ཤེས་རབ་རྒན་པོའི་འབེལ་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22



ཤེས་རབ་རྒན་པོའི་འབེལ་གཏམ་གྱི་རྩོམ་སྒྲིག་པ་ལགས།མིང་གཞི་རྐྱང་བ་ལ་མིང་དང་མིང་གཞི་གཉིས་ཀ་ཡིན་པ་ཨེ་ཡོད། རྒྱུ་མཚན་ཅི།
ཞེས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཟླ་བ་སྒྲོལ་མས་གུས་ཕུལ།
ཀློག་མཁན་ཟླ་བ་སྒྲོལ་མ་ལགས།
        ཁྱེད་ཀྱི་དྲི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར།
        དྲིས་ལན་ཞིག་ཏུ་འདི་འདྲ་མཐོང་སྟེ། མིང་དང་མིང་གཞི་གཉིས་ཀྱི་དབྱེ་བ་འབྱེད་སྟངས་ནི། དཔེར་ན། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།(•འདི་ནི་མིང་དང་མིང་གཞི་ཡིན་པའི་རྟགས) བོད་ཀྱི་གསལ་བྱེད་སུམ་ཅུ་ཐམ་པའི་ནང་ན་མིང་གཞི་རྐྱང་བ་བཅོ་བརྒྱད་དང་། མིང་དང་མིང་གཞི་གཉིས་ཀ་ཡིན་པ་བཅུ་གཉིས་ཡོད་པ་རེད། དེ་ནས་མིང་གཞི་སུམ་ཅུ་ཐམ་པའི་ནང་ནས་རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ཟུར་དུ་འདོན་དགོས་པ་རེད། ཅེས་འབྱུང་བ་ནི་ཤིན་ཏུ་འཁྲུལ་བ་སྟེ། མིང་གཞི་གསལ་བྱེད་སུམ་ཅུ་ཐམ་པ་ནི་མིང་དང་ཚིག་འགྲུབ་བྱེད་ཀྱི་རྩ་བ་ཡིན་ཡང་མིང་མ་ཡིན་ཏེ། མིང་གཞིའི་ཡི་གེ་གང་ཞིག་མིང་དུ་འགྲོ་མིན་རྗེས་འཇུག་ཡི་གེ་སྦྱར་ཡོད་མེད་ལ་རག་ལས་པས། སུམ་ཅུ་པའི་གཞུང་དུ།“སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །མིང་གཞིའི་ཡི་གེ་གང་ཡིན་ལ། །ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད། །ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད”ཅེས་པ་དང་། རྟགས་ཀྱི་འཇུག་པ་ལས་ཀྱང་།“ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། །མིང་གི་ཁོངས་ནས་ཚིག་ཕྱུང་ནས། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང་། །འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །མིང་ཚིག་གསལ་བ་མེད་ན་ནི། །
        དོན་རྣམས་བརྗོད་པར་མི་འགྱུར་རོ”ཞེས་པ་སོགས་ཀྱིས་ཤིན་ཏུ་གསལ་བར་བསྟན་པ་ལྟར། རྗེས་འཇུག་ནི་སྒྲ་གདངས་རིང་ཆའི་མཚོན་བྱེད་ཡིན་པས། ཁ་བ། བ་མ། ང་། ཆ་ཡ། ཇ་མ། ཉ། ར། ཤ ས་ལྟ་བུ་རང་ཉིད་གང་ལ་གདགས་བྱའི་དོན་དེའི་མིང་དུ་བྱེད་ཚེ། ཁའ་བའ། བའ་མའ། ངའ། ཆའ་ཡའ། ཇའ་མའ། ཉའ། རའ། ཤའ། སའ་ལྟ་བུ་མིག་འབྱེད་འཛུམ་གཉིས་ཀྱི་ཡུན་ཚད་ལ་ཀློག་ཅིང་། དེ་དག་མིང་གཞིའི་སྐབས་སུ་གནས་ཚེ་མིག་འབྱེད་འཛུམ་གཅིག་གི་ཡུན་ལས་མེད་པས། རྗེས་འཇུག་གང་རུང་དངོས་དང་དོན་གང་རུང་དུ་མི་འཐོབ་པའི་མིང་ཞིག་ཡོད་མི་སྲིད་ལ། བརྒྱ་ལ་རྗེས་འཇུག་སྦྱར་ཀྱང་འཇུག་བྱའི་དོན་མེད་ནའང་མིང་མ་ཡིན་པ། བོད་ཡིག་ལ་བཀླག་ཏུ་རུང་བའི་ཡི་གེ18745ཡོད་པས་མཚོན་ཏེ། མིང་དང་མིང་གཞི་གཉིས་ཀ་ཡིན་པ་ཞིག་ནམ་ཡང་གཞག་ཏུ་མེད་པའོ།།
▲ཤེས་རབ་རྒན་པོའི་འབེལ་གཏམ་གྱི་རྩོམ་སྒྲིག་པ་ལགས།
“非物质文化”ལ“དངོས་པོ་མ་ཡིན་པའི་རིག་གནས”དང“གཟུགས་འདས་རིག་གནས”
སོགས་འགྱུར་མི་འདྲ་བ་དུ་མ་འབྱུང་བཞིན་ཡོད་པས། གང་ལ་བསྟུན་ན་འགྲིག་པའི་ལན་གསལ་བོ་ཞིག་འདེབ་རོགས།
ཞེས་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཀློག་མཁན་པད་མ་རྒྱ་མཚོས་གུས་ཕུལ།
ཀློག་མཁན་པད་མ་རྒྱ་མཚོ་ལགས།
ཁྱེད་ཀྱི་དྲི་བར་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སྲིད་གྲོས་ཀྱི་པད་མ་བདུད་འདུལ་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར།
        རྒྱ་ཡིག་གི“物质文化”དང“非物质文化”ཞེས་པ་འདི་གཉིས་ཕན་ཚུན་ཟླས་འབྱེད་པའི་ཐ་སྙད་ཅིག་ཡིན་པས་ཡ་བྲལ་དུ་བསྒྱུར་མི་རུང་། ཐ་སྙད་འདི་གཉིས་རྣམ་པར་འཇོག་ཚུལ་གྱི་དབང་དུ་བྱས་ན། ལུགས་འདིར་མིའི་ཤེས་རིག་ལག་རྗེས་དང་བཅས་པ“文化”(རིག་གནས)ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་དུ་བསྡུས་ནས་དེ་ཡི་བརྗོད་བྱ་ཕྱི་དོན་བེམ་པོའི་གཟུགས་སུ་ཡོད་མེད་ཀྱི་སྒོ་ནས་ཕྱེ་སྟེ་བསྟན་པའི་རྣམ་གཞག་ཅིག་ཡིན་ལ། བརྗོད་བྱའི་དབང་དུ་བྱས་ན“物质文化”ཞེས་པ་ནི་ཕྱི་དོན་བེམ་པོའི་གཟུགས་སུ་ཡོད་པའི་རིག་གནས་བསྟན་པ་སྟེ། དཔེར་ན་བཟོ་རིག་པའི་ལག་རྗེས་སུ་བྱུང་བའི་སྡོད་ཁང་དང་། འཚོ་བའི་ཅ་ལག གོས་རྒྱན་སོགས་ལྟ་བུ་ཡིན་པ་དང་།“非物质文化”ནི་སྔར་གྱི་ཐ་སྙད་དེ་ལ་རྣམ་བཅད་ཀྱི་སྒྲ་སྦྱར་ནས་བཅད་ལྡོག་གི་ཚུལ་གྱིས་ཕྱི་དོན་བེམ་པོའི་གཟུགས་སུ་མེད་པ་གཙོ་བོ་ནང་ཤེས་རྒྱུད་ཀྱི་བསྡུས་པའི་རིག་གནས་བསྟན་པ་སྟེ། དཔེར་ན་ཆོས་ལུགས་དད་མོས་དང་། ཡུལ་སྲོལ་གོམས་འདྲིས་སོགས་ལྟ་བུ་ཡིན་ནོ། །དེས་ན་ཐོག་མར་ཐ་སྙད་དེ་གཉིས་ཟླས་འབྱེད་བྱེད་ཀྱི་ཚིག“物质”ཞེས་པ་དེ་བོད་ཡིག་གི“དངོས་པོ”དང་དེའི་བྱེ་བྲག“གཟུགས”གཉིས་ལས་གང་ལ་འཇུག་པའི་དབྱེ་བ་ལེགས་པོར་མ་ཕྱེད་པར་འོལ་ཚོད་ཀྱིས་དངོས་པོ་ཡིན་པར་བཟུང་སྟེ། རྒྱ་ཡིག་གི་ཚིག་གི་རྣམ་པ་ལྟར“དངོས་པོ་མ་ཡིན་པའི་རིག་གནས”ཞེས་བསྒྱུར་ན་ཕྱི་མོའི་དོན་ལོག་པར་སོང་ནས་ཀློག་མཁན་རྣམས་ལ་གོ་བརྡ་མི་འཕྲོད་པར་མ་ཟད། དངོས་པོ་མ་ཡིན་ན་དངོས་མེད་ཡིན་དགོས་པས་ནམ་མཁའ་དང་རི་བོང་གི་རྭ་ཡང་རིག་གནས་ཡིན་པར་ཐལ་བའི་སྐྱོན་འབྱུང་ངོ་། །གཞན་ཡང“非物质文化”ལ“གཟུགས་འདས་རིག་གནས”ཞེས་བསྒྱུར་པ་ནི་སྔ་མ་ལས་གནད་དུ་ཁེལ་ཡོད་ཀྱང་ཁ་ཅུང་ཟད་དམ་པས་དོན་དུ་འགྱུར་དཀའ་ལ། ཡང་དེའི་ཟླས་ཕྱེ་བའི་ཚིག“物质文化”ལ་ཇི་ལྟར་སྦྱར་རྒྱུར་བསམ་བློས་མ་ཁྱབ་པ་འདྲ་བས་འཐད་པར་མ་མཐོང་ངོ་། །གལ་ཏེ་དེ་ལས་ཀྱང་དོན་ལ་འབྱོར་ཚབས་ཆེ་ཞིང་ཁ་གསལ་བརྗོད་བདེའི་བསྒྱུར་སྟངས་གསར་བ་རེ་རྙེད་ན་ནི་རྗེས་སུ་ཡི་རང་ལས་ཅི། དེ་མིན་མདོ་དབུས་ཁམས་གསུམ་གྱི་མཁས་མང་གདན་འཛོམས་ཀྱིས་ཡིག་སྒྱུར་གྱི་རྩ་དོན་གཞིར་བཟུང་ནས་ཐ་སྙད་རེ་རེའི་བསྒྱུར་སྟངས་ལ་རིག་གཞུང་གི་སྤྱི་འགྲོས་དང་། བརྡ་སྤྲོད་ཀྱི་རྣམ་གཞག བོད་སྐད་ཀྱི་གོམས་སྲོལ་བཅས་དང་མཐུན་མིན་དཔྱད་གླེང་ཡང་ཡང་བྱས་ནས་ཞུན་ཐར་བཅད་དེ། གོ་སླ་ཞིང་བརྗོད་བདེ་བ། ཀུན་གྱི་ཁ་ལ་བྱང་ཞིང་གོམས་ཚར་རྗེས་ཡང་བསྐྱར་བཅོས་བསྒྱུར་གཏོང་མི་དགོས་པའི་ཐ་སྙད་ཚད་ལྡན་གྱི་ལུགས་སུ་གཏན་ཕབ་བྱས་པའི《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》ན“物质文化”ལ“གཟུགས་ཅན་རིག་གནས”དང་། “非物质文化”ལ“གཟུགས་མེད་རིག་གནས”ཞེས་བསྒྱུར་ཡོད་པ་དེ་དང་བསྟུན་ན། དེ་འདྲའི་ཚིག་དོན་གྱི་སྐྱོན་དང་བྲལ་ཞིང་གོ་སླ་ལ་བརྗོད་ཀྱང་བདེ་བས། དེས་མ་འཐུས་པ་ཅི་ཡང་མེད་དོ་སྙམ།
▲ཤེས་རབ་རྒན་པོའི་འབེལ་གཏམ་གྱི་རྩོམ་སྒྲིག་པ་ལགས།
བོད་རང་སྐྱོང་ལྗོངས་ཀྱི་ཕ་བོང་ཁ་ཞེས་པའི་མིང་དེ་ཇི་ལྟར་ཐོགས་པ་ཡིན།
ཞེས་རེབ་གོང་གི་ཀློག་མཁན་པད་མ་བསམ་གྲུབ་ཀྱིས་གུས་ཕུལ།
ཀློག་མཁན་པད་མ་བསམ་གྲུབ་ལགས།
        ཁྱེད་ཀྱི་དྲི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ནོར་བྲང་ཨོ་རྒྱན་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར།
ཕ་བོང་ཁའི་མིང་ཐོགས་ཚུལ་ནི《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་སྐབས་ཀོང་ཇོའི་རྩིས་འབྲས་གཡོག་མོས་འཁྲུལ་གཞི་བྱུང་བ་སླར་ཀོང་ཇོའི་རྩིས་འབྲས་དང་། ལྡོག་རིམ་རྣམས་གྲུབ་རྗེས་སྲོང་བཙན་སྒམ་པོ་སྐྱིད་ཤོད་ཉང་བྲན་ཕ་བོང་ཁའི་བྲག་སྟེང་དུ་ས་ཕག་ཁྲོ་ཆུ་ལ་སྦྱར་ནས་མཁར་དགུ་ཐོག་ཡོད་པ་བརྩིགས་ནས་ཕྱོགས་བཞིར་ལྕགས་ཐག་བཏགས། བརྟན་པར་བྱས་ཏེ་རྒྱལ་པོས་སྒྲུབ་པ་མཛད་པས་ཞག་བདུན་ན་རིགས་གསུམ་མགོན་པོ་ནམ་མཁའ་ལ་བྱོན་ནས་སྨོན་ལམ་རྒྱ་ཆེན་པོ་ཐོབ་ཅིག ངེད་ཀྱིས་ཀྱང་སྨོན་ལམ་མཐའ་དག་འགྲུབ་པའི་དཔང་བོ་བྱེད་པ་ཡིན་གསུངས་ཏེ་རྡོ་ལ་ཐིམ་པའི་རང་བྱོན་དེང་སང་ཡང་མཇལ་རྒྱུ་ཡོད་པ་ལྟར་དང་། ཡང་ཕ་བོང་ཁའི་ལོ་རྒྱུས་གཞན་དུ་གསལ་བ་ལྟར་ན། ལྷ་སའི་གཙུག་ལག་ཁང་གསར་བཞེངས་ཀྱི་རིམ་གྲོར་ཕ་བོང་ཁར་ས་བདག་གསེར་གྱི་རུས་སྦལ་གྱི་དབྱིབས་ཅན་ཕ་བོང་ཆེན་པོའི་ཁར་རྒྱལ་པོའི་ཕོ་བྲང་ཞིག་བཞེངས་དགོས་པ་ཀོང་ཇོའི་རྩིས་འབྲས་ལྟར་སྐུ་མཁར་མ་རུ་བཞེངས་ལུགས་གསལ་བ་བཅས་ཕོ་བྲང་འདི་གར་ཐོན་མི་རྒྱ་གར་ནས་ཕྱིར་ཕེབས་རྗེས་སྲོང་བཙན་སྒམ་པོས་བོད་ཡིག་ཉམས་བཞེས་གནང་ཡུལ་ཡང་ཡིན་པ་བཅས་འདིའི་སྐོར《དུང་དཀར་ཚིག་མཛོད་ཆེན་མོ》ཡིི་ནང་ཅུང་ཞིབ་པར་གསུངས་ཡོད་ལགས། སྔོན་གྱི་ཆོས་འབྱུང་ནང་གསལ་བ་ལྟར་ན་གནས་ཆེན་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་ནི། ཡུལ་ཉི་ཤུ་རྩ་བཞིའི་ནང་གསེས་དེ་ཝི་ཀོ་ཏྲ་ཞེས་གསལ་བ་བཅས་གནས་འདི་ནི་ཤིན་ཏུ་རྩ་ཆེན་ཞིག་ཡིན་པར་འདིར་དགེ་བཤེས་བྲག་དཀར་པས་རབ་བྱུང་གི་སྡེ་བཙུགས་ནས་གདན་རབས་བདུན་ཙམ་གྱི་བར་བསྟན་འགྲོའི་བདེ་སྐྱིད་འཕེལ་བ་བྱུང་ཡང་རྗེས་སུ་རིམ་ཉམས་སུ་སོང་། ས་སྐྱའི་དུས་སྐབས་ཀྱི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་ཕ་བོང་ཁར་ཞིག་གསོ་མཛད། དེའི་རྗེས་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་གནས་འདིར་སླར་ཡང་དགེ་འདུན་གྱི་སྡེ་བཙུགས་ཀྱང་བར་སྐབས་ཉམས་པས། མཐར་སྤྱི་ལོ1619ལོར་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་གནས་འདིར་རྒྱུན་བཞུགས་གནང་སྟེ་གཞི་གསུམ་གྱི་ཕྱག་ལེན་ལ་སོགས་པ་འཛུགས་གནང་མཛད་པ་བཅས་གནས་འདིའི་རྟེན་གཙོ་རང་བྱུང་རྡོ་སྐུ་སྤྱན་རས་གཟིགས་དང་། བོད་ཀྱི་སྐུ་འདྲའི་ཐོག་མ་རིགས་གསུམ་མགོན་པོ། ཐོན་མིའི་ཡིག་ཕུད་དུ་གྲགས་པ་རྡོ་བརྐོས་མ་ཎི་ཡིག་དྲུག་སོགས་བཞུགས་སོ།།
▲ཤེས་རབ་རྒན་པོའི་འབེལ་གཏམ་གྱི་རྩོམ་སྒྲིག་པ་ལགས།
སུམ་ཅུ་པའི་གཞུང་དུ་རྣམ་དབྱེ་དང་ཚིག་ཕྲད་ཕལ་བ་གཉིས་སྣོལ་མར་བསྟན་པ་ལ་རྒྱུ་མཚན་ཅི་ཡོད།
ཅེས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་དབང་གྲུབ་ཀྱིས་གུས་ཕུལ།
ཀློག་མཁན་དབང་གྲུབ་ལགས།
        ཁྱེད་ཀྱི་དྲི་བར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར།
སྤྱིར་འཆད་བདེ་བ་དང་འཛིན་བདེ་བའི་དབང་དུ་བྱས་ན། རྣམ་དབྱེའི་ཚིག་ཕྲད་དག་བཤད་ཟིན་པའི་རྗེས་སུ་ཚིག་ཕྲད་ཕལ་བ་འཆད་པ་དེ་ཡིན་པས། སུམ་ཅུ་པའི་འགྲེལ་བ་མ་ཡིན་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་རྣམས་སུ་དེ་ལྟར་འཆད་ཀྱིན་ཡོད་ཀྱང་། སུམ་ཅུ་པའི་གཞུང་དུ་རྣམ་དབྱེ་དང་ཚིག་ཕྲད་ཕལ་བ་གཉིས་སྣོལ་མར་བསྟན་པའི་རྒྱུ་མཚན་ནི། ཚིག་ཕྲད་དག་གི་བར་ན་གང་ལ་བརྟེན་ནས་གང་བྱུང་བའི་ཚིག་ཕྲད་བྱུང་འཕེལ་གྱི་གནད་དོན་གསལ་བར་བྱེད་པ་ལས་གཞན་དུ་ན། མིང་དང་ཚིག་ཕྲད་ལྷན་དུ་སྦྱར་ནས་ཚིག་སྒྲུབ་པའི་སྐབས་སུ། རྣམ་དབྱེའི་ཚིག་ཕྲད་ཀྱིས་ཚིག་གང་ཞིག་གི་གྲུབ་ཆ་གཙོ་བོ་བྱས་ཏེ། ཚིག་གིི་སྦྱོར་བ་གཏན་ཆགས་སུ་བཟོ་ཞིང་།
ཚིག་གི་དོན་ལ་གཏན་ཚིགས་ཀྱི་འབྲེལ་བ་སྐྱེད་པར་བྱེད་ཀྱང་། བསྒྲུབས་ཟིན་པའི་ཚིག་དག་གི་ཀུན་སློང་གི་ཁྱད་པར་དང་། ཚིག་ཐ་དད་པ་ལྷན་དུ་སྦྲེལ་བ་དང་། ཚིག་གི་སྦྱོར་བ་རིང་བོར་སྐྱེད་པ་བཅས་ལ་རྣམ་དབྱེའི་ཚིག་ཕྲད་ཀྱིས་རྔོ་མི་ཐོགས་པས། མིང་དག་གི་བར་མཚམས་ཁོ་ན་ལ་སྦྱོར་བའི་རྣམ་དབྱེ་དག་བསྟན་པའི་ཞར་ལ། རྣམ་དབྱེས་བསྒྲུབས་པའི་ཚིག་སྦྱོར་སྣ་ཚོགས་ཀྱི་བརྗོད་དོན་གསལ་བྱེད་ལ་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་ཕལ་བ་དག་བསྟན་པ་ཡིན་ཏེ། དཔེར་ན། ཤར་ཕྱོགས་ནས་ཉི་མ་ཤར། ཉི་མའི་འོད་ཀྱིས་དྲོད་སྣང་སྐྱེད། ས་གཞི་ཡོངས་ལ་སྐྱེ་སྟོབས་རྒྱས། ཞེས་པ་ལྟ་བུའི་ཚིག་སྦྱོར་དུམ་བུར་གྲུབ་པ་དག་ནི། ཤར་ཕྱོགས་ནས་ཉི་མ་ཤར་ཏེ། ཉི་མའི་འོད་ཀྱིས་དྲོད་སྣང་སྐྱེད་ཅིང་། ས་གཞི་ཡོངས་ལ་སྐྱེ་སྟོབས་རྒྱས་ཀྱང་། འབྱུང་བོ་མ་རུངས་པའི་ཚོགས་ལ་མུན་པ་སྐྱེད་དོ་ཞེས་པ་ལྟ་བུར་བསྒྲུབས་ཏེ། ཚིག་གི་སྦྱོར་བ་སྔ་ཕྱིའི་བར་ལ་ལྟོས་གྲུབ་ཀྱི་འབྲེལ་བ་སྐྱེད་ཅིང་། དེ་ཡི་དབང་གིས་ཚིག་གི་སྦྱོར་བ་སྔ་མ་སྔ་མས་རྒྱུ་འབྲས་རིགས་དེད་ཀྱིས་བརྗོད་བྱའི་འགག་དོན་མཐའ་ལ་བདས་ཏེ། ཚིག་གི་སྦྱོར་བ་སྐྱེད་ཅིང་གཏན་ཚིགས་ཅན་དུ་བཟོ་བར་མ་ཟད། ཁོང་གིས་མདའ་མོ་རྒྱང་ལ་ཕོངས། ཞེས་པ། ཁོང་གིས་མདའ་མོ་རྒྱང་ལ་ཕོངས་སམ། ཕོངས་ཤིག ཕོངས་སོ། །ཕོངས་ཀྱང་། ཕོངས་ཏེ། ཞེས་ཚིག་གི་སྒྲིག་གཞི་མཚུངས་པ་བརྗོད་དོན་ཐ་དད་དུ་སྒྲུབ་བྱེད་ནི། ཚིག་ཕྲད་ཕལ་བ་ལ་རག་ལས་པའི་ཕྱིར། རྣམ་དབྱེས་ཚིག་གི་སྒྲིག་གཞི་བཟོ་ཞིང་། ཚིག་ཕྲད་ཕལ་བས་ཚིག་དོན་གསལ་བར་བྱེད་ཕྱིར། རྣམ་དབྱེ་དང་ཚིག་ཕྲད་ཕལ་བ་སྣོལ་མར་བསྟན་པ་རེད་དོ།།
▲ཤེས་རབ་རྒན་པོའི་འབེལ་གཏམ་གྱི་རྩོམ་སྒྲིག་པ་ལགས།
ལྷ་སའི་ལྕགས་པོ་རི་ཞེས་པའི་མིང་ཇི་ལྟར་ཐོགས་པ་ཡིན།
ཞེས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀློག་མཁན་ཉི་མས་གུས་ཕུལ།
ཀློག་མཁན་ཉི་མ་ལགས།
        ཁྱེད་ཀྱི་དྲི་བར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ནོར་བྲང་ཨོ་རྒྱན་ལགས་ཀྱིས་ལན་བསྐྱོན་པ་གཤམ་གསལ་ལྟར།
ལྕགས་པོ་རིའི་མིང་ཇི་ལྟར་ཐོགས་ཚུལ་ནི། རྒྱལ་དབང་ལྔ་པས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་ལྷ་སར་ལྷ་ཁང་གསར་བཞེངས་མཛད་བཞེས་ཀྱིས་ཀོང་ཇོས་སྤོར་ཐང་བརྒྱད་ཅུའི་རྩིས་འབྲས་ནང་ཁ་བ་ཅན་གྱི་ཡུལ་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུར་འདུག་པས། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་དང་། དམར་པོ་རི་དང་། ལྕགས་པོ་རི་གཉིས་སྲིན་མོའི་སྙིང་གི་རུས་པར་འདུག་ནའང་། འོ་ཐང་གི་མཚོའི་སྟེང་དུ་ཤཱཀྱ་མུ་ནེ་བཞུགས་པ་དང་། དམར་ལྕགས་ཀྱི་རིའི་རྩེར་རྒྱལ་པོའི་ཕོ་བྲང་ཡོད་པས་ནོན་ཞིང་། དེ་དག་གི་མཐའ་སྐོར་གྱི་ས་དཔྱད་ལ་སྐྱོན་དང་ཡོན་ཏན་ལྡན་པ་ཡོད་ལུགས་ཞིབ་ཆ་གསུངས་པས་ལྕགས་པོ་རི་འདིའི་མིང་ནི་འདོད་རྒྱལ་གྱི་མིང་ཞིག་ཡིན་སྙམ་ལགས་ཤིང་། གཞན་ཡང་ད་ལྟ་ཕོ་བྲང་པོ་ཏ་ལ་གནས་ཡུལ་དམར་པོ་རི་གླང་ཆེན་ཚང་ལ་ཉལ་བ་འདྲ་བ་སྤྱན་རས་གཟིགས་ཀྱི་བླ་རི་དང་། ལྕགས་པོ་རི་འདི་སེང་གེ་གནམ་ལ་མཆོངས་འདྲ་བ་ཕྱག་ན་རྡོ་རྗེའི་བླ་རི། བོང་བ་རི་སྟག་མོ་ཚང་འཛུལ་འདྲ་བ་འཇམ་དཔལ་དབྱངས་ཀྱི་བླ་རིར་གྲགས་པ་བཅས་དེ་གསུམ་རིགས་གསུམ་མགོན་པོའི་བླ་རི་ཡིན་པར་ངོས་འཛིན་གྱིན་ཡོད་དོ།།
གཞན་ཡང་། སྔར་དམར་པོ་རི་དང་ལྕགས་པོ་རི་གླང་བོ་ཆེ་དང་། སེང་གེའི་མཇུག་མ་སྦྲེལ་ནས་ཡོད་པ་དེ་ཡུལ་འདིའི་མི་རྒྱུད་ཤེས་ཡོན་འཛོམས་ཤིང་འཇོན་ཐང་ཆེ་བ་འབྱུང་བའི་ས་དཔྱད་དེ། དང་ཐོག་ཁྲི་སྲོང་ལྡེའུ་བཙན་གྱི་ཡུམ་གྱིམ་ཤིང་ཀོང་ཇོ་ཡིན་མིན་གྱི་ཀོ་ལོང་གིས། གྱིམ་ཤིང་ཀོང་ཇོས་ས་དཔྱད་ལེགས་པ་དེ་དག་ཆེད་མངགས་བཅད་དེ་ས་དཔྱད་ཉམས་སུ་བཅུག་པ་ཕྱིས་འགྱོད་ནས་སླར་ས་དཔྱད་ཉམས་པ་གསོས་སྐད་ཅེས་ས་དཔྱད་དེ་དག་སླར་གསོ་གནང་བའི་ལོ་རྒྱུས་ཡོད་པ་བཅས་སོ།།
ཞེས་ཤེས་རབ་རྒན་པོའི་འབེལ་གཏམ་གྱི་རྩོམ་སྒྲིག་པས་ཕུལ།
(རྩོམ་སྒྲིག་འགན་འཁུར་པ་མཁའ་འགྲོ་ཚེ་རིང་ཡིན)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1