ཁྱེད་བདེ་མོ་ཡིན་ནམ།
བདེ་མོ་ཡིན། ཁྱོད་བདེ་མོ་ཡིན་ནམ།
བདེ་མོ་ཡིན། ཁྱེད་ཀྱིས་གྲམ་ཐང་འདི་རུ་ཅི་ཞིག་བྱེད་ཀྱིན་ཡོད།
འོ། ངས་རྡོ་བ་རྩི་བཞིན་ཡོད།
རྡོ་བ་འེ། གྲམ་པའི་རྡོ་བ་བརྩིས་ཚར་རམ། དེ་ནི་ནམ་མཁའི་སྐར་མ་བརྩི་བ་དང་གཉིས་སུ་མེད།
བརྩིས་ཚར་རྒྱུ་ལོས་ཡོད། དེང་སང་ང་ཚོའི་གྲམ་པ་འདིའི་རྡོ་བ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་འདུག
གྲམ་པའི་རྡོ་བ་ཇེ་ཉུང་དུ་འགྲོ་བཞིན་པ་དེ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ།
དེ་མི་ཤེས་རྒྱུ་ཅི་ཡོད། ན་ནིང་དོ་ཚིགས་ང་ཚོའི་གྲོང་སྡེ་རུ་མི་ཟོག་གི་འཐུང་ཆུ་འདྲེན་པ་དང་ཞིང་ལ་ཆུ་རྐ་བཟོ་བ་སོགས་ཆུ་བེད་འཛུགས་སྐྲུན། གྲོང་སྡེའི་གཞུང་ལམ་དང་དུད་ཁྱིམ་སྒེར་གྱི་བགྲོད་ལམ་འཛུགས་སྐྲུན། ད་དུང་རོང་འབྲོག་པའི་སྡོད་ཁང་དང་སྤྱོད་ཁང་། ཕྱུགས་ཁང་སོགས་ཀྱི་ལས་གཞི་གཅིག་འཕྲོར་གཅིག་མཐུད་ནས་ལས་ཤིང་། དེ་ལ་རྡོ་བ་དང་བྱེ་ཟེགས་མང་དུ་མཁོ་བས། གྲམ་པའི་རྡོ་བ་གཡག་རོ་ལུག་རོ་འདྲ་བའི་མན་ཆད་ནས། བྱེ་ཟེགས་ཤིག་དང་སྲོ་མང་འདྲ་བའི་ཡན་ཆད་བལྟས་བལྟས་རིག་རིག་ལ་བཀོལ་ཚར་ཐལ།
གྲམ་པའི་རྡོ་བ་ཇེ་ཉུང་དུ་སོང་ན་བཟང་ཆ་མ་གཏོགས་ངན་ཅི་ཡང་མེད་པ་འདྲ། སྔོན་ཆད་ཁྱེད་ཚོའི་གྲོང་སྡེ་འདིའི་གྲམ་ཞེང་ལོ་རེ་བཞིན་ཇེ་ཆེར་གྱུར་ཏེ། ཞིང་ས་དང་རྩྭ་ས་གང་མང་རྡོ་བས་མནན་སོང་ཟེར་བ་མིན་ནམ། རྡོ་བ་མེད་ཚེ་ཞིང་ཕྱུགས་ལས་ཐོན་སྐྱེད་ལ་གནོད་པ་མི་འབྱུང་བ་དང་། མི་རྣམས་འགྲོ་འོང་གི་ལམ་ཡང་མི་གཅོད་པས། དེ་ནི་བཟང་ཆ་ཞིག་ལ་བརྩིས་ཆོག་པ་རེད།
ཁྱོད་ཀྱིས་བཤད་པ་དེར་བདེན་ཞད་ཡོད་མོད། ད་ལོར་ཡང་ང་ཚོའི་གྲོང་སྡེ་ལ་སྲིད་གཞུང་གིས་ལས་གཞི་གསར་བ་ཞིག་གནངས་བྱུང་།
ལས་གཞི་གསར་བ་དེ་ངས་ཤེས། མཐོ་སྒང་གི་མཛེས་སྡུག་ཞིང་གྲོང་ཞེས་པ་དེ་རེད།
ཁྱོད་ཀྱིས་བཤད་པ་དེ་མ་རེད། ཀོ་ཡོན་མེས་ལི་ཞང་ཚུན(高原美丽乡村)ཟེར་བ་འདྲ།
ཀོ་ཡོན་མེས་ལི་ཞང་ཚུན་ཞེས་པ་རྒྱ་སྐད་རེད། དེར་བོད་སྐད་དུ་མཐོ་སྒང་གི་མཛེས་སྡུག་ཞིང་གྲོང་ཟེར།
དེ་འདྲ་ཡིན་ཡང་སྲིད། རྫོང་དང་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་པ་ཚོ་ཕལ་ཆེར་རྒྱ་མི་ཡིན་པ་དང་།ཁོ་ཚོས་རྒྱ་སྐད་མ་གཏོགས་མི་བཤད་པས། ངས་ལས་གཞི་དེའི་མིང་ལ་བོད་སྐད་ཀྱིས་ཇི་ལྟར་འབོད་དགོས་མིན་གསལ་བོར་མི་ཤེས།
ཁྱེད་ལ་ཁག་མི་འདུག ལས་གཞི་འདི་ནི་ཞིང་ཆེན་སྲིད་གཞུང་གིས་ནོར་སྲིད་ཀྱི་མ་དངུལ་འབོར་ཆེན་བཏང་སྟེ། སྤྱི་ལོ2014ལོ་ནས་མགོ་བརྩམས་ཏེ་ལོ་རེར་གྲོང་སྡེ300རེ་གཏན་ཁེལ་གྱིས། རོང་འབྲོག་ས་ཁུལ་གྱི་གྲོང་སྡེ་ཐམས་ཅད་ལ་སྡོད་ཁང་ཞིག་གསོ་དང་ཁོར་ཡུག་ལེགས་བཅོས། ཆུ་དང་གློག ལམ་སོགས་ཕྱོགས་ཡོངས་ནས་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་གཏོང་བའི་ལས་གཞི་ཞིག་ཡིན་པ་རེད།
ངོ་མ་རེད། རྫོང་དང་གྲོང་རྡལ་གྱི་ལས་བྱེད་པ་ཚོས་ཀྱང་དེ་ལྟར་འཆད་ཀྱིན་འདུག
ད་ཐེངས་སྲིད་གཞུང་གིས་མི་དམངས་ལ་དོན་བཟང་གང་མང་བསྒྲུབ་རྒྱུ་རེད།
བདེན་མོད། འོན་ཀྱང་ང་ཚོའི་གྲོང་སྡེ་འདིའི་གྲམ་པའི་རྡོ་བ་ཚར་ལ་ཉེ་བས། ངའི་སེམས་པ་ཧ་ཅང་སྐྱོ་བོ་འདུག
དེ་ནི་ཁྱེད་ཚོའི་གྲོང་སྡེ་གཅིག་པུ་མ་རེད། ལས་གཞི་འདི་དུས་ཀྱི་སྔ་གཞུག་ཙམ་མ་གཏོགས། གྲོང་སྡེ་སོ་སོ་རུ་ལས་དགོས་པ་རེད། ཁྱེད་ཚོའི་གྲམ་པའི་རྡོ་བ་ཚར་ན་གཞན་གྱི་གྲམ་པའི་རྡོ་བའང་ཚར་བཞིན་པ་ལས། ཇེ་མང་དུ་འགྱུར་ག་ལ་སྲིད།
ངའི་སེམས་པ་སྐྱོ་དོན་ནི་གྲམ་པའི་རྡོ་བ་ཁོ་ནའི་ཕྱིར་དུ་མིན། གྲོང་སྡེ་འདི་རུ་འདྲེ་ཡོད་པ་རེད།
ཅི་ཟེར། འདྲེ་ཡོད་པ་སུས་མཐོང་མྱོང་ངམ།
མི་ཚང་མ་འདྲེ་རུ་གྱུར་འདུག་ཅེས་རླུང་ལྟར་གྲགས་པ་ཁྱོད་ཀྱིས་མ་ཐོས་སམ།
ངས་དེ་འདྲའི་གཏམ་ཡན་གོ་མ་མྱོང་།
ངའི་སྐད་ཆ་འདི་ནི་གསང་རྒྱུ་སྦ་རྒྱུ་ཞིག་ལས་བཤད་རྒྱུ་བསྒྲག་རྒྱུ་ཞིག་མིན་མོད། ལས་གཞི་གང་ཡིན་རུང་ང་ཚོའི་གྲོང་སྡེ་རུ་ལས་རྒྱུ་དེ་ཧ་ཅང་དཀའ་བར་འདུག སྡོད་ཁང་ཞིག་གསོའི་ལས་གཞི་དེ་སྒྲུབ་སྐབས་སུ། དུད་ཁྱིམ་རེ་རེས་རང་གི་གཞིས་ཀ་ལས་གཞན་གྱི་གཞིས་ཀ་དེ་ཞིག་གསོ་བྱས་པ་ལེགས་ཚུལ། གཞན་གྱི་གྱང་ར་དེ་རང་གི་གྱང་ར་ལས་མཐོ་ཞིང་བརྟན་ཚུལ་སོགས་གང་བྱུང་དུ་བརྗོད་པ་དང་། ལས་གཞི་ག་གེ་མོ་ཞིག་ཁྱིམ་མཚེས་ཀན་ཚང་ལ་ཐོབ་པ་ལས་ངེད་ཚང་ལ་མ་ཐོབ། མ་དངུལ་ག་གེ་མོ་ཞིག་འདི་ཚང་གིས་ཟོས་ནས་ངེད་ཚང་ལ་མ་བྱིན་པ་སོགས་བརྟག་དཔྱད་མེད་པར་རྩོད་རྙོག་སློང་བར་མ་ཟད། བགྲོད་ལམ་བཟོ་སྐབས་ངེད་ཚང་གི་ཞིང་ས་དང་ཆུ་རྐ། གྱང་ར་དང་སྡོང་བོ་སོགས་ལ་གནོད་པ་ཐེབས་ཡོད་ཚུལ་སྨྲས་ནས་ཨར་ལས་བཟོ་སྐྲུན་ལ་བཀག་འགོག་བྱེད་པ་རེད། ངོ་མ་མི་རེ་རེའི་ཁོག་ལ་འདྲེ་རེ་ཞུགས་འདུག་པ་འདྲ།
གནས་ཚུལ་འདི་ལྟ་བུ་ས་ཆ་གཞན་གྱི་གྲོང་སྡེ་དག་ལའང་བྱུང་དང་འབྱུང་བཞིན་ཡོད་ཅེས་ངས་གོ་མྱོང་། ཁྱེད་ཀྱིས་བཤད་པ་དེ་བདེན་ན་ཐང་མོད། དཔེ་འཇོག་སྟངས་དེ་ཐལ་དྲགས་སོང་།
ང་ལྟ་བུའི་བླུན་པོ་ཞིག་གིས་ཐལ་དྲགས་པའི་སྐད་ཆ་བཤད་ག་ལ་ནུས། རྫོང་དང་གྲོང་རྡལ་གྱི་ལས་བྱེད་པ་ཚོས་གྲོང་སྡེ་འདི་རུ་ཚོགས་ཆེན་བསྡུས་ནས་དེ་ལྟར་མང་ཚོགས་ཀྱི་སྐྱོན་བརྗོད་པ་རེད། ཁོ་ཚོས་བཤད་རྒྱུར། ཁྱོད་ཚོའི་གྲོང་སྡེ་འདིའི་མི་རྣམས་ནི་ཁ་ཚུར་ལ་འཁོར་དུས་མི་དང་། ཁ་ཕར་ལ་འཁོར་མ་ཐག་འདྲེ་གསོན་པོར་གྱུར་འདུག ང་ཚོ་ད་བར་དུ་གྲོང་སྡེ་གང་མང་ལ་སོང་ནས་ལས་ཀ་བསྒྲུབས་མྱོང་མོད། ཁྱོད་ཚོ་ལྟ་བུའི་གྲོང་མི་དང་འཕྲད་མ་མྱོང་ཞེས་ངོ་མཚང་བྲུས་བྱུང་།
གནས་ཚུལ་དེ་འདྲའི་ཚབས་ཆེན་ཞིག་ཡིན་ནམ།
ད་ལྟ་ང་ཚོའི་གྲོང་མི་རྣམས་ཀྱིས་ཀྱང་ཕན་ཚུན་འདྲེ་རུ་རྩི་བཞིན་འདུག ངས་བལྟས་ན་ཁྱོད་ནི་འདྲེ་རེད་ལ། ཁྱོད་ཀྱིས་བསམས་ན་ངའང་འདྲེ་རེད།
ངས་ཧ་གོ་སོང་། མ་གཞི་འདི་དག་ཐམས་ཅད་ནི་ཆོག་མི་ཤེས་པའི་འདོད་པ་དང་ཧམ་པ། སེམས་ཁམས་དོ་མ་མཉམ་པ་ལས་བྱུང་བའི་ཕྲག་དོག་དང་བསམ་ངན་སོགས་ཀྱིས་བསླངས་པ་རེད། ཁྱོད་ཚོའི་གྲོང་སྡེ་དེར་རིག་གནས་སློབ་གསོ་དང་ཆོས་ལུགས་མི་དར་བ་ཨེ་རེད།
རིག་གནས་སློབ་གསོ་དར་བས་མི་ཚད་ཆོས་ལུགས་ལའང་ཤིན་ཏུ་དད། ཐོས་རྒྱ་མཐོང་རྒྱ་ཡངས་པའི་ཤེས་ཡོན་ཅན་མང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་པའི་གཞོན་ནུ་མང་། ཆོས་འཇིག་རྟེན་གཉིས་ཀར་མཁས་པའི་བན་སྔགས་མང་། ཁ་ཏོན་དགེ་སྦྱོར་ལ་འབད་མཁན་ཕྱུགས་རྫི་མང་། ལས་རྒྱུ་འབྲས་རྩི་བའི་ཞིང་པ་མང་། ད་དུང་སྔོན་ཆད་གྲམ་པའི་ནང་དུ་རྡོ་བ་མང་། འོན་ཀྱང་སྲིད་གཞུང་གིས་ང་ཚོའི་གྲོང་སྡེ་ལ་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་བྱས་པ་ནས་བཟུང་། གྲམ་པའི་རྡོ་བ་ཇེ་ཉུང་དུ་སོང་ཞིང་། དུས་རྒྱུན་ལྷ་བཞིན་ཞི་བའི་མི་རྣམས་འདྲེ་ལྟར་རྒོད། འཆི་རྒྱུ་མེད་པའི་རྒད་པོ་ངས་སྔོན་ཆད་བཅོས་བསྒྱུར་སྒོ་འབྱེད་ཀྱི་མགོ་བརྩམས་མ་ཐག་ཏུ། ཞིང་ས་དང་ཕྱུགས་ཟོག རྩྭ་ར་བཅས་དུད་ཁྱིམ་སོ་སོར་བགོ་བའི་སྐབས་ཀྱི་རྣམ་པ་དེ་དྲན་ཡོང་།