གདོང་རིས་ནག་པོ།

མེ་སེང་། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


མི་ནི་ཨོ་ཟོབ་ཆེ་བའི་སྲོག་ཆགས་ཤིག །
གོས་འཇམ་བཟང་རྫུས་གཤིས་ཀ་གཡོགས་ཤིང་འགེབས། །
ཁ་ཡག་གཏམ་གྱི་ཚོན་རྩི་དཀར་དམར་བྱུག །
ང་རྒྱལ་སྤོ་མཐོ་དགོང་སྔོན་དབྱིངས་སུ་ཟུག །
མངོན་དུ་ཕུད་པའི་གདོང་རུས་སྐམ་པོ་ཡིས། །
རང་ཉིད་ལེགས་པའི་ཁྲི་ལ་ཟོལ་གྱིས་བཀོད། །
རྩུབ་པོའི་བཞིན་ལ་འཛུམ་གྱི་ཕྲ་བརྒྱབ་པ། །
སུ་ཡིས་མཐོང་ན་ཡི་ཆད་སྐྱེ་བའི་གཞི། །
མཐའ་མེད་ཤེས་བྱའི་བཅུད་ལ་མ་རོལ་ཞིང་། །
གནའ་དེང་རིག་པའི་མངར་ཁ་མ་མྱངས་པར། །
རྣོ་བའི་ཚིག་ཏུ་འུད་ཀྱིས་གདངས་བརྒྱན་པ། །
གང་ལ་བལྟས་ཀྱང་ཞེད་པའི་ངང་ཚུལ་ཉིད། །
ཡ་ཡོའི་རྒྱུད་ལ་དྲང་མོའི་རྫུ་བཟང་གིས། །
ལེགས་པར་འཆོས་ནས་གཞན་དུ་བསྒྱུར་བྱེད་པ། །
གཟུ་བོས་བལྟས་ན་ཁྲམ་པའི་བྱ་སྤྱོད་དེ། །
སྙིང་ལ་གཟན་པའི་མུ་ཏོའི་དེ་ཉིད་ལགས། །
རང་གི་ཁ་ཕོར་བསྲུང་ཕྱིར་ཇོ་བཟང་འགའ། །
མི་སྨྲའི་རྟུལ་ཞུགས་བཟུང་བའི་ཚུལ་མཐོང་ཡང་། །
ཕན་པ་གཅིག་ལས་གནོད་པ་བརྒྱ་བྱེད་པའི། །
ཕྱི་ནང་ལྡོག་པའི་རིགས་ལ་ཨ་ཅང་དངངས། །
ཕྱི་རྫིག་ནང་སྐམ་རུས་ཀྲང་སིལ་བའི་གཟུགས། །
ཆེ་རློམ་གཏམ་གྱི་གཟེར་བུ་གང་སར་གདབས། །
ཡན་ལག་སྦོམ་ཡང་ཡོན་ཏན་ཕྲ་བ་སྟེ། །
གང་དུ་གནས་ཀྱང་བྱོལ་སོང་ཕག་པའི་གྲོགས། །
མང་པོ་གཅིག་ཏུ་མཐུན་པའི་གྲོས་ཁ་ལ། །
གནས་ལུགས་སྲོག་གི་སྙིང་པོ་མ་ཞུགས་ཀྱང་། །
ཉམ་ཆུང་ཁ་སྟབས་དམའ་བའི་གཏན་ཚིགས་ཀྱིས། །
ཅི་ཙམ་དཔྱད་ཀྱང་རྣ་བའི་བཅུད་མ་ལགས། །
དྲང་མོར་བཤད་ན་སུ་ཡང་མི་དགའ་བར། །
ངོ་བསྟོད་ཚིག་ལ་ངོ་སོ་ཆེ་བའི་དུས། །
ཤ་ཚའི་གཏམ་ཡང་བརྗོད་ཚུལ་མ་ཤེས་ན། །
ཕན་ཚུན་འཁྲུགས་པའི་རྒྱུ་རུ་འགྲོ་བ་མང་། །
དགའ་བར་གྱུར་ན་སྐྱོན་ཡང་བཟང་དུ་སྒྲོག །
མི་དགར་གྱུར་ཚེ་ཡོན་ཏན་ཅི་ཡོད་ཀུན། །
བསམས་བཞིན་སྦེད་པའི་ཕལ་བའི་གཤིས་ཀ་འདིས། །
མི་ཡུལ་འདི་ཡི་ངོ་གདོང་ལན་གཅིག་མཐོང་། །
ད་ནི་གང་ལ་བསམས་ཀྱང་ཆུ་ཤིང་བཞིན། །
གཏམ་ཀུན་དོན་གྱི་སྙིང་པོས་སྟོང་མཐོང་ནས། །
སྨད་པའི་ངག་དང་བསྟོད་པའི་ཅ་ཅོ་ལ། །
བྲག་ཅ་བཞིན་དུ་བཏང་སྙོམས་ཨེ་འཇོག་བསམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1