ལམ་དང་ཟམ་པ།
འབའ་གདུགས་བྷེ། [མཚོ་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23
1
འཇིག་རྟེན་དུ་འགྲོ་བ་མིའི་རིགས་ཡོད་པ་ནས་ད་གཟོད་ལམ་ཡོད་པ་ཡིན། ལམ་དེ་ཐད་ཀར་གང་ལ་ཟུག་འདུག། ལམ་དེ་ང་ཚོའི་རྐང་འོག་ནས་རྒྱང་དུ་བསྲིངས་ཤིང་། རྒྱང་རིང་གི་དམིགས་ཡུལ་གང་ཞིག་དང་ཉེ་བར་སྦྲེལ་ཡོད།
ལམ་ལ་གཞུང་ལམ་དང་རྐང་ལམ། ཆུ་ལམ། མཁའ་ལམ། གཞན་ད་དུང་མི་མངོན་པའི་ལམ་སོགས་ཀྱང་ཡོད་པ་དང་། ལམ་ལ་ཆེ་ཆུང་དང་རིང་ཐུང་།ཀྱག་ཀྱོག་དང་འབར་འབུར་མི་སྙོམས་པའི་དབྱེ་བ་གང་མང་ཡོད་པ་ཡིན།
ལམ་གྱི་བརྒལ་མཚམས་རེ་རེ་ན། ང་ཚོར་ད་གཟོད་རང་ཉིད་ལ་དབང་བའི་རེ་འདུན་རེ་ཡོད། དེ་དག་ལམ་གྱི་གདམ་ག་རེ་རེ་ནས་རང་གི་རྒྱུད་དུ་འབྱོར་བའི་བདེན་དཔང་ཉག་ཅིག་ཡིན། ལམ་ལ་ཞུགས་ནས་བགྲོད་པའི་མཐའ་མར། ང་ཚོ་ཟམ་པ་གང་རུང་ཞིག་ལ་མི་འཕྲད་པའི་ངེས་པའང་མེད་དེ། ཟམ་པ་ནི་ལམ་གྱིས་མི་ཆོད་པའི་ཕར་ཚུར་སྦྲེལ་བྱེད་ཀྱི་བགྲོད་ལམ་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག
ཟམ་པ་ནི་མི་ཚེའི་བགྲོད་ལམ་ཡིན་ཞིང་། ལམ་ལ་བཀག་རྒྱ་ཡོད་ན་ཟམ་པ་བརྒྱུད་དགོས་པ་ཡིན་ཞིང་།
ཟམ་པ་མེད་ཚེ་རྒྱ་ཆེ་བའི་གཞུང་ལམ་གང་ཡང་རྒྱང་དུ་བསྲིངས་མི་ཐུབ། དེ་བས་ཟམ་པ་ནི་ལམ་གྱི་ཁ་གསབ་ཡིན་ཞིང་། ཟམ་པ་ཡོད་ཚེ་ད་གཟོད་ལམ་བུ་གཞི་ནས་རྒྱང་རིང་དུ་བསྲིང་ཆོགཟམ་པ་ལ་ལྕགས་ཟམ་དང་ཤིང་ཟམ། རྡོ་ཟམ་སོགས་ཀྱི་རིགས་མང་། ཟམ་པ་དེ་རང་གི་རྐང་འོག་ནས་ཐད་ཀར་ཕ་རོལ་པོའི་ས་སྣེ་གང་ཞིག་ཏུ་འཐེན་ཡོད་ལ། སེམས་ཀྱི་ཨ་ལོང་སྦྲེལ་བའི་མཚོན་བྱེད་ཅིག་ཀྱང་ཡིན། ལམ་གྱིས་མི་ཆོད་པ་མཐའ་དག་ཟམ་པས་ཆོད་དགོས་པ་དང་། ཟམ་པས་མི་ཆོད་པ་མཐའ་དག་ལམ་གྱིས་ཀྱང་ཆོད་དགོས། དེ་བས་ལམ་དང་ཟམ་པར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཞིག་གྲུབ་ཡོད་པར་མ་ཟད། ད་དུང་བདག་ལས་གཞན་གཅེས་དང་ངོ་མཚར་བརྗོད་ལས་འདས་པའི་གཏམ་རྒྱུད་ཀྱི་ཟུར་མང་བོ་ཞིག་ཀྱང་འདྲེས་ཡོད་པ་ཡིན། ལམ་དང་ཟམ་པ་ནི་ཀུན་ལ་གཏད་པའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་བྱེད་དུ་མངོན་པས་ན། ལམ་དང་ཟམ་པར་ཀུན་གྱིས་སྙིང་ནས་གཅེས་སྤྲས་བྱེད་འོས་པ་ཡིན་ལ། དེ་ནི་མིའི་རིགས་ཀྱི་བློ་གྲོས་དང་གསར་གཏོད་ཀྱི་མཛད་རྗེས་གལ་ཆེན་ཞིག་ཀྱང་རེད།
2
སེམས་ཀྱིས་བཞེང་སྐྲུན་བྱས་པའི་ལམ་ཡང་ཡོད་ཆོག་སྟེ། དེ་ནི་ལེགས་ལམ་དང་ལོག་ལམ་རིགས་གཉིས་སུ་དབྱེ། ལེགས་ལམ་གྱིས་དགེ་བའི་ལས་ལ་འཇུག་པར་བྱེད་པ་དང་། ལོག་ལམ་གྱིས་སྡིག་པའི་ལམ་དུ་འཛུད་པར་བྱེད། ལམ་དེ་རང་ཉིད་བགྲོད་པའི་མི་ཚེའི་བཞུད་ལམ་ཞེས་པར་ཡང་ངོས་འཛིན་བྱེད་ཆོག་པ་ཡིན།
དགེ་བའི་ལས་ཀྱིས་ཐར་བ་དང་མཐོ་རིས་ཀྱི་གནས་སུ་བགྲོད་པའི་ལམ་བུ་རྙེད་ཐུབ་པ་དང་། མི་དགེ་བས་སྐྱེ་བ་ཕྱི་མར་ངན་སོང་དང་དུད་འགྲོ་སོགས་ཀྱི་རིགས་སུ་སྐྱེས་པའི་ལམ་དུ་བགྲོད་པར་བྱེད་པ་ཡིན། ནད་མེད་ཚེ་རིང་དང་འབྱོར་ཕྱུག་དཔལ་ཡོན་བཅས་ཀྱི་ལམ་དེ་གཙོ་བོ་རང་ཉིད་ནས་མགོ་རྩོམ་དགོས་ཤིང་། ལམ་གང་ཞིག་ཡིན་རུང་རྒྱུད་གཙང་མ་ཡིན་མིན་གྱིས་ལེགས་ལམ་དང་ལོག་ལམ་དུ་བགྲོད་པའི་གནས་ལུགས་རང་སོར་འབྱུང་། དེ་བས་ཚེ་སྲོག་གི་རྒྱུན་ཇི་ལྟར་རིང་ན་ལམ་གྱི་རྒྱང་ཐག་དེ་བས་རིང་།སྐྱེས་ཆེན་དང་ཕལ་བའི་མིའི་ལམ་གྱི་བཞུད་སྟངས་གཏན་ནས་འགྲན་ཐབས་བྲལ་ནའང་། མི་ཚེ་གང་བོའི་ལོ་ཟླ་ལ་ལམ་གྱིས་བདེན་དཔང་བྱེད་ཐུབ་པ་སྟེ། དེ་ནི་ལམ་གྱིས་བཞག་པའི་རང་ཉིད་ཀྱི་སྤྱི་སྡོམ་ཁོ་ན་ཡིན། སྤྱིར་ལམ་གང་ནས་མགོ་གཟུང་བར་གཅིག་གཅོད་ཀྱི་སྡོམ་ཚིག་མེད་ལ། ལམ་གང་ནས་མཇུག་བསྡུས་པའི་རྫོགས་ཚིག་གི་བཤད་རྒྱུན་ཡང་མེད།
ལམ་མུ་ནས་མུ་རུ་མཐུད་པ་དང་མུ་ནས་མུ་རུ་འཁོར་བའི་རྣམ་པའང་ཡོད་སྲིད་པས་ན། ལམ་ལ་བགྲོད་པའི་དཀའ་སྡུག་དང་སྤྲོ་སྣང་མཐའ་དག་ནི་གདོད་མ་ནས་རང་གི་ལུས་ཀྱིས་མྱོང་དགོས་པའི་གནས་ལུགས་བཟློག་མེད་ཅིག་ཡིན་ཞིང་། བཞུད་ལམ་ནི་ཐུན་མོང་ལ་དབང་བས་ནམ་ཡང་གུ་ཡངས་དང་བཟོད་སྒོམ་ཞུ་འོས་པ་ཞིག་ཀྱང་ཡིན།
3
སློབ་གྲྭ་ནི་ཟམ་པ་ཞིག་དང་འདྲ་ལ། བསླབ་ཚན་རེ་རེ་ཟམ་པ་ལས་བྱེད་ཀྱི་རྒྱུ་ཆ་དང་འདྲ་ཞིང་། དགེ་རྒན་ནི་ཟམ་པ་ལས་པ་པོ་ཡིན་པས། ཤེས་རིག་གི་སྦྱངས་ཚད་ཇི་ལྟར་མཐོ་ན། ཟམ་པ་དེ་ལྟར་བརྗིད་ཅིང་གསོན་ཉམས་ལྡན་པ་སྟེ། ཟམ་པས་ཁུར་ཆེན་བཏེགས་ནས་ཡོད་ཚད་ཟམ་པའི་ཕར་སྣེ་རུ་བསྐྱལ་ནུས་པ་ཡིན། སློབ་གྲྭ་སོ་སོའི་སྒོ་ཐེམ་རེ་རེ་བརྒལ་པ་དེས། ཟམ་པ་དང་འདྲ་བར་མི་ཚེའི་ལམ་བུ་རྒྱ་ཆེ་ཞིང་རྒྱང་དུ་བསྲིངས་ཡོད། གྲོགས་པོར་འབྲེལ་འདྲིས་བྱེད་པ་ནི་སེམས་ཀྱི་ཟམ་པ་ཡིན་ཏེ། མི་ཞིག་ཡིན་ན་གྲོགས་པོ་ནི་མེད་དུ་མི་རུང་བ་སྟེ། དེ་ནི་ནར་སོན་དང་བསམ་ཤེས་ཀྱི་བརྒྱུད་རིམ་ཁྲོད་དེ་བས་མེད་དུ་མི་རུང་བ་ཞིག་གོ།
མཚན་ཉིད་རིག་པ་བ་ཞིག་གིས“ཀུ་ཤུ་ཞིག་ཕན་ཚུན་བརྗེ་ན་སྔར་བཞིན་ཀུ་ཤུ་གཅིག་དང་། མི་རེས་ཕན་ཚུན་བསམ་བློ་བརྗེས་ན་བསམ་བློ་གཉིས་སུ་འགྱུར་བ་ཡིན”ཞེས་པ་ལྟར། གྲོགས་པོའི་བར་གྱི་ཟམ་པ་བརྟན་པོ་ཞིག་ལས་ན། འཇིག་རྟེན་ཤེས་རྟོགས་དང་བློ་གྲོས་བརྗེ་རེས། ཉམས་མྱོང་གསོག་འཇོག གསར་གཏོད་ཀྱི་རྒྱལ་ཁ་བརྩོན་པར་ཕན་པ་རྒྱ་ཆེན་པོ་ཡོད།
བཟའ་ཚང་ཕན་ཚུན་བར་ནི་ཟམ་པ་ཞིག་ཡིན་ཏེ། མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་ཕན་ཚུན་བརྩི་བཀུར་དང་ཡིད་ཆེས་བྱས་ན། དེ་ནི་ད་གཟོད་ཆེས་མཛེས་སྡུག་གི་མི་ཚེ་ཡིན་ཞིང་། ལོ་ཟླའི་བཞུར་རྒྱུན་དང་འགྲོགས་ནས་མི་མཐུན་པ་ཞི་བར་འགྲོ་བ་དང་།ཕན་ཚུན་རོགས་སྐྱོར་དང་ཡིད་ཆེས་རིང་དུ་བྱས་ན། རིམ་གྱིས་མི་ཚེའི་མདུན་ལམ་འཚོལ་བར་སྲ་བརྟན་གྱི་རྨང་གཞི་འདིང་ཐུབ་པར་མ་ཟད། བྱ་གཞག་ལྷུན་གྱིས་འགྲུབ་པ་དང་ཁྱིམ་ཚང་བདེ་སྐྱིད་ལྡན་པར་དེ་བས་བསྙོན་དུ་མེད། དེ་ནི་བཟའ་ཚང་བར་གྱི་ཟམ་པ་ཞིག་ཡིན། དེ་བས་རྒྱུ་ཆས་བཟོ་སྐྲུན་བྱས་པའི་ཟམ་པ་ནི་འཚོ་བའི་ཟམ་པ་ཡིན་ཞིང་། བརྩེ་དུངས་ཀྱིས་བཟོ་སྐྲུན་བྱས་པའི་ཟམ་པ་ནི་དགའ་སྤྲོའི་ཟམ་པ་དང་། སེམས་ཀྱིས་བཟོ་སྐྲུན་བྱས་པའི་ཟམ་པ་ནི་རྣམ་དག་གི་ཟམ་པ་དང་། བློ་གྲོས་ཀྱིས་བཟོ་སྐྲུན་བྱས་པའི་ཟམ་པ་ནི་འཚོལ་སྙེག་གི་ཟམ་པ་ཡིན་ནོ།།
4
ལམ་དང་ཟམ་པ་ནི་ཐམས་ཅད་བགྲོད་སའི་གཅིག་མཐུན་གྱི་ཆོས་ཉིད་ཅིག་ཡིན་ཞིང་། དེ་ནི་གོ་རིམ་ཡོད་པ་དང་མཐུན་འཇུག་ལ་ཆེད་དུ་བཏོད་པའི་བགྲོད་ལམ་ཉག་ཅིག་ཡིན། གལ་ཏེ་ལམ་དང་ཟམ་པས་སྟོངས་ན་སུས་ཀྱང་སྒེར་ཚུགས་དང་ལུགས་མེད་ཀྱིས་ལམ་དང་ཟམ་པ་ཞིག་གསར་གཏོད་བྱེད་སྲིད་པ་སྟེ། དེས་འཇིག་རྟེན་འགྲིག་མཐུན་དང་ཞི་བདེ་བརྩོན་པར་མི་མཐུན་གྱི་གེགས་བརྗོད་ལས་འདས་པ་ཞིག་སློང་སྲིད། ཆེད་དུ་བཏོད་པའི་ལམ་དང་ཟམ་པར་གཡོལ་བ་དང་། དེ་ལ་གནོད་པའི་ལས་བྱེད་པ་ནི་རྒྱུ་ངན་པ་བསགས་པའི་མི་དགེ་བའི་ལས་སུ་འགྲོ་བ་སྟེ། ཀུན་གྱིས་བརྩི་བཀུར་དང་བཟོད་བསྲན་མི་ཐུབ་པའི་བྱ་ལས་ཁོ་ན་ཞིག་ཡིན།
ང་ཚོས་ནམ་ཡང་ལམ་དང་ཟམ་པའི་དགེ་བ་གླེང་རྒྱུ་ལས། ལམ་དང་ཟམ་པའི་སྐྱོན་ཆ་བཙལ་མི་རུང་། ལམ་དང་ཟམ་པ་ལས་པའི་དཀའ་ཚེགས་ཀྱི་ལོ་ཟླ་མང་བོའི་ཁྲོད་ན། དེ་རུ་ནམ་ཡང་བརྗེད་མི་སྲིད་པའི་གཏམ་རྒྱུད་གང་མང་ཞིག་ཡོད་པ་སྟེ། དེ་དག་ཡོད་ཚད་དལ་འབྱོར་གྱི་ལུས་རྟེན་ཐོབ་པའི་མིའི་རིགས་ཀྱི་བློ་གྲོས་དང་ཤེས་རིག་གི་རྩལ་ལས་ཐོན་པའི་རྔུལ་ཁྲག་གི་བཞེང་སྐྲུན་ཞིག་ཡིན་པར་མ་ཟད། ཕན་སེམས་ཀྱི་འོ་ཆུ་ཤག་ཤག་འབབ་པའི་བླ་མེད་སེམས་རྒྱུད་ཀྱི་སྟོབས་ཤུགས་བསྒྲུན་དུ་མེད་པ་ཞིག་ཀྱང་ངོ་།།
ལམ་དང་ཟམ་པར་བརྟེན་ནས་རང་རང་གི་བྱ་བཞག་མཐའ་དག་ལ་བརྩོན་པའི་ལས་སུ་འཇུག་པ་སྟེ། ལས་དེ་སྣ་མང་སྣེ་འཛིང་ཞིག་ཏུ་སྣང་ནའང་། དེ་ལ་སུས་ཀྱང་ངན་ཁག་དཀྲི་མི་རུང་། དེ་ལྟར་ན་དེ་ནི་ཤེས་རབ་དམན་པ་དང་ལྟ་བའི་རང་ཚུགས་བྲལ་པའི་བྱིས་བློ་ཞིག་གི་ངང་ཚུལ་ཁོ་ན་ལས་མ་འདས་ཏེ། ལམ་དང་ཟམ་པར་དམོད་པའི་སྐྱེས་བུ་ཞིག་ཧ་ལམ་ཡོད་མི་སྲིད་པ་ནི་སྲོག་མེད་ལ་ཉེས་པ་བགྲང་ལུགས་མེད་པས་ཡིན།
5
ཞིབ་ཏུ་བསམས་ན། ཁུར་ཆེན་རི་བོའི་གཏོས་དང་མཉམ་པ་གདོང་གིས་བསུ་བའི་ལམ་དང་ཟམ་པའི་ལྐོག་གྱུར་གྱི་གནས་ལུགས་མཐའ་དག ང་ཚོ་མིའི་རིགས་ལ་ཆེད་དུ་བཏོན་པའི་གབ་ཚིག་ལྟ་བུའི་དྲི་བ་རེ་རེ་ཡིན་ཞིང་། དྲང་བདེན་དང་ཞི་བདེ་འཚོལ་ བའི་ཕྲག་སྟེང་ན། བདག་ལས་གཞན་གཅེས་ཀྱི་བསམ་བློའི་རྡོག་ཁྲེས་ངོ་མ་དེ་མཁོ་བ་ཡིན།
ལམ་དང་ཟམ་པ་ཞེས་པའི་ཐ་སྙད་ལ་གོ་བ་བླངས་པ་ཙམ་གྱིས། དེས་ང་ཚོར་ཅི་ཞིག་གི་བསླབ་བྱ་གནང་མི་ཐུབ་ཅིང་། ལྷག་དོན་སྲོག་མེད་ཀྱི་ལམ་དང་ཟམ་པའི་དགེ་ལས་ཀྱིས། ང་ཚོར་གསེར་ལས་འགོངས་པའི་ཕན་བདེ་བླ་མེད་བྱིན་དང་སྦྱིན་པའི་སྐབས་སུ། ང་ཚོས་ཡིད་ལ་འཛིན་རྒྱུ་ནི་དེའི་ཡོན་ཏན་གྱི་ཟེའུ་འབྲུ་རེ་རེ་རང་གི་སྙིང་ལ་སིམ་པར་བྱས་ནས། དང་ལེན་དང་ཡིད་ཆེས། གཅེས་སྤྲས། སྲུང་སྐྱོབ། ཕན་ཡོན་བཅས་བརྗོད་པའི་འགན་འཁྲི་འདེགས་པ་བཅས་སོ།།
དེ་ལྟ་ན་ད་གཟོད་རང་ཉིད་ནས་མགོ་བཟུང་སྟེ་ལམ་དང་ཟམ་པའི་སྙན་ངག་གི་བ་དན་རེ་རེ་དགུང་ལ་ཕྱར་ནས། བདེན་ལུགས་ཀྱི་རླུང་རྟ་རི་གསུམ་གྱི་རྩེ་ནས་སྤུར་དགོས་འདུག གང་ལྟར་ལམ་མེད་སར་ཟམ་པ་ཡོད་པ་མིན་ལ། དེ་བཞིན་ཟམ་པས་བརྒལ་མི་ནུས་པའི་སར་བཀག་རྒྱ་དེ་བས་ཆེ་བ་ཡིན། ཡང་ལ་ལས་ཟམ་པ་ལས་པ་ནི་བློ་གྲོས་ཡིན་ལ། བཞུད་ལམ་ལས་པ་ནི་བརྩོན་འགྲུས་ཡིན་པར་བཤད། དེ་གཉིས་རྟེན་ཅིང་འབྲེལ་བར་འགྲོ་ན། བཞུད་མི་ཚར་བའི་ལམ་དང་བརྒལ་མི་ཚར་བའི་ཟམ་པ་དེ་བས་མང་བ་ཡིན།