དྲག་ཆར་མྱུར་དུ་དབབ་ངེས།
པའོ་པོ·ཏི་ལུན་གྱིས་བརྩམས། ཁོ་ལེ་ཡིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22
ཀྱེ། ཁྱོད་ཉིད་གང་དུ་སོང་མྱོང་། བདག་གི་མཐིང་མདོག་གི་མིག་ཟུང་མངའ་བའི་ཁྱེའུ་ཆུང་ལགས།
ཀྱེ། ཁྱོད་ཉིད་གང་དུ་སོང་མྱོང་། བདག་གི་སྙིང་ནས་བརྩེ་བའི་ཁྱེའུ་ཆུང་ལགས།
ང་སྨུག་སྤྲིན་གྱིས་འཁྱུད་པའི་རི་རྒྱུད་བཅུ་གཉིས་བརྒལ་ཏེ།
ང་ཀྱག་ཀྱོག་ཏུ་འཐེན་པའི་མྱུར་ལམ་ཁག་དྲུག་བགྲོད་ནས།
ང་སྐྱོ་གདུང་གིས་བཟུང་བའི་ནགས་ཚལ་བདུན་གྱི་ཟབ་སར་ཉུག་སྟེ།
ང་ཤི་བར་གྱུར་པའི་རྒྱ་མཚོ་བཅུ་གཉིས་ཀྱི་ཁ་གཏད་དུ་འགྲེང་ནས།
ང་འཆི་བདག་བདུད་ཀྱི་སྒོ་རྩར་ལྷུང་ཞིང་སླར་ཡང་ལེ་བར་ཁྲི་ཡིས་ཆོད་པར་གྱུར།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་མྱུར་བར་དབབ་ངེས་པའི་དྲག་ཆར་ཐེངས་ཤིག་གོ།
ཀྱེ། ཁྱོད་ཀྱིས་ཅི་ཞིག་མཐོང་མྱོང་། བདག་གི་མཐིང་མདོག་གི་མིག་ཟུང་མངའ་བའི་ཁྱེའུ་ཆུང་ལགས།
ཀྱེ། ཁྱོད་ཀྱིས་ཅི་ཞིག་མཐོང་མྱོང་། བདག་གི་སྙིང་ནས་བརྩེ་བའི་ཁྱེའུ་ཆུང་ལགས།
ངས་གསར་སྐྱེས་ཕྲུ་གུ་དམར་འབྱར་ཞིག་རི་སྤྱང་གིས་མཐའ་རུ་བསྐོར་པ་མཐོང་བྱུང་།
ངས་གཞུང་ལམ་ཡོངས་སུ་རྡོ་ཕ་ལམ་གྱིས་བཀང་རུང་སྐྱེ་བོ་གཅིག་ཀྱང་མེད་པ་མཐོང་བྱུང་།
ངས་ཁྲག་གིས་སྦགས་པའི་ཡལ་ག་ནག་པོ་ཞིག་ཕྱོགས་སུ་བསྲིངས་པ་མཐོང་བྱུང་།
ངས་ཁང་ཁྱིམ་ཧྲིལ་པོར་མི་ཡིས་བཀང་ཞིང་ལག་གི་ཐོ་བ་ལས་ཁྲག་དམར་འཛར་བ་མཐོང་བྱུང་།
ངས་སྐས་གདང་དཀར་པོ་ཞིག་ཆུ་ཡིས་བསྣུབས་པ་མཐོང་བྱུང་།
ངས་སྟོང་གཏམ་འཆད་མཁན་ཁྲི་ཕྲག་གི་སྨྲ་ལྕེ་དུམ་བུར་ཆད་པ་མཐོང་བྱུང་།
ངས་མེ་མདའ་དང་རལ་གྲི་ཡོད་ཚད་བསམ་མེད་བྱིས་པའི་རྩེད་ཆས་སུ་གྱུར་པ་མཐོང་བྱུང་།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་མྱུར་བར་དབབ་ངེས་པའི་དྲག་ཆར་ཐེངས་ཤིག་གོ།
ལྷག་པར་ཁྱོད་ཀྱིས་ཅི་ཞིག་ཐོས་བྱུང་། བདག་གི་མཐིང་མདོག་གི་མིག་ཟུང་མངའ་བའི་ཁྱེའུ་ཆུང་ལགས།
ལྷག་པར་ཁྱོད་ཀྱིས་ཅི་ཞིག་ཐོས་བྱུང་། བདག་གི་སྙིང་ནས་བརྩེ་བའི་ཁྱེའུ་ཆུང་ལགས།
ངས་གཡུ་འབྲུག་གིས་ང་རོ་སྒྲོག་བཞིན་འཇིགས་རུང་གི་ཉེན་བརྡ་བཏང་བ་ཐོས་བྱུང་།
ངས་རྒྱ་མཚོའི་རྦ་ཀློང་གི་གད་རྒྱངས་རིང་མོས་འཇིག་རྟེན་ཡོངས་རྫོགས་ཟིལ་གྱིས་མནན་པ་ཐོས་བྱུང།
ངས་རྔ་བོ་ཆེ་རྡུང་མཁན་བརྒྱ་ཕྲག་གི་ལག་ཟུང་མེ་ལྕེ་རུ་འབར་བ་ཐོས་བྱུང་།
ངས་སྐྱེ་བོ་ཁྲི་ཕྲག་གིས་གཅམ་བུའི་ཚིག་དག་བརྗོད་ཀྱང་ཉན་མཁན་མེད་པ་ཐོས་བྱུང་།
ངས་མི་ཞིག་མྱུར་དུ་ལྟོགས་སྐོམ་གྱིས་འཆི་ལ་ཉེ་བར་གང་ཟག་མང་བོས་ཧབ་དགོད་བྱེད་པ་ཐོས་བྱུང་།
ངས་སྙན་ངག་པ་ཞིག་གི་མགུར་མ་ཐོས་ཤིང་ཁོ་རྙོག་ཆུའི་གྲོག་མོར་ཤི་བ་ཐོས་བྱུང་།
ངས་ཨ་ཙ་ར་ཞིག་གི་སྐད་སྒྲ་གོ་ཞིང་ཁོས་སྲང་ལམ་དུ་ངུད་མོ་བྱེད་པ་ཐོས་བྱུང་།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་མྱུར་བར་དབབ་ངེས་པའི་དྲག་ཆར་ཐེངས་ཤིག་གོ།
ཀྱེ། ཁྱོད་ཉིད་སུ་དང་ཕྲད་མྱོང་། བདག་གི་མཐིང་མདོག་གི་མིག་ཟུང་མངའ་བའི་ཁྱེའུ་ཆུང་ལགས།
ཀྱེ། ཁྱོད་ཉིད་སུ་དང་ཕྲད་མྱོང་། བདག་གི་སྙིང་ནས་བརྩེ་བའི་ཁྱེའུ་ཆུང་ལགས།
ང་བྱིས་པ་ཞིག་ཁོའི་ཤི་ཟིན་པའི་རྟེའུ་ཕྲུག་གི་གམ་ན་འགྲེང་བར་ཕྲད་བྱུང།
ང་མི་དཀར་ཞིག་གིས་ཁྱི་ནག་ཅིག་གཞོགས་སུ་ཁྲིད་པར་ཕྲད་བྱུང།
ང་སྨན་ཤར་ཞིག་གི་ལུས་པོ་ཚ་གདུང་གིས་སྲེག་པར་ཕྲད་བྱུང་།
ང་གཞོན་ནུ་མ་ཞིག་གིས་ང་ལ་འཇའ་ཚོན་སྣ་ལྔ་གནང་བར་ཕྲད་བྱུང་།
ང་སྟག་ཤར་ཞིག་ལ་བརྩེ་དུངས་ཀྱིས་སྨེང་སྐྱོ་བྱིན་པར་ཕྲད་བྱུང་།
ང་སྐྱེས་པ་གཞན་ཞིག་ལ་ཞེ་འཁོན་གྱིས་རྨས་སྐྱོན་ཐེབས་པར་ཕྲད་བྱུང་།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་མྱུར་བར་དབབ་ངེས་པའི་དྲག་ཆར་ཐེངས་ཤིག་གོ།
ཀྱེ། ད་ལྟ་ཁྱོད་ཀྱིས་ཅི་ཞིག་བགྱི་འདོད། བདག་གི་མཐིང་མདོག་གི་མིག་ཟུང་མངའ་བའི་ཁྱེའུ་ཆུང་ལགས།
ཀྱེ། ད་ལྟ་ཁྱོད་ཀྱིས་ཅི་ཞིག་བགྱི་འདོད། བདག་གི་སྙིང་ནས་བརྩེ་བའི་ཁྱེའུ་ཆུང་ལགས།
ང་ཆར་བ་མ་སླེབས་པའི་སྔ་རོལ་ཏུ་གནས་འདིར་ཁ་འབྲལ་ངེས་ཏེ།
ང་ལམ་ལ་ཆས་ཏེ་མུན་ནག་གི་ནགས་ཚལ་སྟུག་པོའི་ཟབ་སར་བཞུད་འགྲོ།
གནས་དེར་ཟད་མཐའ་མེད་པའི་མི་ཚོགས་ཀྱིས་ལག་སྟོང་གཉིས་མཆན་ལ་བཅུག་ཡོད།
གནས་དེར་རྫབས་ངན་གྱི་དུག་སྨན་ཁོལ་མ་ཁོ་ཚོའི་ཆུ་ནང་ལ་འདྲེས་ཡོད།
གནས་དེའི་ལུང་ཀོག་གི་ཁང་བའི་སྒོ་མོ་རླན་གཤེར་དང་སྦགས་བཙོག་གི་བཙོན་རར་གཏད་ཡོད།
གནས་དེའི་ལག་དམར་ཚོའི་ངོ་གདོང་རྟག་ཏུ་གཞན་གྱིས་བཀབ་ཡོད།
གནས་དེར་བཀྲེས་ལྟོགས་ནི་བཙོག་པོ་ཡིན་ལ། གནས་དེར་རྣམ་ཤེས་དག་བརྗེད་ངས་ཀྱིས་བག་ལ་ཞ །
གནས་དེའི་ཁ་དོག་ནི་ནག་པོ་ཉག་ཅིག་ཡིན་ལ། གནས་དེར་ཨང་ཀི་ཁོ་ན་ལས་ཅི་ཡང་མེད།
འོན་ཀྱང་ངས་དེ་དག་ལ་ཞིབ་བརྗོད་དང་བསམ་གཞིག་བྱེད་ངེས།
དེ་དག་གླེང་ཞིང་མཁའ་དབུགས་ལྟར་འབྱིན་རྔུབ་བྱས་འགྲོ།
རི་རབ་ལྷུན་པོའི་ཟོམ་ནས་དེ་ལ་ཕྱིར་རྟོག་བགྱིས་ཏེ། རྣམ་ཤེས་ཡོད་དོ་ཅོག་ལ་དེ་ཉིད་མཐོང་དུ་འཇུག་ངེས།
དེའི་རྗེས་རྒྱ་མཚོ་ཆེན་པོའི་སྟེང་དུ་འགྲེང་སྟེ་རང་ཉིད་འཇིངས་སུ་བྱིང་བའི་སྟ་གོན་ལ་སྒུག་པར་བྱེད།
འོན་ཏེ་རྦ་ཀློང་གིས་ང་རྨེག་མེད་དུ་མ་བཟོས་པའི་སྔོན་ལ། ངས་རང་གིས་གླུ་རུ་གྱེར་པའི་དོན་སྙིང་
ཐམས་ཅད་རྟོགས་པར་འགྱུར།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་དྲག་ཆར་འབབ་ཐེངས་ཤིག་སྟེ། དྲག་ཆར་ཐེངས་ཤིག་གོ།
དེ་ནི་མྱུར་བར་དབབ་ངེས་པའི་དྲག་ཆར་ཐེངས་ཤིག་གོ།
དུས་ཚོད་ནི་ཁུ་སིམ་མེར་འདས་སོང་།
རི་ཁུལ་གྱི་དུས་ཚོད་ནི་དལ་ཞིང་འཇམ་ཐིང་སྟེ།
ང་ཚོ་ཟམ་པའི་ཟུར་དུ་ཙོག་ཅིང་ཆུ་མིག་གི་འགྲམ་དུ་འཆམ་འཆམ་བྱས་ནས།
གསེར་མིག་ཉ་མོའི་ཁྱུ་ཚོགས་ཆུ་ཕྲན་དུ་རྐྱལ་ཞིང་འཕྱོ་བ་བདས།
ཁྱོད་ཀྱིས་རང་ལུས་འཁོར་བའི་ཕྱི་རོལ་ཏུ་འཁོད་དུས། དུས་ཚོད་ནི་ཁུ་སིམ་མེར་འདས་སོང་།
སྔོན་ཆད་ང་ལ་སྙིང་སྡུག་མཛའ་མོ་ཞིག་ཡོད་དེ། མོ་ནི་གཟུགས་གཞི་ཆུང་ཞིང་ཡིད་འོང་
མཛེས་སྡུག་ལྡན།
ང་ཚོ་མོ་ཚང་གི་ཐབ་ཚང་ནང་ཙོག་པུར་སྡོད་སྐབས། མོའི་ཨ་མས་ཏག་ཏག་སྒོང་འབག་གི་
ཁ་ལག་བཟོ་བར།
སྒེའུ་ཁུང་ཕྱིའི་མཐོང་དབྱིངས་སུ་སྐར་ཚོགས་ཁྲ་མོ་ལམ་ལམ་འཚེར།
དུས་ཚོད་ཁུ་སིམ་མེར་འདས་ཤིང་། ཁྱོད་ཀྱིས་རང་གི་ཞེ་འདང་ངོ་མ་རྙེད།
ཟོང་འཁོར་རྙ་རྙིང་ཞིག་ནང་བསྡད་དེ་གྲོང་རྡལ་ཆུང་ངུར་འགྲོ་བའི་གནས་ལུགས་མེད་པ་མིན་ལ།
ཚོང་འདུས་ཀྱི་ཁྲོམ་ར་དེ་གར་སླར་ཡང་བཞུད་པའི་གནས་ལུགས་ཀྱང་མེད་པ་མིན།
ཡང་ན་རེས་ཀྱིས་ཕར་ཚུར་དུ་སྐྱོད་པའི་གནས་ལུགས་ཀྱང་མེད་པ་མིན།
ས་ཆ་དང་ཡུལ་ཕྱོགས་རེ་རེར་འགྲིམ་པའི་གནས་ལུགས་ཀྱང་མེད་པ་མིན།
ཉིན་མོའི་དུས་ཚོད་དལ་ཞིང་ཁུ་སིམ་མེར།
འུ་ཚོས་ཧུར་ཐག་སྒོས་མདུན་ཕྱོགས་ཀྱི་ལམ་ཁར་གཟིགས་ཏེ། ཁ་ལོ་གཞན་དུ་མི་འཁྱོག་པར་
འབད་འབུངས་བྱས།
དེ་ནི་དབྱར་གཞུང་གི་རྒྱ་སེ་མེ་ཏོག་དམར་པོ་རིམ་གྱིས་ཞལ་ཁ་ཕྱེ་བ་ལྟར།
དུས་ཚོད་ནི་ཁུ་སིམ་མེར་འདས་ཏེ། གཏན་དུ་ཕྱིར་ལོག་པ་མ་བྱུང།
དུས་རབས་ནི་འགྱུར་གྱིན་འདུག
གལ་སྲིད་ཁྱོད་ཕྱོགས་གང་དུ་འཁྱམ་རུང་། འདི་ཡི་མི་ཚོགས་དང་ལྷན་དུ་འཛོམས་པར་མཛོད།
གམ་གྱི་འཁོར་བའི་བཞུར་རྒྱུན་གྱིས་ཁྱོད་ཡོངས་སུ་ཁྱུར་མིད་གཏོང་ངེས་ལ།
དེ་ཚོས་ཁྱོད་ལ་ཤ་གསར་རུས་བརྗེ་བྱེད་པའི་ལེགས་སྐྱེས་ཉིད་དང་དུ་ལེན་རོགས།
གལ་ཏེ་ཁྱོད་ཀྱིས་བཞུད་ཀྱིན་པའི་ལང་ཚོ་ལ་གཅེས་སྐྱོང་བྱེད་བསམ་ན།
ངེས་པར་ལོ་ཟླའི་རྗེས་སུ་རྒྱུག་དགོས་ཏེ། དེ་ལས་ལྡོག་ཚེ་རྡོ་བ་བཞིན་གཏིང་དུ་ནུབ་སྲིད།
རྒྱུ་མཚན་ནི་དུས་རབས་འདི་གནམ་ས་བླ་འོག་བརྗེ་བ་ལྟར་འགྱུར་བཞིན་པས་སོ།།
ཀུན་རྟོག་སྨྱུ་གུར་བརྟེན་ནས་མ་འོངས་ལུང་བསྟན་འབེབས་པའི་ཡིག་མཁན་ལགས།
ཁྱོད་ཀྱིས་མིག་ཟུང་གཙང་མར་ཕྱིས་ནས་ལྟོས་དང་། འདི་ལྟའི་གོ་སྐབས་ནི་ཡང་བསྐྱར་ཐོབ་མི་སྲིད།
ཚིག་སྙན་གྱི་དྲིན་གཟོ་མི་དགོས་ཏེ། དུས་ཚོད་ཀྱི་འཁོར་ལོ་སྔར་བཞིན་བར་མེད་འཁོར་ན།
དེ་རིང་གི་ཕམ་མཁན་ནི་སང་ཉིན་གྱི་རྒྱལ་མཁན་མིན་པའི་ངེས་པ་མེད་དེ།
རྒྱུ་མཚན་ནི་དུས་རབས་འདི་གནམ་ས་བླ་འོག་བརྗེ་བ་ལྟར་འགྱུར་བཞིན་པས་སོ།།
རིགས་རྒྱུད་དང་ཤ་མདོག་མི་གཅིག་པའི་རྒྱལ་ཡོངས་ཀྱི་འཐུས་མི་རྣམ་པ། ཁྱོད་ཀྱིས་འབོད་སྒྲ་
འདི་ལ་རྣ་བ་གཡོར་མཛོད་དང་།
ཁྱོད་ཀྱིས་སྒོ་འགྲམ་གྱི་རྐང་རྡོ་མི་བྱེད་རོགས། བར་ཁྱམས་སུ་བཀག་རྒྱ་མི་གནང་རོགས།
འདི་ལ་བར་ཆད་བཟོ་མཁན་ཚོས་སླད་ཕྱིན་སྡུག་བསྔལ་གྱི་རིན་དོད་འབུལ་དགོས་པ་ཡིན།
ཕྱི་རོལ་ན་ཛ་དྲག་གི་འཐབ་འཛིང་བྱེད་ཀྱིན་པས།
མི་འགྱང་བར། ཁྱོད་ཚོའི་འཇིག་རྟེན་གྱི་གནམ་ས་དྲག་ཏུ་གཡོ་ངེས་ཏེ།
རྒྱུ་མཚན་ནི་དུས་རབས་འདི་གནམ་ས་བླ་འོག་བརྗེ་བ་ལྟར་འགྱུར་བཞིན་པས་སོ།།
ས་གཞི་འདིར་འཚོ་བ་རོལ་པའི་མེས་པོ་རྣམ་པ།
ཁྱོད་ཀྱིས་རྒྱུས་མངའ་མེད་པའི་བྱ་དངོས་གསར་བ་ལ་ལེ་བདའ་མི་གནང་རོགས།
ཁྱོད་ཅག་གི་བུ་རབས་ཚ་རྒྱུད་སྔར་ནས་འཇིག་རྟེན་གཞན་ཞིག་ཏུ་བསྐྱོད་ཟིན།
ཁྱོད་ཅག་བཞུད་མྱོང་སའི་ལམ་བུ་ནི་མྱུར་དུ་དར་བ་ནས་རྒུད་བཞིན་མཆི།
གལ་སྲིད་ཁྱོད་ཀྱིས་གཟི་བརྗིད་ལ་འོད་སྣང་སྣོན་པ་མིན་ཚེ། མྱུར་དུ་ལམ་ཁ་འབྱེད་རོགས།
རྒྱུ་མཚན་ནི་དུས་རབས་འདི་གནམ་ས་བླ་འོག་བརྗེ་བ་ལྟར་འགྱུར་བཞིན་པས་སོ།།
ཕུགས་བསམ་དག་མངོན་དུ་འགྱུར་བཞིན་མཆི། སྡུག་བསྔལ་ནི་སླར་ཡང་རྒྱང་དུ་འདོར་གྱིན་ཡོད།
དེང་འདིར་གཏོལ་མེད་དུ་ལུས་པ་རྣམས་ཀྱང་སླད་ཕྱིན་ངེས་པར་གློག་ལྟར་འགྱུ་ངེས་ཤིང་།
ཐོག་མའི་སྒྲིག་སྲོལ་ཡོད་ཚད་མྱུར་དུ་གཏོར་འགྱེད་གཏོང་ངེས།
རླབས་རྒྱུན་སྔ་མ་ལས་རྗེས་མ་མཐོ་བ་ནི། མིག་མདུན་དུ་བཤམས་ནས་ཡོད།
རྒྱུ་མཚན་ནི་དུས་རབས་ཧྲིལ་པོ་གནམ་ས་བླ་འོག་བརྗེ་བ་ལྟར་འགྱུར་བཞིན་པས་སོ།།
བྱེ་རྡོག་རེ་རེ།
ངས་འགྱོད་བཤགས་བགྱིད་སྐབས་ཏེ། ང་ལ་ཆེས་མཁོ་བའི་སྐབས་སུ།
རྡོག་སྣེར་མཆི་མའི་ཡུར་ཆུས་གསར་སྐྱེས་ཀྱི་མྱུ་གུ་རེ་རེ་སྣུབ་སྐབས།
འཆི་འབོད་ཀྱི་སྐད་སྒྲ་ཞིག་གིས་བདག་སེམས་གཏིང་ནས་བསྒུལ་ཅིང་།
རེ་ཆད་དང་ཀུན་སྤྱོད་ཀྱི་ཉེན་ཁའི་ཁྲོད་ནས་ནན་ཏུར་སྒོས་འཕག་འཚག་བྱེད།
ལས་ཀྱི་ནོར་འཛོལ་གང་ཡང་ཕྱིར་ལྡོག་མི་སྲིད་པས་ན།
གསང་བ་དེ་ནང་བཞིན། ངས་ཅིས་ཀྱང་འགྲོལ་འོས་པའི་ལྕགས་སྒྲོག་འདི་ལ་བལྟ་འོས།
ང་བཟོད་མེད་ཀྱི་ཁོང་ཁྲོས་མནར་སྐབས། སློབ་དཔོན་གྱི་ཕྱག་ཟུང་དྲོན་མོ་དེ།
འདར་སིག་སིག་གི་སྡོང་ལོ་རེ་རེ་དང་། བྱེ་རྡོག་རེ་རེའི་གསེང་ན་མངོན།
ཨ་ཧོ། ཞལ་ཁ་ཕྱེ་བའི་མེ་ཏོག་དང་ན་ནིང་གི་རྩྭ་སྐྱ་དག་ནི།
ཉེས་ཅན་དང་འདྲ་བར། ཁོ་ཚོའི་སྙིང་རྗེ་དང་སྤོབས་པ་སྔར་ནས་ཉམས་ཟིན།
ཉི་མའི་ཟེར་ཕྲེང་རྣོན་པོ་དུས་ཚོད་ཀྱི་གོམ་སྟབས་སྟེང་འཕྲོས་ཏེ། ལམ་བུ་གསལ་བར་བྱས།
དེས་ནི་ལས་ཤོར་པའི་སྡུག་བསྔལ་གྱི་ཟུག་གཟེར་དང་མྱ་ངན་གྱི་གདུང་བ་ཉུང་དུ་ཕྲི་བྱུང་།
ངས་བསླུ་བྲིད་ཀྱི་སྒོ་མོར་དོགས་པས་ཅེར་བར། དེ་རུ་མེ་ལྕེ་དམར་པོ་དྲག་ཏུ་མཆེད་པ་མཐོང་།
རྒྱང་དུ་བཞུད་ཐེངས་རེ་རེར། ནམ་ཡང་རང་ཉིད་ཀྱི་རུས་མིང་ནས་འབོད་པ་ཐོས།
དེ་བས་ངས་མདུན་སྐྱོད་ཀྱི་ལམ་ངོས་སུ་རིམ་བཞིན་ཤེས་རྟོགས་བྱུང་བ་ནི།
སྐྲ་ལོའི་ཉག་མ་རེ་རེའང་ཞིབ་ཏུ་བརྩི་དགོས་ཏེ། དེ་ཡང་བྱེ་རྡོག་རེ་རེ་བཞིན།
ང་དབུལ་ཕོངས་ནས་ཕྱུག་འགྱུར་གྱིི་ལམ་དུ་བསྐྱོད་ཅིང་། ཞེ་སྨེང་བའི་མཚན་མོ་དག
དབྱར་ཁའི་རྨི་ལམ་གྱི་ཚ་གདུང་དང་དགུན་ཁའི་ལྷགས་པ་ཡི་གྲང་ངར་ཁྲོད་ན་མངོན།
ཁེར་རྐྱང་གིས་བྲན་པའི་གནམ་འོག་དང་སྡུག་བསྔལ་གྱི་བྲོ་གར་ནི།
གཞན་གྱིས་བརྗེད་ཅིང་ཚལ་བར་སོང་བའི་རྣམ་དག་གི་ངོ་གདོང་རེ་རེའི་ཁྲོད་ན་ཡོད།
བདག་གིས་སྔོན་བྱོན་དམ་པའི་རྡོག་སྒྲ་ཐོས་བྱུང་། ཆུ་གཏེར་ཆེན་པོས་བཀའ་ལུང་སྟོན་པ་ཇི་བཞིན།
ཕྱིར་འཁོར་ཚེ་ལན་རེར་སྐྱེ་བོ་དག་མཐོང་ལ། སྐབས་རེར་རང་ཉིད་གཅིག་པུར་སྣང་།
ང་ནི་སྟག་ཤར་བའི་མངོན་སུམ་གྱི་འཚོ་བར་ཡིད་གཉིས་ཀྱི་རྒྱ་རུ་ཚུད་ཅིང་།
དེ་ཡང་ས་སྟེང་ལ་བབས་པའི་མཆིལ་བ་ནང་བཞིན། བྱེ་རྡོག་རེ་རེ་ཇི་བཞིན།
བྱང་ཕྱོགས་ཞིང་གྲོང་ནས་སླེབས་པའི་བུ་མོ།
གལ་སྲིད་ཁྱོད་ནི་བྱང་ཕྱོགས་ཞིང་གྲོང་གི་ཁྲོམ་རར་སླེབས་ན།
ས་མཐའི་རླུང་རྒྱུན་ནི་གློ་བུར་ལྡང་ཞིང་སླར་ཡང་འཇགས་ངེས།
ཁྱོད་ཀྱིས་ང་ཡི་ཚབ་ཏུ་གནས་དེའི་ཡུལ་མི་ཞིག་ལ་ཁམས་བདེ་ཚིག་གསུམ་འདྲི་རོགས།
མོ་ནི་ངའི་གནའ་དང་མའི་དགའ་ལོ་ཡིན།
གལ་སྲིད་ཁྱོད་འགྲོ་སྐབས་ཁ་ཆར་བུ་ཡུག་འཚུབ་པའི་དུས་ཚིགས་ལ་ཕྲད་དེ།
ཆུ་མོ་འཁྱགས་པས་བསྡམས་ཤིང་། དབྱར་གཞུང་སྔར་ནས་འདས་ན།
ཁྱོད་ཀྱིས་མོས་ལུས་ལ་དྲོད་འཇམ་གྱི་དགུན་ལྭ་གྱོན་མིན་མཉམ་རེ་ཞོག་དང་།
འུར་འུར་དུ་ལྡང་བའི་གྲང་ལྷགས་རུས་རྐང་ལ་ཟུག་ན་ཅི་བྱ།
ཁྱོད་ཀྱིས་ངའི་ཚབ་ཏུ་མོ་ལ་ད་དུང་གནག་སྣུམ་གྱི་སྐྲ་ལོ་ལྡན་མིན་མཉམ་རེ་ཞོག་དང་།
སྔར་བཞིན་མཛེས་སྡུག་གི་ཨ་ལོང་འཁྱིལ་ཏེ། མོའི་བྲང་གཞུང་གི་འོ་འཛིན་ཁེབས་ཡོད་དམ།
ཁྱོད་ཀྱིས་ངའི་ཚབ་ཏུ་མོ་ལ་ད་དུང་གནག་སྣུམ་གྱི་སྐྲ་ལོ་ལྡན་མིན་མཉམ་རེ་ཞོག་དང་།
དེ་ནི་ངའི་དྲན་སྣང་གི་ཁྲོད་དུ་མོ་ཤིན་ཏུ་མཛེས་པའི་རྣམ་པའོ།།
ང་ནི་མོའི་ཕྱིར་དྲན་གྱི་ཀློང་ན་འཚོ་བའི་ཡུལ་གྱར་འཁྱམ་པོ་ཞིག་སྟེ།
ཡུན་རིང་གི་ལོ་ཟླའི་ཁྲོད་ནས་ངས་རྟག་པར་གསོལ་འདེབས་བགྱིས་མྱོང་།
ཐ་ན་ང་གནས་པའི་མཚན་མོའི་སྨག་མུན་གྱི་ཁྲོད་ནས།
ཐ་ན་ང་གནས་པའི་ཉིན་མོའི་འོད་དཀར་གྱི་ཁྲོད་ནས།
གལ་སྲིད་ཁྱོད་ནི་བྱང་ཕྱོགས་ཞིང་གྲོང་གི་ཁྲོམ་རར་སླེབས་ན།
ས་མཐའི་རླུང་རྒྱུན་ནི་གློ་བུར་ལྡང་ཞིང་སླར་ཡང་འཇགས་ངེས།
ཁྱོད་ཀྱིས་ང་ཡི་ཚབ་ཏུ་གནས་དེའི་ཡུལ་མི་ཞིག་ལ་ཁམས་བདེ་ཚིག་གསུམ་འདྲི་རོགས།
མོ་ནི་ངའི་གནའ་དང་མའི་དགའ་ལོ་ཡིན།
སྐར་མདའ།
དོ་ནུབ་ངས་མཁའ་མཐར་རྒྱུ་བའི་སྐར་མདའ་ཞིག་མཐོང་བས།
གློ་བུར་ཁྱོད་དྲན་བྱུང་།
ཁྱོད་ནི་ཏག་ཏག་འཇིག་རྟེན་གཞན་ཞིག་ཏུ་སྐྱོད་བཞིན་ཏེ།
ངས་མི་ཤེས་པའི་འཇིག་རྟེན་ཞིག་ཏུ།
འོན་ཏེ། ངས་ནམ་ཡང་རྟོགས་འདོད་པ་ནི།
སྔོན་ཆད་ཁྱོད་ཀྱིས་ང་སེམས་པའི་ཕྱི་རོལ་ཏུ་བཀག་པ་བདེན་ནམ།
དོ་ནུབ་ངས་མཁའ་མཐར་རྒྱུ་བའི་སྐར་མདའ་ཞིག་མཐོང་བས།
གློ་བུར་ཁྱོད་དྲན་བྱུང་།
དོ་ནུབ་ངས་མཁའ་མཐར་རྒྱུ་བའི་སྐར་མདའ་ཞིག་མཐོང་བས།
གློ་བུར་རང་ཉིད་དྲན་བྱུང་།
དེ་ནི་ང་འདས་དོན་ལ་དུངས་ཞེན་ཆེ་བས་ཡིན་ནམ།
ཡང་ན་ཁྱོད་ཀྱི་རེ་འདོད་ནང་བཞིན་གྱུར་པ་རེད།
ང་རང་ཉིད་ཀྱི་དམིགས་འབེན་ནོར་བ་རེད་དམ།
ཡང་ན་ཁྱོད་ཀྱི་དྲན་རྟོག་གི་ཚད་ལས་བརྒལ་པ་རེད།
གལ་སྲིད་ཁྱོད་ཀྱིས་ང་ལ་རྒྱུས་ལོན་པ་བྱུང་ཚེ།
དོ་ནུབ་ངས་མཁའ་མཐར་རྒྱུ་བའི་སྐར་མདའ་ཞིག་མཐོང་བས།
གློ་བུར་རང་ཉིད་དྲན་བྱུང་།
མ་འཕྲུལ་དང་ཅོང་སྒྲ་དེ་ལ་རྣ་བས་ཞིབ་ཏུ་གསན་རོགས།
དམྱལ་ཁམས་ཀྱི་མེ་གསོད་འཁོར་ལོ་ཐ་མ།
འུར་སྒྲ་དང་བཅས་བགྲོད་པས། བྱམས་ལྡན་སྐྱེ་བོ་ཀུན་གྱིས་གསོལ་འདེབས་བགྱིད།
དེ་ནི་མཐའ་མཇུག་གི་བསླུ་བྲིད་དེ།
དེ་ནི་མཐའ་མཇུག་གི་མི་ཚེའི་རྩིས་ཐོ་ཉིད།
ཁྱོད་ཀྱིས་ཆེས་ཐ་མར་ཡེ་ཤུས་རི་ཁྲོད་ནས་གསུངས་པའི་བཀའ་ཆེམས་ཐོས་བྱུང་།
ཆེས་ཐ་མའི་སྒྲ་སྡུད་འཕྲུལ་ཆས་དེ་ལས་གྲག་བྱུང་།
དོ་ནུབ་ངས་སྐར་མདའ་ཞིག་སྨག་ནག་པའི་མཚན་མོར་རྒྱུ་བ་མཐོང་ཞིང་།
ཡང་ན་སང་ཉིན་ནི་ངོ་མི་ཤེས་པའི་ཉིན་དཀར་གཞན་ཞིག་ཡིན་ཡང་སྲིད།
ད་ཆ་ངས་ཁྱོད་ལ་འདི་དག་བཤད་པ་ནི་འཕྱིས་ཟིན་ནའང་ཐང་།
ཐ་ན་ཁྱོད་ཀྱིས་ཅིས་ཀྱང་ཉན་འོས་པའི་ངའི་སྐད་ཆ་དེ་དག་གང་ཡིན་རུང་།
དོ་ནུབ་ངས་སྐར་མདའ་ཞིག་སྨག་ནག་པའི་མཚན་མོར་རྒྱུ་བ་མཐོང་བྱུང་།
སང་ཉིན་ཧ་ཅང་འགོར་དྲགས།
གལ་སྲིད་དེ་རིང་ནི་གྱ་གྱུའི་ལམ་ཕྲན་རིང་མོ་ཞིག་མིན་ན།
གལ་སྲིད་དོ་ནུབ་ནི་ཀྱག་ཀྱོག་གི་འགྲུལ་བཞུད་ཐེངས་ཤིག་མིན་ན།
གལ་སྲིད་སང་ཉིན་ནི་ཤིན་ཏུ་རྒྱང་བཀྱེད་པའི་དུས་ཚོད་རིང་བོ་ཞིག་མིན་ཚེ།
ཁེར་རྐྱང་ནི་ཁྱོད་ལ་མཚོན་ན་སྙིང་བོ་ཅི་ཡང་གླེང་རིན་མེད།
རེད་ཡ། རྣམ་དག་གི་བརྩེ་བ་ཟབ་མོས་རེ་སྒུག་བྱེད་སྐབས་སུ།
མོ་ཡི་སྙིང་གི་འཕར་རྩ་ཞི་འཇམ་ངང་ལྡང་བ་ཐོས་སྐབས་སུ།
མོ་ང་ཡི་གམ་ནས་གཉིད་དུ་ཡུར་སྐབས་སུ།
ངས་ད་གཟོད་སླར་ཡང་མགོ་སྔས་ཐོག་གཅིག་ལ་ལྷན་དུ་འཇོག་ཐུབ།
ངས་རང་གི་གྲིབ་བརྙན་ཆུ་ནང་དུ་འཕོས་པའི་ལྡོག་གཟུགས་མི་མཐོང་ལ།
སྡུག་བསྔལ་གྱི་ཚོར་བ་ཁ་ནས་རྗོད་སྐབས་སྨྲ་ལྕེ་གཞི་ནས་ལྐུགས་པར་གྱུར།
ངས་རང་ཉིད་ཀྱི་རྡོག་སྒྲ་བྲག་ཅར་འཁོར་བ་མི་ཐོས་ཤིང་།
རང་གི་རུས་མིང་དག་མོའི་ཀློག་སྟངས་ཀྱང་བརྗེད་ཟིན་ནོ།།
རེད་ཡ། རྣམ་དག་གི་བརྩེ་བ་ཟབ་མོས་རེ་སྒུག་བྱེད་སྐབས་སུ།
མོ་ཡི་སྙིང་གི་འཕར་རྩ་ཞི་འཇམ་ངང་ལྡང་བ་ཐོས་སྐབས་སུ།
མོ་ང་ཡི་གམ་ནས་གཉིད་དུ་ཡུར་སྐབས་སུ།
ངས་ད་གཟོད་སླར་ཡང་མགོ་སྔས་ཐོག་གཅིག་ལ་ལྷན་དུ་འཇོག་ཐུབ།
དངུལ་འོད་ལམ་ལམ་ངང་གླུ་སྒྲ་སྒྲོག་པའི་ཆུ་བོ་དེ་མཛེས་པ་ལ།
བར་སྣང་འཇའ་ཡི་གུར་ཁང་ཡིད་དུ་འོང་ཞིང་སྡུག་པ་ལ།
འོན་ཀྱང་། འདི་དག་ཡོད་ཚད་ལག་པས་འཛིན་ཐབས་བྲལ་པ་ནང་བཞིན།
ངའི་དྲན་སྣང་ཁྲོད་ཀྱི་དགའ་མ་ནི་མིག་ནང་ཁོ་ནའི་མཛེས་སྡུག་ལགས།
རེད་ཡ། རྣམ་དག་གི་བརྩེ་བ་ཟབ་མོས་རེ་སྒུག་བྱེད་སྐབས་སུ།
མོ་ཡི་སྙིང་གི་འཕར་རྩ་ཞི་འཇམ་ངང་ལྡང་བ་ཐོས་སྐབས་སུ།
མོ་ང་ཡི་གམ་ནས་གཉིད་དུ་ཡུར་སྐབས་སུ།
ངས་ད་གཟོད་སླར་ཡང་མགོ་སྔས་ཐོག་གཅིག་ལ་ལྷན་དུ་འཇོག་ཐུབ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1