རང་ཡུལ་ནས་སློབ་གྲྭར་འགྲིམ་པའི་ ལམ་བར་གྱི་འཆར་སྣང་།

ཡ་མ་རྒྱལ་མཚན། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


རེ་བ་ཐི་གུ་རིང་མོས་སྔོན་དུ་ཁྲིད།།
བརྩེ་བ་རྡོ་རྗེ་ཐག་པས་རྒྱབ་ནས་འཐེན།།
རེ་བརྩེ་གཉིས་ཀྱིས་བསྐྲུན་པའི་སེམས་ངོས་སུ།།
རྣམ་རྟོག་བརྒྱ་ཡིས་གྲུབ་པའི་འདམ་གསེས་ཤིག།
ལུས་གཟུགས་རླངས་འཁོར་བསྡད་དེ་སྔོན་དུ་སྐྱོད།།
བརྩེ་སེམས་རླུང་ལ་འབྱར་ནས་ཕྱི་རུ་འཕུར།།
ལུས་སེམས་ཐ་དད་གྱུར་པའི་བར་མཚམས་ནས།།
རོགས་མེད་ཁེར་རྐྱང་བུ་ལ་དྲན་གདུང་ཞིག།
མཛེས་སྡུག་དཔལ་གྱིས་སྒེག་པའི་རང་ཡུལ་དེ།།
དང་ཐོག་མིག་ཟུང་དཀྱིལ་ནས་ཆུང་ངུར་གྱུར།།
བར་དུ་སེམས་ཀྱི་སྤྲིན་པར་འཐིམས་གྱུར་ནས།།
མཐའ་མར་མིག་གི་མཁའ་ནས་དལ་གྱིས་འབབ།།
ཕ་ཡུལ་དྲན་བའི་སེམས་ཀྱི་མདུད་པ་དེ།།
རྡོ་རྗེ་བྲག་ལ་ཕུར་བུ་བཏབ་དང་མཚུངས།།
སུས་ཀྱང་མ་བྱས་ཆུང་དུས་བག་ཆགས་འདི།།
སེམས་ལྡན་ཡོངས་ལ་མངའ་བའི་རང་བཞིན་ཉིད།།
ཐེག་པ་ཆེན་པོར་ཞུགས་པའི་གང་ཟག་གིས།།
ཕ་ཡུལ་སྡུག་གི་འདམ་རྫབ་གཟིགས་མོད་ཀྱང་།།
སྐྱབས་གསུམ་གཙུག་ཏུ་བཀུར་བའི་བུ་ཆུང་ངར།།
བདེ་བ་དོན་གཉེར་བྱེད་པའི་ཞིང་ཁམས་ཉིད།།
མཁའ་ལ་གད་སྙིགས་གང་བའི་གྲོང་ཁྱེར་ནས།།
ཉི་འོད་དམར་པོར་གྱུར་བའི་ལུང་ཁོག་ནས།།
དྭངས་གསལ་དྲི་མ་མེད་པའི་ནམ་མཁའ་དང་།།
ཉི་མ་སེར་པོའི་འོད་སྣང་ལྷག་ཏུ་དྲན།།
སྟག་ཤར་དག་གིས་ཞྭ་དཀར་དབུ་རྒྱན་བརྩིས།།
སྨན་ཤར་ཡོངས་ཀྱིས་མགོ་བོར་རས་ཀྱིས་སྤྲས།།
མུ་སྟེགས་ཆོས་ལུགས་བྱེད་པའི་ཡུལ་གྲུ་ནས།།
དམ་ཆོས་དར་བའི་རང་ཡུལ་ལྷག་ཏུ་དྲན།།
ཉིན་དཀར་རིགས་གཞན་ཁུར་ཏེ་བོད་དུ་བཞུད།།
མཚན་མོར་བོད་གཏེར་བརྫངས་ནས་ཕྱིར་རུ་སླེབས།།
མེ་འཁོར་རྒྱུགས་པའི་འུར་སྒྲ་ཆེན་པོ་ཡིས།།
རྣ་གཟན་སེམས་པ་ཕངས་པའི་གནས་སུ་སྦྱར།།
རིག་གནས་བཅུ་བོའི་བརྗོད་དོན་ཟབ་ཁྱད་དག།
བོད་སྐད་གཤའ་མའི་ལམ་ནས་འགྲེལ་དགོས་ཀྱང་།།
གཞན་སྐད་གཡར་ནས་རིག་གནས་འགྲེལ་བ་དེ།།
གསེར་གྱི་སྐུ་ལ་སྐྱག་ལུད་བྱུགས་དང་མཚུངས།།
དེར་བརྟེན་ནུབ་བྱང་སློབ་གྲྭའི་སྐྱེད་ཚལ་ནས།།
ང་འོ་སྙམ་པའི་སློབ་དཔོན་འགའ་མཐོང་ཚེ།།
གཙང་མཁས་གཞན་ཕན་འཆང་བའི་བཤེས་གཉེན་དེ།།
སེམས་ཀྱི་དབུས་ནས་སླར་ཡང་ལན་བརྒྱར་དྲན།།


རྩོམ་ཡིག་སྔོན་མ།
ལྷ་མོ་གསུང་འབྱོན་མ།
རྩོམ་ཡིག་རྗེས་མ།
སྟོང་ཉིད་ཀྱི་རབ་བྱེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1