོ་ཅན་གཅིག་དང་། ཨང་གཉིས་པ་ཅན་གཉིས། ཨང་གསུམ་པ་ཅན་གསུམ་ཡོད་ཅིང་སོ་སོར་བྱ་དགའི་དངུལ་གྲངས་རིམ་པ་བཞིན་དབུལ་རྒྱུ་ཡིན་པས། དེ་དོན་རྒྱ་ཆེའི་རྩོམ་མཁན་རྣམས་ཀྱི་ཐུགས་ལ་འཇགས་པ་དང་མཉམ་དུ་བྱ་འགུལ་འདིར་ཞུགས་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུའོ།།
ཞེས《སྦྲང་ཆར》རྩོམ་སྒྲིག་ཁང་གིས།
2016ལོའི་ཟླ10པའི་ཚེས10ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1