(ཞར་བཀོད་གཅིག)
དྲན་པའི་གཞི་མར་གྲུབ་པའི་བྱིའུ་ཞིག
དགུན་ཟླ་བརྒལ་ཏེ།
གཤོག་ཟུང་ལས་ཁ་བ་མར་མར་བབས།
ཡིན་ཡང་། མདའ་མོ་ལས་མྱུར་བའི་གཤོག་འགྱུར།
གཤོག་སྒྲོ་དམར་པོ་ཞིག་ཏུ་སྤྲུལ་ནས།
ཐལ་མདོག་གི་ཨ་སྔོན་ལ་དར་ཞིག་བསླངས།
བདག་ཐབ་ཚང་དང་བྲལ་ཏེ།
མུ་མེད་ཀྱི་རྩྭ་ཐང་འགྲིམ།
འདབ་ཆགས་བརྒྱ་སྟོང་སྔར་ནས་འཕུར་ཚར།
དྲན་པའི་གཞི་མར་གྲུབ་པའི་བྱིའུ་དེས།
གྲང་འཁྱག་གི་དགུན་དུས་བརྒལ་ནས།
འགྲུལ་བཞུད་ཀྱི་ལམ་ལ་ཆས།
དཔྱིད་དུས་དང་གཤོག་སྒྲོའི་དབྱེ་བ་མི་ཆོད།
མེ་ཏོག་ལྷམ་མེར་བཞད།
དཀར་བོང་བོང་གི་ཁ་བས་གཡོགས་པའི་ས་གཞིར།
བརྩེ་ཞེན་གྱི་རྦ་རླབས་འཕྱོ་བཞིན།
བདག་གིས་ལྷད་མེད་ཀྱི་བྱིས་དུས་ལ་ཕྱིར་དྲན་བྱས།
བྱིའུ་ཞིག་གི་གཟུགས་བརྙན་རྟག་བརྟན་དུ་བརྐོས།
བྱིའུ་ཡིས་གནང་བའི་གཤོག་སྒྲོ་དམར་པོ་དེ།
བདག་གི་ཆེས་ཐོག་མའི་སྙན་དེབ་ཏུ་ཉར་ཞིང་།
ཚེ་སྲོག་གི་འོད་ཐིག་ཅིག་ཏུ་སྤྲུལ་ནས་ཐག་རིང་དུ་འཕུར།
སྐྱེ་བ་སྔོན་གྱི་ཁ་བ་ད་དུང་འབབ།
སྐྱེ་བ་འདིའི་མིག་ཟུང་།
སྐྱེ་བ་སྔོན་གྱི་བཞིན་ལ་ཅེར་དུས།
མིག་ཆུའི་རྒྱུན་མ་ཆད།
ལས་འབྲས་མཛའ་གཅུགས་ཀྱི་ཀོ་གྲུ།
ཀྱག་ཀྱོག་གི་མཚོ་འགག་འགྲིམ་དུས།
ལས་འཕྲོའི་གཞི་མར་མིག་ཆུ་ལས་ཅི།
མིག་ཆུ་ནི་ཆུ་མིན་པས་མུ་མཐའ་མེད།
ཁྱེད་ཀྱི་མིག་ལམ་ན།
བྱང་སྐར་སྨེ་བདུན་མེད་ཅིང་།
ཟླ་བ་ནི་གཉིད་ལ་ཤོར་པ་བཞིན།
གྱེས་ཕྱག་གི་ཀོ་གྲུར་འགྲམ་ངོགས་མེད།
ཀོ་གྲུས་བགྲོད་མཚམས་བཞག་པས།
སེམས་པ་འདིའི་ཤར་ནུབ་གང་དུ།
སྐྱེ་བ་འདིར་བཏུས་པའི་མེ་ཏོག
ཚེར་མའི་མེ་ཏོག
དུག་ཚེར་མེ་ཏོག
མིག་ཆུ་རུ་བསྙལ་པ་མིན།
སྐྱེ་བ་སྔོན་གྱི་ཁ་བ་ད་དུང་འབབ།
བརྩེ་ཞེན་གྱི་གོ་ཁྲབ་གཡར་མ་འདི།
ནམ་ཞིག་ལ་འཕུད་ན་ཆོག
སྐྱེ་བ་སྔོན་གྱི་ཁ་བ་ད་དུང་འབབ།
ལུས་ཡོངས་སོས་མེད་ཀྱི་རྨ་ཁས་ཁེངས་ཤིང།
ཁྲག་རྩའི་སྦུབས་ལམ་གྱི་ཟུངས་ཁྲག་ལྷོག་ལྷོག་ཏུ་ཁོལ་ལམ།
སྐྱེ་བ་སྔོན་གྱི་ཁ་བ་ད་དུང་འབབ།
སྐྱེ་བ་སྔོན་གྱི་ཁ་བ་ད་དུང་འབབ།