འཇིག་རྟེན་ཆོས་བརྒྱད་ལས་འདས་པའི་ཆོས། —ཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཐུང《གད་སྙིགས》ལ་རགས་ཙམ་དཔྱད་པ།

འབྲོང་བུ་རྡོ་རྗེ་རིན་ཆེན། [རྨ་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


   ནང་དོན་གནད་བསྡུས། དཔྱད་རྩོམ་འདིར“རྩོམ་རིག་བོད་ལྗོངས”ཀྱི་མཚན་ཉིད་ཀུན་ནས་ཚང་བའི《གད་སྙིགས》ཀྱི་བརྗོད་བྱ་ནས་རྣམ་པའི་བར་དུ་དབྱེ་ཞིབ་མཛད་དེ། དེང་གི་དུས་རབས་སུ་གྲོང་དང་གྲོང་ཁྱེར་གྱི་མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ལ“འཇིག་རྟེན་ཆོས་བརྒྱད”ལས་འདས་པའི་ཆོས་གཞན་གྱིས་བསླད་པའི་ཉམ་ཉེས་བསྟན་པ་དང་། ཉམ་ཉེས་དེའི་འབྱུང་རྩ་སྔོག་འདོན་བྱས་ཏེ་ཚོང་རའི་དཔལ་འབྱོར་གྱི་སྤྱི་ཚོགས་ཁོར་ཡུག་གིས་བོད་མིའི་ཕུགས་བསམ་དང་མི་ཆོས་ཀུན་སྤྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་ཚུལ་གླེང་བའི་ཞོར་དུ་སྒྲུང་གཏམ་གྱི་ཁྱད་ཆོས་སྐོར་ཞིག་ཀྱང་བརྗོད་ཡོད།
   བརྡ་ཆད་གཙོ་བོ། ལྷ་ས། རྩོམ་རིག་བོད་ལྗོངས། གད་སྙིགས། བསམ་པའི་སྐྱེ་ཁམས། འཇིག་རྟེན་ཆོས་བརྒྱད་ལས་འདས་པའི་ཆོས། སྙིང་རྗེ། དད་མོས། གདོང་ལེན་པ། ཚིག་གི་རོལ་རྩེད།
   ཉེ་བའི་ལོ་བཅུ་ཕྲག་འགའི་རིང་ལ། རྒྱལ་ནང་གི་སྤྱི་ཚོགས་ཁོར་ཡུག་དང་དཔལ་འབྱོར་འཚོ་བའི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། མི་རྣམས་ཀྱི་རིན་ཐང་འཁྱེར་སོ་དང་མཛེས་དཔྱོད་སྙིང་སྟོབས་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།དེར་བརྟེན་ནས་དུས་རབས་གསར་བའི་སྤྱི་ཚོགས་ཁོར་ཡུག་ཁྲོད་དུ་དངོས་པོ་དང་བསམ་པའི་འཇིག་རྟེན་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་། རང་བྱུང་སྐྱེ་ཁམས་ལ་གཏོར་བརླག་ཐེབས་པ། མིའི་བསམ་པའི་སྐྱེ་ཁམས(精神生态)ཀྱི་བརྩེ་སེམས་ལྷོད་ཅིང་མི་ཆོས་ཀུན་སྤྱོད་གོལ་ལམ་དུ་འགྲོ་བ་ལ་སོགས་པའི་ཉམ་ཉེས་ཆེན་པོ་བྱུང་དང་འབྱུང་གིན་འདུག ཉམ་ཉེས་ཀྱི་གནད་དོན་དེ་དག་གི་མདུན་དུ། ང་ཚོས་བློ་རྣལ་མས་སྲོལ་རྒྱུན་གྱི་ལྟ་བ་དང་དེང་རབས་འདུ་ཤེས་ཀྱི་འགལ་འདུ་ཐག་གཅོད་ཡག་པོ་བྱས་ཏེ། རྩོམ་རིག་གིས“མིའི་བླ་སྲོག་དང་བརྩེ་ཚོར་ལ་ཐུགས་ཁུར་གནང་བའི་ནུས་པ”འདོན་སྤེལ་དང་། མིའི་རང་བཞིན་དང་འཚོ་བ་ཚུར་སྣང་བྱེད་པའི་འགན་འཁྲི་དེ་འགྲུབ་པར་བརྩོན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད།
   སྤྱིར“ཚོང་རའི་དཔལ་འབྱོར”གྱི་ལམ་དུ་ཞུགས་པ་ནས་བཟུང་། མི་རྣམས་ཀྱིས་རྩ་དོན་ཡལ་བར་དོར་ནས་ཁེ་ཕན་ཆེན་པོ་ཅན་གྱི“ལེགས་གྲུབ་མཚན་ཉིད་རིག་པ”ཡི་ལམ་ལ་ཧུར་བརྩོན་གྱིས་འཇུག་པ་དེ་ནི། ཚོང་རའི་དུས་རབས་ཀྱི་རིན་ཐང་ལྟ་ཚུལ་དང་མཐུན་པར་མ་ཟད། འཛད་སྤྱོད་རིང་ལུགས་ཀྱི་རྨང་གཞིའི་ལྟ་བ་དང་ཆེས་ཆེར་མཐུན་ནའང་། རྩོམ་རིག་གི་ངོས་ནས་བཤད་ན་ཤིན་ཏུ་འཇིགས་ཡེར་བའི་ཆག་སྒོ་ཚབས་ཆེན་པོ་ཞིག་སྟེ། ཚད་ངེས་ཅན་ཞིག་གི་ཆ་ནས་བལྟས་ན། རྩོམ་རིག་ཀྱང་ཚོང་ར་ལ་བརྟེན་དགོས་པ་སྨོས་མེད་དུ་གྲུབ་པ་ཡིན་མོད། གཞི་རྩའི་སྟེང་ནས་བཤད་ན། རྩོམ་རིག་ནི་སྔར་བཞིན་ཁེ་ཕན་ལས་བརྒལ་པ་དང་། ཐ་ན་ཚོང་རའི་སྙིང་སྟོབས་ཀྱི་སྣང་ཚུལ་ལ་ངོ་རྒོལ་གཏོང་སྲིད་པ་ཞིག་ཀྱང་ཡིན། དེ་བས་རྩོམ་རིག་གི་རིན་ཐང་ནི་ཚོང་རའི་དཔལ་འབྱོར་ལེགས་འགྲུབ་འབྱུང་མིན་གྱི་འགྲོ་ལྡོག་སྟེང་ནས་ཐག་གཅོད་པ་ཞིག་མིན་པར། གཙོ་བོར་ཚོང་ར་མ་ཡིན་པའི་གཞན་གྱི་རྒྱུ་རྐྱེན་འགའ་རེའི་སྟེང་དུ་མངོན་ཡོད་པ་རེད།
   དོན་དམ་དུ་མིའི་ཚེ་སྲོག་ལ་ལྟ་ལྟངས་ཇི་ལྟར་འཛིན་པ་དང་། དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་པོ་ཆེ་ལ་འདུ་ཤེས་ག་འདྲ་འཛིན་དགོས་པ་ཡིན་ནམ། གཞན་ཡང་སྤྱོད་ལམ་གང་ཞིག་ནི་འཇིག་རྟེན་པའི་མི་ཆོས་ཀྱི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་པ་ཡིན་ནམ། ད་ནི་གནད་དོན་འདི་དག་ལ་རང་རེའི་མཚན་ཉིད་རིག་པ་བ་རྣམས་ཀྱིས་བསམ་གཞིག་ནན་མོ་གཏོང་རན་པར་འདུག་ལ། རྩོམ་རིག་པ་ཀུན་གྱིས་འཚོལ་རྟོག་ཟབ་མོ་གནང་བའི་དུས་ལའང་བབས་འདུག དོན་སྙིང་དང་འགན་འཁྲི་དེའི་ཆ་ནས་བཤད་ན། 2016ལོའི《སྦྲང་ཆར》དེབ་བཞི་པའི་སྟེང་བཀོད་པའི་ཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཐུང《གད་སྙིགས》ནི་མི་ལུས་རིན་པོ་ཆེ་ཡི་སྙིང་བོ་དང་། མིའི་ཚེ་སྲོག་གི་རིན་ཐང་སོགས་ལ་ཐོག་མར་བསམ་གཞིག་དང་འཚོལ་རྟོག་གནང་མགོ་ཚུགས་པའི་བསམ་བློའི་ཐོན་འབྲས་གསར་བ་ཞིག་ཏུ་ངོས་འཛིན་བྱས་ཆོག་པར་འདོད།
   ཚེ་དབང་རྣམ་རྒྱལ་གྱི《གད་སྙིགས》ནི་དེ་སྔའི《ནད》དང《གྱང》སོགས་དང་ཅུང་མི་འདྲ་བར། སྒྲུང་གཏམ་ཧྲིལ་པོར་མི་རིགས་ཀྱི་སྙིང་སྟོབས་དང་ཁྱད་ཆོས་ཀྱིས་རྣམ་པར་ཕྱུག་ཅིང་། རྩོམ་ཡིག་གི་གནད་འཛིན་ས་དེ་མི་རིགས་ཀྱི་དངོས་པོའི་སྟོབས་ཤུགས་དང་ཡུལ་སྲོལ་གོམས་འདྲིས་ཀྱི་ཕུན་ཚོགས་སྟེང་ནས། སྤྱི་ཚོགས་སེམས་ཁམས་དང་མི་རིགས་ཀྱི་གཤིས་ཀའི་སྟེང་ལ་འཕར་བརྒལ་བྱུང་ཡོད་པས། རྩོམ་པ་པོའི་གསར་རྩོམ་གྱི་འཇོན་ཐང་གསར་བ་ཞིག་ལྷང་ལ་བུད་འདུག
   《གད་སྙིགས》སུ་རྩོམ་པ་པོས་སྒྲུང་གཏམ་གྱི་སྤྲོས་བརྗོད་མི་སྣ་བཀྲ་ཕུན་གྱི་མཐོང་སྣེ་སྤྱད་དེ།“ལྷ་ས་དང་བར་ཐག་ངེས་ཅན་གྱིས་ཆོད་པའི་གད་སྙིགས་ཀྱི་རི་བོ་མཐོན་པོ”ཞིག་ཏུ། བཀྲ་ཕུན་གྱིས་གད་སྙིགས་སྒྲུག་སྐབས་མལ་གོས་དམར་པོའི་ཁུད་དུ་གཅུད་པའི་ཕྲུ་གུ་རློན་ནུ་ཞིག་རྙེད་པར། གད་སྙིགས་སྒྲུག་རོགས་རྣམས་ཀྱིས་དེ་ལ་དོ་སྣང་མི་བྱེད་ཅིང་། ཐ་ན་དེ་འདྲའི་སྣང་དོགས་ཀྱང་མི་བྱེད་པར་མ་ཟད། ཁོ་ལ་ད་དུང་ཟུར་མཚོན་བཏབ་ནས། ཕྲུ་གུའི་མི་ལུས་རིན་པོ་ཆེ་ལ་གད་སྙིགས་ཀྱི་འདུ་ཤེས་བཟུང་བ་དང་། ཕྲུ་གུའི་ཚེ་སྲོག་གི་ངོ་བོ་རྩིས་མེད་དུ་བཏང་བས། མཇུག་མཐར་ཁོ་ཐབས་ཟད་དེ་གད་སྙིགས་ཁྲོད་ཀྱི་ཕྲུ་གུ་དེ་རྒྱབ་ཏུ་ཁུར་ནས་ཉེན་རྟོག་ས་ཚིགས་དང་སྨན་ཁང་། ཕན་བདེ་ཁང་སོགས་སུ་ཕྱིན་ནས་ཕྲུ་གུའི་ཨ་མ་འཚོལ་བའམ། ཡང་ན་ཕྲུ་གུའི་བདག་པོ་རེག་པའི་ལས་ལ་ཞུགས་དགོས་བྱུང་ལ། མཇུག་མཐར་བསམ་དོན་ཅི་ཡང་མ་གྲུབ་པའི་ཁར། དོན་མེད་ཀྱི་འཇིགས་སྐྲག་སྣ་ཚོགས་མྱོང་བཞིན་རང་ཡུལ་བསྙེགས་པ་སྟེ། གཏམ་རྒྱུད་བསྡུས་མོ་ཞིག་མགོ་མཇུག་ལྡན་པའི་སྒོ་ནས་ཀློག་པ་པོའི་སྤྱན་སྔར་བཀྲམ་ཡོད།
   དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྨད་ཀྱི་ཆར། བཀྲ་ཤིས་ཟླ་བ་དང་མ་ཡོན(马原)གཙོར་བྱས་པའི་བོད་ལྗོངས་ཀྱི་རྩོམ་པ་པོ་སྐོར་ཞིག་གིས་རྒྱ་ཡིག་གི་ལམ་ནས་བོད་ལྗོངས་བརྗོད་གཞིར་དྲངས་པའི་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ་པ་ལ། རྒྱའི་རྩོམ་རིག་གི་གཞུང་ལུགས་སུ“རྩོམ་རིག་བོད་ལྗོངས(文学西藏)”ཞེས་པའི་དོན་སྤྱིའི་ཐ་སྙད་ཅིག་བཏགས་པར་མ་ཟད།“བོད་ལྗོངས་གསར་སྤེལ་ནི་དོན་དངོས་སུ་རྩོམ་རིག་ནས་མགོ་བརྩམས་པ་ཡིན་པ”①ཡི་ལྟ་ཚུལ་ཐོག་མར་བཏོན། དེ་ལྟར་ན“རྩོམ་རིག་བོད་ལྗོངས”སུ་ཚུད་པའི《གཙུག་གཡུ》ཡིས་མཚོན་པའི་བོད་ཡིག་གི་བརྩམས་ཆོས་མི་ཉུང་བ་ཞིག་ཀྱང་། ལོ་རབས་བརྒྱད་ཅུ་པའི་དུས་མགོ་དང་ཡང་ན་དེའི་སྔ་རོལ་ཏུ་བརྩམས་པ་ཡིན་པས།“རྩོམ་རིག་བོད་ལྗོངས”ཀྱི་མཚན་གཞིར་ཀུན་ནས་རུང་ལ།“བོད་ལྗོངས་གསར་སྤེལ”གྱི་རྩོམ་རིག་ཏུ་རང་བཞིན་གྱིས་གཏོགས་འདུག དེས་ན་ཉེ་བའི་ལོ་འགའི་ནང་དུ་བྱུང་བའི《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》དང《ཁ་སང་གི་ཚོ་བ》 《དྲེལ་པའི་མི་ཚེ》 《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པ་ལ་སོགས་པའི་སྒྲུང་གཏམ་དག་ནི།“བོད་ལྗོངས་དར་སྤེལ”གྱི་རྩོམ་རིག་ཏུ་ངོས་འཛིན་མཛད་མི་ཆོག་པའི་རྒྱུ་མཚན་མ་མཐོང་། དེ་མཚུངས་ཀྱི《གད་སྙིགས》ཀྱང་དེ་དག་གི་དཔུང་སྣོན་དུ་གདེང་འཇོག་མཛད་ན་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་རྐང་དང་མཐུན་པ་ཞིག་རེད་སྙམ།
   《གད་སྙིགས》སུ“ལྷ་ས”ཞེས་པའི་རྩོམ་གྱི་ཁོར་ཡུག་གི་རྒྱབ་ལྗོངས་ཐེངས་དུ་མར་ངོ་སྤྲོད་གནང་བ་ལ་རྒྱུ་མཚན་ཆེན་པོ་ལྡན་ཏེ། སྲོལ་རྒྱུན་རིག་གནས་ཀྱི་ཆ་ནས་བལྟས་ན། ལྷ་ས་ནི“དམ་པའི་ཆོས་ཀྱི་ཞིང་ཁམས”ཡིན་ལ། རྩོམ་པ་པོས་ས་ཁམས་ཀྱི་དོན་སྤྱི་དེ་རྩོམ་རིག་གི་དོན་སྤྱིར་སྤོས་ཏེ། སྒྲུང་གཏམ་ཧྲིལ་པོར་ཆོས་ལུགས་ཀྱི་རྟགས་མཚན་གྱིས་ཁེངས་པའི་མཁའ་དབུགས་སྟུག་པོ་ཞིག་གིས་ཁྱབ་ཏུ་བཅུག་ཡོད་པར་མ་ཟད། དུས་རབས་གསར་བའི་ལྷ་སའི་སྣང་བརྙན་གྱིས་བསྡུས་པའི་བོད་ཀྱི་ཆོས་ས་ཆོས་ཡུལ་དག་གི་སྤྱི་ཚོགས་ཀྱིས“མི་ལུས་རིན་པོ་ཆེ”གད་སྙིགས་སུ་འདོར་བ་དང་།“མིའི་ཚེ་སྲོག་ལ་སྙིང་བོ་མེད་པ”རུ་ལྟ་བའི་ཆོས་མིན་གྱི་ལོག་སྤྱོད་དར་བའི་ཡ་མ་བརླ་ཡི་འགལ་བ་ཞིག་ཐབས་མཁས་ཀྱིས་མཚོན་པར་བྱས་འདུག སྒྲུང་གཏམ་ཡོངས་ཀྱི་ཆ་ནས་བལྟས་ན། གཏམ་རྒྱུད་ཧྲིལ་པོ་ཉིན་ཞག་གཉིས་ཀྱི་དུས་ཚོད་ནང་དུ་བསྡུས་ཡོད་པ་དང་། མི་སྣ་གཙོ་ཕལ་གྱི་དབྱེ་བ་གསལ་ཞིང་བྱུང་རིམ་ཀྱག་ཀྱོག་མེད་པས་ཀློག་སྟབས་བདེ་ནའང་། རྩོམ་གྱི་དགོངས་དོན་དང་བརྗོད་སྙིང་ནི་གཏམ་རྒྱུད་ཀྱི་བྱུང་རིམ་ཕྲ་རབ་དང་། དཔྱོད་ཤེས་དང་ཚོར་ཤེས་སྦྲགས་མའི་དཔྱད་འཇོག་གི་སྤྲོས་བརྗོད་ཁོ་ནའི་ངོས་ནས་འཚོལ་མི་བདེ་བར།“སྒྲུང་གཏམ་གྱི་རིན་ཐང་ནི་རྩོམ་པ་པོས་བཤད་ཟིན་པའི་ཁག་ན་མེད་པར། ཏག་ཏག་རྩོམ་པ་པོས་བཤད་འདོད་ཀྱང་བཤད་མེད་པའི་ཆ་ན་སྦས་ཡོད་པ་རེད”②ཅེས་གསུངས་པ་ལྟར། གཙོ་བོར་རྩོམ་པ་པོས་འཚོ་བ་དང་ཚེ་སྲོག་ལ་བཅངས་པའི་རྣམ་འགྱུར་གྱི་སྟེང་ནས་གོ་བ་ལེན་དགོས་པ་རེད།
   སྔོན་ཆད་སློབ་དཔོན་ཀླུ་སྒྲུབ་ཀྱིས་རྒྱལ་བུ་བདེ་སྤྱོད་བཟང་བོ་ལ“རྙེད་ན་དགའ་བ་དང་མ་རྙེད་ན་མི་དགའ་བ། བདེ་བ་བྱུང་ན་དགའ་བ་དང་མི་བདེ་བ་བྱུང་ན་མི་དགའ་བ”ལ་སོགས་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་འགྲོ་མི་རུང་བར་མགོ་སྙོམས་མཛད་དགོས་པའི་སྐུལ་མ་གནང་མྱོང་ལ། དེ་ནི་སྐབས་དེའི་ངེས་གཏན་གྱི་དུས་རབས་དང་ངེས་གཏན་གྱི་འཚོ་སྡོད་ཁོར་ཡུག་ཁྲོད་ཀྱི་སྤྱི་ཚོགས་ཀུན་སྤྱོད་ཀྱི་བླང་བྱ་གལ་ཆེན་ཞིག་ཡིན་པས། ང་ཚོའི་ཕ་མེས་ཡང་མེས་རྣམས་ཀྱིས་དུས་ད་ལྟའི་བར་དུ་སྤྱི་བོར་བཀུར་ཏེ་བརྩི་སྲུང་མཛད་ཅིང་། འཚོ་སྡོད་ཀྱི་རྩ་དོན་དང་རིག་གནས་ཀྱི་ངོ་བོར་གྲུབ་ཡོད་མོད། འོན་ཀྱང་འཚོ་བའི་འཕེལ་རྒྱས་ཀྱི་དབང་གིས་གནད་དོན་ནི་ཕྱོགས་དུས་ཀྱི་ངོས་ནས་ཁེགས་མི་སྲིད་པས། དེང་གི་སྤྱི་ཚོགས་སུ“རྙེད་པ”བྱུང་ན་མི་དགའ་བ་འབྱུང་བའི་རྒྱུ་མཚན་ཅི་ཡིན་པ་ལ་དྲིས་ལན་གཟུ་མོ་ཞིག་གདབ་རྒྱུ་ཡོད་དམ། སྒྲུང་གཏམ་འདིའི་གཏིང་ཟབ་པའི་བརྗོད་སྙིང་དེ་སྔོག་འདོན་བྱ་དགོས་ན། ཐོག་མར་བཀྲ་ཕུན་གྱིས“བུ་གདུང་ཅན་གྱི་ཕྲུ་གུའི་ཨ་མ”ལ་སྒུག་ལུགས་དང་། དེ་ནས“ཨ་མ་ཞིག་ཀྱང་ཡིན་མི་དགོས་པའི་མི”གང་རུང་ཞིག་ལ་སྒུག་པ་ངལ་བ་འབྲས་མེད་དུ་གྱུར་ཚུལ། དེའི་འཕྲོར་ཚོད་བགམ་བྱས་པའི་གད་སྙིགས་སྒྲུག་རོགས་རེ་རེ་དང་། དེ་བཞིན་དུ་ཉེན་རྟོག་པ་དང་ནད་གཡོག་མ། ཕན་བདེ་ཁང་གི་མགོ་པ་ལ་སོགས་ཀྱི“མ་དགའ་བ”ཡི་ཀུན་སྤྱོད་ཀྱི་དཔེ་མཚོན་གསོན་པོ་དག་གི་རིན་ཐང་དེ་རྙེད་དགོས་ལ། དེ་ཡང་གསལ་བོར་བཤད་ན། མི་སྒེར་གྱིས་དོར་བའི“མི་ལུས་རིན་པོ་ཆེ”དེ་མི་སྒེར་དང་སྤྱི་ཚོགས་ཀྱིས་མི་ཆོས་རིག་གནས་ཀྱི་སྟོབས་ཤུགས་ཐོག་ནས་དང་ལེན་བྱེད་མ་ཐུབ་པའི་ཚད་རིམ་ཞིག་ཏུ་གཏུགས་དགོས་པ་རེད།
   དོན་དམ་དུ་བཤད་ན། འཇིག་རྟེན་ཆོས་བརྒྱད་ནི་འཛམ་གླིང་གི་མི་རིགས་གང་ལའང་ལྷན་སྐྱེས་ཀྱི་གཤིས་སུ་གྲུབ་པ་ལྟ་བུ་ཞིག་ཡིན་ཡང་།“མི་ལུས་རིན་པོ་ཆེ”ལ་འཛིན་པའི་མཛེས་དཔྱོད་ཀྱི་ལྟ་བ་ནི་ཀུན་ནས་འདྲ་མི་སྲིད་དེ། ནང་བ་སངས་རྒྱས་ཀྱི་ཆོས་ལ་སྐྱབས་སུ་འགྲོ་བའི་རང་རེ་པ་ལ་མཚོན་ན། དལ་འབྱོར་གྱི་མི་ལུས་དོན་ཆེ་བ་ཡིན་པའི་རྒྱུ་མཚན་ནི། སློབ་དཔོན་ཙནྡྲ་གོ་མིས“གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོའི་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བ་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད”③ཅེས་གསུངས་པ་ལྟར་ལགས་ལ། མིའི་ལུས་རྟེན་ནི་སྲོག་ཆགས་གཞན་གྱི་ལུས་རྟེན་དང་མི་འདྲ་བར། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྟེན་འདིས་བསྒྲུབས་མི་ནུས་པ་མེད་པ་སྟེ། དགེ་སྡིག་གང་བྱ་ཡང་སྟོབས་ཆེ་བས་གནས་སྐབས་ཀྱི་དོན་ཆེ་བ་དང་། རྟེན་འདིར་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པས་མཐར་ཐུག་ལ་དོན་ཆེ་བ་ཡིན་ཞིང་། དལ་འབྱོར་གྱི་མི་ལུས་རྙེད་དཀའ་བ་ཡང་ཕྱོགས་གསུམ་གྱི་སྒོ་ནས་བསྟན་ཡོད་པ་སྟེ། དང་པོ་རྒྱུ་སྒྲུབ་དཀའ་བ་དང་། གཉིས་པ་ངོ་བོ་འཛོམས་དཀའ་བ། གསུམ་པ་དཔེ་སྲིད་དཀའ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་པ་ཡིན་ནོ། །སྲོལ་རྒྱུན་གྱི་ཐུན་མོང་མ་ཡིན་པའི་བསམ་བློ་ཕུལ་དུ་བྱུང་བ་དེ་ལ་རྒྱབ་རྟེན་མཛད་པའི་སྟབས་ཀྱིས། རྩོམ་པ་པོས་གཏམ་རྒྱུད་ཀྱི་མགོ་རྩོམ་སྐབས། ཕྲུ་གུ་དེ་ཨ་མ་སུ་ཞིག་གིས་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་གད་སྙིགས་སུ་དོར་བ་ལ་སྤྱི་ཚོགས་ཀྱི་འགན་འཁྲིའི་ངོས་ནས་སྙེག་འདེད་མི་བྱེད་པར། གཙོ་བོར་ཕྲུ་གུ་དེ་སྤྱི་ཚོགས་སྟེང་དུ་གཡུགས་རྗེས། མི་རྣམས་ཀྱིས་དེ་ལ་རྣམ་འགྱུར་གང་འདྲ་འཛིན་ཚུལ་ཐད་དུ་གནད་ཐོན་པའི་སྒོ་ནས་སྤྲོས་བརྗོད་དང་གཟབ་འབྲི་བྱས་ཡོད་ལ། དེ་དང་བསྟུན་ནས“ངས་ཁྱོད་ཕྱིར་གད་སྙིགས་ཀྱི་ཁྲོད་དུ་བཞག་ཚེ། ཁྱོད་མི་འགྱང་བར་འཆི་སྲིད་ལ། ཁྱོད་ཤི་ཚེ་ངས་མི་སྡིག་ཅིག་འཁུར་དགོས་པ་རེད”ཅེས་མི་སྣའི་སེམས་ཁམས་ཀྱི་འཇིག་རྟེན་སྔོག་འདོན་བྱས་ཏེ། རྩོམ་པ་པོའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་དེ་ཕུགས་བསམ་མི་སྣ་ལ་བཅོལ་འདུག
   རྩོམ་པ་པོ་གང་འདྲ་ཞིག་ཡིན་ནའང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ཐོག་ནས་གསར་རྩོམ་གནང་རྒྱུ་ནི་ཐོག་མའི་འཇུག་སྒོ་ཡིན། ཨུ་རུ་སུའི་རྩོམ་པ་པོ་ཨའེ་ལུན་པའོ(爱伦堡)ཡིས“གནོད་འཚེ་མྱོང་བའི་མི་དེ་དག་དང་མཉམ་དུ་འགྲེང་རྒྱུ་ནི་མི་ཆོས་རིང་ལུགས་ཀྱི་ཐེམ་སྐས་ཐོག་མ་ཡིན”④ཞེས་གསུངས་མྱོང་ལ། དེ་ནི་གསལ་བོར་བཤད་ན་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་བསྒྲུབ་དགོས་ན། རྩོམ་རིག་གིས་ཀྱང་ངེས་པར“གནོད་འཚེ་མྱོང་བའི་མི་དེ་དག་དང་མཉམ་དུ་འགྲེང”སྟེ། དེ་མཐུན་གྱི་བྱ་བ་བྱེད་དགོས་པའི་དགོངས་དོན་བསྟན་པ་རེད། དེ་ཡང་ཡིན་ཏེ། རྩོམ་རིག་ནི་ཐོག་མ་ཉིད་ནས་སྤྱི་ཚོགས་ཀྱི་གདུང་སེམས་ལ་ཐུགས་ཁུར་དང་། སྤྱི་ཚོགས་ཀྱི་དྲང་དོན་སྙིང་སྟོབས་ལ་རྒྱབ་སྐྱོར་གནང་བ་ནས་བྱུང་བའི་སྐྱེད་འབྲས་ཤིག་ཡིན་པས། དེས་སྡུག་བསྔལ་དང་ལན་ཆགས་ལ་སྟོབས་ཤུགས་ཀྱིས་བརྟས་པའི་སྙིང་རྗེ་དང་སེམས་གསོ་གཏོང་བ་ཡིན།
   སྒྲུང་གཏམ་དུ་མི་སྣ་གཙོ་བོ་བཀྲ་ཕུན་ནི་བྱམས་དང་སྙིང་རྗེའི་སྤྲུལ་པའི་རང་གཟུགས་སུ་བཞེངས་འདུག་ཅིང་། གད་སྙིགས་ཀྱི་ཁྲོད་ནས“གད་སྙིགས”དེ་རྙེད་པ་ནས་བཟུང་། བཀྲ་ཕུན་གད་སྙིགས་སྒྲུག་མཁན་ནས་གད་སྙིགས་ལ་བསམ་གཞིག་གཏོང་མཁན་དང་། དེ་བས་ཀྱང་གད་སྙིགས་ཀྱི་མནར་གཅོད་མྱོང་མཁན་དུ་གྱུར་ལ། གད་སྙིགས་ཀྱི་མནར་གཅོད་དང་ལེན་བྱེད་སྐབས། ཁོ་སྔར་ནས་གད་སྙིགས་བསྒྲུགས་ཏེ“འཚོ་ཚིས་ཕྱིད་ཐབས་ཙམ”བྱེད་པའི་མི་སྒེར་གྱི་དཀའ་ངལ་མྱོང་མཁན་ནས། མིའི་རིགས་ཧྲིལ་པོའི་དཀའ་ངལ་དང་དུ་ལེན་མཁན་ཞིག་ཏུ་འཕོ་འགྱུར་བྱུང་བ་རེད། ཡིན་ནའང་རྩོམ་པ་པོས་བཀྲ་ཕུན་ནི་ཐོག་མ་ཉིད་ནས་དཀའ་ངལ་དང་དུ་ལེན་ཕོད་པ་དང་། རྒྱུད་ལ་སྙིང་རྗེ་དང་དད་མོས། བརྩེ་སེམས་གྱིས་ཁེངས་པའི་དད་ལྡན་དཔེ་མེད་ཅིག་གི་གཟུགས་བརྙན་དུ་སྒྲུབ་བཞེངས་བྱས་མེད་དེ། དོན་དམ་དུ་བཀྲ་ཕུན་ཡང་དུས་རབས་ལས་འདས་ཤིང་སྤྱི་ཚོགས་དང་ལྟེ་ཐག་ཆད་པ་ཞིག་མིན་ལ། ཁོར་ཡུག་གི་ཤུགས་རྐྱེན་ལས་ཡོངས་སུ་འགོངས་ནུས་པ་ཞིག་ཀྱང་གཏན་ནས་ཡིན་མི་སྲིད་པས། ཕྲུ་གུ་དེ་ཐོག་མར་རང་གིས་རྙེད་པ་ལ་ཕྱིས་སུ“མ་དགའ་བ”ཡི་གནོང་འགྱོད་སྐྱེས་ཏེ། རང་གི་འགན་འཁྲི་དེ་གཞན་གྱི་གཉའ་ལ་འགེལ་ཐབས་བྱས་པ་དང་། གད་སྙིགས་ཀྱི་ཁྲོད་ནས་རྙེད་པའི་ཕྲུ་གུ་དེ“དངོས་གནས་མགོ་ན་བའི་གད་སྙིགས་ཤིག”ཏུ་འདོད་པར་མ་ཟད།“ལྟས་ངན་མ། ཁྱོད་ནི་སུ་ལའང་མི་མཁོ་བའི་གད་སྙིགས་རེད། གལ་སྲིད་ཕན་བདེ་ཁང་ལའང་མི་དགོས་ཚེ། ངས་ཀྱང་ཁྱོད་སྲང་ལམ་གང་ཞིག་ཏུ་གཡུག་ངེས་ཡིན་པ”ཡི་བསམ་བློ་སྐྱེས་ཏེ། ཡིད་ལ་སེམས་བྱུང་གི་འགལ་འདུ་སྣ་ཚོགས་ཀྱིས་ཁེངས་པར་ཞིབ་འབྲི་བྱས་པ་ནི། གཅིག་ནས་མི་སྣའི་གཤིས་ཀ་དང་མཐུན་ཞིང་། གཉིས་ནས་གཏམ་རྒྱུད་ཀྱི་གཏན་ཚིགས་དང་ཡང་ཡོངས་སུ་མཐུན་པར་འདུག དེ་ལྟར་འབྲི་བའི་དམིགས་ཡུལ་ནི་དོན་དངོས་ཐོག་རྩོམ་པ་པོས་བཀྲ་ཕུན་གྱི་གཤིས་ཀ་དང་བསམ་བློའི་འཕེལ་རྒྱས་ལ་རྨང་བཏིངས་པ་ནས། མཇུག་མཐར་བཀྲ་ཕུན་གྱི་རྒྱུད་ལ་བརྩེ་སེམས་ཀྱི་འགྱུར་ལྡོག་བྱུང་བའི་མི་གཤིས་ཀྱི་སྟོབས་ཤུགས་དང་བླ་ན་མེད་པའི་ཚེ་སྲོག་གི་འདུ་ཤེས་དེ་གཏིང་ཟབ་ཀྱིས་མཚོན་པའི་ཆེད་དུ་རེད། ལོས་ཡིན་ཏེ། མི་ཞིག་ཡིན་ན་ངེས་པར་རྒྱུད་ལ་སྙིང་རྗེ་ལྡན་དགོས། མེང་ཙིས(孟子)སྙིང་རྗེ་ནི་ཀུན་སྤྱོད་ཀྱི་མྱུ་གུ་དང་མགོ་རྩོམ་ས་ཡིན་ཞིང་། ཀུན་སྤྱོད་ཀྱི་བྱེད་ལས་མཐའ་དག་ནི་སྙིང་རྗེ་ནས་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན་གསུངས། དེ་བས་ཚེ་སྲོག་ལ་སྣང་ཆུང་བྱེད་པའི་མི་གཤིས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནོད་བྱེད་ཡིན་པ་དང་། དངུལ་དད་རིང་ལུགས་ཀྱིས་ཉེན་པའི་ད་ལྟའི་དུས་རབས་སུ། སྙིང་རྗེ་ལ་མ་བརྟེན་ན་ཚེ་སྲོག་གསར་བ་ཞིག་འཚར་ལོངས་འབྱུང་བར་ཅི་འདྲའི་ཉེན་ཁ་ཚབས་ཆེན་ཞིག་བརྒྱུད་དགོས་པ་རེད་ཨང་། གནད་དེར་གཟིགས་ནས་རྩོམ་པ་པོས་འཚོ་བའི་བདེན་པ་ཞིག་ལ་ཁ་གཏད་དེ་ཡོངས་ཁྱབ་རང་བཞིན་ལྡན་པའི་སྤྱི་ཚོགས་ཀྱི་བསམ་པའི་འཁྱེར་སོ་ཞིག་བསྟན་ཡོད་ནའང་། ང་ཚོས་བསམ་པའི་འཁྱེར་སོ་འདི་ཤིན་ཏུ་སྐྱུག་བྲོ་བ་ཞིག་རེད་ཅེས་བརྗོད་དཀའ་ལ། དེ་བཞིན་དུ་བསམ་པའི་འཁྱེར་སོ་འདིའི་རིགས་མིག་སྔའི་སྤྱི་ཚོགས་ཀྱི“ནད་གཞི”གང་ཞིག་དང་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་མི་རིགས་པར། སྤྱི་ཚོགས་ཀྱི་རང་བྱུང་གི་གནས་སྟངས་ཤིག་ཏུ་གོ་བ་ལེན་དགོས་པའི་གནས་ལུགས་ཤིག་ཀྱང་མཆིས།
   སྤྱིར་ན《གད་སྙིགས》སུ་འཚོ་བའི་ཨུ་ཚུགས་ལ་འགྲན་སེམས་ཞན་པའི་གད་སྙིགས་སྒྲུག་མཁན་རྣམས་ཀྱིས་མི་ལུས་རིན་པོ་ཆེ་ལ་གད་སྙིགས་སུ་ལྟ་བའི་བསམ་བློའི་ནད་གཞི་དེ་ཐེར་འདོན་བྱེད་པར་འབད་བརྩོན་བསྟེན་ཡོད་ཀྱང་། ང་ཚོས་བཀྲ་ཕུན་གྱི་སྣང་བརྙན་སྟེང་ནས་དཀའ་ངལ་གང་འདྲ་ཞིག་ཡིན་ཡང་།དེ་ཉིད་སྙིང་སྟོབས་ཀྱི་འབྱུང་ཁུངས(精神资源)སུ་འགྱུར་བའི་རེ་བ་དང་བགྲོད་ལམ་རྙེད་ཐུབ་ཅིང་།སྙིང་སྟོབས་ཀྱི་འབྱུང་ཁུངས་དེའི་རྒྱབ་རྟེན་ནི་སྙིང་རྗེ་དང་བརྩེ་སེམས། ཐུགས་ཁུར། འགན་འཁྲི། བཟོད་བསྲན་དང་དད་མོས་སོགས་ཡིན་པ་ཡང་མཐོང་ཐུབ། ཆ་དེ་དག་གིས་སྒྲུང་གཏམ་ཧྲིལ་པོར་འཆར་ཡན་རིང་ལུགས་ཀྱི་བཀྲག་མདངས་ཤིག་བསྣན་ཏེ། སྒྲུང་གཏམ་ལ་སྐྱོ་སྣང་གི་འདུ་ཤེས་ཤིག་བསྐྲུན་ཡོད་ནའང་། ཀློག་པ་པོ་ལ་སྐྱོ་ཤས་ཀྱི་རེ་ཐག་ཆད་དུ་མི་འཇུག་པར། ད་དུང་དེ་ལས་ལྡོག་སྟེ་དགེ་བ་དང་ཕུན་ཚོགས་ཀྱི་རྒྱུ་རུ་འཇུག་པར་བྱེད་ཅིང་།“བཀྲ་ཕུན་གྱིས་ཅི་ཞིག་གི་ཧ་གོ་སོང་བ་ལྟར…… དེའི་མུར་མལ་གོས་དམར་པོ་དེ་རྒྱབ་ལ་ཁུར་རྗེས་ཕ་གིའི་གྲོང་ཁྱེར་གྱི་ཕྱོགས་སུ་ཕྱིན་པ”ཡང་ནང་རྐྱེན་དེ་དག་གིས་ཁོ་ལ་བསྐུལ་པའི་རྟོགས་སད་ཅིག་ཏུ་ངེས།
   སྙིང་སྟོབས་ཀྱི་འབྱུང་ཁུངས་ཁྲོད་ཀྱི་རྒྱབ་རྟེན་གཙོ་བོར་གྱུར་པ་ནི་དད་མོས་ཡིན། དད་མོས་ནི་འུ་ཅག་གི་རིག་གནས་སྙིང་སྟོབས་ཀྱི་ལྟག་ཆུ་ཆད་མི་རུང་བའི་སེམས་བྱུང་གི་རྫིང་བུ་ཡིན་ཞིང་། རྩོམ་པ་པོ་ཡིན་ནའང་འདྲ། སྒྲུང་གཏམ་གྱི་མི་སྣ་ཡིན་ཡང་རུང་།ཐམས་ཅད་དད་མོས་དང་ཁ་འབྲལ་མི་རུང་སྟེ། ཐུའོ་སི་ཐོ་ཡེ་ཧྥུ་སི་ཅི(陀思妥耶夫斯基)ཡིས《ཁཱ་ལ་མ་ཙོ་ཧྥུ་གཅེན་གཅུང》ཞེས་པའི་རྩོམ་དུ། མི་སྣའི་ངག་གཡར་ནས“གལ་ཏེ་དཀོན་མཆོག་མེད་ན། མིས་མི་ལས་པ་གཅིག་ཀྱང་མེད”⑤ཅེས་བརྗོད་མྱོང་ལ། དེའི་ནང་དོན་ནི་གལ་ཏེ་མིའི་སེམས་ཁོང་དུ་རྟག་བརྟན་གྱི་དད་མོས་དང་ཚད་གཞི་མེད་ན། ཐམས་ཅད་རང་སྣང་གང་ཤར་གྱི་ལམ་དུ་འགྲོ་ངེས་པ་དེ་ཡིན་ཞིང་།ཁོང་གིས་སེམས་བྱུང་དད་མོས་ཀྱི་གནད་དོན་ནི་མིའི་རིགས་ཀྱི་ཆེས་གཙོ་བོར་གྱུར་པ་དང་། ཆེས་རྩ་བར་གྱུར་པའི་གནད་དོན་དུ་ངོས་འཛིན་གནང་གིན་ཡོད།
    དེ་བས་བཀྲ་ཕུན་ལ་མཚོན་ན་དད་མོས་ནི་གནོན་ཤུགས་ཀྱི་སྙིང་སྟོབས་ཤིག་ཡིན་པར་མ་ཟད། འཇིག་རྟེན་ཆོས་བརྒྱད་དུ་མི་གཏོགས་པའི་ཆོས་གཞན་དག་ལ་བླང་དོར་འབྱེད་བྱེད་ཀྱི་ལྡེ་མིག་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་ནོ།།
   《གད་སྙིགས》ཀྱི་ཁྱད་ཆོས་ཤིག་ནི་སྒྲུང་གཏམ་གྱིས་གཏམ་རྒྱུད་ཀྱི་སྤྲོ་སྣང་ལ་མི་གཡེང་བར་སྙིང་སྟོབས་ལ་དང་དོད་བྱས་ཏེ། སྨྱུག་རྩེའི་གཏམ་རྒྱུད་དེ་མཛེས་རིག་གི་ལམ་ནས་ཐོག་མར་གཞི་གྲུབ་ཀྱི་རྣམ་པར་འགོད་པ་དང་། དེ་དང་བསྟུན་ནས་སྒྲུང་གཏམ་རང་ཉིད་ཆེས་མཐར་ཐུག་གི་ཚད་མཐོན་པོའི་བླ་སྲོག་གི་འཇིག་རྟེན་ཞིག་ཏུ་བསྒྲུབས་པ་དེ་རེད། འདིའི་ཐད་ནས་བཤད་ན། རང་རེའི་སྒྲུང་གཏམ་པ་ཕལ་ཆེ་བར་ཐུན་མོང་གི་ནད་གཞི་ཞིག་ཡོད་པ་ནི། སྒྲུང་གཏམ་ཧྲིལ་པོ་གཏམ་རྒྱུད་ཀྱིས་གཡོགས་ཏེ་ཀློག་མཁན་ལ་མཚར་སྣང་ལྡན་པའི་ལྟད་མོའི“སྒྱུ་འཕྲུལ”ཞིག་སྟོན་བཞིན་ཡོད་པ་དེ་ཡིན་པར་སྙམ། སྤྱིར་གཏམ་རྒྱུད་ནི་སྒྲུང་གཏམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་འཛིན་མཁན་མང་ནའང་། ད་ལྟ་ཀློག་པ་པོ་ཐམས་ཅད་རྩོམ་པ་པོ་རང་སྒེར་གྱི་ཉམས་མྱོང་ཉི་ཚེ་བ་དེ་ལ་སུན་སྣང་སྐྱེ་བའི་ཚད་ལ་སླེབས་འདུག དེ་བས་རྩོམ་པ་པོ་ཉིད“དངོས་སྣང་གི་ཉམས་ཞིབ་པ”རུ་སྤྲུལ་ནས་གཏམ་རྒྱུད་ཀྱི་བླ་སྲོག་བསྐྲུན་ཏེ་ཀློག་པ་པོའི་སེམས་ཁོང་དུ་སྐྱེལ་བ་དང་། ཀློག་པ་པོ་ལ་བསམ་པའི་ལོངས་སྤྱོད་ཀྱི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་གནང་རྒྱུ་ནི་དགོས་ངེས་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད། ཡིན་ནའང“གཏམ་རྒྱུད”ལ་གཡོལ་ནས་བྱུང་རིམ་གཙོ་བོ་དག་ཀྱང་ཕལ་བ་ནང་བཞིན་བཙན་བསྡུས་བྱས་ཚེ། སྒྱུ་རྩལ་གྱི་ལྡེམ་ཤུགས་ལ་ལྷོད་ཁ་ཤོར་པའི་སྐྱོན་འབྱུང་བ་རེད་དེ། སྒྲུང་གཏམ་འདིར་བཀྲ་ཕུན་གྱིས་ཕྲུ་གུ་རྒྱབ་ལ་ཁུར་ནས་གད་སྙིགས་ཀྱི་རི་བོ་དང་ཁ་བྲལ་པའི་ཕྱིས་ཀྱི་བྱུང་རིམ་མཐའ་དག་ནི་ཧ་ཅང་བསྡུས་དྲགས་པས་གཙོ་གནད་འབུར་དུ་མ་ཐོན་པར་འདུག་ལ། སྒྲུང་གཏམ་གྱི་ནང་གནས་བར་སྟོང་གུ་དོག་པའམ་ཡང་ན་ཧ་ཅང་རྒྱ་ཆེ་དྲགས་པའི་སྣང་བ་ཞིག་སྟེར་རོ།།
   《གད་སྙིགས》ཀྱི་ཁྱད་ཆོས་གཞན་ཞིག་ནི་ཚིག་གི་རོལ་རྩེད་ཀྱི་ལོངས་སྤྱོད་ལ་རོལ་པ་དེ་རེད། དེ་ཡང་བྱེ་བྲག་ཏུ་བཤད་ན། སྒྲུང་གཏམ་དུ“ལྷ་ས་ཞེས་པའི་མཐོ་སྒང་གི་གྲོང་ཁྱེར”དང་།“ལྷ་ས་ཞེས་པའི་གྲོག་ཤུར་རིང་མོ”ཞེས་པའི་ཚིག་སྒྲོས་དེ་གཉིས་བསྡོམས་པས་ཐེངས་བཅུ་གཅིག་ལ་བསྐྱར་ཟློས་བྱས་ཡོད་ཀྱང་།དེ་ཟློས་སྐྱོན་དུ་གཏན་ནས་མི་གཏོགས་པར། བརྟན་ཆགས་ཅན་གྱི་ཚིག་གི་རོལ་རྩེད་ཀྱི་རྣམ་པ་ཞིག་ཏུ་ཆགས་ཡོད་པ་རེད། སྤྲོས་བརྗོད་ཀྱི་རྣམ་པའི་སྟེང་ནས་བལྟས་ན། ཐེངས་རེ་རེའི“ལྷ་ས་ཞེས་པའི……”ཚིག་གི་འཆར་ཡན་དང་བློས་བསླངས། གབ་དོན་རྣམས་གཅིག་ལས་གཅིག་ལྷག་གིས་གཏིང་རིམ་དུ་ཟུག་ཡོད་པར་མ་ཟད། སྒྲུང་གཏམ་རང་ཉིད“གཏམ་རྒྱུད”ལས་བཅིངས་འགྲོལ་ཐོབ་པར་ཡང་ནུས་པ་ཆེན་པོ་ཞིག་ཐོན་ཡོད་པ་རེད། རོལ་རྩེད་ལ་ལོངས་སྤྱོད་པ་དེ་ནི་སྤྱིར་བཏང་ཡིན་ན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་རིང་ལ། རྒྱའི་གདོང་ལེན་པའི(先锋派)རྩོམ་པ་པོ་དག་གིས་གསར་གཏོད་ཀྱི་ཚུལ་དུ་སྤྱད་པའི་སྒྲུང་གཏམ་གྱི་སྤྲོས་བརྗོད་ཐབས་རྩལ་གྱི་ཚོད་ལྟ་ཞིག་རེད་ལ། ཚེ་དབང་རྣམ་རྒྱལ་གྱིས་བོད་ཡིག་གི་ལམ་ནས་སྤྱད་པ་ནི་ཆེས་ཐོག་མའི་བློ་སྐྱེད་ཅིག་ཡིན་པར་བཤད་དཀའ་ནའང་། གདོང་ལེན་པའི་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཐེབས་འདུག་པ་ནི་ཧ་ཅང་མངོན་གསལ་རེད། ལར་རང་རེའི་ཀློག་པ་པོ་རྣམས་འདི་ལྟ་བུའི་རོལ་རྩེད་ཀྱི་ལོངས་སྤྱོད་ལ་དུངས་པ་ཡོད་མེད་ཆ་མ་འཚལ་ཀྱང་། རྩོམ་པ་པོ་རང་ངོས་ནས་བཤད་ན། འདི་ནི་རྩོམ་རིག་གི་གསར་བརྗེ་ཞིག་དང་ཚོད་བགམ་ཞིག་མིན་པའི་ངེས་པའང་མེད།
   ང་ཚོས《གད་སྙིགས》ཞིབ་ཏུ་ཀློག་སྐབས། དེ་སྔོན་རྩོམ་པ་པོ་སུའུ་ཐུང(苏童)གིི《ཕྲུ་གུ་རྙེད་པའི་ཟིན་བྲིས》ཞེས་པའི་སྒྲུང་གཏམ་དེ་ངང་ངམ་ཤུགས་ཀྱིས་དྲན་འོངས། སྒྲུང་གཏམ་དེར་ཡང“ཕྲུ་གུ”བརྗོད་སྙིང་གི་གཞི་རྟེན་མཚོན་བྱེད་དང་གཏམ་རྒྱུད་ཀྱི་ལྟེ་བར་བཟུང་ནས། དེང་རབས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་རྣམས་ཀྱི་མི་གཤིས་དང་རྣམ་ཤེས། ཀུན་སྤྱོད། བརྩེ་ཚོར་སོགས་ལ་གཏིང་རིམ་གྱི་གཤག་བཅོས་ཐེངས་ཤིག་བྱས་ཡོད་པས། བལྟས་པ་ཉིད་ནས་ཚེ་དབང་རྣམ་རྒྱལ་ལ་སུའུ་ཐུང་གི་ཤུགས་རྐྱེན་ཆེས་ཆེར་ཞུགས་འདུག་པ་འདྲ་མོད། ཞིབ་ཏུ་བསམས་ན་སྒྲུང་གཏམ་གྱི་སྤྱི་ཚོགས་རྒྱབ་ལྗོངས་མི་འདྲ་བ་དང་། ལྷག་པར་རྩོམ་གྱི་མཇུག་སྡུད་སྟངས་གཏན་ནས་མི་འདྲ་བས། སྒྲུང་གཏམ་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་ཆ་ནས། ཝེ་ལེ་ཁོ(韦勒克)ཡིས་བཏོན་པའི་མི་རིགས་རྩོམ་རིག་གི་བརྡར་ཤའི་ཚད་གཞི་སྟེ། མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་བརྗོད་བྱ། མི་རིགས་ཀྱི་ཉམས་འགྱུར་རྣམ་དག་ཤ་ཐོན་རུས་ཐོན་ཞིག་བྱུང་འདུག་པ་ནི་བསྙོན་དུ་མེད་དོ། །ལད་འབྲི་ཡིན་ནའང་འདྲ། སྟེས་དབང་ཡིན་ཡང་རུང་། གང་ལྟར་སྒྲུང་གཏམ་གཉིས་ཀས་ཐུན་མོང་གི་ལམ་ནས་གཅིག་ལས་གཅིག་ལྷག་གིས་མི་ཆོས་ཀུན་སྤྱོད་ཀྱི་རྩོམ་རིག་གི་ལྟ་བ་གཉེར་ཏེ། རྣམ་པར་སྨིན་པའི་རྩོམ་རིག་གི་བསམ་བློ་དང་།ཡང་ན་རང་རྐྱ་ཐུབ་པའི་རྩོམ་རིག་གི་སྙིང་སྟོབས་མངོན་པར་བྱས་ཡོད་པར་མ་ཟད། ཡོངས་ཁྱབ་རང་བཞིན་གྱི་རིན་ཐང་གི་ལྟ་བའི་ཐོག་ནས། ང་ཚོའི་དུས་རབས་འདིའི་འཚོ་བའི་ནང་གནས་ཀྱི་ཉམ་ཉེས་རིགས་ཤིག་མཚོན་པར་བྱས་ཡོད་པས། དེ་ལ་དངོས་ཡོད་རང་བཞིན་ཀྱི་དོན་སྙིང་ཕུན་སུམ་ཚོགས་པ་ཞིག་ལྡན་པར་འདོད་དོ། །
   ཟུར་ལྟའི་དཔྱད་གཞི།
1.汪政、晓华,《无边的文学》,作家出版社2013年第一版。P371
2.谢有顺,《小说评论》,2007年第3期。P16
3.ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། 《བླང་དོར་རབ་གསལ》 མི་རིགས་དཔེ་སྐྲུན་ཁང་གིས2007ལོའི་ཟླ3པར་པར་དུ་བསྐྲུན། P43
4.〔俄〕伊利亚•爱伦堡,《人•岁月•生活》第六部,人民文学出版社1979年4月出版。P174
5.雷达,《重新发现文学》,中国书籍出版社2014年第一版。P246
(རྩོམ་སྒྲིག་འགན་འཁུར་པ་པད་མ་དབང་ཆེན་ཡིན)


རྩོམ་ཡིག་སྔོན་མ།
དེ་རིང་གི་དྲན་པ།
རྩོམ་ཡིག་རྗེས་མ།
སྲས་མོ་ཡེ་ཞང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1