ཕ་བུའི་ཞེ་འདང་།

ཨ་པཎ། [ཀན་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


   1
   ད་ལྟ་དུས་ཚོད་ཀྱི་ཐག་སྒྲ་མ་གཏོགས་ཡོད་ཚད་རྨི་ལམ་གྱི་བདེ་བར་རོལ་པའི་ཁུ་སིམ་སིམ་གྱི་མཚན་ལྗོངས་འདིར། ངས་སྐར་ཚོགས་ཀྱི་གཟི་འོད་སྔས་སུ་བྱས་ནས་པད་མའི་གང་བུ་ལྟ་བུའི་ཁྱོད་ཀྱི་ངོ་གདོང་ལ་ཡང་ཡང་ཅེར་བཞིན། ལས་ཀྱི་བགོ་སྐལ་དུ་ཐོབ་པའི་སྙིང་གི་གཅེས་ལོ་ཁྱོད་ཀྱི་ལང་ཚོའི་གཟི་དཔལ་དང་མི་ཚེའི་ཕུགས་རེ་ལ་མནོ་བསམ་རེ་མི་བགྱི་ཀ་མེད་བྱུང་། རེད་ཡ། བདག་གི་སྙིང་ཉེ་བའི་བུ་ཆུང་ཁྱོད། ད་ལྟ་ལྷིང་འཇགས་ངང་མལ་དུ་གཟིམས་ཏེ་སྙིང་རྗེ་བའི་ངོ་གདོང་ཆུང་ཆུང་སྟེང་སྤྲོ་བའི་འཛུམ་དཀར་འཕྱུར་ཅིང་། འགྲོས་མཉམ་པའི་སྔུར་བ་ཡང་མོ་ཞིག་དལ་བུར་འཐེན་གྱིན་འདུག
   དེ་རིང་ཁྱོད་ལོ་བཅུར་སོན་པའི་སྐྱེས་སྐར་ཡིན། ད་ནི་ཁྱོད་བློ་རིག་པའི་ཁོ་ལག་རྒྱས་པའི་སློབ་བུ་རིག་ཡག་ཅིག་ཏུ་གྱུར་ཡོད་ལ། ཁྱུང་སྒོ་ངའི་ནང་ནས་གཤོག་རྩལ་རྒྱས་ཚད་དུ་སླེབས་ཡོད་པས། ངེད་ཕ་མ་གཉིས་ཀ་འདི་ལ་མི་སྤྲོ་ཅི་ལ་སྤྲོ་ཨང་། གཟའ་སྐར་གྱི་སྦྱོར་བ་བཟང་བའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདིར། ཁྱོད་ཀྱིས་སློབ་གྲོགས་བོས་ནས་སྐྱེས་སྐར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་ལ་རོལ་འདོད་ཡོད་ཚུལ་བཤད་མོད། བག་མེད་རྒྱས་ཤོམ་གྱི་སྐྱེས་སྐར་རོལ་སྟངས་དེར་ཁྱོད་ཀྱི་ཨ་མ་ཡིད་འཐད་མ་བྱུང་བས། ཁྱོད་ཡི་ཆད་ནས་མགོ་བོ་ཐུར་དུ་སྒུར་བཞིན་ཕྱིར་དཔེ་ཁང་དུ་ལོག་པའི་རྣམ་པ་དེས། བདག་གི་སེམས་པར་གནོང་འགྱོད་ཀྱི་ཚོར་བ་ཟབ་མོས་ཀུན་ནས་བཅུམ་འོང་། དེ་བས། ངས་ལྐོག་ནས་ཁྱོད་ཀྱི་ཨ་མར་གྲོས་མོལ་བྱས་ཏེ་ཁྱོད་ཀྱི་རེ་འདུན་ཆུང་ཆུང་དེ་དོན་སྨིན་ཡོང་ཐབས་བྱས། ལོས་ཀྱང་ཡིན་ཏེ། ཁྱོད་ནི་ནམ་ཡང་ངེད་ཚོར་ཞེ་ཕམ་པའི་དུས་སུ་སྐྱོ་བའི་ན་བུན་སེལ་རོགས་དང་།ཡིད་སྤྲོ་བའི་དུས་སུ་དུངས་པའི་དགོད་སྒྲ་འཁྱིལ་ས་དེ་ལགས་པས། ཁྱོད་ཀྱི་རེ་འདུན་ཆུང་ཆུང་དེ་ངེད་ཚོས་ཁ་ཞེ་གཉིས་མེད་ངང་སྒྲུབ་ཆོག་ཆོག་ཅིག་ཅི་ལ་མིན། ཡིན་ནའང་ཁྱོད་ཉིད་ད་དུང་ལོ་ན་ཕྲ་བས། འཚོ་བའི་བདེན་པ་ཡི་ཁ་དོག་མ་མཐོང་གོང་མི་ཚེའི་ཕུགས་འདུན་ལ་ཟང་ཟིང་གི་དྲེག་ནག་བསྒོ་ག་ལ་རུང་།
   སློབ་གསོ་ཡིན་ཞེས་ཁྱོད་ལ་མགོ་བོ་བཀྱགས་ཚེ་ཐུག་ས་ཞིག་དང་། རྐང་བ་སྤོས་ཚེ་ཐོགས་ས་ཞིག་བཟོ་དགོས་དོན་ཡང་། མཐར་གཏུགས་ན་མི་ཚེའི་ལམ་བུའི་ཁྲོད་མུན་དོང་དུ་མི་ལྷུང་བའི་མན་ངག་ཙམ་ཡིན་ལ། ཡང་ན་འགྱེལ་ས་ལྷུང་ས་ནས་ཕྱིར་ལངས་ཐུབ་པའི་སྙིང་སྟོབས་ཀྱི་སྦྱོང་བརྡར་གལ་ཆེན་ཞིག་ཅི་ལ་མིན། གང་ལྟར་ངེད་ཕ་མས་བརྒྱུད་པའི་ཀྱག་ཀྱོག་དང་ཕམ་ཉེས་ཡོད་ཚད་ཁྱོད་ལ་མྱོང་དུ་འཇུག་མི་འདོད་པ་དང། ངེད་ཕ་མས་བརྒྱུད་པའི་ན་ཟུག་གི་གཏམ་རྒྱུད་རིང་མོ་ཁྱོད་ཀྱིས་རྒྱུན་སྐྱོང་བྱ་རྒྱུ་དེ་བས་ག་ལ་འདོད། དེའི་ཕྱིར་ཨ་ཕ་ཞེས་ངོ་ནག་རོག་རོག་ཅིག་དང་ཨ་མ་ཞེས་བཙན་སྐད་འུར་ཆིལ་ལེ་བ་གཉིས་ཀྱིས། ཁྱོད་ཀྱི་དགོད་སྒྲ་བརླགས་ཤིང་བདེ་སྐྱིད་དཀྲོགས་སྲིད་སྙམ་ངེས་མོད། དེ་ནི་ཁྱོད་དགའ་དྲགས་དུས་བདེ་སྐྱིད་ཀྱི་གཞུག་ན་སྐྱོ་སྡུག་གི་མིག་ཆུ་ཡོད་ངེས་པའི་ཉེན་བརྡ་ཞིག་དང་། ཡང་ན་ཁྱོད་སྐྱོ་ཐལ་དུས་ཆར་རླུང་གི་གཞུག་ན་ཉི་གཞོན་གྱི་འཛུམ་མདངས་ཡོད་སྲིད་པའི་མི་ཚེའི་ཆོས་ཉིད་ཅིག་སྟོན་པ་ཡིན་སྲིད།
   2
   ཁྱོད་ཀྱིས་ལོ་ཚད་དང་མི་འཚམ་པའི་དཔེ་ཁུག་ལྗིད་མོ་དེ་རྒྱབ་ལ་ཁུར་ནས་རླངས་འཁོར་དང་མི་ཚོགས་ཆུ་རྒྱུན་ལྟར་འཕྱོ་བའི་ཟམ་ཁ་བརྒྱུད་ནས་སློབ་གྲྭར་འགྲོ་དུས། ངའི་སྙིང་གི་གཅེས་ལོ་ཁྱོད། སུ་ཞིག་གི་རྐང་འོག་ཏུ་བརྫིས་ཏེ་སྐད་ཕྲ་མོ་རེའུ་སྐད་འདྲ་བས་ཨ་ཕ་ཞེས་འབོད་བཞིན། ཞེད་སྣང་གི་ངོ་གདོང་ཆུང་ཆུང་དེ་ངའི་མིག་ལམ་ནས་གཏན་དུ་ཡལ་མི་འགྲོའམ་སྙམ་པའི་སེམས་ཁྲལ་ཞིག་གིས་ཀུན་ནས་བསླང་འོང་།ལང་ཚོའི་མྱུ་གུ་བརྟས་མ་ཐག་པའི་ཁྱོད་ནི་བྱིའུ་ཕྲུག་བཞིན་གཤོག་རྩལ་རྫོགས་མེད་ཅིང་། རྒོད་པོ་བཞིན་ནམ་འཕང་གཅོད་མི་ཐུབ་ནའང་། ཕ་མའི་བྱམས་བརྩེའི་འཛུམ་འོག་ནས་ལུས་བདེ་སེམས་སྐྱིད་ངང་གཉོམ་ལག་རྒྱས་ཐུབ་ཚེ། ངེད་ཕ་མ་གཉིས་ཀར་དེ་ལས་ལྷག་པའི་ལོངས་སྤྱོད་དང་བདེ་སྐྱིད་མི་དགོས་ཤིང་། དེ་ལས་ལྷག་པའི་དྲིན་གཟོ་དང་སེམས་གསོ་ག་ལ་མཁོ་ཨང་། མི་ཚེ་ནི་མ་གཞི་ནས་ཀྱག་ཀྱོག་དང་དགའ་སྐྱོའི་ཚོར་འདུ་རྐྱ་འཐབ་པའི་གཏམ་རྒྱུད་ཀྱི་བྱུང་རིམ་རིང་མོ་ཞིག་ཡིན་ཞིང་། འཕེལ་འགྲིབ་མྱུར་ལ་འགྱུར་བག་རྒོད་པའི་མི་ཚེའི་དགའ་སྐྱོའི་ལོ་ཟླ་རེ་རེས་ཁྱོད་ལ་སྐྱིད་སྡུག་འཚོ་བའི་དྲན་ཤིང་འཇོག་དུས། སྐྱིད་དུས་དཔའ་སྐད་མི་འཐེན་ཞིང་། སྡུག་དུས་མིག་ཆུ་མི་འཕོ་བའི་མི་གཤིས་ཀྱི་དམ་ཚིག་བརྟན་པོ་འདི་སེམས་ལ་འཇགས་ཤིང་སྙིང་ལ་ཐིམ་པར་གྱིས་དང་། འདི་ནི་ཁྱོད་ཕུགས་བསམ་གྱི་སྟོང་དབྱིངས་ནས་དངོས་ཡོད་འཚོ་བའི་འགག་སྒོ་འགྲིམ་སྐབས་ཆེས་མེད་དུ་མི་རུང་བའི་ཐོག་མའི་ལམ་རྟགས་གལ་ཆེན་ཞིག་གོ།
   སྐབས་འགར་ཁྱོད་ཀྱིས་རྒྱུགས་འབྲས་ཟེར་ནས་ས་ལྡིང་གནམ་ལྡིང་བྱེད་ཞོར་ངེད་ཕ་མ་གཉིས་ཀྱི་མདུན་སར་ང་རྒྱལ་གྱི་མགོ་བོ་གཟེང་གཟེང་བྱེད་ལ། སྐབས་འགར་ཁྱོད་ལ་རྒྱུགས་འབྲས་གླེང་དུས། མགོ་བོ་ཐུར་དུ་དུད་དེ་མིག་ཆུའི་ཕྲེང་ཐག་ས་རུ་གཏོར་དུས་ཀྱང་ཡོད་མྱོང་། དེའི་དུས་ངེད་ཕ་མ་གཉིས་ཀྱིས་རྒྱུགས་འབྲས་ཟེར་བ་གནས་སྐབས་ཀྱི་སློབ་སྦྱོང་འབྲས་བུ་སྤྱི་བསྡོམས་བྱེད་སྟངས་ཙམ་ལས། མིའི་རྒྱུད་ཀྱི་མི་མངོན་པའི་ནུས་སྟོབས་མཐའ་དག་ཚད་འཇལ་བར་ག་ལ་ནུས་ཞེས། ཁྱོད་ཀྱི་ང་རྒྱལ་གྱི་དབུགས་རླུང་ཕྱིར་འདེད་བྱ་དགོས་དུས་ཡོད་ལ། ཡང་ན་མི་ཚེའི་འགལ་འདུ་མཐའ་དག་མཐར་གཏུགས་ན་རྒྱུགས་གཞི་རེ་རེ་དང་མཚུངས་པས། འཚོ་བའི་འགལ་འདུ་དང་མི་ཚེའི་མྱོང་བརྒྱུད་ཁྲོད་ཀྱི་གོ་རིམ་གཙོ་བ་ལས། རྒྱུགས་འབྲས་ཀྱི་མཐོ་དམའ་ཙམ་གྱིས་མི་ཚེའི་མདུན་ལྗོངས་ཀྱི་ཁ་ཕྱོགས་བསྒྱུར་བཅོས་གཏོང་ག་ལ་ཐུབ་ཅེས་སློབ་གསོའི་ཁ་ཏ་བྱ་དགོས་དུས་ཀྱང་ཡོད་མྱོང་། ད་ལྟ་ཁྱོད་ཀྱི་རྣམ་རིག་བཀྲ་བའི་གདོང་ལ་སྤྲོ་བའི་འཛུམ་དཀར་འཕྱུར་ཅིང་། སྤོབས་པའི་གཟི་མདངས་རྒྱས་ཡོད་ལ། དགེ་རྒན་གྱི་ཐུགས་བཀོད་ལྟར་སྔ་དགོང་གི་སྦྱོར་ཀློག་དང་སྦྱང་ཚན་དུས་ལྟར་གྲུབ་རྗེས། སྙིང་རྗེ་བའི་ལག་ཟུང་སྔུན་ལ་བསྲིངས་ནས་ཕ་མ་གཉིས་ཀར་ཁ་རོགས་ལག་རོགས་བྱེད་འདོད་པའི་སྣང་ཚུལ་དེས། ངའི་ཡིད་སེམས་རབ་ཏུ་སྐྱོམ་ནས་མིག་ཟུང་མཆི་མས་བསྒྲིབས་སུ་འཇུག་ལ། ནམ་ཞིག་གི་ཚེ་ཤ་དར་ཁྲག་དར་གྱི་ཟག་བཅས་ཕུང་བོ་འདི་རྒས་ཤིང་འཁོགས་པར་གྱུར་ནས་བྱིན་པས་ལུས་པོ་མི་ལྕོགས་པའི་དུས། ཁྱོད་ནི་ལ་རིང་འགོ་བའི་ལག་རྟེན་དུ་ཅིས་མི་འགྱུར་སྙམ་ནས་ཡིད་སེམས་སྤྲོ་བས་ཚིམས་མྱོང་། སྙིང་ཉེ་བའི་གཅེས་ལོ་ཁྱོད། ངའི་པང་ནས་འཚར་ལོངས་བྱུང་ཞིང་གཉོམ་ལག་རྒྱས་བཞིན་པའི་ངང་ཚུལ་འདི་བསམས་ན། འཚོ་བའི་མྱོང་སྣང་ཁྲོད་བརྒྱུད་ཟིན་པའི་དཀའ་སྡུག་དང་ཕམ་ཉེས་སོགས་རྨང་ནས་བརྗེད་འགྲོ་ལ། ཐོབ་ཤོར་དང་གནོང་འགྱོད་ཀྱིས་བསླངས་པའི་ན་ཟུག་གི་རྨ་ཁ་དག་ཀྱང་སངས་དྲག་ཏུ་བུད་འགྲོ། ཁྱོད་ཀྱི་ངོ་འཛུམ་ལྷུག་ལྷུག་དང་དགོད་སྒྲ་སང་སང་དག་ཞེ་ལ་དྲན་ཐེངས་རེར་གནམ་གྱི་སྐར་མ་ལག་ཏུ་ཐོབ་འདྲའི་དགའ་ཚོར་རྙེད་ལ། ཁྱོད་ཀྱི་སྙིང་རྗེ་བའི་ལག་ཟུང་ཆུང་ཆུང་དེ་གཡུགས་ཙམ་བྱེད་བཞིན་པྲ་ཆལ་གྱི་གཤིས་སྤྱོད་མཚར་བོ་ཕྱིར་མངོན་ཐེངས་རེར། བརྩེ་བའི་དྲོད་ཁོལ་འཛོམས་པའི་བྱིས་དུས་ཀྱི་ལོ་ཟླ་དག་རྨི་ལམ་ཇི་བཞིན་ཞེ་ལ་འཁོར་ཡོང་། ད་ལྟ་ཁྱོད་ཡོད་པས། ངས་ནོར་དང་ལོངས་སྤྱོད་ཀྱིས་ཕོངས་པའི་དཀའ་སྡུག་གི་ལོ་ཟླ་དག་རྨང་ནས་བརྗེད་ལ། ཚེགས་དང་བརྩོན་འགྲུས་ཀྱིས་གྲུབ་པའི་འཁོར་བའི་ལས་ཁུར་འདི་རེ་ཞིག་ཐང་ལ་འཕངས་ཆོག་པའི་དགའ་སྣང་ཞིག་ངང་གིས་སྐྱེས་འགྲོ།
   3
   “ཕ་མེས་ཀྱི་སྐྱེས་ཁུངས་མ་ཤེས་ན་ནགས་གསེབ་ཀྱི་སྤྲེའུ་འདྲ”ཞེས་པ་བཞིན། ངས་ད་ལྟ་ཁྱོད་ཀྱི་བློ་རིག་པའི་དྲན་སྒོ་མྱུར་བའི་བར་གླགས་འདིར་བསྟུན་ནས། རི་མཐོ་ས་གཙང་གི་ཡུལ་ན་འཚོ་བའི་སྒང་པ་བོད་མིའི་ངོ་མཚར་བའི་ལོ་རྒྱུས་དང་རྨད་བྱུང་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་དག ཁྱོད་ཀྱི་རྒྱུད་ལ་འཇགས་ཤིང་སྙིང་ལ་གོམས་དགོས་པའི་རེ་འདུན་སྙིང་ནས་ཞུ་བཞིན་ཡོད་ལ། དབྱར་གནང་དང་དགུན་གནང་གི་ངལ་གསོའི་གུང་གསེང་བེད་སྤྱད་ནས། རང་བྱུང་ལྷུན་ཆགས་ཀྱི་བཀོད་པས་མཛེས་པའི་རི་ཆུ་ཀླུང་གསུམ་དང་། དད་པའི་སྤུ་ལོང་གཡོ་བའི་དགོན་སྡེ་སོགས་ལ་གནས་སྐོར་རྒྱང་མཇལ་བྱས་པ་བརྒྱུད། དཔེ་དེབ་དང་ཡིག་ཚོགས་ཀྱི་ངོས་ནས་རྙེད་པར་དཀའ་བའི་ཚོར་ཤེས་དང་གསང་བ་སྣ་ཚོགས་ཕྱིའི་སྣོད་ཀྱི་ཡུལ་དངོས་ནས་རྙེད་ཅིང་། སེམས་ཀྱི་སྟོང་ཆ་མཐའ་དག་བསྐང་ཐུབ་པའི་ཡིད་ཆེས་སྙིང་ནས་བཅངས་ཡོད་མོད། འོན་ཀྱང་མིའི་བསམ་སར་རྟས་མི་འཁུར་ཞེས་པའི་དཔེ་ལྟར། སྐོམ་ཆུ་དང་སིལ་ཟས་སྣ་ཚོགས་བག་མེད་ངང་སྤྱོད་པའི་ཁྱོད་ནི། གཞོན་དར་མའི་སྣང་བ་རླུང་ཁར་ཡན་པས། རིག་པ་ཁྱེར་ནས་རྒྱལ་ཁམས་སྐོར་དགོས་པའི་དོན་སྙིང་རྡོག་རྡོག་དེ་ཅིས་ཀྱང་རྟོགས་མ་ཐུབ། ལོས་ཀྱང་ཡིན་ཏེ། ཁ་ཆུ་སྣ་ཆུ་འབྱིད་ཤེས་ཙམ་གྱི་བསམ་མེད་བྱིས་པ་ཞིག་ལ། ངས་འོལ་ཚོད་སྒོས་ཐེག་དཀའ་བའི་ལས་ཁུར་དང་ཕུགས་བསམ་གྱི་འདུན་མ་ཡོད་ཚད་ཁོའི་སྟེང་ལ་བཙན་འགེལ་བྱེད་ག་ལ་རུང་སྟེ། དེ་ནི་སློབ་གསོའི་རྩ་དོན་དང་མི་གཤིས་གསོ་སྐྱོང་གི་ཆོས་ཉིད་ལས་འགལ་བའི་བླུན་པོ་ཤེས་མེད་ཀྱི་བྱ་སྤྱོད་ཅིག་ལས་མ་འདས། དེ་ལྟ་ནའང་ངས་ཁྱོད་ཀྱི་སྤྲོ་བའི་འཛུམ་མདངས་དང་མཚར་སྣང་གི་མིག་ཟུང་ལས་མཆེད་པའི་རྣམ་རིག་གི་འོད་མདངས་དེ་མཐོང་ཙ་ན། སེམས་ཁོང་དུ་འཇགས་མེད་རླབས་རྒྱུན་བཞིན་འཕྱུར་བའི་ལོ་རྒྱུས་ཀྱི་བྱུང་བ་སྣ་ཚོགས་ཤར་ཤར་དུ་འཆར་བྱུང་ལ། དུས་ཀྱི་དར་རྒུད་དང་སྤྱི་ཚོགས་ཀྱི་འཕོ་འགྱུར། མི་སྣའི་བྱུང་བ་དང་མི་ཚེའི་བདེན་པ་སོགས་ལོ་རྒྱུས་ཀྱི་བསླབ་བྱ་སྣ་ཚོགས་རང་རྒྱུད་ལ་སྦྱར་ནས་འཚོ་བའི་ལམ་སྟོན་དུ་འགྱུར་དགོས་པའི་རེ་བ་སྙིང་ནས་རྒྱག་བཞིན་ཡོད།
   4
   འུ་ཚོ་ཕལ་བའི་མི་ཡིན་པས། ངས་ཁྱོད་ནི་རྒྱལ་ཁའི་སྐད་སོ་མཐོ་བའི་ང་རྒྱལ་ལྟར་སྣང་ཅན་ཞིག་གམ། ཡང་ན་རྒྱུ་ནོར་དབང་ཤེད་ཀྱིས་སྤུར་བའི་ཁ་ཆེན་ངོ་ཆེན་ཅན་ཞིག་ཏུ་འགྱུར་དགོས་པའི་རེ་བ་ཁྱོན་ནས་བཟུང་མེད་ལ། ཁྱོད་ཀྱིས་ལྗོན་པའི་གྲིབ་བསིལ་ལ་བརྟེན་ནས་སྐྱིད་ཉལ་བརྒྱབ་ཆོག་པའི་ཧམ་སེམས་དེ་བས་ཀྱང་བཅངས་མི་སྲིད། ཡིན་ནའང་ཁྱོད་ལ་ཕུགས་བསམ་གྱི་རྨི་ལམ་མེད་མི་འོས་ལ། རང་འགུལ་གྱི་ནུས་པ་དང་ཐབས་བརྩོན་ཤེས་རབ་ལ་བརྟེན་ནས་མི་ཚེའི་རིན་ཐང་བསྐྲུན་དགོས་པའི་ཆོད་སེམས་ནམ་ཡང་འབོར་མི་འོས། འཇིག་རྟེན་འདིའི་སྲིད་པའི་ལོངས་སྤྱོད་དང་ཕུན་ཚོགས་དཔལ་ཡོན་མཐའ་དག མཐར་གཏུགས་ན་འགྲོ་བ་མིའི་དཀའ་སྤྱད་ངལ་རྩོལ་ལས་བྱུང་བའི་འབྲས་བུ་ཡིན་པ་ལས། འབད་མེད་ལྷུན་འགྲུབ་ངང་བྱུང་བ་གཅིག་ཀྱང་མེད། འབྲུ་སྙེ་མགོ་ལྕོག་ལྡེམ་པའི་ལོ་ལེགས་སྟོན་གྱི་འབྲས་བཟང་དག་ཀྱང་།སོ་ནམ་པས་རེ་བའི་ས་བོན་ལ་དཀའ་སྤྱད་ཀྱི་ལུད་སྦྱར། བརྩོན་པའི་ཆུ་གཏོར། རྩྭ་ལྡུམ་གྱི་གནོད་འཚེ་བསལ་ཏེ་རྔུལ་ནག་གི་རྩོལ་བའི་ཤུགས་ལ་བརྟེན་ནས་བྱུང་བ་ཡིན་པས། རྒྱལ་ཁའི་གྲུབ་འབྲས་ཀྱིས་གཏམས་པའི་དགོད་སྒྲ་དང་སྤྲོ་འཛུམ་དེའི་ཕག་ན། སུ་དང་གང་ལའང་བརྗོད་དཀའ་བའི་དཀའ་སྡུག་གི་མིག་ཆུ་ཐིམ་པའི་གཏམ་རྒྱུད་རེ་ཡོད་པ་ཅིས་ཀྱང་བརྗེད་མི་འོས། དེ་བས་མི་ཚེའི་དཀའ་སྡུག་དང་ཕངས་འགྱོད། འགལ་འདུ་དང་ཀྱག་ཀྱོག་སོགས་རླབས་རྒྱུན་བྲག་ལ་རྡེབ་པ་ལྟ་བུའི་འཚོ་བའི་རོ་བྲོ་གང་མང་ཞིག་མྱངས་མཐར། ཁྱོད་ལ་ལྷོད་བག་གི་སེམས་ཁམས་ཤིག་དང་གཡོ་མེད་བརྟན་བརླིང་གི་མི་གཤིས་རྣལ་མ་ཞིག་ཆགས་ངེས་ཤིང་། དེ་ནི་ནམ་ཡང་གྲུ་གཡོར་ཞིག་དང་འདྲ་བས། ཁྱོད་ནི་ལམ་གང་དུ་བགྲོད་ཆོག་མིན་གྱི་ཁ་ཕྱོགས་གཏན་ལ་འབེབས་ཐུབ་བོ།།
   5
   ལོ་ངོ་བཅུའི་ཐེམ་སྐས་སྟེང་གོམ་ཁ་ཐོག་མར་བསྒྱུར་པའི་བུ་ཆུང་ཁྱོད། ངའི་སྙིང་གི་ནོར་བུ་དང་རེ་བའི་ཕུགས་འདུན་བཅོལ་ས་དེ་ལགས་པས། ངས་ཡུན་རིང་ཡིད་ལ་བརྣགས་པའི་སེམས་གཏམ་དྲོན་མོ་དག་སྦ་གསང་མེད་པར་དྲང་བོར་སྨྲས་ན། ཁྱོད་ལ་སུན་སྣང་མི་ཡོང་བའི་ངེས་པ་མེད་མོད། འོན་ཀྱང“ཤ་ཚ་བའི་གཏམ་ལ་སྙན་མོ་མེད”ཅེས་པའི་དཔེ་བཞིན་ཤེས་ཚོད་དྲན་ཚོད་དག་ཤར་ཤར་མི་བརྗོད་ཀ་མེད་རེད།“མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་མོ་རང་གི་ལག”ཅེས་པའི་དཔེ་བཞིན། མི་མཐོ་དམན་བར་མ་སུ་ཞིག་ལ་མཚོན་ཡང་ལས་དབང་གི་ཆོས་ཉིད་བཙན་པོའི་རྗེས་སུ་འགྲོ་ལྡོག་བྱེད་དགོས་པའི་གནས་ལུགས་དེ་སུ་ལའང་བཟློག་ཐབས་མེད་པ་བདེན་དུ་ཆུགས་མོད། འོན་ཀྱང་ང་ཚོས་ཡོད་ཚད་ལས་དབང་ལ་ཁ་གཡར་ནས་སྤྲང་པོ་ཉི་མ་འདེ་རྐྱང་བྱ་མི་འོས་ལ། ནམ་ཡང་ལས་དབང་ལ་མགོ་མི་སྒུར་ཞིང་དཀའ་སྡུག་གི་མདུན་སར་དཔའ་སྤོབས་དང་ཆོད་སེམས་མི་ཉམས་པར། འཚོ་བའི་ལམ་སྣེ་གང་དུ་བུད་རུང་དཀའ་སྤྱད་བརྩོན་པས་ཞུགས་ཏེ་མི་ཚེ་དོན་ལྡན་ཞིག་བྱེད་པའི་དམ་བཅའ་མི་འབོར་བ་བྱ་དགོས། དྲིན་བྱས་དྲིན་དུ་ཤེས་ཤིང་རྒྱུ་འབྲས་བླང་དོར་མི་ནོར་ལ། སྐྱིད་དུས་བག་མེད་མི་བྱ་ཞིང་སྡུག་དུས་བློ་སྤོབས་མི་ཉམས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་མི་གཤིས་ཤིག་གྲུབ་པར་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཅི་ལ་མིན་ཨང་། མི་ཚེ་ནི་མཐའ་མེད་གཙང་བོ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱོད་ལ་བརྒལ་མི་ཐུབ་པའི་རབ་ཁ་གང་མང་ཞིག་ཡོད་ཀྱང་སྲིད་མོད། འོན་ཀྱང་ཁྱོད་ཀྱིས་ཐབས་ཤེས་ཟབ་མོའི་གཞུ་ལྟོང་ལ་བརྩོན་འགྲུས་མདའ་མོ་ཁ་སྤྲོད་མ་ཐུབ་ཚེ། འཚོ་བའི་རབ་མེད་གཙང་བོ་དག་བརྒལ་པའི་གོ་སྐབས་ཁྱོན་ནས་དབེན་ཞིང་། མི་ཚེའི་ལོ་རྒྱུས་ལ་མཚར་སྡུག་གི་གསོན་ཤུགས་སྩོལ་པའི་སྐལ་བ་དེ་ཡེ་ནས་མ་མཆིས་པས། མི་ཚེ་དོན་ལྡན་ཞིག་བྱ་འདོད་པའི་དམ་བཅའ་དེ་ཉིད་ཁ་སྟོང་ནང་གི་ཚིག་སྟོང་ཙམ་ལས་མ་འདས་སོ། །ངས་ནམ་ཡང་རང་ཉིད་རྒྱུ་མཚན་དུ་དྲངས་ནས་ཁྱོད་ལ་འོས་འགྲིག་གི་མདུན་ལྗོངས་ཤིག་ཇུས་འགོད་བྱེད་རྩིས་མིན་ལ། རང་ངོས་ཀྱི་བསམ་བློའི་ཤེས་ཚོད་ལས་མི་འདའ་བའི་ས་ཁོངས་གུ་དོག་ཅིག་ལ་ཁྱོད་བཙན་འཇུག་བྱ་འདོད་དེ་བས་ག་ལ་ཡོད། ཡིན་ནའང་ངས་བཤད་བཤད་ཚང་མ་མི་ཞིག་གི་མི་ཚེའི་ལམ་བུའི་སྟེང་ནམ་ཡང་བརྒལ་མི་འོས་པའི་ཆེས་དམའ་བའི་མཚམས་ཐིག་དེ་ཡིན་པ་ཡིད་འཇགས་རོགས།
   མཚན་གུང་གི་དུས་ཚོད་སྔར་ནས་ཡོལ་འདུག ངས་ཁྱོད་ཀྱི་རོལ་དབྱངས་ལྟ་བུའི་སྔུར་སྒྲ་གཉོམ་པོར་ཉན་ཞོར། རྨི་ལམ་གྱི་བདེ་བས་བཟི་བའི་ཁྱོད་ཀྱི་དཀར་འཇམ་ཞལ་རས་སྟེང་ཡིད་ཚིམས་པའི་འོ་ཞིག་བྱས་རྗེས། ཞེ་སེམས་ལྷོད་ལྷོད་ངང་སྒེའུ་ཁུང་ཕྱི་རུ་མིག་གཡེང་རེ་བྱས་པ་ན། ལམ་སྒྲོན་གྱི་འོད་མདངས་ཁོ་ནས་སུ་ཞིག་ལ་ངང་སྒུག་བྱེད་པ་བཞིན་དཀར་ཆེམ་ཆེམ་དུ་ཡོད་ལ། རླངས་འཁོར་གྱི་ལྡིར་སྒྲ་དང་མི་ཚོགས་ཀྱི་འདུ་འཛི་དག་སྔ་མོ་ནས་ཡལ་བས། རོང་འབྲོག་འདྲེས་མའི་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་འདི་ཉིད་སྲིད་པའི་འབྲོག་དགོན་བཞིན་ཁོ་ར་ཁོར་ཡུག་ཀུན་དབེན་ཐིང་ངེར་གནས་འདུག ཤེལ་ཕོར་གྱི་ཇ་ལོ་སྔ་མོ་ནས་སྐྱ་བོར་གྱུར་ཅིང་། དཔེ་ཁང་གི་ཁོར་ཡུག་ཆུང་ཆུང་ཁ་ཁུ་སིམ་མེར་ལུས་པས། ཞེ་སེམས་ལྷོད་ལ་ཕབ་ཆོག་པའི་ལྷིང་འཇགས་ཀྱི་ཁོར་ཡུག་འདིས། བདག་ལ་འགོག་པར་དཀའ་བའི་གཉིད་སྣང་ཐན་ཐུན་རེ་བསླང་འོང་། ད་ལྟ་ངས་རྨི་ལམ་གྱི་སྟོང་བའི་དབྱིངས་ན་དགོད་འཛུམ་ལྷུག་གེར་བཞད་པའི་ཁྱོད་ཀྱི་ངོ་གདོང་ཡིད་ལ་འཁོར་བཞིན་གཉིད་ཀྱི་བདེ་བར་རོལ་ངེས་ལ། ཞོགས་པའི་ཉི་གཞོན་ལྟ་བུའི་སྙིང་གི་གཅེས་ལོ་ཁྱོད། ནམ་ཡང་གཟི་འོད་ལྷམ་མེར་འཚེར་ཞིང་བགེགས་མེད་བསམ་དོན་འགྲུབ་པའི་རེ་སྨོན་སྙིང་ནས་ཞུ་བཞིན་ནོ།།


རྩོམ་ཡིག་སྔོན་མ།
ཆར་བ།
རྩོམ་ཡིག་རྗེས་མ།
ཁེར་རྐྱང་གི་མཚན་མོ་ཞིག་ལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1