དེ་རིང་གི་དྲན་པ།
ཁུ་བྱུག་སྔོན་མོ། [རྨ་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23
དེ་རིང་གི་ནམ་ཟླ་ཧ་ཅང་བཟང་། ཡིན་ནའང་ངའི་སེམས་པ་ཧ་ཅང་འཁྱག དེར་བརྟེན་ངས་དེ་རིང་ཅི་ཡང་བྱེད་མི་འདོད་པས། ངེད་ཚང་གི་བར་ཁྱམས་སུ་ཙོག་ནས་བསྡད་པ་ཡིན།
ངེད་ཚང་གི་བར་ཁྱམས་ནས་ཡར་བལྟས་ན། དཔལ་ལེགས་རི་བོ་མཐོང་ཐུབ། དེ་རིང་དཔལ་ལེགས་རི་བོ་མཐོང་དུས། དཔལ་ལེགས་རི་བོའི་འདས་པའི་དུས་དང་ད་ལྟ་བ། མ་འོངས་པའི་ཚུལ་དང། དེ་དང་འབྲེལ་བའི་མཐོང་ཐོས་ཤེས་ཚོར་དག་དྲན་པར་འཁོར་བྱུང་། དེ་དག་ངའི་རུས་རྐང་གི་ནད་དུ་གྱུར་སོང་། དེ་དག་ངའི་ཉིན་ཐོ་ཡི་གསེབ་ཏུ་འཛུལ་ཡོང་།
སྔོན་ཆད། དཔལ་ལེགས་རི་བོ་ནི་ཚང་ཚིང་གཡུ་ལོའི་ལྗོན་ཤིང་སྟུག་པོར་སྐྱེས་ཤིང་། འདབས་རོལ་ན་དྭངས་གཙང་ཆུ་ཕྲན་མང་བོ་ལྷུང་ལྷུང་དལ་གྱིས་འབབ་པའི་ནགས་རི་ཞིག་ཡིན། ཆུང་དུས་སུ་ང་དཔལ་ལེགས་རི་བོ་དང་ཐག་མི་རིང་བའི་སར་ཕྱུགས་རྫིར་སོང་མྱོང་བས། རྣམ་པ་དེ་ད་དུང་ཡང་སེམས་སུ་བརྙན་དུ་ཕབ་པ་བཞིན་གསལ་ལེར་འདུག ཡིན་ནའང་དེའི་དུས་ང་ནགས་ཚལ་དེའི་ཁྲོད་དུ་གཏན་ནས་སོང་མ་མྱོང་། ཡུལ་མི་ཚོས་དེ་རུ་རི་དྭགས་ཀྱི་རིགས་ཡོད་པར་མ་ཟད། གཅན་གཟན་ཡང་ཡོད་ཟེར་བས་ང་དེ་གར་འགྲོ་མི་ཕོད།
ཕ་ཡུལ་གྱི་གནས་བསྟོད་ཅིག་ཏུ“ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་བྱང་ཤར་ཕ་གི་ན། །མདོ་སྨད་རེབ་གོང་གསེར་ལྗོངས་ན། །དཔལ་ལེགས་ཞེས་བྱ་མཆོག་གི་རིར། །སྤྲིན་དཀར་དབུ་ཞྭ་མཛེས་སེ་མཛེས། །གཡུ་ཡི་ལྗོན་ཤིང་ཁྲིགས་སེ་ཁྲིགས། །རི་དྭགས་ཉམས་རྩལ་མྱུར་སེ་མྱུར། །བྱ་རིགས་སྐད་སྙན་ཀྱུར་སེ་ཀྱུར། །ཆུ་ཕྲན་གླུ་དབྱངས་ལྷང་སེ་ལྷང་། །རྩི་ཤིང་གར་སྟབས་ཤིག་སེ་ཤིག……”ཅེས་བྲིས་འདུག་པ་ནི་དངོས་གནས་དོན་ལ་གནས་སོ། །
ང་ངེད་ཚང་གི་བར་ཁྱམས་སུ་ཙོག་ནས་སྡོད་བཞིན། དེ་ལྟར་དཔལ་ལེགས་རི་བོའི་འདས་པ་ཡིད་ལ་འཁོར་དུས་ཞོགས་པ་ཡོལ་ཟིན། ངས་དཔལ་ལེགས་རི་བོར་ཡང་ཡང་བལྟས། དཔལ་ལེགས་རི་བོ་ནི་ཉི་ཟེར་གྱི་ཀློང་ན་ས་སྨུག་ཅིག་གིས་བཏུམས་འདུག
ཕ་ཡུལ་གྱི་དཔལ་ལེགས་རི་བོའི་འདས་ཟིན་པ་དེ་འདྲའི་མཚར་ཞིང་བརྗིད་པ་ཞིག་ཡིན་ནའང་།དེང་གི་ཆར་སྤྱི་ཚོགས་གོང་དུ་འཕེལ་བ་དང་བསྟུན་ནས། ཡུལ་མི་ཚོའི་ཧམ་སེམས་ཆེ་རུ་རྒྱས་ཏེ་འཚོ་བའི་དགོས་མཁོ་དང་ཁང་ཁྱིམ་གསར་སྐྲུན། ཐབ་ཀྱི་མེ་ཁ་བཅས་ཀྱི་ཆེད་དུ། དཔལ་ལེགས་རི་བོའི་ནགས་ཚལ་ཁྲོད་ཀྱི་རི་དྭགས་བསད། ལྗོན་ཤིང་རེ་རེ་བཞིན་ཧབ་ཐོབ་ཀྱིས་བཅད་པར་མ་ཟད། ཐ་ན་རྩད་པ་ཡང་ཕྱི་སློག་ནང་སློག་བྱས་ཏེ་བླངས་ཚར་བས། ཡོད་ཚད་སྐྱ་ཐལ་ལེར་གྱུར་འདུག་ཅིང་། དེ་ནི་འཕྱོར་སྒེག་ལྡན་པའི་བུ་མོ་མཛེས་མ་ཞིག་གློ་བུར་རྒས་པར་གྱུར་ཏེ། རྙིང་རལ་གྱི་གོས་ཤིག་ཀྱང་གོན་རྒྱུ་མེད་པར་སྒྲེན་མོར་འཁུམས་ནས་འདུག་པ་དང་ཀུན་ནས་མཚུངས། ད་དུང་འདབས་རོལ་གྱི་ཆུ་ཕྲན་དག་ཀྱང་ཡོངས་སུ་བསྐམས་ནས་གང་སར་རྡོ་ཟེགས་ལྷང་ངེར་མངོན་འདུག་པ་ནི། ཉམ་ཐག་རྒན་མོ་དེའི་གམ་དུ་སྡེར་གཞོང་སྟོང་བ་འགའ་བཞག་འདུག་པ་དང་ཤིན་ཏུ་འདྲ། དེ་ལས་གཞན་དེ་དང་འདབས་འབྲེལ་གྱི་ས་ཆ་ཚང་མའི་རྩྭའི་སྐྱེ་སྟོབས་དང་ཁེབས་ཚད་ཀྱང་ཇེ་ཞན་དང་ཇེ་ཆུང་དུ་གྱུར་ཏེ། བར་དང་མཚམས་དག་ན་ས་ནག་མང་བོ་ནག་སོབ་བེར་གདའ།
དེ་ལྟར་དཔལ་ལེགས་རི་བོ་དང་། དེ་དང་འདབས་འབྲེལ་གྱི་ས་ཆ་ཚང་མའི་གཡང་དང་བཅུད་ཡོངས་སུ་ཉམས་ནས་བརླན་སར་ཆུ་ཁུངས་གསོ་བ་དང་། ཆུ་རྒྱུ་གཙང་བཟོ་བྱེད་པ། ཆུ་གསོག་པ་དང་ཐན་པ་འགོག་པ། ནམ་ཟླ་སྙོམས་སྒྲིག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ནུས་པ་ཤོར་ཏེ། ཉེ་བའི་ལོ་འགའི་རིང་ལ། ངའི་ཕ་ཡུལ་དུ་ཐན་པ་དང་ཆུ་ལོག རླུང་ཚུབ་སོགས་ཀྱི་གནོད་པ་རྒྱུན་ཆད་མེད་པར་བྱུང་།
ཞིབ་ཏུ་བསམས་ན། གནོད་པ་དེ་དག་ལོས་འབྱུང་སྟེ། ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་ནི་རང་གི་གདུལ་བྱ་ཁོ་ནར་བཟུང་ཞིང་། དེ་རུ་གནས་པའི་སྐྱེ་དངོས་སྲོག་ཆགས་དག་སྤྱིར་བཏང་གི་དངོས་པོ་ཙམ་དུ་བརྩིས་ཏེ། བསད་བཅད་བརླགས་གསུམ་གྱི་སྦྱོར་བ་ངན་པས་གནོད་པ་ཚབས་ཆེན་བཏང་བས། ཕ་ཡུལ་གྱི་རང་བྱུང་ཁོར་ཡུག་གིས་ཀྱང་མཐའ་མར་འབྱུང་གཞིས་མ་བཟོད་པར་ཕྱིར་འཁོན་ལན་བསློགས་པ་མ་ཡིན་ནམ།
དེ་ལྟ་མིན་ཚེ་ཉེ་བའི་ལོ་འགའི་རིང་བསྟུད་མར་ངའི་ཕ་ཡུལ་ཕྱོགས་སུ་ཚབས་ཆེ་བའི་ཐན་པ་འབྱུང་མི་སྲིད་ལ། ད་དུང་རྒྱུན་དུ་རླུང་ཆེན་གཡུགས་ཏེ་ཁྱིམ་ཚང་མང་བོའི་ཁང་ཀླད་དང་ཁྱམས་རའི་ཤེལ་དྲ་སོགས་གཅོག་མི་སྲིད། ཆུ་ལོག་གིས་དཔལ་ལེགས་རི་བོའི་འདབས་ཁུད་ནས་མི་ཟོག་ཁུར་ཏེ་ཚེ་སྲོག་དང་རྒྱུ་དངོས་ལ་གནོད་པ་ཐེབས་དོན་ཅི་ལ་ཡོད།
དེ་དག་ནི་ཡུལ་མི་ཚོ་དང་ཁོར་ཡུག་གི་བར་དུ་བྱུང་བའི་དམག་འཁྲུག་ཅིག་སྟེ། དམག་འཁྲུག་དེ་སློང་མཁན་ནི་ཡུལ་མི་ཚོ་རེད་ལ། ཡུལ་མི་ཚོས་ལས་ངན་པ་དེ་དག་བསྒྲུབས་མེད་ན། དམག་འཁྲུག་དེ་དག་གཏན་ནས་འབྱུང་མི་སྲིད།
ཆུ་ལོག་གི་དོན་རྐྱེན་དེ་བྱུང་རྗེས། ཉིན་ཞིག་ལ་ང་བསམ་གཟས་ནས་དཔལ་ལེགས་རི་བོ་དང་དེའི་འདབས་འབྲེལ་གྱི་ས་ཆ་དག་ལ་བལྟ་རུ་ཕྱིན་པ་ཡིན། གནས་ཚུལ་ནི་སྔར་ལས་ཀྱང་ཤིན་ཏུ་ཚབས་ཆེ་བར་གྱུར་པས། མིག་གིས་བལྟར་མི་བཟོད་པ་ཞིག་སྟེ། དཔལ་ལེགས་རི་བོ་ནི་གས་ཆག་དང་སེར་ཁ་མང་བའི་བྲག་རི་ཞིག་ཏུ་གྱུར་འདུག་ཅིང་། དེ་དང་འདབས་འབྲེལ་གྱི་ས་ཆ་ཐམས་ཅད་ནི་རྩྭ་ལས་ས་ནག་མང་བ་དང་། ས་ནག་ལས་བྱེ་མ་མང་བ་ཞིག་ཏུ་གྱུར་ཡོད།
དེའི་དུས་ང་ཡུན་རིང་ཞིག་ལ་རང་གི་མིག་ལའང་ཡིད་མ་ཆེས། ཁོར་ཡུག་བརླགས་པའི་རྣམ་པ་དེ་ནི་དངོས་གནས་བློ་ཡུལ་ལས་འགོངས་པ་ཞིག་རེད།ང་ངེད་ཚང་གི་བར་ཁྱམས་སུ་ཙོག་ནས་སྡོད་བཞིན། དེ་ལྟར་དཔལ་ལེགས་རི་བོའི་ད་ལྟ་བ་ཡིད་ལ་འཁོར་དུས་ཉི་མ་ཕྱི་དྲོར་སླེབས་འདུག སྐབས་དེར་ངས་དཔལ་ལེགས་རི་བོར་ཡང་ཡང་བལྟས་མོད། འོན་ཀྱང་ས་སྨུག་རབ་རིབ་ཅིག་གི་ཁྲོད་ནས་གསལ་ལ་མི་གསལ་བ་ཞིག་མ་གཏོགས་མཐོང་མ་བྱུང་།
མངོན་སུམ་ནི་མངོན་སུམ་རང་སྟེ། འཁྲུལ་བའི་མིག་ཤེས་ཀྱིས་བཟུང་བ་ཞིག་ག་ལ་ཡིན། སྐྱ་ཐལ་ལེར། ནག་སོབ་བེར། སྨུག་སིང་ངེར། ཉམས་རྒུད་དུ་གྱུར་པའི་རྣམ་པ་དེ་ནི་གསེར་བྲིས་དང་བཅད། མདངས། ཚོན་བཅས་ཀུན་ནས་ཉམས་པའི་ཐང་ག་རྙིང་ཧྲུལ་ཞིག་སར་དོར་ཡོད་པ་དང་གཉིས་སུ་མེད།
མཐོང་སྣང་དེའི་རྗེས་སུ། ངས་ཕ་ཡུལ་གྱི་ས་ཆ་སྐོར་ཞིག་མི་འགྱང་བར་བྱེ་ཐང་དུ་འགྱུར་སྲིད་པ་དང་།ད་དུང་དྲག་ཆར་རེ་བབས་ཚེ་ཆུ་ལོག་བྱུང་སྟེ་ཡུལ་མིའི་ཚེ་སྲོག་དང་རྒྱུ་དངོས་ལ་གནོད་པ་ཚབས་ཆེན་ཐེབས་སྲིད་པ་གསལ་ལེར་རྟོགས།
དེ་ནས་བཟུང་ང་ཡུལ་དུ་སྡོད་དུས། ཉི་མ་རེ་རེའི་སྤྲིན་པའི་འཁོར་སྟངས་ལ་མཉམ་འཇོག་བྱས། ཆར་བ་ཏོག་ཙམ་ཞིག་བབས་ནའང་། སེམས་ཁྲལ་ཆེན་པོ་ཞིག་འདུག ད་དུང་ང་ས་གང་དུ་སོང་ཡང་གང་ནས་བསྡད་ཀྱང་རྒྱུན་དུ་སེམས་ལ་ཕ་ཡུལ་འཁོར་འོངས། ཕ་ཡུལ་གྱི་མ་འོངས་པའི་སྣོད་བཅུད་ཀྱི་ཉམས་ཉེས་དག་ལ་འབྲེལ་ཡོད་ཀྱི་ཤེས་བྱ་དང་སྦྲགས་ནས་བསམ་གཞིག་བྱས་ཚེ། དེ་ནི་ད་ལྟའི་གནོད་པ་ལས་ལྡབ་འགྱུར་གྱིས་ཚབས་ཆེ་ཞིང་སྐྱི་གཡའ་བ་ཞིག་རེད། དེ་དག་ཐམས་ཅད་ཀྱི་བསྐྱེད་ཁུངས་ནི་མདོར་དེད་ན་དཔལ་ལེགས་རི་བོའི་སྟེང་གི་ནགས་ཚལ་བཅད་པ་ལ་རག་ལས། ཚན་རིག་པའི་སྡོམ་ཚིག་ཅིག་ཏུ། ནགས་ཚལ་གྱིས་འོད་སྦྱོར་ནུས་པ་བརྒྱུད་དེ་དབྱང་གཉིས་སོལ་འགྱུར་ནང་དུ་བསྡུ་བ་དང་མཉམ་དུ་གསོ་རླུང་ཕྱིར་བཏང་ནས། འགྲོ་བ་མི་ལ་མཁོ་བའི་གསོ་རླུང་མཁོ་སྤྲོད་བྱས་རྗེས། དབྱང་གཉིས་སོལ་འགྱུར་ཕྱིར་འབུད་གཙང་སེལ་བྱེད་པ་དང་། ནགས་ཚལ་མུའུ་གང་རེས་ཉིན་རེར་མི66ལ་ཚེ་གང་འདང་བར་བྱེད་པའི་གསོ་རླུང་མཁོ་སྤྲོད་བྱེད་ཀྱིན་ཡོད་པས། འགྲོ་བ་མིར་དབུགས་ལམ་བདེ་ཐང་བསྐྲུན་པའི་རིན་ཐང་ཆེན་པོ་ལྡན་ཟེར།
གལ་སྲིད་སའི་གོ་ལའི་སྟེང་དུ་ནགས་ཚལ་མེད་ན། སྐམ་སའི་ཐོག་གི་སྐྱེ་དངོས་ཐོན་འབོར་གྱི10%མེད་པར་འགྱུར་བ་དང་། སྐྱེ་དངོས་རིགས་ཁྲི་ཚོ50རྩ་མེད་དུ་འགྱུར། འཛམ་གླིང་ཐོག་གི་ཚྭ་མེད་པའི་ཆུའི70%རྒྱ་མཚོ་ཆེན་པོར་བཞུར་ནས། མིའི་རིགས་ལ་ཆུ་དཀོན་པའི་ཉེན་ཚབས་ཆེན་པོ་འབྱུང་།སྐམ་སའི་ཐོག་གི་སྲོག་ཆགས་དང་རྩི་ཤིང90%ལ་ནགས་ཚལ་དུ་ཆུ་བསགས་མེད་པས་ཐན་པ་འབྱུང་བའི་འཇིགས་སྣང་སྐུལ། འཚོ་བར་བཀོལ་བའི་རྡོ་སོལ70%ཇེ་ཉུང་དུ་སོང་སྟེ། སའི་གོ་ལའི་ཐོག་གི་ཐཱན་དབྱང་འགྱུར་འབོར་ཆེན་གྱིས་འཕར་ནས། སྐྱེ་དངོས་ནས་བྱུང་བའི་གསོ་རླུང67%ཇེ་ཉུང་དུ་སོང་སྟེ་སའི་གོ་ལའི་དྲོད་ཚད་ཇེ་མཐོར་འགྲོ། ས་ཁུལ་མི་ཉུང་བའི་རླུང་ཤུགས60%ནས90%རུ་འཕར་ནས། མི་ཁྲི་སྟོང་མང་བོ་རླུང་སྐྱོན་གྱིས་གསོད། མིའི་རིགས་ལ་བུད་ཤིང་དང་། ཨར་ལས་རྒྱུ་ཆ། ནགས་ཞོར་ཐོན་རྫས་བཅས་ཐོབ་མི་ཐུབ་པས། དཔལ་འབྱོར་འཚོ་བར་དཀའ་ཁག་ཆེན་པོ་འབྱུང་ཞེས་བཀོད་འདུག་པ་རེད།
བར་འདིར་དམངས་གཙོའི་དེད་དཔོན་ཆེན་མོ་གན་ངྷི་ལགས་ཀྱིས“སའི་གོ་ལ་ཆེན་པོ་འདིར་མིའི་རིགས་ཀྱི་རེ་བ་སྐོང་བའི་ནུས་པ་ཡོད་མོད། མིའི་རིགས་ཀྱི་ཧམ་པ་སྐོང་བའི་ནུས་པ་མེད”ཅེས་གསུངས་པའང་གསལ་ལེར་དྲན་བྱུང་། དེ་ནི་རྒྱལ་ཁབ་དང་མི་རིགས། སྡེ་བ། མི་སྒེར་སོགས་ཀྱི་ཁོར་ཡུག་གང་ལ་སྦྱར་ནའང་ཧ་ཅང་གོ་རྒྱུ་ཟབ་མོ་ཡོད་པའི་ལེགས་བཤད་མཆོག་ཏུ་གྱུར་པ་ཞིག་རེད་ཨང་།
མཇུག་འབྲས་དེ་འདྲ་འབྱུང་བར་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ3པའི་ཚེས21ཉིན་ནི་འཛམ་གླིང་ནགས་ཚལ་ཉིན་མོ་ཡིན་པར་གཏན་ཁེལ་བྱས་ཡོད་པ་དང་། ཉིན་དེར་མིའི་རིགས་ལ་ནགས་ཚལ་གྱི་ཕན་ནུས་དྲིལ་སྒྲོག་དང་། ནགས་ཚལ་ལ་སྲུང་སྐྱོང་བྱེད་པར་འབོད་སྐུལ་གཏོང་བ། སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་རབ་དང་རིམ་པ་ཤུགས་ཆེན་པོས་སྤེལ་པ། ཁྱབ་རྒྱ་ཆེན་པོའི་སྒོ་ནས་ནགས་ཚལ་དང་མིའི་རིགས་བར་གྱི་འབྲེལ་བ་དང་།འཚོ་གནས་ཀྱི་གནད་དོན་སོགས་ལ་བསམ་གཞིག་གཏོང་བཞིན་འདུག
ལྷག་པར2016ལོའི“རྒྱལ་སྤྱིའི་ནགས་ཚལ་ཉིན་མོ”ཡི་སྡོང་འཛུགས་དྲན་གསོའི་བྱེད་སྒོ་ནི་ཟླ་3པའི་ཚེས19ཉིན་པེ་ཅིན་དུ་སྤེལ་པ་དང་།“ནགས་ཚལ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་ནས་སྔོ་ལྗང་གི་མཛེས་ལྗོངས་མཉམ་དུ་ལོངས་སྤྱོད་བྱ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་དེ་རྒྱལ་ཡོངས་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ནགས་ལས་ཅུས། རྒྱལ་སའི་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་གཉེར་བྱས་ཡོད།
རྒྱ་ཆེ་བའི་དྲན་གསོའི་བྱེད་སྒོ་དེའི་སྟེང་དུ། རང་རྒྱལ་གྱིས་ལྗང་སྒྱུར་གཞི་ཁྱོན་ཆེན་པོས་སྤེལ་རྒྱུ་ཡིན་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང་།“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ཡི་དུས་མཇུག་ཏུ་སླེབས་སྐབས། རྒྱལ་ཡོངས་ཀྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར2.33ཟིན་པར་བྱ་རྒྱུ་དང་། ནགས་ཚལ་ཁེབས་ཚད23.04%བར་མཐོ་རུ་གཏང་རྒྱུ་ཡིན་པའི་སྐོར་བརྗོད་འདུག
གནས་ཚུལ་དེ་དག་གིས་མིའི་རིགས་ཀྱིས་ནགས་ཚལ་ལ་སྲུང་སྐྱོང་བྱེད་པ་ནི། དོན་དུ་མིའི་རིགས་རང་ཉིད་ལ་གཅེས་སྤྲས་བྱེད་པ་ཤེས་སུ་འཇུག་ཅིང་། དེ་ནི་དངོས་གནས་དགའ་འོས་པའི་དོན་ཞིག་རེད། ཡིན་ནའང་ངའི་ཕ་ཡུལ་གྱི་ཡུལ་མི་ཚོས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེན་རང་བཞིན་རྟོགས་ཏེ། རང་འགུལ་གྱིས་འབད་པ་ཆེན་པོས་སྡོང་འཛུགས་ནགས་སྐྲུན་སོགས་ཀྱིས་རང་གི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དུས་དེར་ནམ་ཞིག་སླེབས་སྲིད་དམ།
ང་ངེད་ཚང་གི་བར་ཁྱམས་སུ་ཙོག་ནས་སྡོད་བཞིན། དེ་ལྟར་དཔལ་ལེགས་རི་བོ་དང་འབྲེལ་བའི་མ་འོངས་པ་ཡིད་ལ་འཁོར་དུས་ས་སྲོད་བསླེབ་པར་དུས་ཚོད་ཅང་མི་འདུག སྐབས་དེར་ཡང་ངས་དཔལ་ལེགས་རི་བོ་ལ་ཡང་ཡང་བལྟས་མོད། འོན་ཀྱང་དཔལ་ལེགས་རི་བོ་ནི་སྔར་ལས་ཀྱང་སྟུག་པའི་ས་སྨུག་ཅིག་གིས་ཡོངས་སུ་བཏུམས་འདུག་པས། ད་ནི་མཐོང་ལམ་དུ་ཅི་ཡང་མངོན་མ་བྱུང་།
ས་སྲོད་དུ་བསླེབ་ལ་ཉེ་དུས། ངས་བརྙན་འཕྲིན་གྱི་གློག་སྒོ་ཕྱེ་བ་ན། ཏག་ཏག་གསར་འགྱུར་སྟོན་བཞིན་འདུག གསར་འགྱུར་ལས་ཉིན་འགའི་རིང་ལ་བསྟུད་མར་དྲག་ཆར་བབས་པའི་དབང་གིས། ཀུའེ་ཀྲོའུ་ཞིང་ཆེན་ཅིན་ཕིང་རྫོང་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད། རི་ཉིལ་བའི་རང་བྱུང་གནོད་འཚེ་བྱུང་ནས་མིག་སྔའི་བར་དུ་མི5ཤི་བ་དང་མི4གར་སོང་ཆ་མེད་དུ་གྱུར། གནོད་འཚེ་བྱུང་རྗེས་སུ། ས་གནས་དེ་གས་འཕྲལ་དུ་འབྲུབ་འགོག་གེགས་སེལ་གྱི་རིམ་པ་གསུམ་པའི་འཕྲལ་སྡོམ་བྱེད་ཐབས་སྤྱད་པ་དང་། ཉེན་སེལ་གེགས་སྐྱོབ་མི་སྣ་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཕིང་ལུའེ་གྲོང་རྡལ་དང་ཀྲུང་ལིང་། ཨོ་ལི། ཆི་མིང་བཅས་ཡུལ་ཚོ་གསུམ་དུ་ཕྱིན་ནས་ཉེན་སེལ་གེགས་སྐྱོབ་ཀྱི་ལས་དོན་སྤེལ་ཅེས་བཤད་བྱུང་ལ། གནོད་འཚེ་བྱུང་བའི་ཡུལ་དངོས་ནི་ངོ་མ་ཡ་ང་བ་ཞིག་རེད།
གསར་འགྱུར་དེ་ཐོས་མ་ཐག ངའི་སེམས་པ་སྔར་ལས་ཀྱང་སེམས་ཁྲལ་དང་ངལ་དུབ་ཅིག་གིས་ཁེངས་བྱུང་ལ། དེ་བཞིན་དུ་ལུས་ལའང་ཆད་སྣང་དང་ཉོབ་སྣང་ཞིག་གིས་ཁེངས་ཡོང་།
ངས་མལ་ཁྲིར་རྒྱབ་བསྙེས་བྱས་ཏེ་ཤུགས་རིང་ཞིག་འཐེན་དུས། སློབ་ཆུང་ལོ་རིམ་དྲུག་པ་འགྲིམ་བཞིན་པའི་ངའི་བུ་ཆུང་ཚེ་རིང་གིས། སང་ཉིན་ནས་ཉིན་གསུམ་གྱི་རིང་ལ་ང་ཚོའི་སློབ་གྲྭའི་ལོ་རིམ་གསུམ་པ་ཡན་གྱི་སློབ་མ་ཚང་མ་དགེ་རྒན་དག་གི་སྣེ་ཁྲིད་འོག་དཔལ་ལེགས་རི་བོ་དང་། དེའི་འདབས་འབྲེལ་གྱི་ས་ཆ་དག་གི་ས་ནག་ཡོད་ས་ཚང་མར་སྡོང་ཕྲུག་གཟུག་ཏུ་འགྲོ་དགོས་ཚུལ་བཤད་བྱུང་བས། སེམས་ཁྲལ་དང་ངལ་དུབ་ཀྱིས་ཀུན་ནས་མནར་བའི་ངའི་སེམས་ཀྱི་ག་ཤེད་ཅིག་ནས་བདེ་སྣང་ཕྲན་ཙམ་ཞིག་ག་ལེར་སྐྱེས་བྱུང་།
སྐབས་དེར། ས་སྲོད་ཀྱི་མུན་པ་ཚམ་ཚོམ་མེད་པར་སླེབས་པའི་དབུས་སུ། ཡར་ངོའི་ཟླ་བའི་འོད་ཟེར་དེ་ཅུང་ཙམ་ཇེ་གསལ་དུ་འགྲོ་བཞིན་འཕྲོས་ཡོང་།