ཁེར་རྐྱང་གི་མཚན་མོ་ཞིག་ལ།

སྨག་སེལ། (ཡུལ་ཤུལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


རྨི་ལམ་ལྟ་བུའི་འཁྲུལ་སྣང་བན་བུན་ངང་།
བདག་གི་སྙིང་ཉེ་བའི་ཁྱོད་དང་། ཁྱོད་ཀྱི་འཛུམ་མདངས་དམར་པོ།
ནམ་མཁའི་མཐོངས་ན་འཚེར་བའི་ཟླ་འོད་ཀྱི་དཀར་ངོགས་སུ་བཞད་པའི།
ལྷ་དང་ལྷ་མོའི་ཚོགས་ཀྱི་གར་སྟབས་སྣ་ཚོགས་ཀྱིས།
གཞན་ལ་དབང་མི་ཆོག་པའི་སེམས་པ་འདི་སླུ་བྲིད་ཐེབས་སོང་།
སྒོ་དང་སྒེའུ་ཁུང་གི་ཕྱི་རོལ་ནས་བལྟས་ན།
ཟླ་འོད་ལམ་ལམ་ཁྲོད་ཁྱོད་ཀྱི་བཞིན་རས་མཐོང་གིན་མི་འདུག
དགའ་སྐྱོ་སྡང་གསུམ་གྱི་འཁོར་བའི་གཡང་གཟར་ལ་ཆས་དུས།
ཁྱོད་ཀྱི་ལག་ཟུང་དམ་པོས་སུ་ཞིག་ལ་སྙོབ་ཀྱིན་ཡོད།
མིག་ཆུ་མོད་པའི་ཁེར་རྐྱང་གི་མཚན་ལམ་རིང་མོར།
དྲན་པའི་ཟུག་གཟེར་གྱིས་སེམས་ལ་རྨ་ཁ་སྟོད་ཅིང་།
ཡུན་རིང་དུ་ཉར་བའི་ཡིག་སྒམ་ཆར་ཆུས་བརླན་སོང་།
མཛེས་སྡུག་གིས་བཞད་པའི་མེ་ཏོག་སེར་བས་བཅོམ་སོང་།
རེས་སྐྱིད་རེས་སྡུག་གི་མི་ཚེའི་འགྲུལ་ལམ་བརྒྱུད་ཚེ།
འུ་གཉིས་ཀྱི་དེ་རིང་གི་རྨི་ལམ་ལ་འགྱུར་བ་བྱུང་སྟེ།
ནམ་ཞིག ཁྱོད་ཀྱིས་ང་རང་བརྗེད་སྲིད་ན།
དེ་དུས། ངའང་གཞི་ནས་ད་ལྟའི་ང་མིན་པར་གྱུར་འགྲོ།
ལོ་འགའི་སྔོན་དུ། བརྩེ་གླུ་ཐན་ཐུན་གྱིས་ཁྱོད་ལ་འཕྲིན་པ་བསྐྱལ་མྱོང་།
ལོ་འགའི་སྔོན་དུ། མིག་ཟུང་རིག་རིག་གིས་ཁྱོད་ལ་དགའ་ཉམས་བསྟན་མྱོང་།
འཁྲེང་ཞེན་གྱི་ཟབ་ས་ཞིག་ནས་ངས་ཁྱོད་ཀྱི་རྨི་ལམ་ལ་འོད་སྣང་སྦྱིན་མྱོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1