བལ་དཀར་པོ་སྲུང་གི་མདུད་པ་ཅན།

དཔལ་མོ་རྒྱལ། [ལན་གྲུ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


   མེས་པོ་ཚོའི་ངག་རྒྱུན་ལྟར་ན། གནའ་སྔ་མོ་སྔ་མོ་ཞིག་ལ་ལྷ་དང་མི་ཡི་བར་དུ་འོད་ཀྱི་ཟེར་མའམ་དཀར་པོ་བལ་གྱི་ཐེམ་སྐས་ཤིག་ཡོད་ཟེར། ང་ཚོའི་མེས་པོ་ཐོག་མ་ཐེམ་སྐས་འདི་བརྒྱུད་ནས་མི་ཡི་ཡུལ་དུ་བབས་ཤིང་། གནམ་གྱི་ནི་དབུས། ས་ཡི་ནི་དཀྱིལ། གླིང་གི་ནི་སྙིང་བོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་ཁུངས། རི་མཐོ་ས་གཙང་གི་ཡུལ་བཟང་དུ་གནས་བཅས་པས། ང་ཚོ་ནི་འོད་ཟེར་ལྷ་ཡི་གདུང་རྒྱུད་ཡིན་པར་བཤད། ཡང་ལ་ལས་སྟོན་པ་གཤེན་རབ་མི་བོ་ཆེའི་ཡབ་དམུ་རིགས་རྒྱལ་བོན་ཐོད་དཀར་གྱི་ཡར་སྔོན་ནས་བཟུང་། རུས་དམུ་ཅན་གྱི་གདུང་རྒྱུད་དང་འབྲེལ་བའི་ཐག་པ་ཞིག་ཡིན་པས་ན་དམུ་ཐག་ཀྱང་ཟེར།
   གང་ལྟར་ཀྱང་དུས་དེ་ནས་བཟུང་། ཉིན་ནས་ཟླ། ཟླ་ནས་ལོ། ལོ་ནས་ལོ་རབས་མང་བོ་ཞིག་ཡར་ཀླུང་ཁོག་གི་གཙང་བོའི་བཞུར་རྒྱུན་དང་འགྲོགས་ཏེ་ཧ་ཅང་མག་མོག་ཏུ་གྱུར་ཅིང་། ལྷ་ཡི་གདུང་རྒྱུད་ཀྱིས་བོད་ཁ་གཡག་དྲུག་ནས་ཡུམ་བུ་བླ་མཁར། རི་བོ་གྲུ་འཛིན་བཅས་ལྟེ་བ་བྱས་ཏེ་རྟ་མཆོག་གི་རྨིག་སྒྲ་དང་ཀི་ཀི་བསྭོ་བསྭོའི་ང་རོ་དང་བཅས་ཤར་ཕྱོགས་རྒྱ་མཚོའི་མཐའ་དང་། ལྷོ་ཕྱོགས་རྒྱ་གར་ཆུ་བོ་གངྒའི་འགྲམ་རྒྱུད་སོགས་སུ་ཞབས་རྗེས་ཀྱི་རི་མོ་བཀོད་ཅིང་། མོང་པུ་སྲལ་འཛོང་དང་། གཙམ་གྱི་ཡུལ་མར། ཞིམས་ཀྱི་གུ་རན་འོན་གྱི་སྣ་བོ། གླག་གི་པུ་ཅུང་སོགས་ནས་མི་རིགས་ཤིག་རྒྱང་དུ་བསྐྱེད་པའི་འདུན་མ་བསྡུས་ཤིང་གྲོས་གཞི་བཏོན། རྒོད་ཀྱི་སྟོང་སྡེ་དང་གཡུང་གི་མི་སྡེ་ཟུང་དུ་སྦྲེལ་ཏེ་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་དབང་བསྒྱུར་པ་ནས་ད་ལྟའི་བར་དུ། ལྷ་མིའི་བར་གྱི་ཟམ་པའམ་གནམ་སའི་བར་གྱི་ཐག་པ་འདི་ལ་དད་མོས་དང་དང་དོད་བྱེད་པའི་སེམས་ཀྱི་དན་རྟགས་བོར་མ་མྱོང་། བོར་མ་མྱོང་།
   སྤང་ཡངས་མོ་དང་ཐང་བདེ་མོ་ནས་རྩྭ་རྩི་ཏོག་གི་བཅུད་ཀྱིས་གསོས་པའི་འབའ་འབའ། ངའི་མེས་པོ་དང་མེས་མོ་ཚོའི་སྒོ་ཟོག་གཡང་དཀར། ཁྱོད་ཡོད་པ་ནས་སྦྲ་རོག་རོག་ཅན་ལ་གཡང་གི་མདའ་བྱུང་བ་ཡིན་སྲིད། ཁྱོད་སླེབས་པ་ནས་མ་བུ་མོ་གནས་ལ་འགྲོ་དུས་ཀྱང་གཡང་ཁོ་ན་ཕ་ཤུལ་གྱི་རྒྱུ་ནོར་དུ་འཇོག་དགོས་པར་བསམ། གཡང་། གཡང་། གཡང་དཀར། ཁྱོད་ནི་གཡང་དཀར་པོ་ཡི་བདག་ཉིད་ཅན་ཞིག་ཡིན་པ་སུ་ཞིག་གིས་ཇི་ལྟར་རྟོགས་པ་ཡིན་ནམ།
   གཡང་མོ་ལུག་གི་བལ་དཀར་ཁ་ཆུ་རྒྱུ་རུ་དྲངས་པའི་སྲུང་གི་མདུད་པ། ལྷ་ཡི་དམུ་སྐས། འོད་ཀྱི་ཐག་པ། སྟོད་མངའ་རིས་ནས་བར་དབུས་གཙང་། སྨད་མདོ་ཁམས་ཀྱི་ལ་དང་ལུང་བར་འཐེན་ཡོད། ཤིང་དང་ཚེར་མར་དཀྲིས་ཡོད། རྡོ་དཀར་རྡེའུ་འབུམ་སོགས་སེམས་མེད་བེམ་པོ་ལ་དཀྲིས་ཡོད། སེམས་ལྡན་དུད་འགྲོ་ལ་བཏགས་ཡོད། སཱ་ལའི་སྨན་ལྗོངས་ཀྱི་ཡུལ་ན་འདི་ལ་སྣོད་བཅུད་ཀྱི་བཀོད་པ་འདུས།
   ངའི་མེས་པོ་ཐོག་མ་ལྷ་རི་གྱང་དོར་གཤེགས་དུས། རི་རབ་ལྷུན་པོ་ཡང་དགའ་དུད་དུད། ཤིང་སྡོང་བོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སིལ་བྱེད་ན། རི་ཡི་ངོས་ལ་ཤིང་དང་། ཤིང་གི་ངོགས་ལ་ཆུ་འབྱུང་བས། རི་ཆུ་ཤིང་གསུམ་གྱི་ཚེ་རིང་བ་ལ་སྲུང་གི་མདུད་པ་འཐེན། འོད་ཀྱི་དམུ་ཐག་འཐེན། རི་རྒྱལ་ལྷུན་པོར་འཐེན་ན་རུས་གོང་བཞིན་དུ་དཀར་ཞིང་། སློག་ཧྲུལ་བཞིན་དུ་ཉིགས་པ། སྤར་མོ་བཞིན་དུ་གྱེས་པའི་ས་ཡི་ལྟས་ངན་རིང་དུ་འཇོམས་ནུས། མཐོན་པོ་རི་ལ་མགོ་བོ་གཅོད་མཁན་མེད་པས་གནམ་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་ཀ་བ་བྱུང་། དམའ་མོ་སྒང་ལ་འབར་འབུར་སྙོམ་མཁན་མེད་པས་ས་ལ་པད་མ་འདབ་བརྒྱད་ཀྱི་མེ་ཏོག་བཞད་མྱོང་། བ་ཚྭ་དང་བྱེ་མ་རིང་དུ་གྱེས་པའི་ས་ལ་བྱིན་ཆགས་ཤིང་བཅུད་འཛོམས་པས། བློ་གྲོས་ཅན་གྱི་སྐྱེས་བུ་བྱུང་། བཅུད་ལྡན་གྱི་འབྲུ་སྣ་འཕེལ། དྲི་ཞིམ་ཅན་གྱི་ཤིང་རིགས་སྐྱེས། ཕྱུགས་ལ་ཤ་ཤེད་བཟང་། མི་ལ་ལང་ཚོ་ཡག
   ལྷ་ཤིང་གཡུ་ལོར་འཐེན་པས་གཡུ་ལོར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས། གསེར་ཤིང་མཁན་པར་དཀྲིས་པས་མཁན་པ་གསེར་མགོའི་དྲི་མཆོག་གནམ་སའི་བར་ལ་འཐུལ། བཙན་ཤིང་ཚེར་མར་བསྐོན་པས་ཚེར་མ་དགྲ་བོ་ཡིན་ཡང་ས་ཡི་མདངས་མི་ཤོར། འདི་དྭངས་མོ་ཆུ་ལ་ཉེ་དུས་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཀླུ་དར་ཡིན། ས་གཞི་ཤ་ཡིན། ཆུ་མོ་ཁྲག་ཡིན། སྐྱི་བསེར་དབུགས་ཡིན། རྩི་ཤིང་སྤུ་ཡིན། བྲག་རྡོ་རུས་པ་ཡིན། ཤ་དང་ཁྲག་དང་དབུགས་དང་སྤུ་དང་རུས་པ་ལ་གཙེས་ན། ལུས་ཀྱི་ཡན་ལག་ཞ ། ངག་གི་སྨྲ་བ་ལྐུགས། ཡིད་ཀྱི་ཁམས་མི་དྭངས། ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ལ་གནོད་པར་སུ་ཞིག་གིས་ད་དུང་ལུས་ཀྱི་ལས་དང་ཡིད་ཀྱི་ལས་འགུལ་ཕོད་ཨང་།
   འདི་ད་དུང་འདོ་རིགས་རྟ་ཕོའི་རྔོག་མར་བཏགས་ཡོད། ནག་མོ་ནོར་གྱི་སོག་པར་དཔྱངས་ཡོད། གཡང་དཀར་ལུག་གི་བལ་ལ་བརྒྱུས་ཡོད། རྟ་ནོར་ལུག་ལ་འགྲོགས་དུས་ལྷ་ཆེན་ཚངས་པ་དཀར་པོའི་ལྷ་དར་ཡིན། ལྷ་ཡི་བཅིབས་པ་ཡིན། གཉན་གྱི་སྒོ་ཟོག་ཡིན། བཙན་གྱི་རྒྱུ་ནོར་ཡིན། བཤས་ཏེ་ཤ་མི་ཟ། བཙོངས་ནས་རིན་མི་ལེན། སྲིད་ཀྱི་སྐྱེ་འཕྲོ་མི་ཆད།
   རི་དང་ཆུ་དང་ནགས་ཀྱི་ཚེ་སྲོག་བལ་དཀར་པོ་མདུད་པ་ཅན་གྱིས་སྲུང་། བལ་དཀར་པོ་ཡོད་ས་ན་རི་ཆུ་ནགས་གསུམ་ལ་ཚེ་སྲོག་ཡོད། ཚེ་སྲོག་མ་རིང་ན་གཞིས་ལ་སྡོད་མི་ཚུགས། བྱེས་སུ་ཡུལ་མི་ཟིན། འདི་ཡོད་ས་ནས། ལུང་གསུམ་གྱི་མདོ་ལ་རྩྭ་རྩི་ཤིང་གི་ནགས་རྒྱས་ཡོད། མེ་ཏོག་གི་དྲི་མཆེད་ཡོད། ཆུ་གསུམ་གྱི་འདུས་མདོར་ངང་བ་ཡི་ཚོགས་འཁོར་ཡོད། ཉ་མོ་ཡི་རྩལ་རྒྱས་ཡོད། འདི་ནི་རང་བཞིན་གྱི་མདུད་པ་ཞིག་མ་ཡིན་ཏེ། ཕ་བློ་ཁོག་ཅན་ཞིག་གི་བདེ་མོ་རྩལ་དྲངས་ཡོད། མ་ཤེས་རྒྱ་ཅན་ཞིག་གི་ལག་གཉིས་སོར་མོས་བརྒྱུས་ཡོད། རྒན་མགོ་དཀར་གྱི་སེམས་ཀྱི་མཆོད་པ་ཡིན། གཞོན་སོ་དཀར་གྱི་ལུས་ཀྱི་བཀུར་བྱ་ཡིན། འདི་ད་དུང་ཆུང་བྱིས་པ་སྐྱོང་གི་ཤེས་རབ་ཀྱི་སྒྲོན་མེ་ཡིན། འདི་ལ་གཞུང་དྲང་བའི་མི་རིགས་ཤིག་གི་ཞི་གནས་དང་ལྷག་མཐོང་གི་ཤེས་རབ་ལྡན། ཚེ་སྲོག་གི་ལྟ་བ་དང་སྲུང་སྐྱོབ་ཀྱི་འདུ་ཤེས་ཐིམ། ལྷ་མིའི་བར་གྱི་དམུ་སྐས་འདིའི་རྟགས་དང་རྟེན་འབྲེལ་གྱིས་མཐོ་སྒང་གི་གཡང་མ་ཤོར། བཅུད་མ་ཉམས། དཀར་པོ་འོ་མ་ལས་ཀྱང་དཀར། འཇམ་པོ་དར་དཀར་ལས་ཀྱང་འཇམ། འདི་ལ་སྣོད་ཀྱི་བཀོད་པ་ཤོངས། བཅུད་ཀྱི་སེམས་ཅན་འདུ། འདི་ཡོད་ས་ནས་གཡུ་འབྲུག་མ་བུ་འདྲེས་འདྲའི་ཆུ་དང་གཙང་བོ་ཡི་རྒྱུ་བ་མ་འགགས། མར་ཁུ་གཞོང་བར་བསྐྱིལ་འདྲའི་རི་དང་བྲག་གི་བཟོ་ལྟ་མ་ཤོར། གྲོད་པུར་མར་དང་ཤ་སྒྲོ་ནས་ཀྱིས་བཀང་འདྲའི་ས་དབྱིབས་ལ་གནོད་སེམས་ཅན་གྱི་ལག་མ་བསྲིངས། བརྣབ་སེམས་ཅན་གྱི་ཡིད་མ་གཡོས། རི་བོ་ནགས་ཀྱིས་བསྐོར་བ། ནགས་ཚལ་ཆུ་ཡིས་བརྒྱན་པ། བལྟས་ན་ཉམས་དགའ་བ། མཐོང་ན་ཡིད་འཆོར་བའི་རི་དང་ཆུ་དང་ནགས་ཀློང་མང་།
   ངའི་ཡབ་མེས་ཀྱི་སྣང་ངོར། ས་ཆེན་པོ་མ་ཧཱ་གསེར་གྱི་རུས་སྦལ་ཡིན། རི་མཐོན་པོ་ལུས་ཡིན། མཚོ་ཆེན་པོ་སྙིང་ཡིན། དམུ་སྐས་རིང་མོ་ཡོད་ས་ནས་རི་མི་ཉིལ། མཚོ་མི་སྐམ། ཤིང་མི་གཏུབ། འབྱུང་བ་མི་འཁྲུགས། མུ་གེ་མི་འབྱུང་། ནད་ཡམས་མེད། ཆར་ཆུ་དུས་སུ་འབབ། ཉི་འོད་དྲོ་ཞིང་འཇམ། རྫ་ལ་སྨུག་སྤྲིན་རང་འཁོར་ཡིན། ནགས་ལ་བྱ་བརྒྱ་རང་འདུས་ཡིན། འདི་ལྟར་གཡང་མོ་ལུག་གི་བལ་དཀར་སྣོད་བཅུད་སྲུང་བའི་བདག་པོ་ཡིན། ལྷ་ཡི་དམུ་སྐས་ཡིན། འོད་ཀྱི་ཐག་པ་ཡིན། མི་རིགས་ཤིག་གི་སེམས་ཀྱི་དད་མོས་ཡིན།
   ལྷ་ཡི་དམུ་སྐས་སེམས་ཀྱི་དད་པར་བརྟེན་པའི་ཁ་སང་། སྤང་ལ་མེ་ཏོག་བཞད་ཅིང་དྲི་ཞིམ་འཐུལ། ཆུ་ལ་ཉ་མོ་འཁོར་ཞིང་དྭངས་བསིལ་ལྡན། འབའ་འབའ་མཆོང་ལྡིང་བྱེད་ཅིང་གར་ལ་རྩེན། རྫི་པོ་སྣང་བ་སྐྱིད་ཅིང་མཛའ་གཞས་ལེན། ཡིན་ནའང་དེ་རིང་གློ་བུར། ཨ་ཧོ། ངའི་གཡང་དཀར་གྱི་སྤང་སྔོན་མོར་སུ་ཞིག་གིས་འདྲེ་ལག་བརྐྱངས་པ་ཡིན། ཆུ་དྭངས་མོ་སུ་ཞིག་གིས་ཧམ་འཐུང་བྱས་པ་ཡིན། ན་གོར་མོར་སུ་ཞིག་གིས་བརྣབ་སེམས་བཅངས་པ་ཡིན། སྤང་གི་མགོ་རྟིང་བསློགས། ཆུ་མིག་ལོང་བར་བསྒྱུར། ས་ཡི་མདངས་ཕྲོགས། རྫི་པོའི་སྙིང་ཁམས་དཀྲུགས། སེམས་ཀྱི་དད་པ་བསྒྱུར། གཡང་དཀར་པོའི་འཚོ་རྟེན་བཅོམ་ནས་བལ་དཀར་པོའི་མགོ་ཁུངས་བཅད་སོང་། བལ་དཀར་པོ་མེད་ན་སེམས་ཀྱི་དད་མོས་གང་གིས་མཚོན་ཨང་། དད་མོས་མེད་ན་ལྷ་ཀླུ་གཉན་གསུམ་མེད། གཞི་བདག་མེད། སྲུང་མ་མེད། བླ་མེད། གཡང་མེད། རི་དང་ཆུ་དང་ཤིང་ལ་བདག་པོ་མེད། བདག་པོ་མེད་པས་གང་དྲན་ལས་ཀྱིས་བསྒྲུབས། མཐའ་མར་ལས་ལས་འཇིག་རྟེན་སྣ་ཚོགས་ངང་གིས་བསྐྱེད་པར་མིག་གིས་ལྟོས་དང་། ཡིད་ཀྱིས་སོམས་ཤིག
   ཚན་རིག དཔལ་འབྱོར། འཛུགས་སྐྲུན། དུས་ཀྱི་འཕེལ་འགྱུར་རྒོད་པའི་དེ་རིང་། དེ་རིང་ཚན་རིག་གིས་རྫས་འགྱུར་གྱི་དུག་རླངས་འགོག་ནུས་སམ། དཔལ་འབྱོར་གྱིས་ཡན་ལག་བརྒྱད་ལྡན་གྱི་ཆུ་མོ་བཟོ་ནུས་སམ། འཛུགས་སྐྲུན་གྱིས་ནང་བསམ་པའི་དགོས་མཁོ་སྐོང་ཐུབ་བམ། འོད་ཀྱི་དམུ་ཐག་མེད་ས་ན། རི་རྒྱལ་ལྷུན་པོར་ཕྱི་ཤུན་ནང་རྫོངས་མེད། གསེར་མིག་ཉ་མོར་དྭངས་མོའི་ཁྲུས་རྫིང་མེད། སྐྱི་བསེར་རླུང་བུ་མི་གཙང་དབུགས་ཀྱིས་སྦགས། སྲུང་གི་མདུད་པར་དད་མོས་མེད་པའི་མི་རྣམས་རི་དང་ས་ཡིས་འཇིག འོད་ཀྱི་ཐག་པར་ཟུར་ཟའི་འཛུམ་གྱིས་དགོད་པའི་མི་རྣམས་ཆུ་དང་ཆར་བས་གཙེས། ལྷ་ཡི་དམུ་སྐས་རྨོངས་པའི་རྒྱ་ལ་སྒོམ་པའི་མི་རྣམས་ཉི་འོད་དང་ཐན་པས་གནོད། ལྷ་དང་མི་ཡི་ཟམ་པ་རྗེས་ལུས་བློ་རུ་འདོད་པ་རྣམས་རླུང་གི་འཚུབ་མར་བཅུག་བྱུང་། རི་འགུལ། ས་སྐྱོམ། ཆུ་འཕྱུར། མེ་འབར། རླུང་འཚུབ། འབྱུང་བ་ཁྲོས་པའི་སྟོབས་ཀྱིས་དད་པ་མེད་པའི་མི་རྣམས་སྐྲག་ཅིང་འདར། ཉམ་རེ་ཆུང་། ངོ་མ་སྣོད་བཅུད་སྲུང་བའི་སེམས་ཀྱི་བདག་པོ་ཞིག་མེད་ན། མི་ནི་གང་འདོད་སེམས་ཀྱིས་སྒྲུབ་མཁན་ཞིག་རེད་ཨང་།
   བལ་དཀར་པོ། སྣོད་བཅུད་སྲུང་བའི་བདག་པོ་ཡིན། མགོ་ནག་བོད་ཀྱི་དད་མོས་ཡིན། སྲུང་གི་མདུད་པ་ཡིན། གཡང་གི་ཟོ་ཞབས་ཡིན།


རྩོམ་ཡིག་སྔོན་མ།
ལམ་དང་ཟམ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1