སྒྲུང་གཏམ་གྱི་སྒྱུ་རྩལ།— བསྟན་པ་ཡར་རྒྱས་ཀྱི་སྒྲུང་རིང་གསར་བ《ཁ་སང་གི་ཚོ་བ》ཞེས་པ་དཔེར་བརྗོད་པ།
བྱ་མདོ་དོན་གྲུབ་ཚེ་རིང་། [ལྷ་ས] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར《ཁ་སང་གི་ཚོ་བ》ཞེས་པའི་སྒྲུང་རིང་གི་བྱུང་རིམ་གྱི་ཆེ་བ་དང་གསར་རྩོམ་ཐབས་ལམ་གྱི་ཆེ་བ། བརྗོད་དོན་གྱི་ཆེ་བ། རྩོམ་མཁན་གྱི་མཛེས་རྟོག་ལྟ་བ་སོགས་རེ་རེ་བཞིན་དཔེ་དང་སྦྱར་ནས་ངོ་འཕྲོད་པར་བྱས་ཡོད་ལ། གསར་རྩོམ་ཆད་སྐྱོན་གྱི་སྐོར་ལའང་རིགས་པ་ལུང་དང་འབྲེལ་ནས་སྒྲུབ་བྱེད་འཚམ་པོར་བཀོད་ཡོད།
བརྡ་ཆད་གཙོ་བོ། 《ཁ་སང་གི་ཚོ་བ》 སྒྲུང་གཏམ་གྱི་སྒྱུ་རྩལ། མཛེས་རྟོག་ལྟ་བ།
དང་པོ། སྒྲུང་གི་བྱུང་རིམ་གྱི་ཆེ་བ།
1. རྒྱབ་ལྗོངས།
སྒྲུང་གཏམ་གྱི་སྤྱི་ཁོག་ཧྲིལ་པོ་ནས་བལྟས་ན། སྤྱི་ཚོགས་རྙིང་བར་བྱང་འབྲོག་གི་རྩྭ་ཐང་དང་རྫ་ལུང་རི་ལུང་དུ་བྱུང་དང་འབྱུང་བཞིན་པའི་ཇག་པའི་འཚོ་བ་དང་ཞིང་འབྲོག་བརྗེ་ཚོང་། ཕྱུགས་རིགས་སྐྱས་སྤོ་སོགས་ཀྱི་རྣམ་པ་མཚོན་ཚུལ་འདི་སྤྱིའི་རྒྱབ་ལྗོངས་སུ་བྱས་ཤིང་། སྒྲུང་གཏམ་གྱི་བྱུང་རིམ་དང་འབྲེལ་བའི་དུས་ཚོད་ཀྱང་གསལ་བོར་རྙེད་རྒྱུ་ཡོད་པ་སྟེ། སྒྲུང་གཏམ་གྱི་ཤོག་ངོས220པར“གཙང་དུ་སངས་རྒྱས་བསྟན་པའི་སྤྱི་དགྲ་སྐྲ་སེར་སྤྲེའུ་དང་དམག་རྒྱག་སྐབས་མཚོན་ཆ་ཡག་སྡུག་གི་ཁྱད་པར་ཆེ་དྲགས་པས་ང་ཚོ་ཕམ་པ་རེད”ཅེས་དང་། ཤོག་ངོས230པར“ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱི་རྟ་ཧྲག་ལམ་དུ་བཞུད་སྐབས་བདེ་སྲུང་གི་བཀོད་པ་ལྟར་འགྲུལ་པས་རང་གི་རྟ་དྲེལ་ལམ་ཟུར་དུ་དེད་ནས་ལམ་བཤངས་ནས་འདྲོང་བོར་ལང་མི་ཆོག་པར་མགོ་བསྒུར་ནས་སྡོད་དགོས་འདུག”ཅེས་དང་།
ཤོག་ངོས243པར“སྐབས་དེའི་དུས་ནི། འཛམ་བུ་གླིང་ས་གཞི་ཡོངས་རྦ་ཀློང་རབ་ཏུ་འཁྲུགས་པའི་རྒྱ་མཚོའི་རླབས་ཀྱི་ཁྲོད་ཤི་གསོན་ཆགས་འཇིག་ལ་ཐུག་པའི་གཡོར་གྲུ་ཆུང་ཆུང་ཞིག་དང་མཚུངས་པར་འཛམ་གླིང་དམག་འཁྲུག་གི་དུ་ཞག་གིས་བསྒྲིབས་ནས་ཡོད”ཅེས་དབྱིན་འགོག་དམག་འཁྲུག་དང་། བོད་ས་གནས་སྲིད་གཞུང་། འཛམ་གླིང་དམག་འཁྲུག་ཆེན་མོའི་དོན་རྐྱེན་མཚོན་པའི་ཚིག་དོན་འདི་དག་ལ་བརྟགས་ན། སྒྲུང་རིང་འདི་བྱུང་བའི་དུས་ཚོད་ནི་མ་མཐའ་ཡང་བོད་ཞི་བའི་བཅིངས་འགྲོལ་གྱི་ཡར་སྔོན་ཞིག་ཡིན་པ་ཤིན་ཏུ་གསལ་ལོ།།
2. སྒྲིག་གཞི།
“བརྗོད་སྙིང་ནི་མིའི་བླ་སྲོག་དང་འདྲ་ལ། རྒྱུ་ཆ་ནི་ཤ་ཁྲག་གི་ཕུང་བོ་ལྟ་བུ་དང་། སྒྲིག་གཞི་ནི་མི་དེའི་མགོ་བོའི་རྩེ་ནས་རྐང་མཐིལ་བར་གྱི་ཐུན་མོང་མ་ཡིན་པའི་ཆགས་ཚུལ་ལམ་གྲུབ་ཚུལ་ལྟ་བུ་ཞིག་ཡིན” ཞེས་བརྗོད་པ་ལྟར། སྒྲུང་རིང་འདི་ལེའུ་དགུ་དང་ཡིག་འབྲུ་ཁྲི་ཉི་ཤུས་གྲུབ་པ་ཞིག་ཡིན། དེ་ཡང་ལེའུ་དང་པོ་ནི་ར་མདའ་ཞེས་པ་སྟེ། ཕ་ཆོས་དཔལ་ཚང་གི་བུ་རྡོ་འབུམ་དང་འཇིགས་བྱེད་ཚེ་རིང་གིས་འཚོ་སྐྱོང་བྱེད་བཞིན་པའི་འབྲི་གཡག་སུམ་ཅུ་ལྷག་ཇག་པ་སྐོར་ཞིག་གིས་ཕྲོགས་ནས་དེད་པ་གང་རྐྱེན་དུ་བྱས་ཏེ་སྒྲུང་གི་དོན་རྐྱེན་འབྱུང་བའི་མགོ་བརྩམས། ལེའུ་གཉིས་པ་ནི་པད་མ་བདུད་འདུལ་དང་། ལེའུ་གསུམ་པ་ནི་ཞོ་དགའ་ཚེ་རིང་དང་སྐྱ་ལོ་བུ་ཆུང་ཞེས་པའི་ཚན་པ་འདི་གཉིས་ནི་གཙོ་བོར་ཆོས་དཔལ་དང་ཉི་མ་རྒྱལ་མཚན་གཉིས་ཀྱིས་སྣེ་ཁྲིད་དེ་ཇག་པའི་ར་མདར་སོང་རྗེས། ཁོ་ཚོས་ཇག་པའི་མི་གསུམ་བསད་པ་དང་མི་གསུམ་རྨས་པ། མི་དྲུག་བཟུང་བའི་ཁྲོད་དུ་བདེ་ཆེན་དབང་འདུས་ཟེར་བ་ཞིག་ཡོད་པ་དེས་བཤད་པའི་སྐད་ཆའི་ནང་དོན་ཡིན། ལེའུ་བཞི་པ་མྱུལ་དཔྱད་དང་རྔོན་རྒྱག་ཅེས་པ་ནི་ར་མདར་འགྲོ་མཁན་གྲས་ཀྱི་ཟླ་བ་རྒྱལ་མཚན་དང་འཇིགས་བྱེད་ཚེ་རིང་། ལ་ཆའི་མགོ ར་རྫི་བུ་ཆུང་བཅས་མི་བཞིས་ཇག་པ་ཞོ་དགའ་ཚེ་རིང་དང་སྐྱ་ལོ་བུ་ཆུང་གཉིས་ཀྱིས་འབྲི་གཡག་དེད་ནས་བྲོས་ཕྱིན་པའི་རྗེས་གཅོད་མྱུལ་དཔྱད་དང་།
མཇུག་འབྲས་ཅི་ཡང་མ་ལོན་པའི་གནས་སྐབས་སུ་རྔོན་བརྒྱབ་པའི་སྐོར་ཡིན། ལེའུ་ལྔ་པ་ནི་གཞིས་སུ་ལོག་པ་དང་། ལེའུ་དྲུག་པ་ནི་རྟ་རྒྱུག ལེའུ་བདུན་པ་ནི་སྡེ་ཇུས། ལེའུ་བརྒྱད་པ་གཉེན་སྒྲིག་ཅེས་ཚན་པ་བཞི་ནི། ར་མདར་འགྲོ་མཁན་ཆོས་དཔལ་དང་ཉི་མ་རྒྱལ་མཚན་ཁོ་ཚོ་ཕྱིར་ཕ་ཡུལ་སེར་ཆེན་རྩྭ་ཐང་དུ་ལོག་པ་དང་། བཟུང་དམག་དང་རྨས་མ་རྣམས་ལ་ལྟ་རྟོག་དང་སྨན་བཅོས་བྱས་ཤིང་། སེར་ཆེན་སྡེ་ཚོའི་ཁྱིམ་དུད་མང་ཆེ་བས་དབྱར་མཚེར་ཉི་མ་ལུང་དུ་སྤོས་པ་དང་། ཕོ་གསར་མོ་གསར་རྣམས་ཀྱིས་རང་འགུལ་ངང་རྟ་རྒྱུག་དང་སྒོར་གཞས་འགྲན་ཚོགས་བསྡུས་པ། ཕོ་མོ་མཉམ་བསྒྲིལ་གྱིས་རང་ས་མཉམ་སྲུང་དང་རྡོ་འབུམ་མ་བུ་གཉིས་སོགས་དབུས་མཇལ་གྱི་གནས་ཚུལ། ཉི་ཟླ་སྐར་གསུམ་གྱི་སྲིང་མོ་འོ་མ་སྐྱིད་དང་རྔོན་པ་དབང་གྲགས་ཀྱི་བུ་པད་མ་དྲི་མེད་གཉིས་གཉེན་སྒྲིག་པའི་སྐོར་བཅས་ཡིན། ལེའུ་དགུ་པ་བསླུ་བྲིད་ཅེས་པ་ནི་མཇུག་གི་ཚན་པ་སྟེ། སེར་ཆེན་སྡེ་ཚོའི་ཆོས་དཔལ་དང་ཉི་ཟླ་སྐར་གསུམ་གྱི་ལྐོག་གཡོའི་ཇུས་ངན་ལ་བརྟེན་ནས་ཕྱི་འོངས་ཚོང་པ་མི་བཅུ་གསུམ་གྱི་སྲོག་བཅད་པ་དང་། བུ་རྡོ་འབུམ་གར་སོང་ཆ་མེད་དུ་གྱུར་པ་དང་བསྟུན་ནས་རྩོམ་མཇུག་བསྡུས་པ་བཅས་ནི་སྒྲུང་གཏམ་གྱི་བྱུང་རིམ་དང་འབྲེལ་བའི་སྒྲིག་གཞི་ཡིན་ནོ།།
གཉིས་པ། གསར་རྩོམ་ཐབས་
ལམ་གྱི་ཆེ་བ།
1. མགོ་རྩོམ་པ་དང་བར་བཅུག མཇུག་སྡུད་སྟངས།
“རྩོམ་མགོ་ཡག་པོ་ཞིག་འདྲེན་མ་ཐུབ་ན་དམག་དཔོན་སྔོན་ལ་བྲོས་པའམ་ཤི་བ་དང་འདྲ་ལ། རྩོམ་མཇུག་ལེགས་པོ་ཞིག་བསྡུ་མ་ཐུབ་ན་ནམ་ལངས་ཁར་ཉལ་གཅིན་ཤོར་པ་དང་ཁྱད་ཅི་ཡོད” ཅེས་པ་བཞིན། ཚིག་འདིས་རྩོམ་མགོ་དང་རྩོམ་མཇུག་གི་བློས་བསླངས་ནི་གལ་ཆེན་དུ་བསྟན་ཡོད་པ་ལྟར། སྒྲུང་གཏམ་འདིས་གནད་དོན་འདི་གཉིས་ཡག་པོ་ཞིག་ཐག་བཅད་འདུག སྒྲུང་གཏམ་རྙིང་བས་བྱུང་རིམ་གསལ་སྤྲོས་བྱེད་པ་གཙོར་འཛིན་པ་ཡིན་ནའང་།
སྒྲུང་གཏམ་འདི་དེ་དག་དང་མི་འདྲ་བར་མགོ་རྩོམ་པའི་ཚེ་ན་སྒོ་འབྱེད་རི་མཐོང་ལྟ་བུའི་ཁྱད་ཆོས་ཐོན་ཡོད་དེ། མི་སྣ་གཙོ་གྲས་སུ་གཏོགས་པའི་རྡོ་འབུམ་གྱི་གནས་ཚུལ་མདོར་བསྡུས་སུ་བྲིས་ཡོད་པ་ནི།“རྡོ་འབུམ་ཕོ་ལོ་བཅུ་གསུམ་ལ་སླེབས་པས་གནག་སྣུམ་གྱི་རལ་བ་གཙང་མར་བཀྲུས་ཤིང་། སྐྲ་གཞུག་དམར་པོ་བཏགས་ཏེ་སྐྱེས་པ་ཕོ་ཡི་གྲལ་དུ་ཚུད” ཅེས་དོན་དག་མང་བོ་ཞིག་གི་ནང་མགོ་འཁོར་ནས་མ་བསྡད་པར་སྐབས་བབ་ཀྱི་དོན་དེ་ཉིད་ཐད་ཀར་སྐྱ་རིས་སུ་ཕབ་ཡོད་པ་དང་། ཇག་པས་ཉི་མ་གཟའ་ཡིས་བཟུང་བའི་གོ་སྐབས་དང་བསྟུན་ཏེ་འབྲི་གཡག་དེད་པ་དེ་དོན་རྐྱེན་གྱི་མགོ་ཁུངས་སུ་བྱས་ཏེ་ར་མདར་འགྲོ་བ་ནས་མགོ་བརྩམས་འདུག་པས། མྱོང་རོལ་མཁན་རྣམས་ལ་ལྟ་ཀློག་ངང་སྒུག་གི་སེམས་ཁམས་བསྐྲུན་ཡོད་པ་ལྟ་བུའོ།།
ལེའུ་གཉིས་པ་པད་མ་བདུད་འདུལ་དང་། ལེའུ་གསུམ་པ་ཞོ་དགའ་ཚེ་རིང་དང་སྐྱ་ལོ་བུ་ཆུང་ཞེས་པའི་ཚན་པ་འདི་གཉིས་ནི་བཟུང་དམག་བདེ་ཆེན་དབང་འདུས་ཀྱིས་ཇག་པའི་འཚོ་བ་དང་འབྲེལ་བའི་སྒྲུང་སྣ་གཅིག་གི་ནང་དུ། ཇག་པའི་འཚོ་བ་དང་འབྲེལ་བའི་སྒྲུང་སྣ་གཞན་པ་ཞིག་བར་དུ་བཅུག་སྟེ་ལྷུག་བརྗོད་བྱས་ཡོད་པས་སྒྲུང་བཅུད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། སྤྱིར་སྒྲུང་གཏམ་ཧྲིལ་པོའི་ཕན་འབྲས་ཀྱི་ཆ་ནས་བཤད་ན་ཆར་བ་ཆུ་གྲོགས་ལྟ་བུའི་ནུས་པའང་ཞོར་ལ་ཐོན་འདུག
དམངས་ཁྲོད་ཀྱི་སྒྲུང་དང་སྒྲུང་གཏམ་རྙིང་བ་ཕལ་མོ་ཆེས་ལྷན་དུ་འཛོམས་པ་དང་། བཀྲ་ཤིས་པ་དང་དོན་གྲུབ་པའི་ཚུལ་གྱིས་རྩོམ་མཇུག་སྡུད་པར་གཞོལ་ཆེ་ནའང་། སྒྲུང་གཏམ་འདི་དེ་དག་ལས་ལྡོག་སྟེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་གྱིས་རྩོམ་མཇུག་བསྡུས་ཡོད་པ་སྟེ། “ཉིན་གསུམ་པའི་དགོང་མོར་རྡོ་འབུམ་བྱ་འཕུར་རྗེས་མེད་དུ་གྱུར། ཁོའི་ཉལ་ས་རུ་སྐྲ་གཞུག་དམར་པོ་དེ་དང་རྒྱུན་དུ་སྐེད་པར་གཟར་བའི་རྐེད་གྲི་ཕྲ་རིང་དེ་ལས་གཞན་གང་ཡང་མི་འདུག” ཅེས་དང་། “ཆོས་དཔལ་ཚང་གི་མི་རྣམས་རེ་ཞིག་ཧ་ལས་ཧོན་ཐོར་བ་དང་སྙིང་ནས་གཅེས་པའི་བུ་རྡོ་འབུམ་ས་ཕྱོགས་གང་དུ་ཕྱིན་ཡང་གེགས་བར་ཆད་མི་ཡོང་བའི་སྨོན་ལམ་ཡང་ཡང་བཏབ” ཅེས་མཇུག་བསྒྲིལ་སྟངས་འདིས་བརྩམས་ཆོས་ཧྲིལ་པོར་སྐྱོ་གར་གྱི་ཉམས་མདངས་བསྣན་ཞིང་། མྱོང་རོལ་མཁན་རྣམས་ལའང་བསམ་གཞིག་གི་སྒོ་འཕར་ཡངས་པོར་ཕྱེ་ཡོད།
2. ཕྱིར་དྲན།
རྩོམ་མགོ་བརྩམས་ཏེ་ཅང་མ་འགོར་བ་སྟེ། ལེའུ་དང་པོ་ར་མདའ་ཞེས་པའི་ནང་གི་ཚན་པ་གཉིས་པ་ནི་བསྡུར་བ་དང་སྨོན་པའི་སེམས་ཁམས་མཚོན་པའི་ཕྱིར་དྲན་གྱི་ནང་དོན་ཡིན་ཏེ། ཕ་ཆོས་དཔལ་གྱིས་བུ་རྡོ་འབུམ་དང་འཇིགས་བྱེད་ཚེ་རིང་གཉིས་ཀྱིས་འབྲི་གཡག་མང་བོ་འཚོ་སྐྱོང་མ་ཐུབ་པར་ཇག་པས་དེད་ཕྱིན་པ་དེར་ཕྱོགས་གཅིག་ནས་ཁོང་ཁྲོ་ཆེན་པོ་ལངས་པ་དང་། ཕྱོགས་གཅིག་ནས་བུ་གཉིས་ཀྱི་བྱ་སྤྱོད་ལ་ཅུང་ཟད་ཡིད་མ་ཚིམས་པའི་ངང་ལ། སྐབས་དེའི་དུས་རང་གི་ཕ་སངས་རྒྱས་ཟེར་བ་ཕོ་ལོ་དྲུག་གསུམ་བཅོ་བརྒྱད་ལ་ལོན་པའི་ཕོ་གསར་དེས་ཇག་པར་འཐབ་པ་དང་། ཇག་པ་ལས་རྣམ་པར་རྒྱལ་བའི་དཔའ་བོའི་གཟུགས་བརྙན་དེ་ཡིད་ལ་དབང་མེད་དུ་འཁོར་འོང་བའི་གནས་ཚུལ་བྲིས་ཤིང་། སྒྲུང་གཏམ་འདིའི་བྱུང་རིམ་དང་མཐུན་པར་སྦྱར་ཏེ་འདས་དོན་དྲན་གསོ་ཚུལ་འདི་ནི་མིའི་སེམས་གཤིས་དང་འཕྲོད་པ་ཞིག་ཡིན་ལ། སྒྲུང་གི་འཕེལ་རིམ་དང་ཤིན་ཏུ་འཕྲོད་པ་ཞིག་ཀྱང་ཡིན།
3. མི་སྣའི་ཉམས་འགྱུར།
སྒྲུང་རིང་འདིར་གསོན་ཉམས་ལྡན་པའི་མི་སྣའི་ཉམས་འགྱུར་མང་དུ་མཐོང་རྒྱུ་ཡོད་པ་སྟེ། སྐྱེས་པ་ཕོ་རྣམས་ཇག་ལ་འགྲོ་བའི་དུས་སུ་གོས་ཀྱི་གོན་ལུགས་དང་མཚོན་ཆ་འཁྱེར་སྟངས། ཇག་ལ་འཐབ་ཚུལ། ཁྲམ་གླུ་གྱེར་སྟངས། ཤོ་དང་རྩེད་འཇོར་རོལ་ལུགས་སོགས་དང་། སྐྱེས་མ་མོ་རྣམས་ཁྱིམ་ལས་ལ་བྲེལ་ཚུལ་དང་རྒྱན་ཆ་གསོལ་ལུགས། སྒོར་གཞས་འཁྲབ་སྟངས་སོགས་ཡོད་པ་རེ་རེ་བཞིན་བགྲང་ན་མང་བར་འགྱུར་བས། འདིར་དཔེ་མཚོན་ཙམ་ཞིག་དྲངས་ན། ཤོག་ངོས25པར“ཆོས་དཔལ་གྱིས་གཡི་ལྤགས་ཀྱི་ཚར་སློག་ལ་ཝ་དམར་གྱི་གོང་བ་བྱས་པ། གོས་ཆེན་གྱི་ཕྱི་སྐོགས་ཅན་ལ་ཆུ་སྲམ་སྨུག་པོའི་མཐའ་རྒྱན་མཐོ་གང་ཙམ་ཡོད་པ་ཞིག་ལུས་ལ་གོན། རྐང་ལ་སོག་ལྷམ་ཡུ་རིང་ཞིག་གོན། གཡུ་དང་གཟི་བྱུར་གྱི་མགུལ་རྒྱན་བྲང་གི་ཐད་དུ་དཔྱངས། སྐྲ་གཞུག་དམར་པོ་ཆེན་པོ་ཞིག་མགོ་ལ་དཀྲི་བཞིན་དུ”ཞེས་དང་།
ཤོག་ངོས89པར“རྐང་བའི་པུས་མོའི་མཚམས་ནས་བཅད་པའི་མི་དེ་ཆུ་ཕྲན་ཞིག་གི་འགྲམ་དུ་ཁ་སྦུབ་ཏུ་ཉལ་ནས་ཆུ་འཐུང་བཞིན་འདུག”ཅེས་དང་། ཤོག་ངོས130པར“རུམ་ནང་ནས་རྒྱ་གླང་གི་རྭ་ཅོ་ལ་རྒྱ་དངུལ་གྱིས་ཤན་པའི་སྣ་རུ་དེ་བཏོན་ནས་རྐང་མགོར་ལན་གསུམ་བརྡབས། དེ་ནས་ཉམས་འགྱུར་ལྡན་པའི་སྒོ་ནས་ལག་གཡོན་མའི་མཐེ་བོང་གི་སེན་མོའི་སྟེང་དུ་སྣ་ཐ་ཅུང་ཟད་བླུགས”ཞེས་དང་།
ཤོག་ངོས159པར“དེ་ནས་ཚེ་སྐྱབས་ཀྱིས་ལག་པ་གཡས་པའི་ཕུ་ཐུང་ཕུད་དེ་གློ་གྲི་རག་ཤན་རིང་ཐུང་ཁྲུ་གང་ཙམ་ཞིག་བཏོན་ནས་རྡོ་ལེབ་མོ་ཞིག་གི་སྟེང་དུ་མཆིལ་མ་བཏབ་ནས། བརྡར་རོ། །བརྡར་རོ”ཞེས་འབྱུང་བ་སོགས་ལས་མཐོང་བའི་མི་སྣའི་ཉམས་འགྱུར་དེ་དག་ནི་ཡུལ་སྲོལ་ལམ་འཚོ་བའི་གོམས་གཤིས་དང་ཤིན་ཏུ་མཐུན་པས། ཀློག་པ་པོ་རྣམས་ལ་བཅོས་མ་མ་ཡིན་པའི་སྣང་བརྙན་དག་བློ་ངོར་གསལ་ལྷང་ངེར་སྐྱེད་པར་བྱེད་དོ།།
4. ཚིག་གི་ཉམས།
ཀ གླུ་དང་གཏམ་དཔེ།
སྤྱིར་སྤྱི་ཚོགས་རྙིང་བའི་བྱང་འབྲོག་གི་འཚོ་བ་དང་སྒོས་སུ་བྱང་འབྲོག་ཇག་པའི་འཚོ་བ་མངོན་པར་མཚོན་པའི་སྒྲུང་གཏམ་རིང་གྲས་ཤིག་ལ་མཚོན་ན། གླུ་དང་གཏམ་དཔེ་ནི་དེའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་སྨོས་མེད་རེད། སྤྱིའི་འབྲོག་གླུ་དང་བྱེ་བྲག་གི་ཇག་པའི་ཁྲམ་གླུ་དང་འཕྲིན་བཅོལ་གྱི་བསང་འབོད། གླུ་ཤགས། ཇ་མཆོད། ཤོ་འབོད། ནོར་འདོགས་གླུ་དབྱངས། གྲི་ཆུང་བརྡར་གླུ། ཕོ་མོའི་སྒོར་གཞས་སོགས་རྣམ་གྲངས་མང་བོ་ཡོད་པའི་གྲས་ལས་རེ་གཉིས་ཙམ་ཞིག་དཔེ་མཚོན་དུ་དྲངས་ན། ཤོག་ངོས81པར“མར་མི་མངོན་དབྱིངས་ནས་རྫོགས་སངས་རྒྱས། །ཚྭ་ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ། །ཆུ་དེ་བཞིན་གཤེགས་པས་རང་མདོག་མངོན། །དེ་ས་སེར་སེར་སྣའི་གཉེན་སྟོན་རེད”ཅེས་འབྱུང་བ་གླུ་ཤགས་ཀྱི་སྐོར་དང་། ཤོག་ངོས135པར“བུ་ཁྲམ་པ་ང་ལ་མགོ་སྦྲ་མེད། །རྫ་ཁྲ་ཡག་ཁྲམ་པའི་མགོ་སྦྲ་རེད། །བུ་ཁྲམ་པ་ང་ལ་མགོ་དཔོན་མེད། །དགུང་ཨ་སྔོན་ཁྲམ་པའི་མགོ་དཔོན་ཡིན། །བུ་ཁྲམ་པ་ང་ལ་དཔུང་རོགས་མེད། །བོའུ་ཁྲ་རིང་ཁྲམ་པའི་དཔུང་རོགས་ཡིན། །བུ་ཁྲམ་པ་ང་ལ་འགྲོ་རོགས་མེད། །
རྟ་འདོ་བ་ཁྲམ་པའི་འགྲོ་རོགས་ཡིན”ཞེས་འབྱུང་བ་ཁྲམ་གླུའི་སྐོར་དང་། ཤོག་ངོས201པར“ཤོ་འཛུགས་ཀྱི་དགྲ་ལྷ་དཀར་པོ། ཉི་ཟེར་གྱི་ཕྱག་ན་རྡོ་རྗེ། ཕ་རྒས་ས་བུ་འཚར་ས། གཡང་མོ་ལུག་གི་སྐྱིད་ཉལ་འཐེན་ས། རང་ཁྱུ་དགུ་པོ་འཛུགས་ས། མི་ཁྱུ་དགུ་པོ་གསོད་ས་དེ་རུ་ཚུགས”ཞེས་འབྱུང་བ་ཤོ་འབོད་ཀྱི་སྐོར་འདི་དག་གིས་བརྩམས་ཆོས་ལ་བྲོ་ཉམས་གསར་བ་ཞིག་བསྣན་ཡོད་པར་མ་ཟད། བྱང་འབྲོག་དམངས་སྲོལ་གྱི་མཛེས་ཉམས་དང་གསོན་ཤུགས་ཀྱང་བསྣན་འདུག་པ་རེད།
བོད་སྔ་རབས་པ་རྣམས་ལ་མཚོན་ན་འཚོ་བའི་ནང་དུ་གཏམ་དཔེ་ནི་མེད་དུ་མི་རུང་བའི་ཚིག་གི་སྒྱུ་རྩལ་གཙོ་བོ་ཞིག་ཡིན་པ་བཞིན། འདིར་ཡང་གཏམ་དཔེ་མང་དུ་ཡོད་པ་དག་ལས་ཇག་པའི་འཚོ་བ་དང་འབྲེལ་བའི་གཏམ་དཔེ་ལ་འདི་འདྲ་ཡོད་པ་སྟེ།“སྐྱེས་པ་ཕོ་ལ་རུས་པ་ཨེ་གདའ། སྔོན་མོའི་མཚོན་ལ་རྣོ་ངར་ཨེ་གདའ”ཞེས་དང་།“དཔའ་བོ་ཁ་རལ་ངོ་རལ།”“མི་དགའ་དགའ་མདོག་བྱེད་པ་དེ། །ཕོ་གསར་དམག་ལ་འགྲོ་ཉིན་ཡིན། །མི་སྡུག་སྡུག་མདོག་བྱེད་པ་དེ། །མོ་གསར་གནས་ལ་འགྲོ་ཉིན་ཡིན། །” “དགེ་བ་དང་ར་མདའ་མྱུར་དགོས།”“ཚེ་སྨད་སློབ་དཔོན་པད་མའི་མཚམས་གཡོག་བྱས་མྱོང་། ཚེ་སྟོད་སྲིན་པོ་མགོ་དགུའི་ར་རྫི་བྱས་མྱོང་།”“གྲི་བརྒྱབ་པས་མི་ཚད་ཡུ་བས་དཀྲུག་དཀྲུག འབྲོང་བསད་པས་མི་ཚད་རྔ་མས་འཕྱར་འཕྱར།”“ལྟོགས་ཀྱང་ཉིན་རྩྭ་མི་ཟ་ལེ། །བྲེ་སེར་འབྲོང་གི་གཤིས་རྒྱུད་རེད། །སྐོམ་ཡང་ཉིན་ཆུ་མི་འཐུང་ལེ། །ཁ་དཀར་རྐྱང་གི་གཤིས་རྒྱུད་རེད། །སྡུག་ཀྱང་མིག་ཆུ་མི་གཏོང་ལེ། །སྐྱེས་པ་ཕོ་ཡི་གཤིས་རྒྱུད་རེད། །”“ཕོ་སྡར་མ་བཙོན་ཐོག་ལ་ངར།”“སྤྱང་ཀིའི་རྔ་མ་འཕར་བས་བཅད། ན་ཚ་ཅི་ཡོད་དེའི་དུས་ཤེས། རྐུན་མའི་རྟ་ཕོ་ཇག་པས་འཕྲོག སྡུག་བསྔལ་ཅི་ཡོད་དེའི་དུས་ཤེས།”“སྐབས་འགར་འཐབ་ནས་རྒྱལ་ན་དཔའ་བོ་ཡིན། སྐབས་འགར་བྲོས་ནས་ཐར་ན་དཔའ་བོ་ཡིན”ཞེས་པ་སོགས་ལས་སྐྱེས་པ་ཕོ་ཡི་སྙིང་སྟོབས་དང་བློ་སྤོབས་མཚོན་པར་མ་ཟད། བོད་རང་གི་བློ་གྲོས་ལས་འཁྲུངས་པའི་རྩམ་དྲི་མར་དྲི་མ་ཤོར་པའི་ཚིག་གི་ཉིང་བཅུད་འདི་དག་གི་རྒྱབ་ལོགས་སུ་ཇག་པའི་འཚོ་བའི་ཁྲོད་ཀྱི་ཐོབ་ཤོར་དང་རྒྱལ་ཕམ། རེ་སྙེག་སོགས་ལས་གཞན་ད་དུང་དཔའ་བོའི་སྣང་བརྙན་ཡང་ཞོར་དུ་བསྐྲུན་ཡོད་དོ།།
ཁ། བརྡ་རྙིང་དང་དཔེ་འཇོག
རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ་ཁ་ཅིག་ལ་སྐད་ཆའི་མཁན་པོ་ཞེས་མིང་གི་ཆོ་ལོ་སྦྱར་དང་སྦྱོར་བཞིན་ཡོད་པའང་གཙོ་བོ་སྒྲུང་གཏམ་དང་ཟློས་གར་རྩོམ་རིག་གི་སྟེང་ནས་འཇོག་ཅིང་། སྤྱིར་ཡི་གེ་གང་ཞིག་སྤྱད་དེ་བརྩམས་པའི་སྒྲུང་གཏམ་ནི་མི་རིགས་གང་དེའི་སྐད་ཆའམ་ཚིག་གི་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བྱེད་ཉེར་ལེན་གྱི་རྒྱུ་འབའ་ཞིག་ཡིན་པ་རྩོམ་རིག་ལོ་རྒྱུས་ཀྱིས་ར་སྤྲད་ཟིན་པ་བཞིན། སྐབས་སུ་བབ་པའི་སྒྲུང་གཏམ་འདིའི་ཐོག་མཐའ་བར་གསུམ་ནི་གྱ་ནོམ་པའི་ཚིག་གི་སྒྱུ་རྩལ་གྱིས་ལེགས་པར་སྤྲས་ཡོད་པ་ནི་བརྩམས་ཆོས་འདིའི་དམིགས་བསལ་གྱི་ཁྱད་ཆོས་གཞན་ཞིག་ཏུ་བགྲང་ཆོག མིག་བཤེར་ལན་གཅིག་བྱས་ཚེ། བྱང་འབྲོག་འཚོ་བ་དང་འབྲེལ་བའི་བརྡ་དང་ཐ་སྙད་ལ་བོའུ་ཁྲ་རིང་དང་མདའ་རུ། སོག་ལྷམ་ཡུ་རིང་། བྲེ་སེར། རྒྱུ་མ་ལྡུག རྒྱུག་ཇ་མགོ་འདར། སྤྲིན་པ་ནག་ལེབ། རྟ་རྒྱུག་འགྲོས་བསྡུར། ཡོབ་འགྱུར། སྦེ་ག རྡོ་འགྱོག སྦྲའི་གུང་ཤིང་།
གཤིན་པོའི་མིག་ལྕིབས། བྱང་ཐང་གི་ལ་ཡེ། ཡོབ་དཀར་ཆུ་སྲིན་ཁ་སྤྲོད། མནའ་ཤག དཀར་གུར་ཐོད་ནག མགྲོན་བྱིའུ་བྲང་སེར། ཤི་གསོན་བྱེ་མའི་ལ་སྒང་།
གངས་གསོག ཉ་གླག གོང་མཛུབ། དཀྱིལ་མཛུབ། སྲིན་མཛུབ། མཐེབ་ཆུང་། སྦྱིབས། རི་བྱིའུ་ལྡོང་ཏིལ། སྐྱ་མི། རྐྱང་ཆུང་ཁ་དཀར། དོས་རྟ། དབྱར་མཚེར། མཚེར་རྙིང་། བརྟད། ལྷམ་སྒྲོག ལྕི་སྤུངས། བཞི་ལིང་།
སྡོད་སྐྱོར། མདའ་རྨས། གྲི་རྨས། ཆག་ཤིང་། ཆག་ཆིངས། རུས་ཐང་། ཤོ་ཕོར། ཤོ་ཇུས། རི་གསོ། གཞས་ར། བྱང་ཚྭ། བྱང་ལམ། གྲེ་བསང་། འོ་ཟོམ་རག་ཤན། འོ་མའི་སྤྲི། ནག་ཆུང་ནོར་གྱི་ངུར་ལྡིར། གཡང་དཀར་ལུག་གི་འབའ་སྐད། འདོ་བ་རྟ་ཕོའི་འཚེར་སྐད་སོགས་མང་དུ་འབྱུང་ཞིང་། ལ་ལ་ཞིག་ཡུལ་སྐད་དང་ལ་ལ་ཞིག་བརྡ་རྙིང་དང་ཉེ་བ་སྔ་མའི་བསྟན་བཅོས་དང་།
མིང་མཛོད་ཚིག་མཛོད་སོགས་སུ་རྙེད་དུ་བཏུབ་པ་རྐྱང་ཡིན་པར་མ་ཟད། འཚོ་བའི་གཤིས་དང་འཕྲོད་ཅིང་མཚོན་སྟོབས་དང་ལྡན་པ་ཤ་སྟག་ཡིན་ནའང་།
དེང་གི་ཆར་ཕལ་ཆེ་བ་ཞིག་ནམ་རྒྱུན་གྱི་སྐད་ཆའི་ཁྲོད་ནས་བོར་བརླག་ཏུ་སོང་ཚར་བས། གོ་བ་ལེན་མཁན་ཉུང་ལ་བེད་དུ་སྤྱོད་མཁན་དེ་ལས་ཀྱང་ཤིན་ཏུ་ཉུང་ངོ་། །དཔེར་ན། སྦྱིབས་ཞེས་པ་ནི་བཀབ་པའམ་བཏུམས་པའི་བྱེད་འབྲེལ་ལས་ཚིག་ཡིན་ལ། སྒྲུང་གཏམ་དུ“ཇ་རྡིག་གི་ཁ་ནས་རླངས་པ་སྐྱ་སྐྱ་ཆལ་ཆིལ་དུ་འཕྱུར་གྱིན་ཇ་ཡང་ཁོལ་སོང་བས། སྐྱ་ལོ་བུ་ཆུང་གིས་ཕུ་ཐུང་གིས་སྦྱིབས་ནས་ཇ་རྡིག་ཐབ་ལས་ཕབ” ཅེས་འབྱུང་བ་ལས་དེའི་གོ་དོན་ཤིན་ཏུ་གསལ་ཞིང་། འདི་ནི་ཨ་མདོའི་སྐད་དུའང་རྒྱུན་མར་བྱུང་དང་འབྱུང་བཞིན་ཡོད་པ་ཞིག་ཡིན་པ་ལྟ་བུའོ།།
གཞན་ཡང་། སྒྲུང་གཏམ་གྱི་མི་སྣ་ལ་རྡོ་འབུམ་དང་ར་རྫི་བུ་ཆུང་། ཉི་ཤར། ལ་ཆའི་མགོ ཚེ་སྐྱབས། སྟག་སྐྱབས། ཞོ་དགའ་ཚེ་རིང་། སྐྱ་ལོ་བུ་ཆུང་། ཁྲོ་བོ་རྒྱལ་མཚན། མར་ཁུ་ཚེ་རིང་། སྐྱིད་པོ་ཚེ་རིང་། འབྲི་དགའ་གཡང་ནོར། འཁྱམ་པོ་ཚེ་ཚེ། མི་ཆུང་ཁ་བདེ། འབྲོང་ནག་ལྷུག ས་གནམ་ཁ་འཕྲོད། ཆུང་མ་ཨ་འཛོམས། ཇོ་སྲས། འོ་མ་སྐྱིད་ཅེས་པ་སོགས་རང་གཤིས་གསལ་ཞིང་དོན་ལ་འབྱོར་བ་དང་། ཅུང་ཟད་དགོད་བྲོ་བའི་ཉམས་དང་ལྡན་པའི་སྒྱུ་རྩལ་གྱི་མི་སྣ་མང་བོ་ཞིག་གསར་བཞེངས་བྱས་ཡོད། སྒྲུང་གཏམ་གྱི་ས་ཆ་ལ་སེར་ཆེན་དང་ལྷ་ཆུ་ཁམས་པའི་ལུག་རབ། གཡག་རུ། མེ་ཏོག་ལྷས། སྐྱིད་པོ་ལུང་། ཇག་ཤུར། བྱ་རྒོད་གཙང་བོ། སྦས་ལུང་། བྱང་གི་མ་ཡེར་གངས་རི། འབྲོང་མཚོ་ཕྱུག་མོ། མར་ཁུ་ཐང་སོགས་བྱང་འབྲོག་ཡུལ་ཁམས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་རྩྭ་ཐང་དང་ཡུལ་ལུང་མང་བོའང་འཕྱོར་འབྲི་བྱས་འདུག
བརྩམས་ཆོས་སུ“དཀར་གསལ་གྱི་ཟླ་བ་དེ་སྤྲིན་པ་ནག་ལེབ་འབྲོག་པའི་ཀོ་གདན་འདྲ་བ་ཞིག་གི་ལོགས་སུ་ཡིབ”ཅེས་པ་དང་།“ཟླ་བའི་ཞལ་ཁྱིམ་སྐྱོ་བོ་ཞིག་འབྲོག་པ་དབུལ་ཕོངས་ཀྱི་སློག་ཧྲུལ་ལྟ་བུའི་སྤྲིན་པ་ཁྲལ་ཁྲོལ་གྱི་ལོགས་ནས་མངོན་བྱུང”ཞེས་པ་དང་། “གནམ་མེ་ལོང་ཙམ་ཞིག་ལས་གང་ཡང་མི་མཐོང་བའི་ཐང་གཤོང་སྒོར་མོ་བྱིའུ་ཚང་འདྲ་བ་ཞིག་གི་ཁ་རུ་སླེབས”ཞེས་དང་། “བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱབ་ལོགས་ཀྱི་བྲག་རིའི་སྟེང་ནས་རལ་བའི་ཐོར་ལྕོག་ཁྱི་རོ་འདྲ་བའི་མི་ཞིག་གིས་ཁོ་ཚོའི་ཕྱོགས་སུ་ལག་གཡུག་བྱས”ཞེས་དང་།
“སེར་མདངས་རབ་ཏུ་བཀྲ་བའི་འབྱམས་ཀླས་རྩྭ་ཐང་གི་ཕྱོགས་བཞིའི་ས་འཛིན་མུ་ཁྱུད་ཀྱི་ཕྲེང་བའི་མཐོ་དམན་སོག་ལེའི་ཁ་དང་མཚུངས་པའི་ལྷུན་པོའི་རྩེ་མོ་དག་ནི”ཞེས་སོགས་དོན་ལ་འབྱོར་ཞིང་བློ་ངོར་འབྱམས་པའི་དཔེ་འཇོག་གི་རྒྱན་ཡང་མང་དུ་མཐོང་རྒྱུ་ཡོད་པར་མ་ཟད། ཚིག་དང་ཚིག་གི་སྒྱུ་རྩལ་འདི་དག་ལ་ས་སྐྱེས་རྡོ་སྐྱེས་ཀྱི་བྲོ་ཉམས་མ་ཤོར་པའི་ཚུལ་དུ་ཡོད་ལ། སྐབས་འགར་གནའ་རྩོམ་དང་གླིང་སྒྲུང་སོགས་ཀྱི་ཚིག་ཉམས་ཀྱང་མངོན་པར་གསལ་ལོ།།
གསུམ་པ། བརྗོད་དོན་གྱི་ཆེ་བ་དང་རྩོམ་
མཁན་གྱི་མཛེས་རྟོག་ལྟ་བ།
ཕ་མེས་ཡང་མེས་ནས་བཟུང་བྱང་འབྲོག་ས་ཆ་ནི་འཚོ་རྟེན་ཉག་གཅིག་ཏུ་བཅོལ་ཞིང་། ཇག་པའི་འཚོ་བ་ནི་ཕོ་གསར་རྣམས་ཡིད་སྨོན་སྐྱེས་པའི་མི་ཚེའི་གོ་རིམ་ཞིག་ཏུ་ངོས་འཛིན་པའི་ཆོས་དཔལ་ཁྱིམ་རྒྱུད་ཀྱི་དགའ་སྐྱོ་དང་ཐོབ་ཤོར། རྒྱལ་ཕམ། རེ་དོགས་ཉིས་འཛོམས་ཀྱི་འཚོ་བའི་འཕེལ་འགྱུར་དེ་སྒྲུང་ཕྲེང་གི་རྒྱུད་སྐུད་དུ་དྲངས་ཏེ། གསོན་ཉམས་ལྡན་ཞིང་ཤ་དར་ཁྲག་དར་གྱི་མི་སྣའི་སྣང་བརྙན་དང་འཚོ་བའི་འགྱུར་ལྡོག་གིས་གྲུབ་པའི་འཇིག་རྟེན་གཉིས་པ་ཞིག་མྱོང་རོལ་མཁན་རྣམས་ཀྱི་སྒྱུ་རྩལ་གྱི་ལོངས་སྤྱོད་དུ་བསྐྲུན་ཡོད། གལ་སྲིད་རྩོམ་མཁན་རང་ཉིད་འཚོ་བའི་ཕྱི་རོལ་ཏུ་གཡེང་ཞིང་རྒྱུས་མངའ་བྲལ་པ་དང་།
གསར་རྩོམ་གྱི་སྤྲོ་སྣང་དང་འཆར་སྒོ་རྒྱུན་རིང་དུ་བསྐྱེད་མ་ཐུབ་པ། བྱང་འབྲོག་གི་འཚོ་བ་སྤྱི་དང་ཕྲ་ཞིང་ཕྲ་བའི་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་དག་ལ་ཉེ་བར་བཅར་ཏེ་རྟོག་འཇུག་ཡག་པོ་ཞིག་གནང་མ་ཐུབ་པ་ཡིན་ན། མི་སེམས་འགུལ་བ་དང་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཆེན་པོ་འདི་འབྱུང་ཐབས་མེད་པ་ནི་རྩོད་མེད་ཡིན།
སྒྲུང་གཏམ་དུ“ང་མ་ཤི་གོང་མིག་ཕོ་རོག་གིས་འདྲུ་མི་ཉན”ཞེས་དང་། “གསེར་མཚོས་གང་ཡང་མ་བཤད་པར་བུ་གཉིས་ལ་འགྲམ་པ་གླན་པ་རེ་སྦྱར་ནས་ནང་དུ་ལོག་སོང”ཞེས་དང་། “ཤིང་ཕོར་གཉིས་བླངས་འོང་ནས་ཐབ་ཕྱིས་ཀྱིས་མཚོན་བྱེད་རང་བཞིན་གྱིས་ཕྱིས་ཙམ་བྱས་རྗེས། ཐབ་ནང་གི་མེ་ལྕེའི་སྟེང་དུ་གཡུག་ཙམ་བྱས”ཞེས་འབྱུང་བ་སོགས་བོད་རང་སའི་དམངས་ཁྲོད་རིག་གནས་དང་འབྲེལ་བའི་དམངས་སྲོལ་འདི་དག་མང་དུ་བྲིས་ཡོད་པ་རྣམས་ཀྱང་།
དམངས་སྲོལ་གྱི་ཆེད་དུ་དམངས་སྲོལ་བྲིས་པ་ཞིག་མ་ཡིན་པར། བྱུང་རིམ་དང་མི་སྣའི་དགོས་མཁོ་དང་བསྟུན་ནས་ངང་གིས་ཐོན་པ་ཞིག་ཡིན་ལ། གཙོ་གྲས་མི་སྣའི་ཁོངས་སུ་གཏོགས་པའི་རྡོ་འབུམ་གྱི་སྐོར་རྗོད་པའི་དུས་སུ། “རལ་བའི་ཐོར་ལྕོག་ཅན་སྒོམ་ཐག་གི་གཤོག་པ་ལ་བརྟེན་ནས་འཕུར་ཐུབ་པའི་སྔགས་པ་ཞིག་གིས། བུ་ཁྱོད་ཀྱང་སྤྱིར་བཏང་གི་གང་ཟག་ཅིག་མ་རེད”ཅེས་དང་།“འབྱུང་འགྱུར་མཇལ་བའི་སྨོན་ལམ་ཐོབས་ཤིག” ཅེས་གསུངས་པ་དང་།“རྡོ་འབུམ་ནི་ཁོང་ཚོའི་ཐད་ལ་ཇུས་གཏོགས་མེད་པར་ཟུར་ཞིག་ཏུ་བསྡད་དེ་དཔེ་ཆ་ཆུང་ཆུང་ཞིག་ཨུ་ཚུགས་ཀྱིས་སྦྱོར་ཀློག་རྒྱག་གིན་ཀློག་གིན་འདུག” ཅེས་དང་། “རྡོ་འབུམ་ཡང་སྔ་མོ་ནས་ལྷ་སར་ཐེངས་ཤིག་འགྲོ་རྒྱུའི་འདུན་པ་ཤིན་ཏུ་ཆེ” ཞེས་དང་། མཇུག་ཏུ“ཉིན་གསུམ་པའི་དགོང་མོར་རྡོ་འབུམ་བྱ་འཕུར་རྗེས་མེད་དུ་གྱུར” ཅེས་མི་སྣ་རྡོ་འབུམ་གྱི་བསམ་སྦྱོར་ཐོག་གི་འགྱུར་ལྡོག་འདི་ལས་གོ་ཐུབ་པ་ཞིག་ནི། དུས་ཀྱི་འགྱུར་བ་དང་བསྟུན་ནས་མིའི་འཚོ་བ་ལའང་འགྱུར་བ་ཐེབས་སྲིད་པ་དེ་ནི་ཆོས་ཉིད་ཅིག་ཡིན་པ་དང་། མིས་མཐར་ཐུག་གི་རེ་སྙེག་དང་བཙལ་འཚོལ་བྱེད་པ་དེ་ནི་འཆམ་མཐུན་དང་ཞི་བདེའི་འཚོ་བ་ཡིན་པ་ལས། མི་ཤི་རྟ་འགྱེལ་དང་དེས་བསྐྱེད་པའི་ཤ་འཁོན་རྩོད་ཉོག་གི་ཇག་པའི་འཚོ་བ་དེ་མིན་པ་ཤིན་ཏུ་གསལ་ཞིང་། འཆི་བའི་ཚེ་ན་དམ་པའི་ཆོས་མ་གཏོགས་གང་གིས་ཀྱང་ཕན་མི་ཐོགས་པའི་གནས་ལུགས་དེ་གསལ་བཤད་བྱས་ཡོད། འདི་ནི་རྩོམ་པ་པོའི་སྒྱུ་རྩལ་གསར་རྩོམ་གྱི་མཛེས་རྟོག་ལྟ་བའང་ཡིན་ནོ།།
སྒྲུང་གཏམ་དུ“གངས་རིའི་ར་བས་བསྐོར་པའི་མཐོ་སྒང་གི་འབྲོག་ཁུལ་འདི་བོད་ཀྱི་ས་ཕྱོགས་ཡོངས་དང་མཐུན་པར་འཛམ་གླིང་གི་གནས་ཚུལ་ཧ་ཅི་ཡང་མི་གོ་བར། ངོ་ཤེས་པ་ནི་རྟ་ནོར་ར་ལུག ཧ་གོ་བ་ནི་ཉི་མ་དེ་རིང་ནུབ་ཀྱང་སང་ཉིན་འཆར་རྒྱུ་ཡོད་པ། དོན་རྟོགས་པ་ནི་རང་གི་རྩྭ་ས་དང་རྒྱུ་ནོར་ལ་འཇིགས་སྐུལ་བྱེད་མཁན་ཞིག་ཡོད་ན་རང་སྲོག་འབེན་ལ་འཛུགས་དགོས་པ་དེ་རེད” ཅེས་པ་འདི་ནི་རྩོམ་མཇུག་སྡུད་ལ་ཉེ་བའི་སྐབས་སུ་འབྱུང་བའི་སྤྱི་སྡོམ་རང་བཞིན་གྱི་སྐད་ཆ་ཞིག་ཡིན། སྤྱིར་བཏང་དུ་བྱུང་རིམ་ཁྲོད་ཀྱི་མི་སྣའི་མྱོང་བརྒྱུད་དང་ལས་དབང་གི་ཤུགས་སུ་རྩོམ་པ་པོའི་རྣམ་འགྱུར་དང་ལངས་ཕྱོགས་དེ་གོ་རུ་འཇུག་པ་ནི་སྒྲུང་གཏམ་སྒྱུ་རྩལ་གྱི་སྤྱི་ཆོས་སུ་གྲུབ་པ་བདེན་མོད། འདིར་ཁ་གསལ་བོའི་སྒོ་ནས་བརྗོད་པའི་སྤྱི་སྡོམ་རང་བཞིན་གྱི་སྐད་ཆ་དེ་ནི་ཡང་སྙིང་རྩོམ་པ་པོས་བརྗོད་པར་འདོད་པའི་སྐད་ཆ་ཞིག་དང་། རྩོམ་མཁན་གྱི་རྣམ་འགྱུར་དང་ལངས་ཕྱོགས་ཤིག་ཡིན་པའང་རྟོགས་སླའོ།།
མདོར་ན། སྒྲུང་གཏམ་རིང་གྲས་ཀྱི་མངོན་པར་གསལ་བའི་ཁྱད་ཆོས་སམ་སྒྱུ་རྩལ་ནི“ཅི་ཞིག་འབྲི”ཞེས་པ་དང“ཇི་ལྟར་འབྲི”ཞེས་པའི་གནད་དོན་འདི་གཉིས་ཀྱི་སྟེང་ན་ཡོད་པར་འདོད། གསལ་བོར་སྨྲས་ན་སྔ་མ་ནི་བརྗོད་དོན་གྱི་གདམ་གསེས་དང་རྒྱུ་ཆ་འདོར་ལེན་གྱི་གནད་དོན་དེ་ཡིན་པ་དང་། ཕྱི་མ་ནི་བདམས་ཟིན་པའི་བརྗོད་དོན་དང་རྒྱུ་ཆ་དེ་དག་ཐབས་གང་འདྲ་ཞིག་ལ་བརྟེན་ནས་ལེགས་པར་མཚོན་པར་བྱ་རྒྱུའི་གནད་དོན་དེ་རེད། གསོན་ཉམས་ལྡན་པ་དང་མི་སེམས་འགུལ་བའི་སྒྲུང་ངམ་བརྗོད་དོན་དེ་ཉིད། ཕུན་སུམ་ཚོགས་པའི་འཆར་སྒོར་བརྟེན་ནས་གཞན་དང་མི་འདྲ་བའི་མཚོན་ཐབས་གསར་བ་ཞིག་གི་ལམ་དུ་དྲངས་ཏེ་མཚོན་པར་བྱས་ན་ནི། གཞི་ནས་སྒྲུང་གཏམ་སྒྱུ་རྩལ་གྱི་བྲོ་བ་མཆོག་ཏུ་བསྐྱེད་ནུས་སོ།།
བཞི་པ། ཞར་བྱུང་གི་ཚིག་འགའ།
“སྒྲུང་གཏམ་ཞིག་བློས་བསླང་བྱ་བ་ནི་བརྩེ་ཚོར་གྱི་བར་སྟོང་མི་འདྲ་བ་དག་གཅིག་ཏུ་སྡེབ་པར་རྩོམ་པ་དེ་ཡིན། དེ་ནི་བདག་ལ་མཚོན་ན། སྒྲུང་གཏམ་མཁན་གྱི་ཆེས་ངོ་མཚར་བའི་སྒྱུ་རྩལ་ཉིད་ཡིན་པར་སྒོམ་ཡོད” ཅེས་བསྙད་པ་བཞིན། སྒྲུང་གཏམ་རིང་བོ་ཞིག་བློས་བསླང་བྱ་བ་ནི་ལས་སླ་མོ་ཞིག་མིན་ལ། སྒོས་སུ་རྒྱས་བསྡུས་རྐྱོང་སྐུམ་འཚམ་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་བློས་བསླང་བྱ་བ་ནི་དེ་བས་ཀྱང་ལས་སླ་མོ་ཞིག་མ་ཡིན།
སྒྲུང་རིང་འདིའི་ལེའུ་དང་པོ་ནས་ལེའུ་གསུམ་པའི་བར་ཅུང་གྲ་རྒྱས་སུ་རྒྱ་བསྐྱེད་དེ་རྒྱས་འབྲི་བྱས་ཡོད་པ་དེས་བརྩམས་ཆོས་ཧྲིལ་པོའི་ཕྱེད་ཀ་ཟིན་ཡོད་པ་དང་། ལེའུ་བཞི་པ་ནས་མཇུག་རྫོགས་པའི་བར་ཅུང་བསྡུས་འབྲི་ལྟ་བུར་སོང་ཡོད་པས། ཅུང་ཟད་དོ་མི་མཉམ་པའམ་ཡང་ན་མགོ་རྔར་ཡང་ལྕི་ཤོར་ཡོད་པའི་སྣང་བ་ཞིག་སྟེར་བ་དང་གཅིག རྒྱས་འབྲིའི་གནས་སྐབས་སུ་སྒྲུང་སྣ་གཅིག་ཏུ་སྒྲུང་སྣ་གཞན་ཞིག(双线)བར་དུ་བཅུག་སྟེ་བརྗོད་ཡོད་པས། ཀློག་མཁན་རྣམས་ལ་བལྟ་འདོད་ཀྱི་མཚར་སྣང་དང་བྲེལ་སྣང་བསྩལ་ཡོད་ནའང་། འགལ་འདུ་མེད་ན་ཟློས་གར་མེད་ཅེས་པ་བཞིན་བསྡུས་འབྲིའི་གནས་སྐབས་སུ་སྒྲུང་སྣ་གཅིག་རྐྱང(单线)གི་རྣམ་པར་སོང་ཡོད་ལ། ལེའུ་བདུན་པ་སྡེ་ཇུས་ཞེས་པའི་ཚན་པ་རུ་གར་ཡོང་མི་ཤེས་པའི་རྟ་འགྲུལ་མི་བཅུ་ཙམ་ཞིག་གིས་སེར་ཆེན་སྡེ་ཚོའི་འབྲི་གཡག་ཁ་ཤས་བསད་པ་དང་ཅི་འདོད་དུ་རི་དྭགས་རྔོན་པའི་ཚེ། ཆོས་དཔལ་གྱིས་ཞག་རྡོ་དང་ལྷ་དབང་གཉིས་སྤྲང་པོ་ཕ་བུར་བརྫུས་ནས་མྱུལ་དཔྱད་དུ་བཏང་བ་དེའང་འགལ་འདུ་གསར་བ་ཞིག་ཏུ་མ་གྱུར་པར་རང་སོར་ཞི་འཇགས་སུ་སོང་བས། རུས་པའི་ནང་ན་རྐང་དང་སྒྲུང་གི་ནང་ན་སྒྲུང་ཞེས་པའི་ཕན་འབྲས་དེ་མངོན་མ་ཐུབ་པར་མ་ཟད། ལེའུ་དྲུག་པ་རྟ་རྒྱུག་དང་ལེའུ་བདུན་པ་སྡེ་ཇུས། ལེའུ་བརྒྱད་པ་གཉེན་སྒྲིག་སོགས་སྒྲུང་ཧྲིལ་པོར་ཐད་ཀར་འབྲེལ་བ་ཆེན་པོ་མེད་པའི་བྱུང་རིམ་འདི་དག་སྒྲུང་གི་ཡན་ལག་ཏུ་བྱས་ཤིང་། ཇག་པའི་གྲས་ཀྱི་ཞོ་དགའ་ཚེ་རིང་དང་སྐྱ་ལོ་བུ་ཆུང་གཉིས་ཀྱིས་འབྲི་གཡག་སུམ་ཅུ་དེད་དེ་གར་སོང་ཆ་མེད་དུ་གྱུར་པའི་དོན་རྐྱེན་འདི་ནི་སྒྲུང་ཧྲིལ་པོའི་གཞུང་སྐུད(主线)དུ་བསྲིངས་ཐུབ་མེད་པ་དང་གཉིས། མི་སྣ་གཙོ་གྲས་སུ་གཏོགས་པའི་ཆོས་དཔལ་ནི“ཁོ་ཚོ་གཞན་རྒྱུའི་ཆེད་དུ་ཤི་ནུས་ན། ང་ཚོ་རང་རྒྱུའི་ཆེད་དུ་ཤི་མི་ནུས་པ་ཅི་ཡོད”ཅེས་པ་རྩ་དོན་དུ་འཛིན་མཁན་ཞིག་ཡིན་པ་དང་། སྤྱིར་ན་ཉམ་ཆུང་ལ་རྒྱབ་སྐྱོར་དང་བཙན་པོ་ལ་རྒོལ་ལན་སྤྲོད་མཁན་ཞིག་ཡིན་པ། བཟུང་དམག་དང་རྨས་མ་དག་ལ་འཚོ་བའི་མཐུན་རྐྱེན་དང་སྨན་བཅོས་སྦྱར་བ་སོགས་ཀྱི་སྟེང་ནས་ཀྱང་ཤེས་ཐུབ་མོད་ཀྱང་། མཇུག་རྫོགས་པའི་ལེའུ་དགུ་པ་བསླུ་བྲིད་ཅེས་པའི་ཚན་པར“རྩྭ་ཐང་གི་གནམ་གཤིས་ནི་དེ་འདྲའི་འགྱུར་སླ་བ་ལ་ཨང”ཞེས་རྗོད་པ་བཞིན། ཁྱོད་བཟང་ང་བཟང་གི་གནས་སྐབས་ཡིན་བཞིན་དུ། ཁམས་པའི་ཕོ་གཞོན་ཨ་ཆུང་གིས་སྐད་བསྒྱུར་བྱས་ཤིང་ཚོང་དཔོན་མ་མུ་ཟ་ཡིས་སྣེ་ཁྲིད་པའི་ཨག་ཚོམ་སེར་པོ་ཅན་གྱི་ཚོང་འགྲུལ་ཉེས་མེད་མི་བཅུ་གསུམ་གྱི་སྲོག་བཅད་ཟོང་འཕྲོག་གི་སྦྱོར་བ་ཞིག་གློ་བུར་བརྩམས་པ་འདི་ནི། མི་གཤིས་དང་སྒྲུང་གཤིས་གཉིས་ལ་ཅུང་ཟད་མི་འཕྲོད་པའི་སྣང་བ་ཞིག་སྟེར་བ་དང་གསུམ་བཅས་ནི་རང་གིས་ཚར་གཅིག་བཀླགས་པའི་མྱོང་ཚོར་ཙམ་དང་བསམ་འཆར་བརྗེ་རེས་ཙམ་ཡིན་པ་ལས་ཡང་དག་བདེན་ཐུབ་ཡིན་པའི་ངེས་པ་མེད་ན། མཁྱེན་རྒྱ་ཡངས་པའི་ཀློག་པ་པོ་ལྷན་རྒྱས་ནས་གཟུར་བོར་གནས་པའི་བློ་ཡིས་དཔྱད་དེ་ནོར་བཅོས་གཡའ་སེལ་གནང་བའི་རེ་བ་སྙིང་ནས་ཞུའོ།།
(དཔྱད་རྩོམ་འདི་ནི2015ལོའི་བོད་ལྗོངས་སློབ་ཆེན་ཇོ་མོ་གླང་མའི་མཁས་དབང་སྐྱེད་སྲིང་རོགས་སྐྱོར་འཆར་གཞི་སྟེ།“བོད་ཀྱི་ད་རབས་རྩོམ་རིག་ལོ་ཚིགས་རབ་གསལ་མེ་ལོང(2011—2015)”ཞེས་པའི་དཔྱད་འབྲས་ཀྱི་ནང་གསེས་ཤིག་ཡིན)
མཆན་འགྲེལ།
①② བྱམས་པ་ཚུལ་ཁྲིམས། 《བོད་ཡིག་རྩོམ་འབྲིའི་གཞུང་ལུགས》 མི་རིགས་དཔེ་སྐྲུན་ཁང་གིས2014ལོའི་ཟླ4པར་པར་དུ་བསྐྲུན། P39 P49
③④⑤⑥⑦⑧⑨⑩ བསྟན་པ་ཡར་རྒྱས། 《ཁ་སང་གི་ཚོ་བ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2014ལོའི་ཟླ12པར་པར་དུ་བསྐྲུན། P1 P258 P259 P134 P148 P225 P227 P258 P244
[捷克]米兰·昆德拉(《小说的艺术》)三联书店 1995年11月第3版 P88
(རྩོམ་སྒྲིག་འགན་འཁུར་པ་པད་མ་དབང་ཆེན་ཡིན)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1