སྒེའུ་ཁུང་ནི་རྒྱན་ཆ་ཞིག་ཨེ་ཡིན།
ཡང་ན། མཁོ་ཆས་ཤིག་ཨེ་ཡིན།
ཆར་རླུང་གིས་གཙེས་པའི།
འོད་ཐིག་གིས་ཕུག་པའི།
ཁང་བ་དག་གི་མིག
ལོ་ཟླའི་མིག
འཚོ་བའི་སྒོ།
མི་དག་གིས་ཕྱི་ནང་གི་རྣམ་འགྱུར་རྩེད་ས།
སྒེའུ་ཁུང་ནི་འོ་མ་ཡིན།
རྩམ་པ་ཡིན།
ཤབ་ཤུབ་དུ་འཆད་པའི་སྙིང་གཏམ་ཡིན།
ཁྲོམ་ཁྲོམ་དུ་བཞུར་བའི་མིག་ཆུ་ཡིན།
སྒེའུ་ཁུང་ནས་མ་འོངས་ལ་རེ་སྒུག་བྱེད་ཆོག
སྒེའུ་ཁུང་ནས་ནང་མི་ལ་སེམས་གསོ་བྱེད་ཆོག
མཐར་གཏུགས་ན།
སྒེའུ་ཁུང་ནི་འོད་དང་སེམས་ཀྱིས་བགྲོ་གླེང་བྱེད་པའི་ལམ་དཀར་པོ་དེ་ཡིན།
འཐིབ།
ནམ་མཁས་སྤྲིན་པ་རུམ་ནས་ཆར་ཆུ་དག་ལ་ན་བཟའ་དཀར་པོ་སྤྲས།
མུན་ནག་གིས་ཉི་མ་ཐོད་དུ་བཅིངས་པས།
ང་ཚོས་འཁྱག་སིབ་སིབ་ཀྱི་མཚན་མོ་དེར་དད་པ་བྱས།
རྔོན་པས་གླ་རྩི་ཞིག་ཁྱེར་ནས།
ཕ་འདས་པོར་བསྔོ་འབྲེལ་ཞུས།
བུ་ཕྲུག་ཚོས་དགེ་རྒན་གྱི་ཁུག་མ་བརྐུས་ནས།
ཕོ་གསར་ཆང་འཐུང་དེ་ལ་བརྩེ་འཕྲིན་མང་པོ་བསྐུར།
ཇ་མ་དང་གླང་རྒན་ཉལ་རྗེས།
ཐབ་ཚང་ནས་བྱི་བ་དང་ཞི་ལས་འཁོར་བ་སྐྱོང་ཚུལ་ལ་བགྲོ་གླེང་བྱས།
ལུག་ཁྱུ་ཞིག་ཉག་ག་ནས་ནུབ་རྗེས།
རྩྭ་ཐང་དང་གཙང་བོ་དག་གིས་བང་སོ་བཙལ།
འབྲོག་པ་རྒད་པོ་ཞིག་ཞིང་ཁ་ནས་ཕར་འགྲོ་ཚུར་འགྲོ་བྱེད།
ཟོག་རྗེས་ནས་རོང་མོའི་བཞོ་དབྱངས་ཤི་མ་གསོན་ཞིག་གྲགས་ཡོང་།
ང་ད་དུང་གསོན་པོར་བསྡད་ཡོད།
མགོ་ཡོམ་འཁོར་བཞིན།
དཔྱིད་ཀྱི་རྨི་ལམ།
ཞིང་ཁ་ན་དཔྱིད་དཔལ་སླེབས་ཡོད།
ས་བོན་དང་མཉམ་དུ།
རྨི་ལམ་རྡོག་གཅིག་ཞིང་ལ་བཏབས་ཡོད།
རྨི་ལམ་འདི་རྒན་པོ་ཞིག་གི་གནའ་གཏམ་དང་འབྲེལ་ཡོད།
རྨི་ལམ་འདི་བུ་མོ་ཞིག་གི་གནས་ལམ་དང་འབྲེལ་ཡོད།
སྐྱེས་པ་ཞིག་གིས།
གཤོལ་ལམ་ནས་རྐང་རྗེས་རྨོས།
དོར་མཛོས་རེ་བ་དྲུད་ཡོད།
ཡང་ན་བདེན་པའི་འབྲས་བུའང་དྲུད་ཡོད།
ཇ་ཐུན་ལ་ཐོན་དུས།
ཆུང་མས་རྨོན་གོར་དང་མར་ལོ་འབུལ་ཡོང་།
ཞིང་ཁ་ནས་རྨི་ལམ་འབུས་ཡོང་།
ངལ་རྩོལ་ལ་མཁས་པས།
ཞིང་གྲོང་གི་རྩམ་པ་དཀར་པོ་ཡིན།
ཞིང་གྲོང་གི་རྔུལ་ཆུ་དྭངས་མ་ཡིན།
ཕ་ཡུལ་བརྒྱུད་ནས་འགྲོ་དུས།
ངས་ཀྱང་འདི་ནས་བྱིས་དུས་རྨི་ལམ་རྨོས་མྱོང་ཨང་།
རྨི་ལམ་འདི་ཀ་ཁའི་དབྱངས་རྟ་གྱེར་བའི་ཕྲུ་གུ་ཚོར་འབྲེལ་ཡོད་ལ།
རྨི་ལམ་འདི་མ་ཎིའི་དུང་འཁོར་སྐོར་བའི་མེས་པོ་ཚོར་འབྲེལ་ཡོད།
ཕ་ཡུལ་འགྱུར་བཞིན་མོད།
ངལ་རྩོལ་དང་ས་ཞིང་སྔར་བཞིན་ཡོད་པས།
རེ་བའི་མྱུ་གུ་འབུས་པའི་ཞིང་ཐང་ཞིག
རི་མོ་བཞིན་བདག་གི་མིག་ལམ་དུ་བཀྲ་འོངས།