《ཐར་ལོ》ལས་འཕྲོས་ཏེ་ཐར་ལོ་གླེང་བ།

རྨོག་རུ་དོན་གྲུབ་ཚེ་རིང་། [ཟི་ལིང] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


        ད་ལྟའི་བར་གློག་བརྙན་བགྲང་གིས་མི་ལང་བ་ཞིག་ལ་བལྟས་ཟིན་ཀྱང་། གློག་བརྙན་སྒྱུ་རྩལ་ཞེ་ན་ནི་ཆ་མེད་རྒྱུས་ཡོད་ཅིག་ཏུ་སྣང་བས། དེའི་སྐོར་གླེང་བའི་ཕོད་ནི་ཅི་ཡང་མེད། ད་ལྟའི་བར་རྩོམ་རིག་བརྩམས་ཆོས་གང་མང་ཞིག་བཀླགས་ཤིང་། དེའི་གཞུང་ལུགས་སོགས་ཀྱང་གང་འཐུས་ཤིག་སློབ་གཉེར་བྱས་མྱོང་ཡོད་པར་མ་ཟད། རང་གི་ཆེད་ལས་གཙོ་བོ་ཞིག་ཏུ་རློམ་ནས་གཞན་གྱི་བརྩམས་ཆོས་སོགས་ལ་དཔྱད་པ་གཏོང་ཁུལ་དང་སློབ་བུ་མང་བོ་ཞིག་ལ་སློབ་ཁྲིད་བྱེད་ཁུལ་གྱི་བགྱི་བའང་ནར་མར་ལག་ཏུ་བསྟར་གྱིན་ཡོད་ནའང་། རྩོམ་རིག་སྒྱུ་རྩལ་ཟེར་དུས། དེའང་བསྡད་ཀྱིན་བསྡད་ཀྱིན་ཆ་ཡོད་རྒྱུས་མེད་ཅིག་ཏུ་འགྱུར་བཞིན་ཡོད་པའི་སྣང་བ་བཅོས་མིན་དུ་སྟེར་ལ། ཐེངས་དུ་མ་ཞིག་ལ་ཁར་ལག་པ་བཅུག་སྟེ་སྡོད་དགོས་པའི་སྐབས་ཀྱང་བྱུང་དང་འབྱུང་གིན་ཡོད་པས། རྩོམ་རིག་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ནས་བྱུང་རྒྱལ་དུ་ཁ་འཕང་མཐོན་པའི་གཏམ་སྨྲ་བའི་སྤོབས་ཀྱང་མེད་དོ།།
        དེ་ལྟ་ནའང་། ད་རེས་ལས་གྲོགས་ཁ་ཤས་དང་སློབ་བུ་འགའ་རེའི་རེ་བ་འགན་དུ་ཁུར་བ་དང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་རེ་འགའ་དང་ལྷག་པར་དེང་རབས་སྨྱན་བྱེད་སྣ་ཚོགས་ན་བདོ་བའི་ལོག་བཤད་དང་འཁྱོག་བཤད་སྣ་ཚོགས་དང་། བསམ་བཞིན་དུ་དེ་ལྟར་སྨྲ་མཁན་རེ་འགའ་ལ་རང་སེམས་དྲང་བོས་ཟིན་དགོས་པའི་གཞེན་པ་འདེབས་པའི་ཕྱིར་དང་། རང་དང་རྟོགས་པ་མཉམ་པ་དག་ལ་བགྲོ་གླེང་ཙམ་གྱི་དོད་དང་། དངོས་འབྲེལ་ཅི་ཡིན་འདི་ཡིན་མ་ངེས་པར་བསྡད་འདུག་པ་རྣམས་ལ་ཕྱོགས་ཙམ་སྟོན་པའི་སླད་དང་། ལྷག་པར་འུ་ཅག་ཀུན་གྱིས་ཀྱང་།
རང་ཉིད་ཀྱིས་རང་ཉིད་ངོས་ཟིན་པ་དང་། རང་ཉིད་ཀྱིས་རང་ཉིད་གང་ནས་ཡོང་བ་མི་བརྗེད་པར་བྱ་བ་དང་། རང་ཉིད་ཀྱིས་རང་གི་མདུན་ལམ་གང་ཞིག་ཏུ་འཐེན་ཡོད་པ་ལ་བསམ་གཞིག་ཅུང་ཙམ་རེ་བྱས་ཏེ་ལམ་དུ་བགྲོད་པའི་ཕྱིར་དུ། ཁོ་བོས་འདིར་རང་གི་ལུས་ངག་ཡིད་གསུམ་མེ་ལོང་དུ་ཤར་བ་ལྟ་བུའམ། རང་གི་འདས་དོན་རྨི་ལམ་དུ་འཁོར་བ་ཇི་བཞིན་གྱི《ཐར་ལོ》དང་ཐར་ལོའི་སྐོར་ཅུང་ཙམ་ཞིག་ཞུ་བར་འདོད་དེ།
དང་པོ། ཐར་ལོ་གང་དུ་འགྲོ།
        ཐར་ལོ་ལམ་དུ་ཆས་ཏེ་གང་ཞིག་ལ་འགྲོ་རྩིས་ཀྱིས་ལམ་རྐེད་ཅིག་ཏུ་སླེབས་དུས། འཕྲུལ་རྟའི་རླངས་སྣུམ་རྫོགས་པས། ད་ནི་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་ལྟར་གྱུར་སོང་སྙམ་པའི་སྐྱོ་སྣང་ཞིག་ཡིད་ལ་སྨུག་པ་བཞིན་འཐིབས་ནས་བྱུང་བའི་སྒང་ལ། ཐར་ལོས་དུ་བ་ཞིག་ལ་མེ་བསྒོས་ཤིང་ཆང་དཀར་དམ་བེ་གང་གི་ཁ་ཕྱེ་སྟེ་མགོ་ལ་གཡོན་ཐེངས་གསུམ་བྱས་རྗེས། དམ་བེ་དེ་ཆང་ལྷག་མ་དང་བཅས་རང་གི་རྒྱབ་ཕྱོགས་ཀྱི་སོ་མ་བརྒྱུད་མ་ཐག་པའི་ལམ་ཁ་ལ་བརྡབས་ཤིང་། དེ་ནས་ཡང་བསྐྱར་ཅི་ཞིག་དྲན་པའམ་ཅི་ཞིག་གིས་དྲན་གསོས་པའམ། ཡང་ན་ཡི་ཆད་དམ་དམ་བཅའ་གང་རུང་ཞིག་གི་སྒུལ་ཤུགས་ལ་བརྟེན་ནས། མ་གཞིར་ཁ་ཆིངས་དཀྲོགས་བྱེད་དུ་ཉོས་པའི་ཤོག་སྦག་ཉིས་གྲག་ཅིག་ཚམ་ཚོམ་ཅི་ཡང་མེད་པར་རང་གི་གཡོན་ལག་གི་ལག་པའི་སྤར་ཁྱིམ་དུ་བསྡམས་ནས་མེ་བསྒོས། 《ཐར་ལོ》དེ་ལྟར་མཇུག་རྫོགས་སོང་། མ་གཞི་སྐྱོ་སྣང་ཞིག་གིས་མནན་འོངས་པའི་ཁར། དེ་ལྟར་གློ་བུར་མཇུག་རྫོགས་པས་ཡིན་ནམ། ལྟད་མོ་པ་མང་བོ་ཞིག་གིས《ཐར་ལོ》ཡིས་ཅི་ཞིག་བཤད་སོང་བ་མ་ཤེས་པ་མིན་ན། ཅི་ཡང་མ་ཤོད་པའམ་ཡང་ན་འཁྲབ་ཁྲིད་པས་བསམ་གཟས་ནས་ཐར་ལོ་འཆི་ལམ་དུ་དྲངས་སོང་བ་ལྟ་བུའི་ངོས་ཟིན་ཞིག་གི་རྗེས་སུ་འཇུག་པ་མང་ལ། མཐར་གཏུགས་ན་གློག་བརྙན་ལ་སྙིང་བོའམ་བསྟན་བྱ་མེད་ཅིང་། ཐར་ལོས་ཅིས་ཀྱང་རང་སྲོག་རང་གིས་མི་ལེན་ཐུ་མེད་རེད་སྙམ་པའི་གདུང་སེམས་ཤིག་གིས་མནར་མྱོང་ཡོད་པའང་མི་ཉུང་བ་འདྲའོ། །དེ་ནི་དེ་ལྟར་ལགས་ཀྱང་སྲིད་མོད། ཁོ་བོའི་ཚོར་བ་ལ། ཐར་ལོ་ཅིས་ཀྱང་ལྕེབས་མི་སྲིད་མོད། ཁོ་ལ་མཐའ་མཇུག་གི་ལམ་བུ་འབའ་ཞིག་ལྷག་ཡོད་པ་ནི། ཁོས་བཤད་པ་ལྟར་གྱི་ཐའེ་ཧྲན་ལས་ལྗིད་པའི་ཕུགས་འདུན་དོར་ནས་བྱ་སྤུ་ལས་ཡང་བའི་ལས་དབང་ཞིག་དང་དུ་ལེན་དགོས་པ་དེའོ། །དེ་ནི་དོན་ལ་ཐར་ལོ་དེ་ཐར་ལོ་མ་ཡིན་པ་ཞིག་ཏུ་འགྱུར་བའི་གོ་རིམ་ཡིན་ལ། རིག་གནས་དང་རིག་གནས་མི་འདྲ་བའི་གདོང་ཐུག་བརྒྱབ་པ་ལས་བྱུང་བའམ་འབྱུང་སྲིད་པའི་ཡ་མ་གཟུགས་ཀྱི་འགྱུར་ལྡོག(འདི་ལ་གཞན་འགྱུར་ཞེས་ཀྱང་བརྗོད)ཅིག་ཀྱང་རེད་ཅེས་བརྗོད་ཆོག་སྙམ་ཞིང་། སྤྱི་ཚོགས་རིག་པའི་ངོས་ཐད་ནས་བསམས་ན། དེ་ནི་གཙོ་བོ་ཐུན་མོང་གང་རུང་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་ཅི་རིགས་ཀྱིས། རང་ལས་སྟོབས་ཆེ་བའི་ཐུན་མོང་ཞིག་གི་ཟིལ་ཤུགས་འོག་ནས་རང་གི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་ཏེ་རིང་དུ་གྱེས་པའམ། དེའི་དོད་དུ་གཞན་གྱི་ཕུན་ཚོགས་སུ་བསྙད་པ་དག་བདག་གིར་བྱེད་པའི་གོ་རིམ་ཞིག་གོ །གོ་རིམ་དེའི་མཇུག་འབྲས་དེ་སེམས་ཅན་ཞིག་གི་དབུགས་ཀྱི་རྒྱུ་བའི་མཚམས་ཆད་ནས་ཕྱི་སྲོག་ནང་སྲོག་ཆད་པ་ལ་འཆི་བ་ཞེས་བརྗོད་པ་དེ་ལྟ་བུ་ཞིག་གིས་སྡོམ་ཚིག་བཀོད་ན་ནི་མི་འགབ་པ་ཤེས་སླ་བས། ཐར་ལོ་ལྕེབས་མི་སྲིད་ཅེས་པའི་རྒྱུ་མཚན་གཅིག་ནི་འདི་ཡིན། རྒྱུ་མཚན་གཞན་ཞིག་ནི་གློག་བརྙན་ལས་ང་ཚོ་ལ་ཐར་ལོའི་སྣང་བརྙན་བརྒྱུད་ནས་གཟུགས་ཅན་དུ་བསྟན་ཡོད་པ་རེ་འགའ་དམིགས་སུ་བཟུང་ནས་བཀོད་ན། གཙོ་འཛིན་གྱི་གསུང་རྩོམ་བློར་སྐྱོར་བ་དང་། ཐོབ་ཐང་དཔང་ཡིག་ལེན་དུ་སོང་བ། ལུག་ཁྱུ་བཙོང་བ། རལ་ལུ་བཞར་བ་ལ་སོགས་པའི་བྱུང་རིམ་མང་བོ་ཞིག་གིས་སྔ་མོ་ནས་གསལ་ལེར་བསྟན་ཡོད་པར་མ་ཟད། གློག་བརྙན་གྱི་མཇུག་ཏུའང་སྤར་ཁྱིམ་ནས་ཤོག་སྦག་བཀད་པ་ལྟ་བུས་ཀྱང་ལྡེམ་པོར་བསྟན་ཡོད་པ་སྟེ། དེ་ནི་ལུག་ཁྱུར་གནོད་པའི་སྤྱང་ཀི་དཀྲོག་བསམ་གྱིས་མ་ཡིན་པར། དེ་ནི་གནད་འགག་གམ་ཀུ་ཐུག་གི་གནས་བབ་ཁྱད་པར་བ་ཞིག་ལ། ཐར་ལོས་རང་སེམས་ཀྱི་ལ་ལུང་ཀུན་ནས་ལུད་འོངས་པའི་འཇིགས་སྣང(ཁེར་རྐྱང་། སུན་སྣང་། རྟོན་མེད། ཁོ་ཆད། འཁོས་ཆུང་། ཉམ་ཞན། ལས་ངན་ལ་སོགས་ཀྱིས་བསླངས་པ་ཞིག་ཡིན་ཆོག་ལ། ཐའེ་ཧྲན་ནས་བྱ་སྤུའི་བར་དུ་ལྟུང་བའི་ཤན་གྱིས་བསླངས་པ་ཞིག་ཀྱང་ཡིན་ཆོག་སྙམ)དཀྲོག་བྱེད་དམ་ཡང་ན་དེ་དག་ལ་གྱེས་བརྡ་གཏོང་བྱེད་གང་རུང་ཞིག་ལ་གོ་དགོས་པ་ལས། འཆི་ཁའི་ཀི་འབོད་ལྟ་བུ་ཞིག་ལ་ཅིས་ཀྱང་འབྲེལ་ཐབས་མེད་པས་སོ། །
གཉིས་པ། ཐར་ལོ་གང་གི་རེད།
        སྤྱིར་ན་གནད་དོན་འདིར་བསམ་བློ་གཏོང་དགོས་དོན་ཆེར་མེད་ལ། དེར་ཐེ་ཚོམ་ཟ་དགོས་དོན་དེ་བས་ཀྱང་མེད་པ་འདྲ་ཡང་། ལྟད་མོ་པ་མང་བོ(གཙོ་བོ་དྲ་འབུ་ཚོ)འུར་ལངས་ཚུལ་དང་ཀུ་འདེབས་སྟངས་ལ་བསམས་ན། དེ་ཡང་བསམ་བློ་གཏོང་དགོས་ལ་གཏོང་རིན་ཡོད་པ་ཞིག་ཏུ་མཐོང་དགོས་པ་འདྲ་སྟེ། འཁྲབ་གཞུང་རྩོམ་མཁན་ནམ་འཁྲབ་ཁྲིད་བྱེད་མཁན་པདྨ་ཚེ་བརྟན་ལགས་ཀྱིས་ཀྱང་ཉེ་སྔོན་ཞིག་ལ་ནང་ལོགས་ཀྱི་བཅར་འདྲིའི་སྟེགས་བུ་ཞིག་ནས“ངའི་རེ་བ་ཡིན་ན། གཏམ་རྒྱུད་འདི་ནི་ཡུལ་གྱི་ཁྱབ་ཁོངས་བརྒལ་ཅིང་། རིགས་ཚོགས་ཀྱི་ཁྱབ་ཁོངས་བརྒལ་པ་ཞིག་ཡིན་འོས”ཞེས་གསལ་བོར་གསུངས་པ་དང་། ད་དུང་ཐེངས་གང་མང་ཞིག་ལ“ཁེར་རྐྱང་ནི་མིའི་ལྷན་སྐྱེས་ཀྱི་ཚོར་བ་ཞིག་ཡིན་པ་འདྲ་ཞིང་།
        ཁོའི(ཐར་ལོ)ཁེར་རྐྱང་ནི་གཟུགས་སུ་གྲུབ་ཅིང་རེག་ཐུབ་པ་ཞིག་རེད”ཅེས་གསུངས་པ་ལའང་རྒྱུ་མཚན་དང་དམིགས་གཞི་ཡོད་སྲིད་སྙམ་པས་དང་། ཆ་གཞན་ཞིག་ནས་བསམ་བློ་བཏང་ན། ཁོང་གི་གསུང་དེ་དག་ནི་ཡུལ་ལུང་གཞན་ཞིག་ནས་རིགས་ཚོགས་གཞན་ཞིག་ལ་ཁ་གཏད་དེ་གསུངས་པའང་རྟོགས་སླ་མོད། རང་རྒྱུས་རང་ལ་མེད་པ་རེ་འགས་ད་དུང“ཐར་ལོ་ནི་ཨ་མདོའི་མི་རིགས་མང་བོ་འདུས་སྡོད་ས་ཁུལ་གྱི་མི་ཞིག་རེད”ཟེར་བ་དང་།“འདི་ཐར་ལོ་མ་རེད་ཕག་ལོ་རེད། ལུག་རྫི་སྙིང་རྗེ་ཞིག་རེད། ཁོ་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་བ་ཞིག་རེད་ཡ”ཟེར་བ། “ཐར་ལོས་བོད་མི་རིགས་མཚོན་གོ་ཟེར་ན་ཆེ་སོང་བ་རེད”ཟེར་བ། “ཐར་ལོས་བོད་མི་རིགས་ཀྱི་ཞབས་འདྲེན་གྱི་ཆ་མཚོན་གྱིན་ཡོད་པ་རེད”ཟེར་བ་སོགས་སྣ་ཚོགས་ཤིག་ཐོས་པའམ་མཐོང་བའི་མོད་ལ། ཁོ་བོས་ཐར་ལོ་གང་གི་ཡིན་པ་དེའང་ངེས་པར་བསམ་གཞིག་བྱེད་དགོས་པ་ཞིག་དང་། ངེས་པར་གསལ་འདེབས་བྱེད་དགོས་པའི་གནད་དོན་ཞིག་རེད་སྙམ་ནས་ཅི་ཞིག་བཤད་སྙིང་འདོད་པའི་སྐབས་ལ། གློ་བུར་ཐར་ལོ་གང་གི་ཡིན་པ་ཤེས་དགོས་ན། ངེས་པར་ཤེས་དགོས་པ་ནི་ཐར་ལོ་ཞེས་པ་དེ་མ་གཞི་སུ་ཞིག་ཡིན་པ་དེ་རྩ་བའམ་གནད་འགག་རེད་ཨང་སྙམ་བྱུང་སྟེ། ཅི་ཞིག་གིས་ངའི་བརྗེད་ངས་ཀྱི་དབང་དུ་གྱུར་པའི་འཚོ་བའི་བརྒྱུད་རིམ་ཞིག་ཐོལ་གྱིས་བསྔོགས་བྱུང་བས་ཡིན་ནམ།
གསུམ་པ། ཐར་ལོ་སུ་རེད།
        འཚོ་བ་གཞིར་བཟུང་ནས་བྱུང་བའི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་ཡིན་པའི་ཆ་ནས། སྒྱུ་རྩལ་སྣང་བརྙན་དེ་ཉིད་འབྱུང་སའི་འཚོ་བ་གང་དེའི་ངོས་འཛིན་དང་འཚོ་བར་གཞི་བཅོལ་བའི་སྒྱུ་རྩལ་སྣང་བརྙན་གང་ཞིག་ལ་གོ་བ་ལེན་སྟངས་མི་འདྲ་བའི་དབང་གིས“སྣང་བརྙན”ལ་གོ་བ་ལེན་སྟངས་དང་གདེང་འཇོག་བྱེད་ཚུལ་མི་འདྲ་བ་འབྱུང་བ་ནི་རྒྱུན་ལྡན་ཞིག་རེད་ཅེས་བཤད་ཆོག་སྙམ།
        ཐར་ལོའི་སྣང་བརྙན་ལ་གོ་བ་ལེན་སྟངས་ཀྱི་ཟུར་གཙོ་བོ་ཞིག་ནི། ཁོ་སུ་ཡིན་གྱི་ངོས་འཛིན་གྱི་སྟེང་ན་ཡོད་པ་འདྲ་སྟེ། ཐར་ལོ་སུ་ཡིན་གྱི་ངོས་འཛིན་ལས་འཕྲོས་ཏེ《ཐར་ལོ》ལ་ལྟ་ཚུལ་ཅི་རིགས་བྱུང་དང་འབྱུང་གིན་འདུག མང་མས་ཐར་ལོའི་ཁོར་ཡུག་དང་འཚོ་བ། ཆ་ལུགས་ཆ་བྱད་དང་སྐད་ཆ་སོགས་རྒྱུ་མཚན་དུ་བྱས་ནས། ཐར་ལོ་དེ་བོད་ཅིག་ཡིན་པ་གཞིར་བཞག་གིས། ཁོ་ཨ་མདོའི་རི་མ་ཐང་གི་འབྲོག་པ་རལ་ལུ་ཅན། དྲན་པ་བཟང་ཞིང་ཡིད་གཞུངས་ལ་གཤིས་དྲང་བ། གཉོམ་ཆུང་ལས་བསོད་དམན་པ་ཞིག་ཏུ་མཐོང་ཞིང་། གློག་བརྙན་ནང་གི་ཐར་ལོ་ནི་འཚོ་བའི་ནང་གི“ཁེར་གཟུགས”ཆུང་ཆུང་ཞིག་ཏུ་ངོས་འཛིན་གྱིན་འདུག དོན་ལ་དེ་ནི་འཚོ་བ་ཁོ་ནར་ཁ་གཏད་ནས་སྒྱུ་རྩལ་གྱི་བསྐོས་ཐང་བརྗེད་པའི་ཕྱོགས་ལྷུང་ཞིག་རེད་ལ། འཚོ་བའི་བདེན་པ་དང་རིག་གནས་ཀྱི་རང་མདངས་མ་མཐོང་བའི་རང་མཐོང་ལྟར་སྣང་བ་ཞིག་ཀྱང་ཡིན་པར་འདོད།
        ཐར་ལོ་མ་གཞིར་སྒྲུང་གཏམ་ནང་གི་མི་སྣ་ཞིག་རེད་ལ། དེ་ནས་རྩོམ་པ་པོས་སྒྲུང་གཏམ་དེ་འཁྲབ་གཞུང་དུ་བཅོས་ཤིང་། འགྲོ་གྲོན་མི་ཉུང་བ་ཞིག་བཏང་ནས་གློག་བརྙན་དུ་ཕབ་པའི་གློག་བརྙན་ནང་གི་སྒྱུ་རྩལ་སྣང་བརྙན་ཞིག་ཀྱང་རེད། ཟུར་འདི་ནས་བསམ་བློ་བཏང་ན།“བསྔགས་འོས་སུ་གྱུར་པ”ཡི་བརྗོད་བྱ་དེར་དགོངས་པ་ཟབ་མོ་ཞིག་ཅིས་ཀྱང་ཡོད་དགོས་ལ་ཡོད་ཀྱང་ངེས། དེ་ལྟར་བསམ་བློ་བཏང་བས། ངས་ཐར་ལོ་དང་ཐར་ལོའི་ཁོར་ཡུག(གཙོ་བོ་རིག་གནས་ཀྱི་ཁོར་ཡུག)གི་བཞིན་མདངས་ངོ་མ་ཅུང་ཙམ་ཞིག་མཐོང་བྱུང་ལ། དེ་དག་ཀྱང་དུས་ཐོག་ནས་དགའ་བ་དང་བཅས་རང་གི་སློབ་མ་རྣམས་ལ་བསྒོ་སྐལ་དུ་བྱིན་པ་ཡིན།
“ངས་བསམས་ན། ཐར་ལོའི་གཤིས་སྤྱོད་ཀྱི་ཁྱད་ཆོས་སམ་ངོས་གཙོ་བོ་ཞིག་ནི་དྲང་བོ་རེད།”
        “ཐར་ལོའི་ཕམ་ཁ་ནི་དྲང་བོ་དེ་འཁྱོག་པོ་དང་ཕྲད་པའི་ཕམ་ཁ་རེད། དེ་ནི་ཁོར་ཡུག་ཁྱད་པར་བ་དང་དུས་ཚོད་ཁྱད་པར་བ་ལ་བྱུང་བའི་དྲང་འཁྱོག་གཉིས་ཀའི་བར་གྱི་འགལ་བ་དང་། དྲང་བོ་དེ་གནས་སྐབས་སུ་འཁྱོག་པོ་ལས་ཕམ་པའི་སྐྱོ་གར་ཞིག་རེད།”
        “དྲང་བོས་རྗེས་ལུས་ཀྱི་ཡུལ་ལུང་ཞིག་གི་སྲོལ་རྒྱུན་རིག་གནས་ཀྱི་གཉུག་གཤིས་མཚོན་ཞིང་། འཁྱོག་པོས་སྔོན་ཐོན་གྱི་སྤྱི་ཚོགས་ཤིག་གི་བཟོ་ལས་དཔལ་འབྱོར་དང་དེ་ལས་བྱུང་བའི་དེང་རབས་རིག་གནས་ཀྱི་ནང་རྒྱུ་མི་གཙང་བའམ་འགོ་ནད་ལྟ་བུ་ཞིག་མཚོན་ཡོད་པར་འདོད།”
        “དེ་ལྟར་བཤད་པའི་རྒྱུ་མཚན་གཅིག་ནི། འུ་ཅག་གི་རིག་གནས་ལྟ་བུ་ལ་མཚོན་ན། དྲང་བོ་ནི་མི་ཆོས་ཀྱི་རྩ་བ་ཡིན་པ་སྟེ། རྫ་དཔལ་སྤྲུལ་རིན་པོ་ཆེས་ཇི་སྐད་དུ།‘སེམས་ལ་གཡོ་སྒྱུ་སྤངས་ནས་ནི། །དྲང་བོར་སྤྱོད་པ་འདི་ཁོ་ན། །མི་ཡི་ཆོས་ལུགས་མཆོག་ཡིན་ཏེ། །མི་ཆོས་ཐམས་ཅད་འདི་ལ་འདུས’ཞེས་དང་།‘སྙིགས་མའི་སྐྱེ་བོ་ཐམས་ཅད་ནི། །ལུས་འཁྱོག་ཚུལ་འཆོས་སྤྱོད་པ་ཅན། །
        ངག་འཁྱོག་གཡོ་སྒྱུའི་སྨྲ་བ་ཅན། །ཡིད་འཁྱོག་བསླུ་བའི་བསམ་པ་ཅན’ཞེས་གསུངས་ཡོད་པས་སོ།།”
        “ཁོར་ཡུག་མི་འདྲ་བས་རིག་གནས་ཀྱི་ཤན་ཤུགས་ཀྱང་མི་འདྲ་སྟེ། ཐར་ལོ་ནི་དྲང་བོའོ། །གཡང་འཚོ་ནི་འཁྱོག་པོའོ། །གཡང་འཚོ་བོད་མོ་ཞིག་ཡིན་པ་དེས་གློག་བརྙན་དུ་མི་རིགས་ཀྱི་གནད་དོན་ཞིག་བཤད་མེད་པར། ཁོར་ཡུག་དང་རིག་གནས་ཀྱི་གནད་དོན་ཞིག་བཤད་ཡོད་པ་གསལ་བོར་རྟོགས་ནུས་སོ།།”
        “ངེད་ཅག་གིས་བརྗེད་ཟིན་པ་མ་རྟོགས། དོན་དངོས་སུ་བཤད་ན། ངེད་ཅག་ཐར་ལོ་རེད་ལ། འུ་ཅག་གཡང་འཚོ་ཡང་ཡིན་ཆོག ང་ཡིན་ལ་ཁྱོད་ཚོའང་རེད་དོ།།”
……
སློབ་ཁྲིད་སྐབས་ཀྱི་འཕྲོས་བཤད་ཆལ་ཆོལ་འདི་ཕལ་ཆེར་ཇི་བཞིན་དུ་བཀོད་པའི་རྒྱུ་མཚན་ནི། ངའི་མཐོང་ལམ་གྱི་ཐར་ལོ་དེ་སུ་ཡིན་པ་གསལ་བཤད་བྱ་བའི་ཆེད་དུ་ཡིན་མོད། རེ་འགས་དེ་མ་ཐག་ཁྱོད་ཀྱིས་སྒྱུ་རྩལ་བཤད་པའི་ཕོད་དང་རྩོམ་རིག་སྨྲ་བའི་སྤོབས་མེད་ཟེར་བ་མིན་ནམ། ཁྱོད་ཀྱིས་སྒྱུ་རྩལ་བཤད་ནས“སྣང་བརྙན”དེ་ཆེན་པོ་ཆེན་པོ་ཞིག་ཏུ་བཏང་སོང་། དེ་ཡང་འཐེན་འཁྱེར་ཞིག་དང་རང་ལྟ་མཆོག་འཛིན་ཞིག་མ་ཡིན་ནམ་ཟེར་ནས་དྲི་བ་འདོན་ཡང་སྲིད་མོད། ངས་དེ་དག་གི་ལན་དུ་ཞུ་འདོད་པ་ནི་རྒྱ་ནག་སྐད་ཀྱི་ཚིག་དུམ་ཞིག་སྟེ“在心灵的高原上壮游,以为走得那么远,其实任踌躇传统原生文化与现代文明之间。欲离何曾离,云空未必空”。(第52届金马奖颁奖词)ཞེས་པ་འདི་དང་། བོད་སྐད་ཀྱི་ཚིག་དུམ་ཞིག་སྟེ།“ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན་ལ། ཐར་ལོ་ནི་ང་ཚོའི་བསྡུས་གཟུགས་ཡིན། དེ་བས། ངས་བརྗོད་འདོད་པ་ནི་མི་སྒེར་ཞིག་མ་ཡིན་པར། ང་ཚོ་མི་རབས་ཤིག་གི་བསྡུས་གཟུགས་ཡིན”(པདྨ་ཚེ་བརྟན)ཞེས་པ་འདི་གཉིས་ཡིན་ཏེ། དེ་གཉིས་ཀྱིས་ངའི་དྲན་ཚུལ་ཐན་ཐུན་འདི་འཐེན་འཁྱེར་མིན་པ་གསལ་བཤད་བྱ་ནུས་པས་མི་ཚད། ཐར་ལོ་སུ་ཡིན་མ་ངེས་པར་བསྡད་འདུག་པ་རྣམས་ཀྱིས་ཡུན་གྱིས་ཐར་ལོ་སུ་ཡིན་པ་བསམ་གྱིན་རྟོགས་འགྲོ་བས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1