སྟོང་ཉིད་ཀྱི་རབ་བྱེད།

ལྗང་སྨྱུག (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


སྟོང་པས་སྟོང་ཉིད་སྟོང་བ་དང་།།
སྟོང་པའི་རྩེ་རུ་ཆོས་རྣམས་གཡོ།།
ཆོས་ཉིད་སྟེང་དུ་སྟོང་བ་འཁྱིལ།།
ཐུབ་པས་གསེར་གྱི་ལོ་མའི་རྩེར།།
གཉུག་མའི་འོད་ཟེར་འབྲི་བར་བྱེད།།
ཕྱེ་ལེབ་གཤོག་པའི་མཁར་ཐོག་ཏུ།།
སྐྱེ་མཆེད་ཚོགས་ཀྱིས་ཕྱི་ནས་སྟོང་།།
བུང་བ་དག་ཀྱང་དར་དིར་གྱིས།།
གྲགས་སྟོང་བརྗོད་བྲལ་ངང་ནས་སྟོང་།།
ལ་ཁའི་ཉི་མ་ཞུ་བ་དང་།།
གྱང་གི་གྲིབ་སོ་གཡོ་བ་དང་།།
གྱང་ཁའི་རྩ་སྐྱ་ལྡིང་བ་དང་།།
གཞུང་གི་ཆུ་བོ་བྲི་བ་སོགས།།
གདོད་མའི་རང་གཤིས་འདི་ཀོ་འོ།།
དམར་སེར་སྡེ་ཡི་ཚོགས་དག་གིས།།
ཡེ་དག་སྟོང་ཉིད་མཐུང་ཞིང་ངོམས།།
དེ་དུས་ཐུབ་པ་གསེར་མདོག་ཅན།།
དེ་ལ་འཛུམ་པའི་འོད་ཟེར་འཕྲོ།།
འཕྱོངས་རྒྱས་ཟླ་བ་སྒྲོལ་མ།
ཡར་ལྷ་ཤམ་པོའི་འདབས་ནས།།
ལ་གཞས་གཡང་ཕུར་སུམ་སྒྲིགས།།
མགུར་ཆུང་ཆུ་མིག་དགུ་སྒྲིག །
སྣང་བའི་རྩེ་ནས་བཞེང་དུས།།
ནམ་མཁའ་མཐོངས་ཀྱི་ལྷ་ཚོགས།།
མྱི་ཡུལ་ཐང་ལ་བབས་ནས།།
རྒུམ་བུ་འཐུ་བའི་བྱེའུ།།
མར་ཀི་ཤམ་ཆུའི་འགྲམ་དུ།།
ཨ་ཅེ་ཟླ་བ་སྒྲོལ་མས།།
སྐྱོ་སྣང་སེམས་སུ་ཐོགས་ཏེ།།
མགུར་ཆུང་གླུ་རུ་གྱེར་དུས།།
སྣང་བ་སྐྱུར་མོ་འདི་ཀོ །
གཤོག་མེད་བྱ་རྒོད་ཁྲ་བོ།།
ནམ་མཁའི་མཐོངས་ནས་བབས་བཞག །
འདུ་འབྲལ་ཆུ་ཡི་གཉེར་མ།།
ལང་ཚོའི་པང་ནས་བཞུར་དུས།།
གླིང་བུ་འབུད་པའི་རྫི་བོ།།
ཡར་ལུང་བྲག་ལ་གྱར་སོང་།།
ཕྱིར་དྲན་རླུང་གི་འཕྲུལ་འཁོར།།
ཆུ་བོའི་དབྱིངས་སུ་བྱིངས་ནས།།
རེ་དོགས་ལྷ་ཞིག་བཞེངས་ཡོད།།
ཤར་གྱི་ཐོ་རེངས་སྐར་ཆེན།།
བྱང་གི་སྐར་མ་པ་སངས།།
ཁྱབ་བརྡལ་ནམ་མཁའི་གདན་དུ།།
རྨི་ལམ་དཀར་པོའི་ལས་སྐལ།།
གཅིག་རྗེས་གཅིག་གིས་འདེད་འདྲ།།
ལོ་མའི་སྟེང་དུ་བརྐོས་འདྲ།།
གྱང་རིས་ཐོག་ཏུ་བཞད་འདྲ།།
རས་པའི་རས་སྐྱ་བོ།
སྒལ་རྩིབ་རུས་ནས་ཁྲག་གི་ཐིགས་པ་ཐོན་ཞིང་།།
རྣག་ཆུ་སེར་གྱིས་སྤང་གི་རྩི་ཐོག་རླན་ཞིང་།།
མཁར་དགུ་བརྩེགས་སུ་ངལ་བའི་རི་མོ་བཀོད་པའི།།
ཡུལ་གྲོ་ལུང་གི་མཐུ་ཆེན་བཟོད་བསྲན་ཆེ་བ།།
གྲོང་སྐྱ་ང་ནས་གཅིག་པུར་རི་ལ་གྲོས་པའི།།
གོས་དར་རྐྱང་གིས་ཕྱི་ནང་བདེ་དྲོད་འབར་བ།།
ཟས་སྔོ་ལྡུམ་གྱིས་ལུས་ཀྱི་རྩ་འདབས་གྲོལ་བའི།།
གངས་ཏེ་སུ་རུ་སྒོམ་པའི་འདབས་མ་བཞད་ཡོད།།
གཡག་རྭ་ཅོ་འདི་རྗེ་ཡིས་ཆེ་ཞིག་མ་བྱས།།
ཕྱི་སྐུ་གཟུགས་ཀྱང་ཉིད་ཀྱིས་ཆུང་ཞིག་མ་བྱས།།
གནས་དབེན་རྫོང་དུ་རྟོག་པའི་རི་མོ་མེད་པའི།།
རི་སྒང་དྲུག་གི་སྒོམ་ཆེན་རས་པ་ཡིན་ནོ།།
སྲིང་པེ་ཏ་མ་ཟས་མེད་སྤྲང་པོར་འཁྱམ་ཞིང་།།
རོགས་མཛེས་སེ་དེས་དྲན་གདུང་མིག་ཆུ་ཟགས་ཀྱང་།།
ཆོས་འདུས་བྱས་ལ་ཞེན་ཆགས་ཡེ་ནས་བྲལ་བའི།།
བྲག་རྟ་སོ་ཡི་མི་ལ་སྒོམ་དགའ་ཡིན་ནོ།།
ཁང་ཀ་བཞི་དེ་བོང་རྒན་རྣ་ལྟར་འགྱེལ་ཞིང་།།
མ་དྲིན་མོ་ཆེ་རུས་པ་སྤར་གང་གྱུར་བ།།
བློས་བཟུང་བ་དང་འཛིན་པ་རྦད་ནས་བྲལ་བའི།།
ཆོས་ཕྱག་ཆེན་གྱི་ལྟ་བ་བློ་རུ་གླན་ཡོད།།
ཡབ་མར་པ་དེ་སྤྱི་བོའི་སྐྲ་གསེབ་བཞུགས་ལ།།
ལུས་ཁྲ་ཧྲེང་ལ་ཙན་དན་དྲི་ངད་འཐུལ་བའི།།
སྤྲང་ཞེ་ཕུགས་དེ་བྲག་གི་ཕུགས་ལ་གཏད་ཡོད།།
བྱང་མཐའ་འཁོབ་ཀྱི་རས་ཆེན་རྣལ་འབྱོར་ཡིན་ནོ།།
ཟས་ལྡུམ་བུ་ཡིས་མིད་པ་འགག་མྱོང་མེད་པའི།།
དགུན་ཙག་སད་ཀྱིས་ལུས་པོ་གྲང་རབས་མི་གདའ།།
དབྱར་ཚ་དྲོད་ཀྱིས་རྔུལ་ཆུ་བཞུར་སྐད་མ་གོ །
ཆོས་མགོ་ཐོན་ཞིག་སྒྲུབ་པའི་མགོ་མ་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1