རྫ་བུམ་ལ་འཁོར་བའི་རྣམ་ཤེས།

གངས་དབང་། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


        བར་སྣང་ལ་རྣམ་ཤེས་ཡོད་ན་དགའ་དུས་སྦྲང་ཆར་བདུད་རྩིའི་བསིལ་མ་དང་།
        ཁྲོ་དུས་དྲག་ཆར་སེར་བའི་མཚོན་ཆ་ཕབ། ས་གཞི་ལ་རྣམ་ཤེས་ཡོད་ན་འཁྱག་དུས་ས་བོན་གྱི་རྨི་ལམ་རུམ་ཞིང་། དྲོ་དུས་འབྲུ་དྲུག་ལ་དངོས་གྲུབ་བསྩལ་བ་ལྟར་སྲིད་པ་ཆགས་གླུའི་འགོ་བརྗོད་བརྩམས་པའི་དུས་སུ། ས་སྲ་མོས་རྡོ་རུམ།ཆུ་བརླན་པ་ཡིས་ས་བཤེར།མེ་དྲོན་པོ་ཡིས་དྲོད་བསྐྱེད། རླུང་ཡང་མོ་ཡིས་མེ་སྦར་བས་ང་སྟོད་ཀྱི་གངས་རིའི་ཁ་བའི་སྦུབས་སུ་སིམ་སྟེ་གངས་སེང་གི་འོ་མ་བཏུང་ནས། བྱ་རྒོད་ཀྱི་གཤོག་པར་བཅིབས། སྨད་ཀྱི་སྣུམ་ནག་གི་ཞིང་ས་རུ་འབྲུ་དྲུག་གི་ས་བོན་དང་ལྷན་དུ་སྙེ་མའི་རྦ་རླབས་གཡོས་ཏེ། ནས་ཆང་གི་བཟི་ཁ་དོད། བར་གྱི་བྱང་ཐང་དུ་ནོར་ལུག་གི་རྨིག་པ་རུ་ས་གཞིའི་རྒྱ་ཁྱོན་འཇལ་ཞིང་། ངུར་འབའ་ཡི་རོལ་དབྱངས་དཀྲོལ།
        རྡོ་རིང་ཡི་གེ་ཅན་གྱེན་དུ་བསླངས་པའི་སྐབས་སུ་གངས་རི་དཀར་སིང་ངེར། རྫ་རི་དམར་ལྡང་ངེར། སྤང་རི་སྔོ་ལྗང་གེར།ནགས་ཚལ་སྣུམ་ཤིག་གེར། ཆུ་བོ་དྭངས་གསལ་ལེར་གྱིས་བྱིས་པ་རྣམས་གངས་འདབས་སུ་མེ་ཏོག་ལྟར་སྐྱེས། དར་གཞོན་རྣམས་རྒྱ་རྫོང་དུ་གསོམ་ཤིང་ལྟར་འགྱིང་། རྒས་འཁོགས་རྣམས་སྤང་ནགས་མཚམས་བྲག་རི་ལྟར་བཞེངས།
        གཡུང་དྭགས་ལུག་ལྤགས་སྤྱང་ཁྱིས་ཧྲལ་བའི་དུས་སུ་ཕ་དམ་པ་སྲ་མཁྲེགས་ཀྱི་རྡོ་བར་དུ་བཙིར། མ་མཁའ་འགྲོ་མ་ཡང་མོ་རླུང་གིས་དབྱིངས་སུ་སྤུར། བུ་ཆེ་འགོ་མ་ཚ་མོ་མེ་ཡིས་སེམས་པ་ཚིག བུ་མོ་གནས་འགྲོ་མ་བརླན་པ་ཆུ་བོ་ཡིས་སྣེ་ཁྲིད་པས་ངའང་འབྱུང་བཞི་འཁྲུགས་པའི་ལུས་ཕུང་ལ་གནས་ཐབས་མེད་པར་རི་མཐོན་པོའི་རྒྱབ་རྟེན་ཞིག་ཨེ་རྙེད་བལྟས། ཆུ་ཆེན་པོའི་ཟམ་ཆེན་ཞིག་ཨེ་ལོན་རེ་མོད། མཐར་ཅི་ཡང་མ་རྙེད་པར་རྟ་བརྒྱའི་རྨིག་སྒྲ་ཡིས་རྒྱབ་ནས་དེད་པས་ལོ་ངོ་སྟོང་དུ་ལོན་པར་གྲགས་པའི་ཤིང་སྡོང་ཞིག་གི་ཁོག་ཏུ་ཞུགས། ཤིང་སྡོང་དེར་འབུ་སྲིན་ཞུགས་ནས་ཡུན་རིང་སོང་ཡང་ཡལ་གར་གནས་བཅས་པའི་ཤིང་རྟ་མོ་བྱིས་པ་བསམ་མེད་ཅིག་གིས་བསད་པས་ཤར་རླུང་གིས་ནུབ་ལ་གཡོས།
        བྱང་རླུང་གིས་ལྷོ་རུ་དེད། དེ་ནས་ང་ལོ་མ་སེར་པོ་ཞིག་ནང་འཁུམས་ཏེ་རླུང་ལ་བཞོན་ནས་ཡར་འཕུར་མར་འཕུར་གྱིས་ཁྲོན་པ་ཞིག་གི་ཁ་རུ་ལྷུང་། ཁྲོན་པ་དེ་ནི་ཆུ་འགོ་ཆད་པའི་བདག་མེད་ཅིག་ཏུ་གྱུར་ཚར་བ་ཤེས་མུར་ང་ཆུ་ཁུར་བུ་མོའི་ཆུ་ཟོམ་ལ་འབྱར་ཏེ་བོད་མིའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་སུ་ལོག་འདོད་མོད། བུ་མོས་བརྡབ་གསིག་ཅིག་གིས་ང་མཁར་རྫོང་ཞིག་གི་ཤུལ་དུ་ལྷག མཁར་རྫོང་དེ་ན་འདུ་འཛི་ཧ་ཅང་ཆེ་སྟེ། ཆོས་པ་ཚོས་འདི་ནི་གྱི་ཆོས་གཡང་འཁོར་ས་ཡིན་ཞེས་བསང་དུད་ཕུལ། སྲིད་པ་ཚོས་འདི་ནི་ཁྲིམས་གཡང་འཁོར་ས་ལགས་ཞེས་བསྒྱུར་སློག་བརྒྱབ། ཚོང་པ་ཚོས་འདི་ནི་ནོར་གཡང་འཁོར་ས་ཡིན་ཞེས་སྔོག་འདོན་བྱས་པས་ངའང་འདུག་བཟོད་མེད་པར་རྫི་བོ་ཞིག་གི་འུར་རྡོ་ལ་འབྱར་ཏེ་རི་བོ་ལ་སོང་། སྣང་མེད་ཀྱི་རྫི་བོས་འུར་རྡོ་འཕེན་ཐེངས་གཅིག་གིས་ང་རང་རི་འདབས་ཀྱི་ས་གཤོང་གཤོང་ཞིག་ནང་འཕངས།
        དེ་ན་དགུན་ཁ་བས་རུམ་ཞིང་དབྱར་ཆར་ཆུས་བཀྲུས།ཉིན་ཉི་མས་དྲོད་ཅིང་མཚན་ཟླ་བས་བསྲུངས་པས་ང་ས་སྤྱིན་དམར་པོ་དང་མཉམ་དུ་དུས་ཀྱི་བརྗེ་ལེན་བར་ཡུན་རིང་དུ་ལུས།དཔྱིད་དུས་མེ་ཏོག་བཞད་ཅིང་ཆར་བསིལ་མ་བབས་པའི་ཉིན་ཞིག་ལ་རྒན་པོ་སྨྲ་ར་ཅན་ཞིག་གིས་ལག་ནང་རྐོ་མ་ཁྱེར། རྒྱབ་ལ་སླེ་བོ་ཁུར་ནས་དེ་གར་ལྷགས། ཁོང་གིས་ལག་པས་ས་སྤྱིན་དམར་པོ་ལ་རེག་རེག་བྱས། མིག་ཟུང་གིས་ཡར་ལྟ་མར་ལྟ་བྱས་རྗེས་ང་དང་ས་སྤྱིན་དམར་པོ་ལྷན་དུ་བརྐོས་ཏེ་སླེ་བོ་གང་བླུགས་ནས་གོམ་པ་འཁྱར་ཁྱོར་ངང་ཁྱིམ་དུ་ཁྱེར་སོང་།ལམ་བར་དུ་ངའི་བསམ་པར་ད་ཐེངས་ཀྱང་སྔོན་མ་དང་འདྲ་བར་ཡང་མིན་ན་རླུང་གིས་ཁྱེར།ཡང་མིན་ན་ཆུ་ནང་ལྷུང་རྒྱུ་རེད་བསམས་ཏེ་སླེ་བོའི་ནང་དོགས་པ་དང་འཇིགས་སྐྲག་ཆེན་པོ་སྐྱེས་མོད། རྒན་པོས་གོམ་པ་རེ་རེ་བརྟན་པོར་སྤོས་ཤིང་ལག་པས་སླེ་བོ་དམ་པོར་བསྐྱོར་བས་བདེ་བླག་ངང་ཁྱིམ་དུ་སླེབས་སོང་།
        ཁྱིམ་དུ་སླེབས་མ་ཐག་རྒན་པོ་སྨྲ་ར་ཅན་དེས་ང་དང་ས་སྤྱིན་དམར་པོ་རྣམས་ལྷན་དུ་ཉི་མར་ལྡེས་རྗེས་ཤིང་དུམ་བུ་ཞིག་གིས་ཞིབ་ཞིབ་ཏུ་བརྡུངས། ས་ཚགས་ཀྱིས་གཙང་མར་བཙགས་ཏེ་རླུང་གིས་ཟད་པའི་རྡོ་ཞིབ་དང་བྱེ་ས་དཀར་པོ་བཅས་ལྷན་དུ་བསྲེས་ནས་ཆུ་གཙང་མ་ཡིས་སྦྱོར། དེ་ནས་དབྱུག་པ་ཞིག་གིས་ལེགས་པར་བརྡུངས་ཀྱིན་ཕྱག་ཟུང་གིས་ཚགས་དམ་པོ་དང་འཇམ་པོར་མཉེད་རྗེས་ཤིང་གྲི་དང་བཅས་པས་རང་གི་འདོད་པ་ལྟར་གྱི་རྫ་ཆས་བཟོས། དེའི་ཐོག་ལ་དཀར་ཡོལ་ཆག་རོ་ཡིས་བཀྲ་ཤིས་པའི་རི་མོ་བྲིས། དེ་ནས་དང་ཐོག་མེའི་འགྲམ་དུ་ལྡེས། ཅུང་བསྐམས་རྗེས་རྫ་ཆས་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ་མེ་ནང་བསྲེགས་ནས་སྐམ་པོ་དང་ནག་པོར་ཆགས་སུ་བཅུག
        ཐགས་མཁན་གྱིས་ཐགས་བཏགས་པ་དང་མགར་མཁན་གྱིས་ལྕགས་རྡུང་བ། བྲིས་པ་ཡིས་རི་མོ་བྲིས་པ་ལྟར་རྒན་པོ་སྨྲ་ར་ཅན་གྱིས་བབ་བརླིང་བརྟན་གསུམ་གྱིས་བཟོས་པའི་རྫ་ཆས་རྣམས་གསེར་དངུལ་ལྟ་བུ་རིན་གོང་མི་ཆེ་ཡང་། རྒན་པོའི་མི་ཚེ་གཅིག་གི་འདུ་བྲལ་གྱི་དགའ་སྐྱོ་དང་། རྒྱལ་ཕམ་གྱི་ཁེ་གྱོང་། ཕ་བུའི་བརྩེ་བ།བཟའ་ཟླའི་དུངས་སེམས་བཅས་ཡོད་ཚད་དེ་ཚོར་བཅོལ་ཡོད་པས། དེའི་ནང་གཞན་ལས་ཁོག་ཆེ་ཞིང་དཔང་མཐོ་ལ། ཕྱི་ལ་གཡུང་དྲུང་དང་དཔལ་བེའུ་ཡི་རི་མོ་ཡོད་པའི་རྫ་བུམ་ཞིག་གི་ནང་ངའི་རྣམ་ཤེས་ཞུགས་ཡོད། མི་ལ་རྣམ་ཤེས་ཡོད་ན་མི་ཡི་རིན་ཐང་མངོན་པ་ལྟར་རྫ་བུམ་དེར་ང་ཞུགས་ཡོད་པས་གཞི་ནས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་ནུས་པ་འཛོམས་ཏེ་གཞན་དང་མ་འདྲ་བར་སྣུམ་ཤིག་གེའི་འོད་མདངས་འཕྲོས།
        མི་རྣམས་ཀྱིས་རྫ་བུམ་དེ་ལ་བྱིལ་བྱིལ་བྱེད་དུས། རྒན་པོས་གཟབ་གཟབ་གྱིས་ཨ།སེམས་མེད་ཀྱི་དངོས་པོ་སེམས་ཡོད་མིའི་ལག་ནང་ཆག་ན་གྱོང་གུད་ཆེན་པོ་རེད་ཅེས་ནོར་རྩིས་ཆེ་བའི་ཉམས་བསྟན་དུས་རྒྱུ་ངོ་ཤེས་མིན་ཀུན་གྱིས་ཆེ་བསྟོད་དང་འུར་སྒྲོག་བྱས།
        ཡུལ་དེ་གའི་དགའ་སྟོན་རྟེན་འབྲེལ་གྱི་སྐབས་སུ་རྒན་པོ་སྨྲ་ར་ཅན་དེས་རྫ་བུམ་གྱི་སྐེ་ལ་དར་དཀར་པོ་ཞིག་བཏགས།
        ནང་ལ་ཆང་གར་པོའང་ཇ་ཞིམ་པོ་གང་བླུགས་ཏེ་མཆོད་བཤད་འདི་ལྟར་བྱས།
འོ་ལགས་སོ།
མཆོད་དང་པོ་ཨ་སྔོན་དགུང་ལ་མཆོད།།
དགུང་ཉི་ཟླ་འཛོམས་པའི་བཀྲ་ཤིས་ཤོག།
མཆོད་གཉིས་པ་བར་སྣང་ལྷ་ལ་མཆོད།།
ལྷའི་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག།
མཆོད་གསུམ་པ་དོག་མོ་ས་ལ་མཆོད།།
ས་འབྲུ་དྲུག་སྨིན་པའི་བཀྲ་ཤིས་ཤོག།
ཡྰ་ལགས་སོ།
བོད་རྟེན་འབྲེལ་གྱི་བདག་པོ།
རི་ནོར་བུ་འདྲ་བའི་འདབས་ལ།།
ས་བསོད་ནམས་འཁོར་བའི་དྲིན་གྱིས།།
རྫ་བུམ་པ་འཁྲུངས་སྟངས་ཡག་མོ།།
གངས་ཁ་བའི་རྣམ་ཤེས་ཞུགས་ཡོད།།
ཁ་ནི་ཉི་མའི་དཀྱིལ་འཁོར་དང་།།
ཡུ་བ་ཡར་ངོའི་ཟླ་བ་ནི།།
ཉི་ཟླ་འཛོམས་པའི་རྟེན་འབྲེལ་ཡིན།།
སྐེ་ནི་རྡོ་རྗེ་ཕྲ་མོ་དང་།།
ལྟོ་བ་མེ་ཏོག་གོང་བུ་ནི།།
བྱམས་དང་སྙིང་རྗེ་ལྡན་པའི་རྟགས།།
ཕྱི་ལ་གཡུང་དྲུང་རི་མོ་དང་།།
ནང་ལ་ཇ་ཆང་བདུད་རྩི་ནི།།
སྣོད་ཀྱི་འཇིག་རྟེན་མི་འགྱུར་ཞིང་།།
བཅུད་ཀྱི་སེམས་ཅན་བདེ་བའི་རྟགས།།
ཡྰ་ལགས་སོ།
བོད་རྒྱུ་འབྲས་ཀྱི་བདག་པོ།།
རྫ་བུམ་ཆང་གིས་བསྐངས་ཏེ།།
ཕོ་བརྒྱའི་གྲལ་འགོར་བཞག་དུས།།
བོད་མི་ཁ་གྲག་དབང་ཆེན།།
ནམ་མཁའི་འབྲུག་ལྟར་གྲག་སོང་།།
རྫ་བུམ་ཇ་ཡིས་བསྐངས་ཏེ།།
མོ་བརྒྱའི་གྲལ་དཀྱིལ་བཞག་ན།།
བོད་མིའི་ལས་དང་བསོད་ནམས།།
རྒྱ་མཚོའི་གཏིང་ལས་ཟབ་སོང་།།
རྫ་བུམ་འོ་མས་བསྐངས་ཏེ།།
བྱིས་པའི་དཀྱིལ་དུ་བཞག་ན།།
བོད་མི་སེང་རྒྱུད་ཅན་གྱི།།
གཡུ་རལ་མཁའ་ལ་འཕྱོ་སོང་།།
ཡྰ་ལགས་སོ།
བོད་ལས་སྨོན་གྱི་བདག་པོ།།
སྐེ་ལ་བཀྲ་ཤིས་རྟགས་བརྒྱད་ནི།།
རིགས་རུས་གཙང་བའི་རྟེན་འབྲེལ་ཡིན།།
ལྟོ་བར་བཀྲ་ཤིས་རྫས་བརྒྱད་ནི།།
ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་ཡིན།།
ཞབས་ལ་པད་མ་འདབ་བརྒྱད་ནི།།
འཁོར་བ་ཟིན་པའི་རྟེན་འབྲེལ་ཡིན།།
ཁ་ལ་འོ་ཞིག་བྱས་པ་ན།།
སེང་གེའི་འོ་མ་བཏུང་བ་འདྲ།།
སྐེ་ལ་སྤར་འཁྱུད་བྱས་པ་ནི།།
དགེ་སྡིག་ལྕི་ཡང་བཀྱགས་པ་འདྲ།།
ཡུ་བར་ལན་གཅིག་འཇུས་པ་ནི།།
ཟླ་བའི་འོད་སྣང་རྙེད་དང་མཚུངས།།
ལྟོ་བར་ཐོད་པ་གཏུགས་ཙམ་གྱིས།།
འབྱུང་བཞིའི་རྣམ་ཐར་བཀླགས་པ་འདྲ།།
སྐེ་ཡི་ཁ་བཏགས་དཀར་པོ་འདིས།།
རྒྱལ་ཁམས་གཡང་དགུ་འགུགས་པརགཤོག།
ཡུ་བའི་ཁ་བཏགས་སེར་པོ་འདིས།།
བུམ་པའི་རླུང་རྟ་དར་བར་ཤོག།
ལྟོ་བའི་ཁ་བཏགས་སྔོན་པོ་འདིས།།
གནམ་ས་བུམ་པར་ཤོང་བར་ཤོག།
        ཅེས་ཚིག་གི་སྡེབ་སྦྱོར་མི་འདྲ་བར་བསྟུན་ཏེ་ངག་གི་འདེགས་འཇོག་ལའང་འགྱུར་ཁུག་མང་ཞིང་སྙན་འཇེབས་ལྡན་པས་མཆོད་བསྟོད་ཕུལ་ཐེངས་རེར་མི་རྣམས་ཀྱི་སྙིང་ཁམས་ཀྱང་རྒན་པོའི་ངག་གི་མཐོ་དམའ་ལྟར་འཕར་ལྡིང་བྱས་ཏེ་ལགས་སོ་ཞེས་པའི་སྒྲ་ཡི་རྒྱུན་མི་ཆད།
        དེ་ལྟར་དུས་ཡུན་མི་ཐུང་བ་ཞིག་ནང་མི་རྣམས་ཀྱིས་ཐང་བདེ་མོར་རྫ་བུམ་མཐོ་རུ་བཏེགས་ནས་ཆང་གི་དགའ་སྟོན་མཛད། ལ་མཐོན་པོར་རྫ་བུམ་ཁུག་མར་བཅུག་སྟེ་ཇ་ཡི་གསོལ་སྟོན་དྲངས།
        རྒན་པོ་སྨྲ་ར་ཅན་གྱིས་ཁང་ཐོག་ཏུ་སྐྱིལ་ཀྲུང་བཅས་ཏེ་རང་གི་ལག་ནས་ཐོན་པའི་རྫ་བུམ་ནང་གི་ནས་ཆང་བཏུང་ནས་བཟི་ལ་མ་བཟི་བའི་དུས་སུ་ལག་པས་རྫ་ཆས་རྣམས་ལ་བྱིལ་བྱིལ་མཛད། མིག་ཟུང་གིས་རྒྱུན་དུ་ས་སྤྱིན་དམར་པོ་བརྐོས་པའི་ཕྱོགས་ལ་རྒྱང་ལྟ་བྱས།སེམས་ཀྱིས་གྲོང་པའི་ན་གཞོན་ཚོས་ཤེལ་དམ་ལ་ཁ་སྦྱར་ནས་ཆང་དང་སྐམ་ཆུ་བཏུང་བའི་ཚུལ་དྲན་དུས་སྨྲ་བསམ་བརྗོད་ལས་འདས་པའི་སེམས་ཁྲལ་ཞིག་གིས་ཁོག་པར་གཅུ་ལོག་བརྒྱབ།
        བརྩེ་བ་དང་སྙིང་རྗེ་མེད་པའི་དུས་ཀྱི་འགྲོས་སུ་རྫ་ཆས་རྣམས་རིམ་གྱིས་གྲལ་འགོ་ནས་གྲལ་མཐར་ལྷུང་ཞིང་། ཉི་འོད་ནས་མུན་པར་བཅར་བས་ཐབ་ཀའི་འགྲམ་དུ་རླངས་པ་འཕྱུར་བའི་རྫ་བུམ་རིག་རྒྱུ་དཀོན་ལ། རྟེན་འབྲེལ་གྱི་ཚོགས་སུ་མཆོད་པ་འབུལ་བའི་བསྟོད་ཚིག་ཆ་ཚང་བ་ཞིག་ཀྱང་ཐོས་རྒྱུ་ཉུང་།
        ན་གཞོན་རྣམས་ཀྱིས་ལག་ཏུ་བཟུང་བ་ནི་ལྕགས་དང་ཧ་ཡང་། འགྱིག་ལས་བཟོས་པའི་བུམ་པ་འདྲ་བཅོས་མ་རྐྱང་རྐྱང་རེད། རྫ་བུམ་ནི་ཁ་ལེབ་བཙན་པོར་བརྒྱབ་སྟེ་ཁང་པ་རྙིང་པའི་ཟུར་ཞིག་གི་སྟེགས་ཁྲིད་ཐོག་ཁེར་རྐྱང་དུ་ལུས་ཡོད་པས་ང་ཡང་ཇ་ཡི་ཇ་རོ་དང་ཆང་གི་སྙིགས་མ་དང་ལྷན་དུ་བུམ་པའི་ཞབས་མཐིལ་དུ་ཉལ་བ་ལས་འོད་ཀྱི་ཟེགས་མ་ཙམ་ཡང་མ་མཐོང་ནའང་། ཕྱི་རོལ་གྱི་ཆར་རླུང་འུར་སྒྲ་ནང་གི་བྱིས་པའི་ངུ་སྐད་དང་། བཟི་བོའི་དམ་བི་ས་ཐོག་ལྷུང་བའི་ཆག་སྒྲ་བཅས་ད་དུང་གསལ་ལྷང་ལྷང་དུ་ཐོས།
                སྟབས་ལེགས་ན་སྒེའུ་ཁུང་ལས་ཉི་མའི་གསེར་ཐིགས་ཤིག་རྫ་བུམ་གྱི་ལྟོ་བར་ཕོག་པ་ནི་ངའི་དྲོད་ཚད་དང་སེམས་གསོ་ཉག་ཅིག་ཡིན་པས། མཚམས་མཚམས་སུ་དེ་ནི་མཐོ་སར་འཕགས་པའི་གསེར་སྐུད་དུ་བསྒོམས་ཡོད་དེ། གསེར་སྐུད་དེ་ནི་རྒན་པོ་སྨྲ་ར་ཅན་དེའི་བསྔོ་སྨོན་ལས་འཕྲོས་པ་ཞིག་རེད་འདུག སྐབས་འགར་ཐག་རིང་ནས་འོངས་པའི་མི་རྣམས་ཀྱིས་ཡིན་མིན་དང་ཡག་བཙོག་གི་རྩོད་གླེང་གང་མང་བྱས་མཐར། ཕྱིར་ལོག་ནས་རྒན་རྒོན་རྣམས་ལ་ལྟད་མོ་མཐོང་ཚུལ་བརྒྱ་བཤད་སྟོང་སྒྲོག་བྱས་མོད། ལྟད་མོ་ནི་ལྟད་མོ་ཙམ་ཏེ།ཁ་ཚུར་འཁོར་དུས་མིག་ལམ་དུ་ཤར་བ་ཙམ་ལས་རྒྱབ་གཏད་ནས་འགྲོ་དུས་སེམས་པའི་གཏིང་ནས་བརྗེད་ཚར།མཚམས་རེར་བྱིས་པ་བསམ་མེད་ཚོས་མེ་ཏོག་རྫུན་མ་འགའ་རྫ་བུམ་གྱི་ཁ་ལ་བཙུགས་ཏེ་སྟོང་འདིང་བརྒྱབ་མོད། དྲི་མེད་མེ་ཏོག་རྫུན་མ་ལ་། བུང་བ་ལྟ་ཅི་འབུའང་འཁོར་སྲོལ་མེད།
        རྫ་བུམ། མེས་པོ་ཨག་ཚོམ་ཅན་ནས་བརྒྱུད་དེ་ཕྱི་རབས་རལ་པ་ཅན་ཚོས་བོར་ཡང་རྒན་པོ་སྨྲ་ར་ཅན་གྱིས་རྙེད་པའི་བུམ་པ་རྣམ་ཤེས་ཅན་ཞིག ཆུ་སྐྱོར་གྱི་ནུས་པ་བག་ལ་ཉལ་ཏེ་ཆ་སྒམ་ནང་འཇམ་ཅག་གེར་བཞག་ནས་ཡུལ་དུས་ཀྱི་དབང་གིས་ཞིག་པ་ལས།ལུགས་ཟུང་ལག་བསྟར་གྱིས་ཕྱི་ནང་ཟད་ན་དགའ་ཞེས་པ་ནི་རྫ་བུམ་ལ་འཁོར་བའི་རྣམ་ཤེས་ཀྱི་དམ་བཅའ་ཡིན་ན། ཁྱེད་ཚོས་ཡང་མིན་ན་རྣམ་ཤེས་འཕོ་ཐབས་ཤིག་གནང་རོགས། ཡང་མིན་ན་ནོར་ཉམས་ཆོད་པའི་ནོར་བདག་ཅིག་བྱེད་རོགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1