མཐིང་མདོག་གིས་འཁྱིལ་བའི་ རྨི་ལམ་གྱི་གཙང་བོ།
དབྱངས་འབུམ་ཚེ་རིང་། (ལན་གྲུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23
ཉི་ཟླ་གཉིས་མཐོ་དམའ་ཤོར་བའི་རྣ་རྒྱན་བཞིན་གོ་ལའི་གཞོགས་གཉིས་སུ་དཔྱངས་ཏེ།
མུན་པ་དང་འོད་སྣང་ཡོད་དོ་ཅོག་སྣེ་གཉིས་སུ་གས་ནས་སིལ་བུར་འཐོར་ལ་ཉེ་དུས། ཕྱི་རོལ་ལ་ཕྱོགས་པའི་སྒོ་དང་སྒེའུ་ཁུང་ཡོད་ཚད་དུས་གཅིག་ཏུ་གཏན་ཏེ། སྒྲོན་མེ་བསད་ཅིང་གློག་སྒྲོན་གཟིམ་རྗེས། བདག་གི་མཐིང་མདོག་གིས་འཁྱིལ་བའི་རྨི་ལམ་གྱི་གཙང་བོ་འདི་མུན་པའི་ཐོང་ག་རུ་གས་སྲུབས་དག་བརྟོལ་ཏེ། སྐྱ་རེངས་ཀྱི་འོད་ལ་ཕྱོགས་ནས་ཤང་ཤང་གི་རླབས་སྒྲ་སྒྲོག་ཅིང་།ཆལ་ཆིལ་གྱི་ཟེགས་མ་བྲག་ལ་རྡེབ་ཀྱིན་འདི་ལྟར་བཞུར་མགོ་བརྩམས་སོང་།
2
ལྕེ་ལེབ་མོ་འདི་ཟིལ་བའི་ནང་དུ་ཡང་ཡང་སྦངས་ཤིང་བཀྲུས་ཏེ།
ཨ་མའི་ངག་ནས་བསླབ་པའི་རྒྱུ་འབྲས་རྟེན་འབྱུང་གི་ཚིག་འབྲུ་དང་གཞན་གཅེས་ཀུན་ཕན་གྱི་ཐ་སྙད་རེ་རེ། གཞན་ཡང་མཐའ་དང་ཟད་དུ་མེད་པའི་ཡིག་དྲུག་གི་གདམས་ངག་ཟབ་མོ་དག འཆི་བའི་ཉིན་མོར་ཡང་གསལ་དག་སྙན་གསུམ་གྱིས་ངག་ལ་སྐྱོར་ཞིང་བཟློ་ཐུབ་པ་བྱ་དགོས། མིག་ཟུང་གཉིས་ལ་བདུད་རྩི་བྱུགས་ཤིང་ཙན་དན་དང་གུར་གུམ་གྱི་རྩི་ཡིས་ཆག་ཆག་བཏབ་ནས། འགྲོ་བ་སེམས་ཅན་གྱི་རྣམ་ཤེས་ཀྱི་ནང་ལོག་ན་སྐད་ཅིག་སྐད་ཅིག་ལ་འཛུམ་པའི་ཨུ་དུམ་ཝ་རའི་གཟུགས་དང་དབྱིབས་དང་ཁ་དོག་མཐོང་ཞིང་མྱོང་དུ་འཇུག་དགོས། རྣ་ཅོག་གཉིས་པོ་འདི་ཐོས་པའི་མེ་ལ་བསྲེག་ཅིང་བསམ་གཞིག་གི་ཁྲོ་ཆུས་བྲན་ནས་བཙོ་སྦྱངས་དཔྱིས་ཕྱིན་པ་ཞིག་བྱས་ཏེ། རང་བྱུང་མ་མའི་པང་དུ་ཚེ་སྲོག་ཡོད་ཚད་ཀྱིས་བརྩེ་སེམས་ཀྱིས་དཀྲོལ་བའི་གདངས་དབྱངས་སྙན་མོ་དག་གློ་མཆིན་གྱི་གཏིང་རིམ་ལ་བཀུག་ནས། འཇིག་རྟེན་འདིའི་སྣོད་བཅུད་ཀྱི་གཏིང་གི་ཟབ་ཚད་དང་ཁ་ཞེང་གི་ཡངས་པ་ཡོད་ཚད་ཁུ་བྱུག་གི་ངག་དང་འཕྲེད་གླིང་གི་དབྱངས་ལ་བསྡེབས་ནས་བསམ་བློའི་ཁབ་མིག་ཏུ་ཕར་བརྒྱུས་ཚུར་འདྲེན་བྱས་ནས་མི་སེམས་ཀྱི་ཀུན་གཞིའི་ཟབ་སར་ཤེས་རབ་ཀྱི་ངར་ལྡུད་དགོས། སྣ་ཡི་སྦུབས་སུ་འཚང་བའི་རྫས་དུད་ནག་པོ་དག་ཉེ་མར་ལྡེ་ཞིང་རླུང་ལ་གཟད་ནས་སླད་པ་མེད་པའི་གྲིབ་སེལ་བྱས་ཏེ། མེ་ཏོག་གི་པང་དུ་གཡོ་བའི་དྲི་བསུང་དང་འོ་ཟོའུ་ཁ་རུ་ལྡིང་བའི་ངད་ཁ་དག་བཏུས་ནས། རྒས་འཁོགས་འཁོས་ཞན་དུ་གྱུར་བའི་དབང་བོ་དག་ལ་ལོངས་སྤྱོད་དུ་སྦྱིན་པར་བྱའོ། ལུས་ཀྱི་འཆིང་བ་ཡོད་ཚད་དེ་ཉིད་ཀྱི་རལ་གྲིའི་དངོ་ལ་བླངས་ནས། སྤྲེའུ་ཧ་ནུ་མན་ཐའི་ལྡེམ་མྱུར་རྩལ་གྱི་དངོས་གྲུབ་ཞུས་ཏེ། མི་དང་མིའི་བར་ལ་བཟོས་པའི་གཅོང་རོང་མཐའ་མེད་དག་བརྒལ་ཞིང་ཉི་འོད་ཀྱི་ཚུལ་གྱིས་ཉིན་སྲིབ་གཉིས་དབྱེར་མེད་གཅིག་ཏུ་འདྲེས་པར་བྱེད་དགོས། སྡུག་གི་སྐྲ་ལོ་བྲེགས་ནས་སྐྱོ་བའི་སྨྲ་ར་བཞར་ཤུལ་དུ་ཕུགས་འདུན་མེ་ཏོག་བཞིན་དུ་དགོད་པ་དང་འཚོ་བ་ཚ་རུ་བཞིན་དུ་འཇམ་པོར་གྱུར་བའི་འཛུམ་གྱི་ལྷག་ལུས་དག་གཅིག་ཏུ་བསྡུས་ཤིང་བསྡམས་ཏེ། སྤྲང་བོའི་ལྷུང་བཟེད་ཁ་ཡི་སྣུམ་ཞག་ཅིག་དང་སྲོག་གི་གཟུང་ཐག་ཆད་ཁའི་དབུགས་ཀྱི་འབྱིན་རྔུབ་ཅིག་བྱེད་དགོས།ཡིད་ཀྱི་དབུས་སུ་བཏབ་པའི་སྐྱ་རེངས་དང་དབྱར་ཁ་བྱེད་དགོས། བདག་གིས་ཞེན་ཆགས་ཀྱི་ཕྱི་ལོག་ན་ལུས་པའི་རྩྭ་ལྡུམ་དག་བཏུས་ཤིང་འཐག་ནས་དཔྱིད་ཉི་རིང་མོ་ཞིག་བཀྲེས་སྐོམ་གྱིས་སྐྱེལ་ཞིང་ཁངས་ཆག་ཆེན་པོ་ལྷུང་བའི་ཉིན་དང་མཚན་མོ་དག་ལ་ཨུ་ཚུགས་སྒོས་ས་སྲོད་ཀྱི་དངངས་སྐྲག་ལ་འཐམ་པའི་ཟོག་ལུག་དེ་དག་ལ་གཟན་ཆས་འདང་ངེས་ཤིག་གྲ་སྒྲིག་བྱ་དགོས་ཏེ། ཚེ་སྲོག་ཡོད་ཚད་ལ་དགུན་ཟླ་རེ་རེའི་ཕ་རོལ་ན་དབྱར་གྱི་ལང་ཚོ་མཛེས་སྡུག་གིས་གཡོ་བའི་བདེན་པ་མཐོང་དུ་འཇུག་དགོས། བདག་གི་གཡའ་ཡིས་མ་གོས་པའི་བྱིས་བློའི་ཤོག་དཀར་གྱི་ངོས་ལ་གཞན་གྱིས་རྣམ་བཞག་གི་རི་མོ་ཅི་འདོད་དུ་བཀོད་ནས། ངོས་ལེན་ཅི་ཡང་མེད་པར་ཁྲམ་རྟགས་གང་འདོད་དུ་བརྒྱབ་པ་ཡོད་ཚད་ཆུ་ཡིས་བཀྲུས་ཤིང་རྡོ་ཡིས་བྲད་དེ། ཤོག་ངོས་དེ་དཀར་གཙང་གཙང་དུ་བཟོས་ནས།ཤུལ་དུ་མྱ་ངན་མེད་ལའི་དབྱངས་ཡིག་གི་རི་མོ་ཕབ་སྟེ། མུན་པའི་མལ་སྟན་དུ་བཞུར་ནས་འོངས་པའི་དྭ་ཕྲུག་གི་འོ་དོད་དང་ཡུག་མོའི་ངུ་ཤམ་ལ་མཆིན་ཤ་གླན་ནས་མིའི་རིགས་ཀྱི་སྙིང་རྗེ་དང་བྱམས་སེམས་ཀྱི་གདངས་དབྱངས་གསལ་བའི་གླུ་སྐད་དེ་དག་ཕྱོགས་དང་མཚམས་སུ་མཐོ་རུ་སྒྲོག སྒོ་གསུམ་ན་གཟེངས་པའི་མི་དགེའི་ཚེར་མ་ཕོན་པོ་དེ་དག་བཅད་ཅིང་གཏུབ་ནས། འགྲོ་བའི་སྙིང་དུ་སྡུག་པའི་འཇམ་མཉེན་མེ་ཏོག་གི་འདབ་མས་དཀྲིས་ཏེ། གཞན་ཕན་གྱི་དྲི་བསུང་ཕྲན་ཙམ་དང་གཞན་གཅེས་ཀྱི་མཛེས་སྡུག་ཏོག་ཙམ་སྤྲོ་བའི་ངལ་བ་ལྷུ་རུ་ལེན་དགོས།
བདག་གི་རྩེ་མོ་ཡོད་ཚད་སྤྲིན་པར་འཁྲིལ་ཞིང་ལྗང་མདོག་གི་ལོ་འདབ་ཕྱོགས་ཕྱོགས་སུ་བརྐྱངས་ནས། མེ་ཏོག་ཞལ་ཁ་ཕྱེས་ཤིང་འབྲས་བུའི་སྨིན་ཐག་ཆོད་ན།ཡལ་འདབ་ཀྱི་གསེབ་ནི་རྒྱང་རིང་ནས་གཟས་ཏེ་འཕུར་འོངས་པའི་བྱེའུ་དག་གི་ཚང་མལ་བྱས་ཏེ་ཁོ་ཚོའི་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་དམར་པོ་སྙིང་གི་འཕར་སྒྲ་ལ་རྣ་བ་གླགས་ཤིང་སེམས་པ་གླན་དགོས།“དགུང་མཐའ་སྐོར་སྐོར་ནི་རྒོད་པོ་མཐའ་ཟགས”①དག་གི་རྒྱང་རིང་བའི་ལམ་གྱི་ངལ་བ་སངས་རོགས་དང་ཁེར་རྐྱང་གི་གདུང་བ་འཁུར་རོགས། ད་དུང་རླུང་གི་རམ་འདེགས་ལ་བསྒུགས་ནས་ཆར་བའི་བར་ཆད་ལ་གཡོལ་རོགས་བྱས་ཏེ།གྲིབ་གཟུགས་ས་རུ་མི་འཇོག་པའི་མཁའ་འགྲོའི་ཚོགས་ཀྱི་སྡེར་མའི་དམར་དྲི་དང་རུས་རྐང་གི་བྱིན་རླབས་སྣུམ་ཤིག་གེར་ཁུར་ནས། རྒྱང་རིང་བོའི་དྲན་གདུང་གི་འཕྲིན་པ་ཁུར་ཏེ་འཕུར་གྱིན་པའི་གནམ་གྱི་ཕོ་ཉ་འདི་དག་གི་ས་ཚིགས་དང་བསྟི་གནས་བྱ་དགོས། རྩེ་མོ་དག་ཁོ་ལག་རྫོགས་པར་བྱས་རྗེས་ཡལ་འདབ་སྟུག་པོའི་འོག་ཏུ་“དོག་མཐའ་སྐོར་བསྐོར་ནི་མཚལ་བ་ཐིལ་རྡོལ་”②ཡིན་པའི་མི་ཕོ་དཔུང་རྗེན་དང་ལས་ཀྱི་ཁུར་བོ་ལྕི་བའི་ཨ་སྐྱོ་བ་དག་གི་ཚ་བའི་གདོང་ལ་བསིལ་བའི་དངོས་གྲུབ་དུ་བབས་ནས། འཁྱག་རེངས་སུ་གྱུར་བའི་དབུགས་ཀྱི་རྒྱུ་བ་དག་ཀྱང་གློ་མཆིན་གྱི་ཧྲག་བར་ནས་བསྲོས་ཏེ། མཚན་ལ་མུན་པའི་ལོག་ཏུ་སྔུར་བ་འདྲེན་ཞིང་ཞག་མལ་གཏོང་ས་བྱེད་དགོས་ཤིང་། ཉིན་ལ་གྲིབ་བསིལ་བསྟེན་ཞིང་རྩེ་གར་འཁྲབ་ཀྱིན་གཏམ་དག་གཏོང་བའི་གླིང་ག་ཞིག་བྱེད་དགོས། བདག་གི་རྩ་བ་དང་རྩད་པ་དག་ས་གཞི་མ་མའི་བརྩེ་བའི་བྱང་ཁོག་ཏུ་བསྲིངས་ནས། ས་རིམ་པ་དགུའི་མར་ཞབས་ཀྱི་བསྐལ་ཆེན་གྲངས་མེད་ཀྱི་བཙོན་དུ་ལུས་པའི་ཕྲ་ཞིང་ཕྲ་བའི་ཚེ་སྲོག་གི་རྡུལ་ཕྲན་དག་ལ་ཐར་བའི་ལམ་སྣ་ཁྲིད་དེ། ཉི་འོད་འཐུང་ཞིང་ཟླ་འོད་ལ་རོལ་ཏུ་འཇུག་དགོས། ས་ཆེན་པོའི་བྲང་གཞུང་གི་འཛད་དུ་མེད་པའི་བརླན་གཤེར་གྱི་མྱུ་གུ་ལས་སྙིང་རྗེའི་ཆུ་ཀླུང་མི་ཡུལ་དུ་དྲངས་ཏེ། དྲག་པོ་སྦྱོར་བས་འཐབ་ཅིང་འཁྲུག་པའི་མེ་ལྕེ་དྲུངས་ནས་གཞིལ་ཅིང་ཞི་བདེའི་མེ་ཏོག་གི་འདབ་མ་ལྷུག་ལྷུག་ཏུ་དགོད་དུ་འཇུག་དགོས། རྨི་ལམ་གྱི་སྟ་གོན་ཐོག་མ་རང་ཉིད་ནས་བྱས་ཤིང་། སྣང་ལ་མ་ངེས་པའི་སེམས་འདུན་ཡོད་ཚད་ཀྱི་སྟ་གོན་དང་པོ་བདག་ཉིད་ནས་མགོ་བརྩམས་པ་ཡིན།ང་ནི་ཨ་མའི་མངལ་དུ་ས་བོན་ཞིག་གིས་ཉིང་མཚམས་སྦྱར་བ་ནས། ས་ཆེན་པོ་འདིར་དུངས་བ་བླ་ལྷག་གིས་འབྱར་གྱིན་པའི་ས་བོན་ཞིག་ཏུ་གདོན་ནས་གྲུབ་ཚར། ང་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་ཆུ་ལུད་ཀྱིས་གསོ་བཞིན་པའི་ས་བོན་ཞིག་ཡིན། ང་ནི་བཞི་བ་དགོས་ཆེད་ཀྱི་ཕྲད་ཅིག་ཡིན།
3
སྟོད་དུ་ཁ་བའི་རྡུལ་མང་བརྩེགས་པའི་གངས་རི་ཞིག་བཞེངས་ནས་འདབ་ལག་ལ་རྫ་རི་སྨུག་པོ་གཡའ་མའི་གོ་ཁྲབ་ཅན་ཞིག་བྲིས། ཕུ་རུ་སྨུག་སྤྲིན་གོ་ལོ་ལོ་བྱེད་ཅིང་རྩི་ཤིང་མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་རི་ལུང་ཞིག་བཀོད་ནས། དེ་ཡི་ངོས་སུ་རྔ་རྩིད་གཟེངས་གཟེངས་བྱེད་པའི་འབྲོང་ཁྱུ་ཞིག་གཤར་ཏུ་འཇུག་དགོས། མགོ་རྣ་དྲོང་དྲོང་གི་རི་སྐྱེས་ཁྱུ་ཞིག་ཀྱང་ཞོགས་སུ་འཇུག་དགོས། སྨུག་པའི་གསེབ་ཏུ་བྱེའུ་སྐད་གྱ་གྱུ་ཡིས་སོས་དལ་བག་ཕེབས་ཀྱི་རི་སྐེད་ནས་མཆེད་ཅིང་ཁུ་སིམ་པའི་རི་སུལ་དག་བརྟོལ་ཏེ། སྨོན་འདུན་དང་སྐྱ་རེངས་རེ་རེ་མཁའ་མཐའ་ནས་འཛུམ་པར་བསུ་མ་བྱེད་དགོས། སྨད་དུ་སྤང་ཐང་གི་རུམ་ཁ་ཆེ་རུ་ཕྱེས་ཏེ་ཀྱ་ཀྱུར་འབབ་པའི་ཆུ་ཕྲན་གྱིས་གཡུང་དྲུང་གི་རི་མོ་བྲིས་ནས་རྟག་བརྟན་མི་འགྱུར་བའི་དྭངས་གཙང་གི་སྨོན་འདུན་གྱིས་སྐྱེ་དངོས་ཡོད་ཚད་ཀྱི་རྩ་བ་བརླན་པར་བྱེད་དགོས་ཤིང་། མཚར་སྡུག་ཡིད་འོང་གི་སྐྱེ་སྟོབས་ཀྱི་དཔལ་གྱིས་སྐྱེ་དགུའི་མིག་ལ་གསེར་མདོག་གི་རི་མོ་འབྲི་བར་འབད་དགོས། ནམ་མཁའི་རྡོ་ལེབ་སྔོན་པོའི་ངོས་སུ་ཉི་མ་དང་ཟླ་བ་གཉིས་ལྷན་ཏུ་འཛོམས་ཤིང་སྐར་ཚོགས་དག་ཀྱང་འོད་ཚུབ་ཚུབ་ཀྱིས་འཛུམ་པ་འབྲི་དགོས། རྫས་དུད་ནག་པོ་དེ་དག་གཙང་མར་ཕྱིས་རྗེས། ཤུལ་དུ་དཀར་བོང་བོང་གི་སྤྲིན་པ་ཞིག་ལྷན་ཏེ། ལྷོ་ལམ་བསྙེག་པའི་དུས་ཀྱི་བྱ་ཁྱུས་སྤྲིན་པ་དེའི་ཁུད་དུ་གཤོག་འགྱུ་གློད་ཅིང་ནམ་འཕང་སྟོད་དུ་འཇུག་དགོས། ཕ་ཡུལ་ཟེར་བའི་བརྩེ་སེམས་མཚོན་བྱེད་ཀྱི་ཐ་སྙད་ཅིག་གི་ངོགས་སུ་ངས་ཀྱང་ཧེ་ཙི་ཇི་བཞིན་གཙང་བོ་དང་རི་བོ་རེ་རེའི་དྲོད་ཁོལ་འཁྱིལ་བའི་མིང་གིས་བོས་ཏེ། འདམ་བག་ཁམ་གང་གིས་ཡིད་སེམས་ཀྱི་རྨ་ཁ་ཡོད་ཚད་སོས་པར་བྱས་ནས། ཆགས་སྡང་གི་རི་མོ་གསལ་བའི་ཡབ་མེས་ཀྱི་བློ་གྲོས་མཚོན་བྱེད་ཀྱི་ཐ་སྙད་དག་ལ་ཆགས་པའི་ཉིན་གྱི་བཙའ་དང་མཚན་གྱི་གཡའ་རྣམས་བརྡར་ནས་སླར་ཡང་ཡང་འོད་ཀྲིག་ཀྲིག་གི་བཀྲག་མདངས་བཀྲ་བར་བྱེད། ཤི་བའི་དུས་ཀྱི་རུས་ཐལ་སྤར་མོ་གང་བོ་ཡང་ཡབ་ཆེན་གྱི་རི་ལུང་ཐང་གསུམ་དང་ཡུམ་ཆེན་གྱི་གཙང་ཆབ་སྔོན་མོའི་རྡུལ་དང་ཟེགས་མར་བཏབ་ནས་དུས་གཏན་དུ་མཛེས་སྡུག་དང་དགེ་མཚན་དག་གི་ཆ་ཤས་ཡང་ཤས་སུ་གྲུབ་དགོས། བདག་གི་རྣམ་ཤེས་དང་ཚོར་རེག་ཡོད་ཚད་གནས་འདིའི་ཁྲག་རྩའི་སྦུབས་སུ་མེ་ལྟར་འབར་ཞིང་གློག་ལྟར་འཁྱུག་ནས། སྐྱེ་དགུའི་དཔལ་དུ་དབྱར་གྱི་བུ་མོ་བག་མར་བསུས་ཏེ། ལྕགས་ཀྱི་ས་གཞི་ཞིག་བརླན་པར་བྱས་ནས། རྡོ་བའི་བར་སྣང་ཞིག་སིལ་བར་གཏོར་ན། བདེ་སྐྱིུད་ཅེས་པའི་ལྗང་མྱུག་རེ་རེ་ཡང་མི་ཡི་གཞིས་ཀ་དག་ལས་སྐྱེ་ཞིང་འཕགས་ངེས། རྒྱང་རིང་བའི་ནང་མི་དང་གཉེན་ཉེ་དག་ཀྱང་བདག་གིས་གཙག་ཅིང་དྲུབ་པའི་ཕ་ཡུལ་ཞེས་པའི་དར་ཆ་འདིའི་འོག་ཏུ་ཁ་ཞག་ཅིག་གེར་ཁུ་ཞག་ལྡེམ་མེར་འཛོམས་ཡོང་བར་རེ་སྒུག་གིས་མཚམས་སྤྲིན་གནམ་སའི་འདྲེས་མཚམས་སུ་དཔྱངས་ནས། ཉི་ནུབ་ཀྱི་གོང་ཁར་འགྲེང་སྟེ་ལྷོ་ལམ་བསྙེག་གིན་པའི་བྱ་ཁྱུའི་གཤོག་པའི་ངོས་སུ་དྲན་གདུང་ཞེས་པའི་ཡིག་འབྲུ་གཉིས་མིག་ཆུ་ཁོ་ནས་བྲིས། དབྱངས་གསལ་སོ་བཞིས་ལྕགས་ཀྱི་དྲྭ་བའི་རྒྱུ་སྤུན་བྱས་ཏེ། མེས་པོའི་རི་ལུང་ཐང་གསུམ་བསྐོར་ནས། དེའི་ནང་དུ་གཡང་གི་སྒོ་ཕྱུགས་འདི་དག་འཚོ་སྐྱོང་བྱེད་དགོས། ཁུལ་རྩིད་ལྡེམ་ལྡེམ་གྱི། བལ་ཁ་འཇམ་འཇམ་གྱི། དཔའ་མཛངས་མཚོན་བྱེད་ཀྱི། རི་དྭགས་ནས་སྒོ་ཕྱུགས་སུ་བཏུལ་བ་འདི་དག་འཚོ་སྐྱོང་བྱེད་དགོས། ཀི་རིང་གཅིག་གིས་མུན་པ་དང་མཚན་མོ་ཕར་ལ་བདས་ཏེ། འུར་ལྕགས་གཅིག་གིས་སྐྱ་རེངས་དང་ཉི་འོད་མཉམ་དུ་བསུས་ནས། མེད་མུག་གི་ཁ་ངོ་སེར་ཀས་ཟིན་པ་དག་གི་ཁྱིམ་ཕུག་ཏུ་མར་ཕྱུར་རྩམ་གསུམ་བྱེད། གསེར་གྱི་སྙེ་མའི་རླབས་རིས་ལྡེམ་པའི་རྣང་ཞིང་གྲུ་བཞི་བྱེད།
ང་ནི་ཞེན་ཆགས་ཀྱི་གཙང་བོས་ཁུར་ནས་ཉམ་ཐག་པའི་མིག་ཟུང་དག་གི་ཕྱི་དང་ནང་ལ་བབས་ནས། འཁྱག་གིས་བསྡམས་པའི་ཡིད་སེམས་ཀྱི་གཙང་བོ་དག་དྲོས་ནས་ཤང་ཤང་གི་རླབས་སྒྲ་སྒྲོག་པར་བྱེད། དེ་ཡི་ངོགས་སུ་མཚོ་མཐའ་སྐོར་བའི་ངང་བ་ཁྱོ་ཤུག་གིས་མགྲིན་པ་དཀྱོགས་ནས་ལྷན་འཛོམས་ཀྱི་གླུ་གཞས་འགུག་ཅིང་དཀར་འཇམ་སྒྲོ་སྤུས་དྲན་གདུང་གི་གཙང་བོར་རླབས་རིས་སློང་། སྨག་ནག་པའི་མཚན་མོ་རེ་རེར། ང་ནི་འབྱུང་བྱ་འུག་པའི་མིག་ལ་འཁྲིལ་ནས། སྐར་འོད་ལམ་ལམ་གྱི་ཟླ་བའི་གཙང་བོ་ཡང་དབང་ཕྱོགས་རི་རྒྱུད་ཀྱིས་བཀག་པའི་མཚན་མོ་འདིའི་མེལ་ཚེ་བྱེད་དགོས།
ང་ནི་འབྲོག་པ་ཞིག་གི་བུ་རུ་སྐྱེས་པས།ངས་རྨི་ལམ་གྱི་མངར་སྐྱུར་ཁ་བསྐ་ཡོད་ཚད་ཁོ་ཚོ་དང་འབྲལ་ཐབས་མེད་དེ།ཤར་ཕྱོགས་དུང་རི་དཀར་པའི་འདབ་ལག་དུང་གི་མཆོད་རྟེན་དང་རྩེ་མོ་ཉི་ཟླའི་ཕྲ་རྒྱན་ཡོད་ཚད་ནི་བདག་གི་རྨི་ལམ་གྱི་འཕུར་བསྐྱོད་ཀྱི་གཤོག་ཟུང་དང་མཛེས་སྡུག་གི་བསླུ་བྲིད་ཡིན།ང་ནི་རོང་ཁྱིམ་ཞིག་གི་བུ་རུ་སྐྱེས་པས། རྨི་ལམ་ལ་བཏབ་པའི་དོས་པོ་ཡོད་ཚད་ཁོ་ཚོ་ལས་ལོག་ན་ཡེ་ནས་མེད་པས། ལྷོ་ཕྱོགས་གཡུ་རི་སྔོན་མོའི་འདབ་ལག་གཡུ་ཡི་མཎྚིལ་དང་རྩི་བཅུད་གཡུ་ཡི་མེ་ཏོག་ཡོད་ཚད། བདག་གི་རུས་པའི་རྐང་དང་ལུས་ཀྱི་ཟུངས་སུ་གྲུབ་ཡོད། ང་ནི་དམངས་ཕལ་བའི་བུ་རུ་སྐྱེས་པས། ཁོ་ཚོའི་སྐྱིད་ལ་སྡུག་པའི་འཚོ་བ་དང་ལྕི་འདམ་ཁྲོད་ཀྱི་འདས་མ་ད་གསུམ་ངའི་རྨི་ལམ་གྱི་ལུས་ངག་ཡིད་དུ་འཐིམས་ནས་ཡོད།
4
བྱང་ཐང་ནས་བོར་བའི་ཚང་མལ་རལ་བོའི་ནང་གི་བྱེའུ་ཕྲུག་དམར་འབྱར་དག་འཆིང་བར་བླངས་ནས་མཆིན་ཁར་སྦྱོར་གྱིན། ལྷག་རླུང་གིས་འགེམས་ཀྱིན་པའི། མེ་ལྕེས་འཚིག་གིན་པའི། ལོ་ཟླའི་གཡང་ལ་ལྷུང་གིན་པའི། བདེ་སྐྱིད་ཀྱི་མངའ་ཐང་དེ་དག མིའི་རིགས་ཀྱི་རྒུད་པ་ཡོད་ཚད། ངའི་གཤོག་འོག་ལ་བཅུག་ཅིང་ཐོང་འོག་ནས་གཉོར་དགོས། ང་ནི་ཆར་ཐིགས་ཤིག་གི་ཚུལ་དུ་“མི་རིགས”་ཟེར་བའི་རིང་ལུགས་ཀྱི་འགས་གཏོར་ ཐེབས་པའི་འཛམ་གླིང་དམག་ཆེན་གཉིས་པའི་བར་སྣང་ལ་བསྒོས་པའི་རྡུལ་གྱི་ཚོགས་ལ་བབས་ནས། 9.11གིས་ཨ་རིའི་མཁའ་དབྱིངས་སུ་འཕྲེད་དུ་འཐེན་པའི་དུད་སྨུག་གི་གསེབ་ལ་འཐོར་ནས། འཇིག་རྟེན་གྱི་ཡལ་ག་རེ་རེར་ཐོགས་ནས་འཕུར་ལ་བྲེལ་བའི་ཚེ་སྲོག་གི་བྱེའུ་དག་གི་མགོ་ཐོག་ཏུ། སྤྲིན་པ་རལ་བའི་རྗེས་ཀྱི་ཉི་འོད་དང་ཉི་འོད་ཀྱི་འདབ་ཁས་རྡེག་གིན་པའི་ནམ་མཁའ་སྔོན་པོར་དབྱི་དགོས ང་ནི་ས་བོན་རྡོག་གཅིག་གི་ཟོལ་གྱིས་བུ་མོ་རོ་ཁཱ་ཤ་ན③་ཡི་རྡོ་བས་བསྣད་པའི་ཁྲག་དམར་ཙར་ཙར་གྱི་རྨ་ཁ་དག་དུ་ལྷུང་ནས། རྡོ་བ་དང་མུན་པའི་ཆར་བའི་ཁྲོད་དང་སྡུག་ཡུས་དང་རེ་ཆད་ཀྱི་པང་དུ། སྐྱོ་ལ་བརྗིད་པའི་སྐད་ཆ་དང་བརྩེ་དུང་ཁུར་ནས། རེ་བའི་ལྗང་མྱུག་འབུས་ཤིང་མཉེན་འཇམ་གྱི་འདབ་མ་དག་ཕྱོགས་ཕྱོགས་སུ་བརྐྱངས་སྟེ། གདུག་རྩུབ་ཀྱིས་གཟེང་བའི་མཆེ་བ་དང་སྡེར་མོའི་རྣོ་དབལ་ལ་གླན་གྱིན། མིའི་རིགས་ཀྱི་དཔལ་ཡོན་གྱི་རི་སྒང་མ་ལུས་གྲིབ་གཟུགས་ཀྱིས་སྒྲིབ་ཀྱིན་པའི་ས་སྲོད་ཀྱི་གཏམ་རྒྱུད་གླེང་། ཁྲོ་བའི་བཞིན་ལ་གཡོག་པའི་རྨོངས་པའི་ན་བུན་དག་ཕར་དེད་ནས། འཛུམ་གྱི་ཉི་ཟེར་ལས་སྙིང་རྗེའི་གང་བུ་འཁྲུངས་ཤིང་གཞན་གཅེས་ཀྱི་ཟེའུ་འབྲུ་རེ་རེ་ལྗིད་ཏིག་ཏིག་གིས་སྨིན་པར་བྱེད། ངས་ནི་བྱིས་པ་ཨ་ལན་ཁུར་ཌི་④ཡི་མིག་མདུན་དུ་གསེར་གྱི་ལོ་མས་ཚང་མལ་བྲིས་ཏེ།ཡ་ང་བའི་དམག་འཁྲུག་གི་མེ་ལྕེ་གཞོམས་རྗེས། སྡུག་བོའུ་དག་གི་སོ་ཁུང་ལ་མེ་ཏོག་དཀར་པོའི་འདབ་མ་དྲུག་ཏུ་བཞད་ཅིང་། སྙིང་དུ་སྡུག་པའི་རྩེད་ཆས་དག་ཀྱང་ས་རྡུལ་གྱི་ཁྲོད་ནས་ཡར་བླངས་ཏེ་སྤྲུག་སྤྲུག་བྱས་ཤིང་མཚན་ཞག་སྟོང་གི་གཏམ་རྒྱུད་ཀྱིས་སྟོན་ནམ་རིང་མོ་དག་ཕར་དེད་ནས། ལྷུག་ལྷུག་དགོད་ཀྱང་ལྡེམ་ལྡེམ་འཁྱུག་པའི་པྲ་ཆལ་གྱི་བྱིས་པ་དག་དང་ལྷན་དུ་ཞེད་སྣང་དང་སྐྱོ་སྡུག་མཚོན་བྱེད་ཀྱི་ཐ་སྙད་དེ་དག་བོར་བའི་རང་དབང་གི་རྩེད་ར་གྲུ་བཞི་ཞིག་སྐྲུན་དགོས། སྐོམ་ན་ཨ་མའི་པང་དང་ལྟོགས་ན་ཨ་ཕའི་གམ་ལ་བཅར་ཆོག་པའི་སོས་དལ་གྱི་ཉིན་དང་མཚན་མོ་ཅི་འདོད་དུ་སྦྱིན་དགོས། ལམ་འཛོལ་བྱུང་བའི་མི་དག་སོང་སོང་བའི་མཐར་རང་ཁྱིམ་རྙེད་པའི་ལམ་གྱི་སྐྱ་རིས་སྙིང་ཉེ་ཞིག་ཀྱང་འབྲི་དགོས།
མདོར་ན་ཤ་ཁྲག་གདོས་བཅོས་ཀྱི་ཕུང་བོར་ཆགས་སྡང་གི་ཚོར་བས་བརླམས་པའི་མིའི་རིགས་ཀྱི་ཕུ་ནུ་ཡོད་ཚད། བདག་གི་རྨི་ལམ་གྱི་ཁུད་དུ་ཤ་མདོག་དང་དད་མོས་ཀྱི་དབྱེ་བ་མེད་པར། རྒྱལ་ཁབ་ཟེར་བའི་མི་སྙོམས་པ་དང་མི་རིགས་ཟེར་བའི་མི་དྲང་བ་དག་གི་བཙན་རྫོང་གི་ལྕགས་རི་མེད་པར། མཐོ་དམའ་དང་བཙན་གཉོམ་གྱི་ཆོ་ལོ་ཡོད་ཚད་བཤིག་ནས། འདྲ་མཉམ་དང་དཀྱེལ་ཡངས་ཀྱིས་མཚམས་དང་བར་ཐག་ཡོད་ཚད་རྨང་ནས་གཏོར་ཏེ། ལག་པའི་ནང་ལ་ལག་པ་འཇོག་ཅིང་སེམས་པའི་ནང་ལ་སེམས་པ་བསྲེས་ནས་“ང་ཚོ་གཅིག་ལ་འདྲིལ་ཤོག ང་ཚོ་གཉིས་ལ་འདྲིལ་ཤོག ང་ཚོ་ཁ་བཏགས་དཀར་པོའི།།རྒྱུ་དང་སྤུན་ལ་འདྲིལ་ཤོག །”ཅེས་པའི་གླུ་སྐད་ཅིག་གི་གདངས་དབྱངས་ལ་འཐིམས་པར་བྱེད་དགོས།
5
ཡིན་ཡང་། བྱ་ཕོས་འཛེར་འཛེར་གྱི་སྐད་ངག་དང་འཚང་ཁ་ཤིག་ཤིག་གི་སྐད་སྒྲ་ཡོད་ཚད་ཀྱིས་ང་རང་རྨི་ལམ་ལས་མངོན་སུམ་གྱི་པང་ལ་གཡུག་དུས། ངས་ཀྱང་ཕངས་སེམས་དང་བཅས་གས་ཆག་ཤོར་བའི་རྨི་ལམ་ཡོད་ཚད་ཚིལ་དྲེག་དང་ལྷན་དུ་ཆུ་ལ་སྦངས་ཤིང་། བྲད་ཅིང་བཀྲུས་ནས་ཐང་ལ་བྱོ་ཞིང་རྡུལ་ལ་བགོས་ཏེ། དུས་ཀྱི་ཆོས་ཉིད་ཀྱི་དབང་དུ་གྱུར་ནས་དབྱར་དགུན་སྟོན་དཔྱིད་མ་ལུས་རྐང་ཐང་གིས་བརྒལ་དགོས་བྱུང་།