སྙན་ངག་ཚན་པ་གཉིས
མི་ཉག་བཀྲ་ཤིས་ཆོས་ལྡན། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23
གདུང་ཡུས།
དུང་སེམས་མེ་ཏོག་ལུག་མིག་སེམས་ཁོང་ན་བཞད་ཀྱང་།།
བཙན་པོའི་བཀའ་ལུང་སེར་བའི་ངར་ཁ་དེ་རྒོད་པས།།
ཆར་ཞོད་དྲག་ཏུ་བྱོ་བའི་མཚན་མོ་ཡི་ཐུན་ལས།།
མིག་ཟུང་རྒྱང་ལ་ཅེར་ཏེ་ཨུ་ཚུགས་ཀྱིས་ཆས་སོང་།།
གྱེས་བྲལ་གདུང་ཡུས་དང་ནི་མྱ་ངན་གྱིས་མནར་བཞིན།།
སྙིང་གི་རྨ་ཁ་གསར་པ་འཕར་འཚབ་རང་ཆེ་ཡང་།།
ཤུགས་གླུའི་དབྱངས་ཀྱི་འགྱུར་ཁུགས་མག་མོག་ཅིག་གྱེར་ཏེ།།
བཅོས་མའི་ངེས་འབྱུང་སེམས་ཀྱི་རོ་དབྱངས་ལ་ཉན་འགྲོ།།
ཉི་འོད་ནུབ་རིའི་ཕག་ཏུ་གློ་བུར་དུ་ཡིབ་རུང་།།
བརྩེ་བ་སེམས་ཀྱི་འོད་སྣང་ལྷམ་མེར་དུ་འཚེར་བས།།
ཕན་ཚུན་བསྣོལ་མར་འཆང་བའི་ལས་ཐག་ནི་སྦྲེལ་བའི།།
འགྱུར་མེད་སེམས་པ་ཟུང་གི་ལས་དབང་འདི་ཅི་ཞིག །
དུང་སེམས་ཡུག་གཅིག་སྦྲེལ་བའི་སྣང་བ་དེ་བདེན་རུང་།།
སེམས་ཀྱི་སྣང་ཤས་རྗེན་པར་སྟོན་ཐབས་དེ་བྲལ་བས།།
དེང་འདིར་དྲན་པའི་ངོས་ཀྱི་སྨྲེང་གཏམ་གྱི་ཕྲེང་བ།།
རིག་བྱེད་ངག་གིས་རླུང་ལ་བཅོལ་བ་ལས་ཅི་བྱེད།།
སྒྱུ་མའི་འཕྲུལ་ལ་བསྡེབས་པའི་མ་དག་པའི་ཡུལ་ནས།།
བཙན་པོའི་དབང་དང་མཐོན་པོའི་ངོ་སོ་དེ་རྒོད་པས།།
ད་ནི་བག་ཆགས་ཟབ་པའི་རྒྱང་རིང་གི་ཁྱོད་ལ།།
ཡིད་ཀྱི་སྙིམ་པ་འཕོས་པའི་གསང་འཕྲིན་འདི་ཐལ་ལོ།།
མཚན་མོ་དེར།
མིག་ལ་ལྷུང་བའི་སྐྱོ་བའི་སྣང་ཤས་ཀྱི་ཟིལ་བ།།
དམར་ཆུང་སེམས་ཀྱི་ངོས་སུ་ཐིག་ལེ་རུ་སྦྲུམ་ནས།།
ཞེན་པའི་སྣང་བ་རླུང་བུས་སིག་སིག་ཏུ་སྒུལ་དུས།།
ཁྱོད་རང་འཇིག་རྟེན་གཞན་པ་གང་ཞིག་ཏུ་ཡོད་དམ།།
དཀྱིལ་འཁོར་རྫོགས་པའི་ཉི་མའི་འོད་ཟེར་གྱི་སྤྲོས་པ།།
རྒྱབ་ཀྱི་ནུབ་རིའི་ཕང་བར་འཇའ་ཚོན་ལྟར་ཡིབ་དུས།།
སྒེའུ་ཁུང་འགྲམ་ནས་མགོ་ལྕོག་ལྡེམ་ལྡེམ་གྱི་ངང་ཚུལ།།
སྡོང་གི་བྱིའུ་ཆུང་ཙམ་ལས་རྟོགས་མཁན་ཞིག་སུ་ཡོད།།
ཟླ་བའི་འཛུམ་མདངས་དབང་ཕྱོགས་རི་བོ་ནས་འཕགས་དུས།།
གསལ་སྒྲོན་འོག་ནས་སྙན་ངག་ཐར་ཐོར་རེ་འབྲི་བཞིན།།
མཁའ་ལ་འཚེར་བའི་སྐར་མ་ཁེར་འགྲོ་དང་མཉམ་དུ།།
སྙན་ངག་རྗེན་པས་ཁྱོད་ལ་མིག་ཟུང་རང་ཅེར་ཡོད།།
བསིལ་རླུང་རྒོད་པོས་ལུས་ལ་འཇབ་རྒོལ་གྱིས་གཟན་རུང་།།
སེམས་ནས་ཅི་ཞིག་བོར་བའི་སྐྱོ་ཤས་ཀྱིས་བཟི་བས།།
མདུན་ཅོག་ངོས་ཀྱི་འདྲ་པར་ཟད་པོ་དེར་ཧད་ནས།།
དུས་ཀྱི་འགྱུར་ལྡོག་གང་ཙམ་འགོར་བ་ཡང་བརྗེད་འགྲོ།།
མཚན་གཞུང་ལྷིང་འཇགས་དེ་ནི་ཅི་འདྲ་ཞིག་འཇམ་ཡང་།།
སྒོ་ཁྱིའི་ཟུག་སྐད་རེ་གཉིས་ཚེར་མ་ལྟར་འཛེར་འོང་།།
རྨི་ལམ་ལྟ་བུའི་ཁྱོད་ཀྱི་འདས་སོང་གི་གཏམ་རྒྱུད།།
མིག་གི་མདངས་ལ་འཕོས་ཏེ་འོད་ཟེར་ལྟར་འཚེར་འོང་།།
ཡིད་ལ་རྒྱུན་མར་ཁོལ་བའི་ཚོར་འདུ་ཡི་ཕོན་པོ།།
དར་གྱི་སྣེ་མོར་དཔྱངས་པའི་སྐུད་པ་ལྟར་འགུལ་རུང་།།
ལས་ཀྱིས་བཅད་པའི་འགག་ལམ་དོག་པོ་དེའི་དབང་གིས།།
སེམས་པ་སྨུག་པོ་སྐྱིབས་བུའི་ནང་རོལ་དུ་འཛུལ་བྱུང་།།