ཁ་བ་རི་བའི་བུ་མོ་དཔལ་སྐྱིད་མཚོ་མོ།

འབའ་སྨད་རྒྱལ་ལོ་ཚེ་རིང་། (ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


ཁྱོད་ནི། བདག་གི་དུས་གསུམ་ནས་བསྡད་དེ།
ང་ལ་ཟྭ་འཕྲུག་སློང་བྱེད་ཀྱི་རྩི་ཤིང་ཕྲ་མོ་དེ།
སུས་ཀྱང་དོགས་ཟོན་མི་བྱེད་པའི་མཚན་མོ་རེ་རེ།
ང་ལ་ལབ་གླེང་བྱེད་མཁན་གྱི་སྙིང་ཉེ་བའི་མི་དེ།
དོན་ངོ་མ། ཁྱོད་ནི།
ང་དང་ཐག་མི་རིང་བའི་ཁ་བའི་བུ་མོ་ཞིག་སྟེ།
ཡང་ན། མ་འོངས་པར།
ཁ་བ་རི་བོའི་མཐོ་སྒང་ལ་མདོ་འཛིན་བྱེད་མཁན་གྱི།
ང་ཁོ་ན་ལ་ལེ་ཚན་ག་གེ་མོ་ཞིག་འདོན་སྤྲོད་བྱེད་མཁན་གྱི།
མདོ་འཛིན་བུ་མོ་ཞིག་མ་ཡིན་ནམ།
ཉེ་སར་བཅར་ན་རིང་སར་གྱེས་འགྲོ་ཞིང་།
རིང་སར་བསྡད་ན་ཉེ་སར་བཅར་འགྲོ།
དོན་ངོ་མ། འུ་གཉིས་ཀྱི་བར་ལ།
གསང་བའི་གཏམ་རྒྱུད་ཅིག་ཇི་ལྟར་གྲུབ་པ་ཡིན་ནམ།
བུ་མོ་དཔལ་སྐྱིད་མཚོ་མོ།
མཚམས་རེར། ཁྱོད་ཀྱིས།
ང་ལ་བག་མེད་པར་རྒྱུ་ཆ་ཞིག་མཁོ་སྤྲོད་བྱེད་ཀྱིན་འདུག
རྒྱུ་ཆ་དེ་ནི། གནའ་དེང་གང་ལའང་མི་ཐེ་བའི་གསང་བའི་ལོ་རྒྱུས་ཤིག
ང་ནི་དེ་ལ་འཐམ་མཁན་གྱི་ཁ་བ་རི་བའི་སྟག་ཤར་ཞིག
དོན་དུ། འུ་གཉིས་ཀྱི་བར་ལ།
འདི་ལྟ་བུའི་གསང་བ་ཞིག་ཇི་ལྟར་གྲུབ་པ་ཡིན་ནམ།
བདག་གི་ལུས་ངག་ཡིད་གསུམ་གྱིས་བསུ་འདོད་པའི།
བུ་མོ་དཔལ་སྐྱིད་མཚོ་མོ།
འདང་མི་དཔོག་པའི་མཚན་མོ་དག་ལ།
ངས་འུ་གཉིས་ཀྱི་གསང་བའི་དྲི་བ་ཚ་བོ་དག་བསྐྱོར་ནས་ཉལ་ཏེ།
ཚོར་སྣང་ཞིག་ལ། འཚོ་བ་འདི་དང་རྨི་ལམ་འདི།
ཁྱོད་ཀྱིས་ང་ལ་ཆེད་དུ་བཀོད་སྒྲིག་བྱེད་པ་དང་མཚུངས་ཀྱང་།
ཡང་ན། དེ་དག
ཁྱོད་ཀྱིས་ང་ལ་སྤྲད་པའི་གསང་བའི་ལོ་རྒྱུས་ཤིག་ཡིན་པར་འཁྲུལ།
ནམ་རྒྱུན་ཁྱོད་ཀྱིས་ང་ལ་རྒྱབ་གཟུགས་སྟོན་ཐེངས་རེར།
ཡང་ན། འཛུམ་མདངས་སློང་ཐེངས་རེར།
ང་ལ། དེ་ལས་བདེ་སྐྱིད་ཅིག་མེད་ཅིང་།
ཡང་ན། དེ་ལས་སྡུག་བསྔལ་ཞིག་གང་ན་ཡོད།
བདག་གི་སྙིང་དབུས་ན་པར་དུ་བཏབ་པའི་བུ་མོ་དཔལ་སྐྱིད་མཚོ་མོ།
ཁྱོད་ནི། རྙིང་མི་སྲིད་པའི་ནམ་མཁའ་སྔོན་པོ་དེ་ཡིན་ལ།
རང་ལ་དབང་བའི་འཇིག་རྟེན་ཆུང་ཆུང་དེའི་གྲུ་ཟུར་ནས།
སྐད་སིང་སིང་གིས་གླུ་གཞས་ཤིག་ཐོངས་དང་།
འུ་གཉིས་ཀྱི་གསང་བ་ཕྱི་ལ་མངོན་བྱེད་ཀྱི་གླུ་གཞས་ཤིག་ཐོངས་དང་།
ང་ནི་ཁྱོད་ཀྱི་གླུ་གཞས་ལ་ཉན་མཁན་གྱི།
གནམ་འོག་གི་མི་དང་པོ་དེ་ཡིན།
རྒྱང་རིང་མ་ཡིན་པའི་རྒྱང་རིང་ན།
རྣ་ཅོར་ཅོར་གྱིས་ཁྱོད་ལ་ཉན་ཐེངས་རེར།
ང་ལ། དེ་ལས་མཁོ་བའི་ལམ་བྲོ་ཞིག་མེད་ཅིང་།
ཡང་ན། དེ་ལས་སྐོམ་པ་སེལ་བྱེད་ཅིག་གང་ནས་བཙལ་རྙེད་ཨང་།
དུས་ཚོད་ཀྱིས་གནམ་འོག་གི་མི་སུ་ལའང་དམིགས་བསལ་གྱི་གོ་སྐབས་སྟེར་མི་སྲིད་པས།
ངས་ཀྱང་ཁྱོད་ཁོ་ན་སེམས་སུ་སྐྱོར་ཐབས་བྲལ།
སོང་ས་བསྡད་ས་རུ་ཁ་པར་གྱི་ལམ་ནས།
འཚམས་འདྲི་རེ་བྱེད་པ་མ་གཏོགས་ང་ལའང་ཐབས་ཤེས་མེད།
ནམ་ཞིག བདག་གི་ཕུགས་བསམ་ལ་གླུ་སྒྲ་ཡོད་ན།
བདག་གིས་ཕུགས་བསམ་གྱི་རྐང་ལམ་དེད་དེ།
ཁྱོད་ཀྱི་སྒོ་ཁར་ལོག་སྲིད་ཅིང་།
སྒོ་དང་སྒེའུ་ཁུང་གི་འགྲམ་ན།
ཁྱོད་ཀྱི་མིང་ནས་འབོད་མཁན།
ང་ཡིན་པ་མ་བརྗེད་ཅིག
ང་ནི། འདི་ལྟར།
ཆ་མེད་རྒྱུས་མེད་ངང་།
ཁྱོད་ལ། བསླུ་བྲིད་སྤྲོ་མོ་གཏོང་མཁན་གྱི་མི་དེ།
ང་ནི། འདི་ལྟར།
ཁྱོད་ལ་རྒྱུན་པར་ཐེ་ཚོམ་སྟེར་མཁན་གྱི་མི་དེ།
ང་ནི། འདི་ལྟར།
ཁ་རོག་གེར་བུད་འགྲོ་བའི་མི་དེ།
དཔལ་བཟང་ལ་ཕུལ་བ།
ཆང་འདི། དཔལ་བཟང་གི་མིག་ལ་མིག་ལ་མཛེས་སོང་།
དཔལ་བཟང་གི་ཁ་ལ་ཞིམ་སོང་།
དཔལ་བཟང་གི་སེམས་སུ་དབྱར་གྱི་ཆར་བ་བཞིན་བརླན་པར་བྱས།
དཔལ་བཟང་གི་ཆང་ཕོར་དུ།
ཁོའི་རྨི་ལམ་དང་དཔེ་ཆ། གྲོགས་པོ།
མིའི་རིགས་ལ་བཅངས་པའི་དྭངས་གཙང་གི་བརྩེ་བ་སོགས་ཅི་ཡང་འཛོམས།
ངས་ཆང་འདི་འཛུམ་གྱིས་བླུགས་ནས་ཁོ་ལ་དྲངས།
འདི་ལྟ་བུའི་ཆང་འདྲེན་འདི།
ཁོ་ལ་ནམ་ཡང་ཡོད་མི་སྲིད།
ངས། དཔལ་བཟང་གི་ཆང་ཕོར་དུ།
དབྱར་ཁ་བཅུས།
དབྱར་ཁའི་ཉི་འོད་དང་ལོ་མ་རེ་རེ།
དཔལ་བཟང་གི་ཆང་ཕོར་དུ་ཁྲུས་ལ་རོལ།
དཔལ་བཟང་འདི་ཇི་འདྲའི་སྐྱིད་ཨང་།
ངས་ལྷམ་ཕུད་དེ།
ཆང་ཕོར་བཏེགས་ཏེ།
རྐང་བ། འཁྱག་གྲང་ལ་བྱིན།
གོམ་པ། དབྱར་ཁ་ལ་བྱིན།
དཔལ་བཟང་གི་མཛེས་སྡུག་སུས་ཀྱང་འཕྲོག་མི་ཐུབ།
དཔལ་བཟང་གི་འཇིག་རྟེན་དུ་ང་ཡི་རྨི་ལམ་བླུགས།


རྩོམ་ཡིག་སྔོན་མ།
འཚོ་བ།
རྩོམ་ཡིག་རྗེས་མ།
གངས་འཕྲང་གི་གཏམ་རྒྱུད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1