(ཞར་བཀོད་བརྒྱད)
འཛམ་གླིང་གི་ཟེ་བ་རུ། མཐོ་སྒང་གི་བྲང་གཞུང་དུ།
དྲོད་ཁོལ་གྱི་རྩེ་མོ་ཉི་མའི་ལྟེ་བར་མཐུད་ཡོད།
འོད་སྣང་དེས་ཀྱང་ཟླ་བ་ལྷ་མོར་ལག་འཇུ་བྱས་ནས་ཡོད།
གངས་འཕྲང་དུ།
ཚ་གདུང་ལ་མགོ་མི་སྒུར་བ་གངས་རིའི་རང་མདངས།
འཁྱག་གྲང་ལ་ཡ་མི་ང་བའང་མཐོ་སྒང་གི་ཟིལ་ཤུགས།
དེ་བས། འཛམ་གླིང་གི་སྒལ་ཚིགས་སུ།
ཉི་ཟེར་གྱི་རལ་ཁ་གྲང་ངར་ལ་བརྡར་ནས།
གངས་ཀྱི་ཞུན་མ་ལས་ཟགས་པ་ནི།
དུས་ཚོད་བརྟོལ་ནས་འཇུར་ཡོང་བའང་།
ལོ་རྒྱུས་ཀྱི་རོ་དྲུག་བསགས་པའི།
གཏམ་རྒྱུད་ཀྱི་ཆུ་མིག་རེ་རེ་ཡིན།
གངས་ལྷ་མེ་ཏོག
མཐོ་སྒང་གི་གསོན་ཤུགས་ཀྱི་མེ་ལྕེ།
ལོ་དང་ཟླ་བའི་རྐང་རྗེས་ཀྱི་རི་མོ།
རང་བྱུང་གི་མཛངས་མའི་ལག་མཐིལ་ནས་བཞད་བྱུང་།
དགའ་སྤྲོ་དང་དགོད་དབྱངས་ཁྱེར་ནས།
མཛེས་སྡུག་དང་གཟི་བྱིན་བསྣམས་ཏེ།
རྣམ་དག་དང་དྭངས་གཙང་གི་ཁོར་ཡུག་ཏུ།
རྨི་ལམ་རེ་རེར་ཡིད་རྟོན་གྱི་ཟེའུ་འབྲུ་ཐོགས།
ཟེའུ་འབྲུ་རེ་རེར་བརྗོད་འདོད་ཀྱི་སྙིང་གཏམ་སྦས་ཡོད།
ད་ནི།
ང་ལ་སྲི་ཞུ་སྒྲུབ་མཁན་གྱི་རླུང་བུའི་ཕོ་ཉ་ལགས།
ངའི་ཤ་མཆིན་གསེང་གི་སེམས་གཞས་ཡོད་ཚད།
ཆེས་མཐོ་ས་ཞིག་ནས། ཆེས་ཡངས་ས་ཞིག་ལ།
འུར་འུར་སྒྲོག་རོགས། སིང་སིང་གྱེར་རོགས།
འབྲོག་ཁྱིམ་དྲོན་མོ།
གངས་རིའི་ཁོང་གསེང་དུ། ལྷིང་འཇགས་དང་འོད་སྣང་
གི་བདག་པོ།
ཉི་ཟླའི་རྨི་ལམ་གྱི་ཆག་རོ་ས་ལ་ལྷུང་སོང་།
ལྷུང་སོང་བའི་ཉིན་དེ་ནས་བཟུང་།
དྲོད་ཁོལ་གྱིས་ནང་མཛོད་ལ་བདག་སྐྱོང་བྱས།
བྱམས་སེམས་དང་སྙིང་རྗེས་བསྐྱངས།
རྨི་ལམ་ལ་གཟི་བྱིན་འཁྱུག་སྐབས།
ཆོས་ཉིད་ཀྱིས་གོམ་འགྲོས་ལ་རམ་འདེགས་མཛད།
ལྷིང་འཇགས་ཀྱི་གཏམ་རྒྱུད་ཁྲོད།
ལྷིང་འཇགས་ཀྱིས་མགོ་བརྩམས་ཤིང་།
ཞི་འཇགས་ཀྱིས་མཇུག་བསྒྲིལ་བར་བྲེལ།
བསང་དུད་ལས་ཐོར་པའི་དུང་སྒྲ།
ཉི་ཤར་གྱི་རྩེ་མོ་ལ། ཉི་མའི་ངོ་གདོང་དག་ཅིང་གཙང་།
བསང་དུད་ལས་ཐོར་བའི་དུང་དཀར་གྱི་སྒྲ་དབྱངས་ནི།
དབྱངས་འགྲོས་ཀྱི་ང་རོ་བཞིན།
ཆེས་དྭངས་མའི་དབྱངས་རྟར་སྦྱོར་བཞིན་ཡོད།
སྙན་འཇེབས་ཀྱི་ཡང་རྩེ་ནས། སེམས་འདུན་གྱི་རེ་སྨོན་གཙང་ཞིང་སྒོར།
བསང་དུད་ལས་མཆེད་པའི་དུང་དཀར་གྱི་བཞད་སྒྲས།
དྲུག་འགྱུར་གྱི་གདངས་དབྱངས་བཏེགས་ནས།
ཆེས་དུངས་ཤིང་ཞེན་པའི་ཡུལ་ལ་ཁྱབ་ཅིང་རྒྱུ།
ཁ་བའི་རུམ་གྱི་གཙང་བོ།
ཁ་བའི་རྨི་ལམ་རེ་རེ་ཆར་བ་བཞིན་འབབ་སྐབས།
གཙང་བོ་དག་གིས་རྨི་ལམ་གཞན་ཞིག་དཀྲུགས།
ཞོགས་ཟེར་གྱི་རླངས་པ་ཁོལ་མ།
ས་འཛིན་གྱི་ཐོད་དུ་སྤྲས་པའི་ན་བུན་གྱི་ཅོད་པན་ཡིན།
ཁ་བ་ཁེར་ཧྲེང་གིས་ལུས་དུས།
གཙང་བོ་དེ་ཁ་བའི་ནང་དུ་ཟུག་ཅིང་རྒྱུ།
རང་བྱུང་ལ་སྔར་བས་ལྷིང་འཇགས་ཤིག་གནངས་ཤིང་།
རྩྭ་ཐང་གི་འཕར་རྩའི་ལྡིང་ཚད་ཇེ་མགྱོགས་སུ་བཏང་སྟེ།
ཁ་བའི་དྲོད་ཁོལ་འཛོམས་པའི་རུམ་ཁར་བཀྱེད་མ་ནུས་པར།
དྲན་པའི་བང་རིམ་དུ་སྤྲིན་དཀར་གྱི་ལམ་གྲོགས་བཏུས།
འཁྲེང་ཞེན་གྱིས་ཁེངས་པའི་རྩྭ་ཐང་གི་གཏན་གྲོགས་བཙལ།
འཐབ་འཛིང་གི་ལོ་ཟླས་དཔའ་ངར་གྱི་ལོ་རྒྱུས་བསྙལ།
སེམས་ཀྱི་བྱེ་ཐང་།
སེམས་ཀྱི་བྱེ་ཐང་འདི་ནམ་ཡང་ལྗིད་ཏིག་གེར།
ནམ་ཡང་དེ་འདྲའི་འཁྱག་པ་ལ།
སྐོམ་གདུང་དང་ཚ་བ་མྱ་ངན་གྱི་གཡས་གཡོན་དུ་འགྲེང་སྟེ།
ཡང་བསྐྱར་རྨི་ལམ་ན་འབབ་ཚད་ཆེ་བའི་སྦྲང་ཆར་གྱི་ཟེགས་མར་
བསྒུགས་ཡོད།
སེམས་ཀྱི་ཕ་མཐའ་ཡངས་པའི་བྱེ་ཐང་དེར།
རྩྭ་ཉག་མ་གཅིག་མེད། ཤིང་སྡོང་རྐང་གཅིག་མེད།
ཆུ་ཁམ་གང་ནི་དེ་བས་ཀྱང་མེད།
འཚུབ་མའི་དཀྱིལ་འཁོར་ནས་ཁྭ་ཏ་རེ་གཉིས་འཕུར་ཏེ།
འཆི་ཉམས་ཀྱི་སྐད་ངན་འཛེར།
ངའི་མཐར་ཐུག་གི་རེ་སྨོན་འཁྱིལ་སའི་རྫིང་བུ་གང་ན་ཡོད།
སེམས་ངལ་ཡོད་ཚད་ཁ་ཕྱོགས་གཅིག་ལ་རུབ་ཀྱིན་འདུག་པས།
ཉོན་མོངས་འཚང་ག་ཤིག་ཤིག གཅིག་སྟེང་གཅིག་གིས་མནན།
གཅིག་རྗེས་གཅིག་གིས་བསྙེགས། འཕག་འཚག་གི་སྨྲེ་ངག་ཕྱུང་།
སེམས་ངལ་དེ་དག་ལ་ནམ་ཡང་དེ་འདྲའི་ཧམ་པ་ལྡན།
ངོ་ཚ་མེད། སྒེར་སེམས་ཆེ། རྨོངས་པ་ཡིས་གབ་ཡོད་པས།
སེམས་ཀྱི་ཡུལ་ཁམས་སུ་ནེའུ་གསིང་མཐོང་མི་ཐུབ།
ཆར་བ་དང་འབྲུག་སྒྲ་ཐོས་མི་ཐུབ།
སྙིང་རྗེ་ཡི་འཇའ་རིས་ནི་དེ་བས་ཀྱང་མཐོང་མི་ཐུབ།
གཏུམ་ཉམས་དང་འཕྲོག་རྩོད་སྐྱོ་དུབ་ཀྱི་ཕུགས་འདུན་དང་བསྡེབས་ཏེ།
སྨྱོ་སྟབས་ཀྱིས་བྱེ་མའི་རྡུལ་ཚུབ་ཀྱི་མདུན་ཕྱོགས་དེ་གར་བརྒྱུགས།
ང་ཚོའི་མཚན་སྨག་དང་ཁེར་རྐྱང་ནི་ཉི་འོད་ཀྱིས་བསྲོ་མི་ཐུབ།
ང་ཚོའི་བློ་ཁམས་ཀྱི་ཤུལ་རྗེས་ལ་ཟླ་བས་རེག་མི་ཐུབ།
རླུང་ཚུབ་ཀྱིས་སྨྱོས་པའི་སེམས་ནད་དེ་འདུལ་བའི་ལྷ་རྗེ་ཞིག་གང་ན་ཡོད།
ཡང་ན། གཡུ་འབྲུག་གིས་གནང་བའི་ཚེ་སྒྲུབ་ཀྱི་ཆར་ཆུ་ལ་སྨོན་ཚེ།
སེམས་ཀྱི་བྱེ་ཐང་དེ་འབྱམས་སུ་ཀླས་པའི་སྤང་ལྗོངས་ཤིག་ཏུ་བསྒྱུར་པའི་ངེས་པ་ཨེ་ཡོད།
སྤང་ལྗོངས་དེ་ན་ཡིད་རྟོན་ཆོག་པའི་ཁུ་བྱུག་གི་གདངས་སྙན་ད་དུང་ཐོས་རྒྱུ་ཡོད་དམ།
རེ་འབྲས་ཀྱི་བྲན་གཡོག
མིག་གིས་མི་མཐོང་ཞིང་རྣ་བས་མི་ཐོས་ལ།
བོངས་ཚད་མེད་ཅིང་ལྗིད་ཚད་མི་གནས་པའི།
ག་ས་གང་དུ་བསྐུངས་པའི་རེ་བར།
མངོན་འགྱུར་གྱི་ཕུང་བོ་གསུམ་དུ་བགོས་ཡོད་དེ།
གཅིག་ནི་ཚེ་སྲོག་ལ་འགྲན་པའི་དུས་ཚོད་ཡིན།
གཅིག་ནི་བརྩོན་སེམས་ལ་རྒུམ་པའི་སྙིང་རུས་ཡིན།
གཅིག་ནི་ལ་རྒྱའི་གྲོགས་སུ་སྦྱར་བའི་ཤེས་རབ་ཡིན།
སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད།
ཡོད་ངོ་མ་གཅིག་པུ་སྟེ། དེ་ལས་གཞན་ཅི་ཡང་མ་དགོས་པས།
ཉི་འོད་ལྟ་བུའི་སྤྱན་ཟུང་གིས།
རྒྱང་ནས་རྒྱང་དུ་འཐེན་པའི་མདུན་ལམ་འདེད་རྒྱུ་དེ་ཡིན།
དེ་ལས་ཁྱོད་ལ་མི་མཁོ་བ་ཡོད་ཚད། ད་རུང་སྟོང་སྣང་ཡོད་ཚད།
བསྐལ་པའི་གོ་རིམ་ཁྲོད།
རེ་འབྲས་ཀྱི་བྲན་གཡོག་ཁོ་ན་ཡིན།
སྒྱུ་རྩལ་ཟས་སུ་བཞེས་འདྲའི་འདོད་འདུན་དྲག་ཏུ་རྒྱས།
རླུང་ལ་སྤྲིངས་པའི་འཕྲིན་པ།
རླུང་ལ་སྤྲིངས་པའི་འཕྲིན་པ་དང་པོ་དེ།
སྙན་འཇེབས་ཀྱི་འཆར་ཀའི་རོལ་མོ་ཡིན།
དྲུག་འགྱུར་སྒྲོག་པའི་ཅོ་ཀ་ཡིན།
སྐྱ་རེངས་འཆར་བའི་འབོད་བརྡ་ཡིན།
དམར་ཆུང་སེམས་ཀྱི་ཕུ་མགོ་ནས།
འཁྲོལ་བའི་དྲིལ་སྒྲ་ཐོག་མ་ཡིན།
རླུང་ལ་སྤྲིངས་པའི་འཕྲིན་པ་གཉིས་པ་དེ།
སྤྲིན་དཀར་གྱི་འདབ་མའི་ཕོ་ཉ་ཡིན།
འཇའ་ཚོན་གྱི་གུར་ཁྱིམ་ཡིན།
དུས་རབས་གསར་བའི་འབོད་སྐུལ་ཡིན།
མཉམ་སྐྱོད་ཀྱི་རྩིབ་བར་ནས།
འཚུབ་པའི་མེ་སྟག་ཕྲ་མོ་ཡིན།
རླུང་ལ་སྤྲིངས་པའི་འཕྲིན་པ་གསུམ་པ་དེ།
གཏམ་རྒྱུད་ཀྱི་ཨ་ལོང་སྒོར་མོ་ཡིན།
ལོ་རྒྱུས་ཀྱི་དར་ལུང་ཟད་པོ་ཡིན།
རྗེས་རབས་པའི་རྨི་ལམ་གྱི་བཟི་ཁ་རུ།
ལྷུང་བའི་མེས་པོའི་གཟི་མིག་དགུ་པ་ཡིན།
སེམས་འགྱུ།
མདང་དགོང་རྨིས་པའི་རྨི་ལམ་གྱི་མགོ་རྐང་བསྒྲིག་འདོད་དུས།
ནམ་སྟོད་དུ་རྨིས་པའི་དག་ཞིང་གི་ཡུལ་ཁམས་སུ།
ནམ་གུང་ཆུ་ལོག་ལྟ་བུའི་མིག་ཆུ་བཞུར་བྱུང་བས།
ནམ་སྨད་དུ་ང་གཉིད་མ་ཁུགས་པར།
ཡུལ་ཁམས་དེའི་བདེ་སྡུག་ལ་སེམས་ཚེགས་བྱས།
བཟོད་བསྲན་གྱིས་བསྐྱལ་དགོས་པའི་འཁོར་བ་འདིར།
རྨི་ལམ་ནི་རྨི་ལམ་ཡིན་སྲིད་མོད་ཀྱང་།
མགོ་རྔ་མི་ཚང་བའི་རྨི་ལམ་དེ་ཕྱོགས་གཅིག་ཏུ་བསྡུས་ཚེ།
མི་ཚེ་ཟེར་བའི་རྨི་ལམ་གྱི་སྐྱ་ཡ་དེའང་།
མི་རྟག་པའི་ཁྱོན་ནས་ཕ་མཐར་སྐྲོད་ཐབས་བྲལ།
རྨི་ལམ་ཟེར་བ་འཇོང་འཇོང་ཞིག་དང་།
མི་ཚེ་ཟེར་བ་ནར་ནར་ཞིག་ཡིན་སྐད།
ད་ནི་གང་དུ་འགྲོ་འོས། ཅིའི་ཕྱིར་བགྲོད།
ཁ་ཕྱོགས་ཟེར་བ་དེ་ལའང་ཁ་དོག་གི་དབྱེ་བ་ཡོད་དམ།