མི་ཞིག་ཡིན་ན།

འབོ་རའི་ཀླུ་འབུམ་བཀྲ་ཤིས། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


མི་ཞིག་ཡིན་ན་།
མི་ཞིག་ཡིན་ན་།
མི་ཞིག་ཡིན་ན།
ཐོམ་བུ་ལྟར་སྤྱོད་ཐུབ་དགོས།
ཆུ་བཅུ་བྱེད་ཀྱི་ཆུ་ཐོམ་དེ་བྱས་ནས།
རང་སེམས་ལའང་མཐའ་ཡས་པའི་རྒྱ་མཚོ་དེ་ཤོང་ཐུབ་པར་བྱ་དགོས།
ཡང་ན། རྩམ་ཁོག་དེ་བྱས་ནས།
རྩམ་པའི་བྲོ་བ་དེ་ཚེ་ལས་འཕོས་པའི་བར་དུ་སེམས་སུ་བཅུ་དགོས།
མི་ཞིག་ཡིན་ན།
མེ་སྟག་ལྟར་འཚུབ་སྟེ་འབར་ཐུབ་པར་བྱ་དགོས།
སྐྱེད་ཚལ་གྱི་རྩྭ་ལྡུམ་འབར་ནས།
སེམས་ཀྱི་དུག་གི་ལོ་མ་དེ་ཐལ་བར་བསྲེག་ཐུབ་ཚེ།
བརྩེ་བས་བཞུར་འོང་བའི་སྐད་ཆའི་ཚིག་འབྲུ་དེ་དག
ངེད་ཅག་གི་སེམས་སུ་ནམ་དུ་ཡང་གདུ་བའི་ཆུ་ཁོལ་དུ་བྱ་ཐུབ།
མི་ཞིག་ཡིན་ན།
གཙང་བོ་ལྟར་གང་སར་བཞུར་དགོས།
སྐྱེ་དངོས་ཡོངས་ཀྱིས་འཐུང་ཐུབ་པ་བཞིན།
སེམས་ཅན་གྱི་སྐོམ་གདུང་སེལ་བའི་བདུད་རྩིའི་ཆུ་རྒྱུན་དེ་བྱ་དགོས།
མགོ་གངས་རི་ནས་ཆུ་རྔ་རྒྱ་མཚོའི་བར་དུ་བསྲིང་ཞིང་།
མི་སེམས་ཀྱི་ཞིང་སར་ཁོད་སྙོམས་ཀྱིས་བཞུར་ཐུབ་ན་ཨང་།
མི་ཞིག་ཡིན་ན།
གཅིག་སེམས་གཅིག་ལ་བརྒྱུས་ནས།
སྤྲེལ་ཐག་གི་སྐུད་པ་ལྟར་རིང་དུ་འཐེན་ཏེ།
གཞན་དོན་བསྒྲུབ་པའི་བློ་སྤོབས་ལྡན་ཚེ།
རང་ཉིད་དབུལ་ཕོངས་ཀྱིས་འཚོ་ནའང་།
རང་ཉིད་ལག་སྟོང་ཏུ་གྱུར་ནའང་།
གཞན་སེམས་ཀྱི་ཤོག་དཀར་ངོས་སུ།
ཁྱོད་ནི། ནམ་ཡང་འཇིགས་པ་མེད་པའི་རྡོ་རིང་དེ་ཡིན་སྲིད།
ཁྱོད་ནི། ཆར་རླུང་གིས་གསུབ་པར་མི་ནུས་པའི་རྡོ་བརྐོས་རི་མོ་དེ་ཡིན་སྲིད།
ངས་ཤེས་དུས་ཡོད་ཚད་འཕྱིས་དྲགས་འདུག
ངས། མུན་པ་མུན་པ་རུ་ཤེས་དུས།
མུན་པས་ང་ཡོངས་སུ་བསྒྲིབ་ལ་ཉེ།
ངས། སྣང་བ་སྣང་བ་རུ་མཐོང་དུས།
སྣང་བ་ང་དང་རྒྱང་དུ་གྱེས་ཚར།
ངས། གངས་རི་གངས་རི་རུ་ཚོར་དུས།
གངས་རི་བཞུས་ནས་རྫ་རིར་གྱུར་ཅིང་།
རྫ་རི་སྨུག་པོ་ཁེར་རྐྱང་གིས་ལུས་འདུག
ངས། རྩྭ་ཐང་སྔོ་ལམ་མེར་རྟོགས་དུས།
རྩྭ་ཐང་རྙིད་ནས་སྐམ་ས་རུ་གྱུར་ཅིང་།
སྐམ་ས་བྱེ་ཟེགས་ཀྱིས་གཏིམ་ལ་ཉེ།
ངས། ཆུ་ཕྲན་འདུས་པ་གཙང་བོ་རུ་བསམ་དུས།
གཙང་བོ་འདམ་ཆུ་རུ་གྱུར་ཅིང་།
འདམ་ཆུ་དུག་ཆུས་ཁེབས་གྱུར་པས།
དུག་རླངས་སྐྱེ་དངོས་ཀྱིས་རྔུབ་བཞིན་པ་ཚོར།
ངས་རང་གི་ཕ་ངོ་ཤེས་དུས།
ངས་རང་གི་རང་ངོ་ཚོར་དུས།
ངའི་གདོང་བ་འཕྲུལ་སྣང་གིས་གཡོགས་འདུག
ངའི་སེམས་ངོ་ནག་གནོག་གིས་བྱུགས་ཚར།
ཨཱ་ ཨཱ་ འདི་དག་རྨི་ལམ་ཡིན་ནམ་མངོན་སུམ་ཡིན།
ཡོད་ཚད་དུས་ལས་འཕྱིས་དྲགས་སོང་བ་ཨེ་རེད།
ད་ནི།
ང་རང་རྗེས་ལུས་སུ་ཐེབས་སོང་བ་ཡིན་ནམ།
ཁོ་བོ་ཚོར་ཤེས་ཉམས་པས་རྗེས་སུ་གྱུར་པ་ཡིན་ནམ།
ངས་རང་གི་ཕ་ངོ་ཤེས་དུས་ཨ་ཕ་ང་དང་གྱེས་སོང་ལ།
ངས་རང་གི་རང་ངོ་ཤེས་དུས་ངའི་ཕ་ཁྱིམ་མུན་པས་བཟས་འདུག་ཨང་།
ང་།
ང་ནི་ང་རུ་གྱུར་ཅིང་།
ང་ནི་བཤད་དཀའ་བའི་བྱ་བ་ཞིག་ཏུ་གྱུར།
ང་ནི་ཁོ་བོར་གྱུར་ཅིང་།
དེ་ཡང་རྟོགས་དཀའ་བའི་གསང་བ་ཞིག་ཏུ་གྱུར།
ང་ཆེས་ཐོག་མར་ཡང་ང་རུ་སྐྱེས་ཤིང་།
ཆེས་མཐའ་མར་ཡང་ང་རུ་ཤི།
ཁོ་ཚོའི་ཆ་ཤས་ཤིག
ང་ཡི་ཆ་ཤས་སུ་གྲུབ།
ཉེ་མིའི་ཆ་ཤས་ཤིག་ང་རུ་གྱུར་ཅིང་།
ངའང་ཉེ་མིའི་ཆ་ཤས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཚར།
དྲི་རྟགས།
ཁྱོད། ཉིན་རེར་བོར་འགྲོ་བ་དེ།
ངས། ཤོག་གུའི་སྟེང་ལ།
འདྲི་རྟགས་རེ་བཀོད་པ་ཡིན།
དེ་རིང་གི་དྲི་རྟགས་འདི་བཀོད་ཐེངས་གསུམ་པ་ཡིན།
ཤོག་ངོས་སུ་བཀོད་པའི་དྲི་རྟགས་འདི་དག
བྲེད་ཤ་ཆེ་ནས་ཆེ་རུ་འཕགས་པས།
སེམས་ཀྱི་དྲི་རྟགས་སུ་གྱུར་ལ།
སེམས་ཀྱི་དཀྱིལ་སྙིང་དུ་ཟུག་སོང་།
སྔ་མོར་མལ་ལས་ལངས་པ་ནས།
ངའི་དྲན་པའི་ཀློང་ན་ཁྱོད་ཉིད་གཡོ་ཞིང་།
ངའི་ངག་གི་འབོད་པ་ཐོག་མ་དེ་ཁྱོད་རང་ཡིན།
སྐབས་ལན་རེར།
ཁོ་བོའི་ངོ་གདོང་བར་སྣང་ལ་གཏད་དེ།
སྐད་གསེང་མཐོན་པོས་ཁྱོད་ཀྱི་མིང་ནས་བོས་པ་ཡིན།
ཁྱོད། ངའི་མིག་ལམ་ནས་བོར་སོང་ཡང་།
ངའི་སྨྱུག་འོག་ནས་ཁྱོད་རང་འབོར་མི་སྲིད།
འཇིག་རྟེན་མགོ་རྟིང་མ་སློག་བར་དུ།
ངས། ཁྱོད་ཀྱི་མིང་ཡིག་དེ།
ངའི་སེམས་ཀྱི་དཔེ་སྒྲོམ་ཏུ་བཅུག་སྟེ་ཉར་ནས་ཡོད།
ངའི་དྲན་པ་དང་ཤེས་བཞིན་ཇི་སྙེད་ཀྱིས་ཀློག་གིན་ཡོད།
ཁོ་མོས་ང་ལ་བརྗོད་དོན།
ཁོ་མོ་ན་རེ།
མེ་ཏོག་འདྲ་བའི་བདག་གི་ཞལ་རས་ལ།
ཁྱོད་ཀྱིས་མཆུ་འདབ་སྦྱར་བ་ནས་བཟུང་།
ཉིན་ཞག་གཉིས་ཀྱི་དུས་ཚོད་ཀྱི་ཐག་པ་དེ་ཁྱོད་ཀྱིས་བཟུང་ནས་སོང་།
དེ་ནས་བཟུང་།
ལུས་སེམས་གཉིས་ཀ་ཁྱོད་ལ་བཅོལ་ཡང་།
ཁྱོད་ཀྱིས། ང་ལ་སེམས་པ་ཞིག་བསྟན་མ་མྱོང་ཟེར།
ཁོ་མོ་ན་རེ།
ཁྱོད་ཀྱི་མདུན་ནས། ངས་མི་ཚེའི་གླེགས་བམ་ཀློག་བཞིན།
ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་ཅིག་བསྒྲིགས་ཀྱང་།
ཁྱོད་ལ་དགའ་བ་དང་སྐྱོ་བའི་སྣང་བ་མེད་ཁར།
ད་དུང་། སྡང་སེམས་ཀྱི་ཆུ་མིག་བརྡོལ་འོང་ལ།
ངའི་སེམས་གཏིང་ནས་ཞེད་སྣང་སྐྱེས་འོང་བས།
ངས། ཡིད་ཆེས་སྐྱེས་ཐབས་བྲལ་འགྲོ་ཞེས་བརྗོད་བྱུང་།
ཁོ་མོ་ན་རེ།
ངའི་མི་ཚེ་ཡི་རྣམ་ཤེས་ཀྱི་ལྡེ་མིག་དེ་ཁྱོད་ལ་ཕུལ་ན།
ངའི་བརྩེ་བའི་བང་མཛོད་ཀྱིས་རྒྱུ་ནོར་དེ་ཁྱོད་ཀྱི་བརླག་པར་མ་རྩོམ།
ངའི་སྣང་ཡུལ་ན། ངའི་འཇིག་རྟེན་ན།
གངས་དང་སྤང་ཐང་གི་ཁྱིམ་གཞིས་དེ་གཙང་མ་ཡིན།
ཉི་འོད་དང་ཆུ་ཕྲན་གྱི་བྱམས་བརྩེ་དེ་དྲོན་མོ་ཡིན།
ཁྱོད་ཀྱིས་ང་ལ་ཁྲེལ་མེད་མ་གནང་རོགས།
ངའི་སེམས་པའི་གཙང་བོའི་ངོགས་སུ།
ཁྱོད་ཀྱིས་གང་འདོད་བཞིན་རྐྱལ་རྩལ་ངོམ་ཆོག་དུས།
ཁྱོད་ཀྱིས་ཁྲེལ་ཡོད་ངང་།
ངའི་བརྩེ་དུང་གི་བཞུར་རྒྱུན་སེམས་སུ་ཉར་རོགས་བྱོས།
དེ་ལྟ་མིན་ཚེ། མ་འོངས་པར་རང་གཞན་གཉིས་ཀར།
གང་ཞིག་གི་འཇིགས་ཉེན་དུ་སྐྱེལ་འགྲོ་བའི་ཞེད་སྣང་ཞིག
ང་རང་གི་ཚོར་སྣང་ལ་སྐྱེས་འོང་གིན་འདུག་ཟེར།
ཁོ་མོས་ཡང་ཡང་ནན་གྱིས་བཤད་རྒྱུར།
ད་ལྟའང་ད་དུང་། ཁྱོད་ཀྱིས་ང་རང་རྒྱང་དུ་མ་དོར་རོགས།
ང་རང་གཡུལ་སར་མ་དེད་རོགས།
ངའི་སེམས་རྒྱུད་ཀྱི
མི་རབས་ཕྲེང་རྒྱུད་ཀྱི་ལོངས་སྤྱོད་དེ་དག་གི་ཆེད་དུ།
ང་རང་གཅེས་པས་སྐྱོངས་དང་།
ང་རང་གཅེས་པའི་སེམས་སུ་བཅུག་རོགས།
ལན་རེར།
ལན་རེར་ཁྱོད་ནི་ཁྱོད་རང་མིན་ཏེ།
ཁྱོད་ནི་རླུང་གིས་གཏོར་བའི་བྱེ་རྡུལ་དེ་ཡིན།
ཟ་དང་ཟུར་ལ་འཚང་འགྲོ་བའི་བྱེ་རྡུལ་དེ་ཡིན།
སྐྱེ་དགུའི་མིག་ལམ་སྒྲིབ་པར་བྱེད་པའི་བྱེ་རྡུལ་དེ་ཡིན་འགྲོ།
ལན་རེར། ཁྱོད་ནི་ཅི་འདྲའི་མཚར་ཨང་།
ལྗང་མདོག་བཞུད་ཤུལ་གྱི་བྱེ་མ་ཕང་ཕུང་ལ་བརྫིས་ནས།
རྩྭ་ལྗང་གི་རྨི་ལམ་དཀྲོགས་མཁན་དེའང་ཁྱོད་ཡིན།
ངས། ལྗང་ནེམ་ནེམ་གྱི་ཡུལ་ཁམས་ལ་སྨོན་པ་བཏབ་ཡོད།
ངས། མཐོན་མཐིང་གི་ནམ་མཁའ་ལ་རེ་ལྟོས་བཅིངས་ཡོད།
ང་གཅིག་པོ་མིན་པར་སྐྱེ་དགུའི་སེམས་འདུན་ཡང་དེ་ཡིན།
ལན་རེར་ཁྱོད་ནི་ཁྱོད་རང་མིན་ཏེ།
ཁྱོད་ནི་རླུང་གིས་དེད་ཅིང་ཆར་བས་བརྫིས་པའི་འདམ་བག་དེ་རེད།
འདམ་བག་གིས་གཡོགས་པའི་ལུས་ཕུང་འདི།
འཆི་བ་མེད་པར།
ངའི་ཨ་ཕའི་པང་གཞུང་ལ་འདམ་གྱིས་གཡོག་གིན་འདུག
ལན་རེར། ཁྱོད་ནི་ཁྱོད་རང་མིན་འགྲོ།
ཁྱོད་ནི་རང་ཚུགས་སྲུང་མི་ནུས་པའི་ཆུ་རིས་དེ་ཡིན་འགྲོ།
ཆུ་རིས་ཀྱི་ལྟེབ་ཁུགས་རེ་རེ་ནས།
གཞིས་སྡོད་པ་ཚོའི་འཇིག་ཉེན་མཐོང་དུས།
ངས། ད་གཟོད་ཁྱོད་ཀྱི་ཕྱི་ནང་གསང་གསུམ་རྟོགས་ཡོད།
དྭངས་གཙང་འབོགས་པའི་སེམས་གཤིས་དེའང་རྟོགས་བྱུང་།
ད་དུང་། རང་མགོ་རང་གིས་བསྐྱོར་ནས།
རང་སེམས་རང་གིས་དེད་ནས།
གཞན་པའི་སྣང་བ་རང་ལ་ཐོབ་པར་འདོད་པའི།
རྨི་ལམ་མཚར་སྣང་ཞིག་རྨིས་པར།
རེ་ལྟོས་བཅིངས་ནས་འདུག་པ་དེའང་རྟོགས་བྱུང་ངོ་།།


རྩོམ་ཡིག་སྔོན་མ།
གངས་འཕྲང་གི་གཏམ་རྒྱུད།
རྩོམ་ཡིག་རྗེས་མ།
མི་རྟག་སྒྱུ་མའི་རྨི་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1