འཚོ་བ།

ལྷ་མགོན། [མཚོ་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


འཚོ་བ་ནི་མི་ཚེས་བྲིས་པའི་ཉིན་ཐོ་དེ་མིན་ན་འཆར་ཡན་ཁྲོད་ཀྱི་གཏམ་རྒྱུད་དེ་ཡིན་ནམ།
འཚོ་བ་ནི་བརྩེ་དུངས་ཁྲོད་ཀྱི་བདུད་རྩི་དེ་མིན་ན་འཚོ་ཚིས་བར་གྱི་མིག་ཆུ་དེ་ཡིན་ནམ།
འཚོ་བ་ནི་ཆང་ཁར་ལུད་པའི་སྟོང་གཏམ་དེ་མིན་ན་མཇལ་ཕྱག་བར་གྱི་གསོལ་འདེབས་དེ་ཡིན་ནམ།
འཚོ་བ་ནི་རྒྱལ་ཁ་ཐོབ་པའི་འཛུམ་མདངས་དེ་མིན་ན་ཕམ་ཁས་མནར་བའི་ཁྲོ་གཉེར་དེ་ཡིན་ནམ།
འཚོ་བ་ནི་གཞིས་བྱེས་ལྷན་དུ་འཛོམས་པའི་དགོད་སྒྲ་དེ་མིན་ན་ནང་མི་ཁ་ཁར་སོང་བའི་སྨྲེ་ངག་
དེ་ཡིན་ནམ།
འཚོ་བ་ནི་ཐབ་ཚང་དུ་ལྷོག་ལྷོག་གདུ་བའི་བཟའ་བཏུང་དེ་ཙམ་མིན་ལ་ཕྱི་རོལ་ན་འུར་འུར་ལྡང་
བའི་གྲང་རླུང་དེའང་མིན།
འཚོ་བ་ནི་གྲྭ་པའི་སྡེ་ན་འུར་འུར་ལབ་པའི་དགེ་སྡིག་ཙམ་མིན་ལ་གྲོང་བའི་སྡེ་ན་ཤབ་ཤུབ་སྨྲ་བའི་
རང་དོན་དེའང་མིན།
འཚོ་བ་ནི་མ་སྲུ་ཚོའི་ཁྱིམ་ལས་ཙག་ཙིག་གི་འབད་འབུངས་མིན་ལ་སྟག་ཤར་ཚོས་རྒྱང་ལ་བསྲིངས་
པའི་ཕུགས་འདུན་དེའང་མིན།
འཚོ་བ་ནི་བྱིས་དུས་ཀྱི་རྨི་ལམ་དེ་དང་གཞོན་དུས་ཀྱི་འཕྲུལ་སྣང་ཙམ་མིན་ལ་རྒས་དུས་ཀྱི་ཕངས་
སེམས་དེའང་མིན།
འཚོ་བ་ནི་རྡོག་སྣེ་བྲག་ལ་ཐོགས་ཀྱང་གཞའ་ས་མེད་པའི་ཛ་དྲག་གི་གདོང་ཐུག་དེ་དང་རྒྱབ་ལ་ཉི་མ་
ཤར་ཡང་གབ་ས་མེད་པའི་ལག་མཐིལ་གྱི་རི་མོ་དེ་ཡིན།
འཚོ་བ་ནི་གནམ་སྔོན་པོ་མགོ་ལ་བརྡིབས་ཀྱང་འགྱོག་མཁན་རང་ལས་མེད་ལ་ས་དོག་མོ་མཐིལ་ནས་
རལ་ཀྱང་ལྷན་པ་གཞན་ན་མེད་པའི་དོན་དངོས་ཀྱི་འཐབ་འཛིང་དེ་ཡིན།
འཚོ་བ་ནི་ཡི་གེར་བྲིས་པའི་འཆར་གཞི་ལྟར་མི་འོང་བའི་བཟློག་མེད་ཀྱི་ཆུ་སྣ་དེ་དང་རི་མོར་ཕབ་པའི་
ཁྱིམ་གཞིས་ལྟར་མི་འགྲུབ་པའི་གཟུགས་མེད་ཀྱི་བཟོ་སྐྲུན་དེ་ཡིན།
འཚོ་བ་ནི་མི་ཚེའི་ཐོག་མཐའ་བར་གསུམ་དུ་དགའ་སྐྱོ་ཆགས་སྡང་མཉམ་དུ་བསྲེས་ཏེ་སྐྱིད་སྡུག་རེས་
སུ་བསྐོར་ནས་མངོན་ལྐོག་གང་རུང་དུ་བདེན་རྫུན་ཅི་རིགས་པོ་འཛེམ་བག་མེད་པར་ཕབ་
སྐྲུན་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1