1
ང་ཡར་སྔོན་ཉིང་མེང་དང་བཟའ་ཐོར་བྱེད་འདོད་སྐྱེས་མྱོང་། གལ་སྲིད་ཚུལ་དེ་བརྗེད་ངས་རྐུན་པོས་ཁྱེར་མེད་པ་ལགས་ན། རེབ་འདི་ནི་ཐེངས་གཉིས་པ་ཡིན།
“ཁྱོད་ཀྱིས་ཉིན་འགར་རྙོག་ཟིང་བསླངས་ཟིན་པས། ཚར་རྒྱུ་ཞིག་མེད་དམ།”ཉིང་མེང་གིས་ངའི་ཕྲག་གོང་ཕུར་ཞོར་སྨྲས།“དེ་ལྟར་མི་བྱེད་རོགས། ངའི་ཁ་ལ་ཉོན་ཅིག”
དུས་ནམ་ཡིན་ཡང་ཁོས་ངའི་ཁ་ལ་ཉན་པ་ཡིན། ཁོའི་ལག་ཤེད་ནི་སྔར་ལས་ཇེ་ཆེར་སོང་འདུག ཁོ་ལ་མཚོན་ན་ལག་པ་བདེ་མོ་ཞིག་ཡོད་དེ། ལྷོ་ཁོ་རེ་ཡ་ཡི་ཚད་ལྡན་གྱི་བསྙལ་ཁུ་བཟོ་ཤེས་ལ། མཚོ་བྲག་ཁ་རུ་སྣག་ཉ་ཡང་འཛིན་ནུས། ནང་འདྲེན་བྱས་པའི་འཕྲུལ་རྟ་ཞིག་གསོ་བྱེད་ཤེས་ལ། ཤོག་བྱ་ཡང་བལྟབས་ཏེ་བཟོ་ནུས། བསྲེགས་ནས་ཆད་པའི་ཉེན་སྐྱོབ་ཞ་སྐུད་མཐུད་ནུས་ལ། ཐའོ་པའོ་ཚོང་ལམ་བརྒྱུད་ནས་ཉོས་པའི་ཉོག་དྲ་ཅན་གྱི་དཔེ་སྒྲོམ་ཡང་སྒྲིག་བཟོ་བྱེད་ཐུབ། གཞན་ད་དུང་རྐོ་གྲི་སྤྱད་དེ་སྐྱུ་རུའི་འབྲས་རྡོག་ངོས་སུ་ལྷ་སྐུ་ཡང་རྐོ་བར་བྱེད……
ངས“ཁྱོད་ཀྱིས་ང་ལ་རེག་མི་ཆོག”ཅེས་བརྗོད།
ཁོས་ངག་སྒོ་བསྡམས་སོང་སྟེ། མགོ་བོ་སྒུར་ནས་ལག་ནང་གི་སྐྱུ་རུའི་འབྲས་རྡོག་ཕར་སྐོར་ཚུར་སྐོར་བྱས། ཁོས་སྐྱུ་རུའི་འབྲས་རྡོག་ངོས་སུ་དགྲ་བཅོམ་པ་བཅོ་བརྒྱད་བརྐོས་མྱོང་།
ང་འཇམ་ཐིང་ངེར་སྒེའུ་ཁུང་འགྲམ་དུ་ཕྱིན། ཐོག་ཁང་གི་ཞོལ་ནི་འཁོར་ལྷས་ཡིན་ལ། རྒད་པོ་ཞིག་སྒོ་ཁྲི་སྤྱད་དེ་སྲོག་སྐྱོབ་རླངས་འཁོར་ལས་བླངས་རྗེས། ཚབ་ཚུབ་ངང་སྒོ་བསྟེན་སྨན་བཅོས་ཁང་གི་ཕྱོགས་སུ་ཁྱེར་སོང་ལ། ཡང་ལུས་ཧྲིལ་པོ་རས་དཀར་གྱིས་དམ་པོར་གཅུད་པ་ཞིག་ནི། ངུ་སྐད་སྒྲོག་བཞིན་པའི་བུད་མེད་དག་གིས་འཐེན་པ་དང་འདེད་པ་བཅས་བྱས་ཏེ་མགྲོན་འཁོར་ཆུང་བ་མདོག་དམར་པོ་ཅན་ཞིག་གི་ནང་དུ་བརྫངས། ཁོ་ཚོའི་ལུས་གཟུགས་ནི་དེ་འདྲའི་ཆུང་ཞིང་ལེབ་པ་སྟེ། མར་བལྟས་ཚེ་བྱེ་ཐང་དུ་ཙད་རླུང་གིས་མཁའ་རུ་སྤུར་པའི་བྱེ་ཟེགས་དང་ཡང་དག་མཚུངས། ཉིན་མོ་དེར་མི་དེ་འདྲ་མང་བོ་ཞིག་ནང་དུ་བུད་ཡོང་ལ། ཡང་མི་དེ་འདྲ་མང་བོ་ཞིག་ཕྱིར་སོང་བ་ཡིན། ཁོ་ཚོར་གསལ་བ་ནི། གནས་འདི་ཉིད་གཞན་མ་ཡིན་པར་ཤི་གསོན་གཉིས་ཀྱི་འགག་སྒོའོ།།
“དྲོས་ཇ་ཅི་ཞིག་འཐུང་འདོད་དམ།”ཁོས་ངའི་ལྟག་རྒྱབ་ནས་དམ་པོར་སྡོམ་ཞོར་གྲོས་བྱེད་པའི་ཚུལ་དུ་དྲིས་བྱུང་ལ། མཐུད་ནས་ཡང“ཐུ་བ་ཆུང་ངུ་ཆུ་བཙོས་བྱས་ན་བཟང་ངམ”ཞེས་འདྲི།
ང་ཁ་ཕྱིར་འཁོར་ནས་ཁོ་ལ་བལྟས། ལོ་འདི་འདྲ་མང་བོ་ཞིག་སྟེ། ཉིན་དཀར་དང་དགོང་མོ་ཡིན་ནའང་འདྲ། ཁོ་སད་དུས་དང་གཉིད་དུས་གང་ཡིན་ཡང་།
ངས་མགོ་སྔས་ཐོག་གཅིག་ལ་གྲངས་མེད་བཞག་མྱོང་བའི་སྐྱེས་པ་འདིར་སེམས་ཞིབ་མོས་བལྟས་མྱོང་། ཁོའི་སྣ་ནི་སྔོན་ཆད་ལྟར་གཟེངས་སུ་མཐོ་བར་སྣང་ཐོག སྣ་སྤུ་རྣམས་བྲེགས་ནས་གཙང་མར་བཟོས་འདུག ཁའི་གྲུ་ཟུར་ཅུང་ཡར་བཀྱགས་ནས་ཡོད་དེ། ས་སེར་མདོག་ཅན་གྱི་སྨེ་བ་མཆུ་འགྲམ་དུ་མངོན་ཚུལ་གང་ཞིག སྐམ་པོར་གྱུར་པའི་འབུ་སྦྲང་གི་རྟུག་པ་ཆུང་ཆུང་ཞིག་དང་ཧ་ཅང་འདྲ། མིག་ཟུང་གི་མཐའ་རུ་གཉེར་མ་ཕྲ་ལ་རིང་བ་གཉིས་མངོན་པ་ཕུད། ཁོ་ཅུང་ཙམ་ཡང་རྒས་ཀྱིན་མི་འདུག
“དེ་ནི་རང་བཞིན་དུ་གླེང་བ་ཙམ་ཡིན……” ཁོས་སྐད་དམའ་མོས“དོན་དག་ཁྱི་སྐྱག་འདྲ་བ་ཅི་ཞིག་ཡོད་ངེས་སམ”ཟེར།
ངས་ཁོའི་མིག་གི་རྒྱལ་མོར་ཡོ་མེད་དུ་བལྟས། ཁོས་རྫུན་འཆད་དུས་མིག་གི་རྒྱལ་མོ་ནི་རབ་ཅིག་ཇེ་ཆེར་བུད་འགྲོ་ཚུལ་ངས་ཁོ་ལ་གཏན་ནས་གླེང་མ་མྱོང་།
“ཆོག་གི” ཁོས་སྐད་མགོ་ཇེ་དམའ་རུ་བཏང་ནས“དོན་དག་མེད་བཞིན་དུ་དོན་དག་མི་བཙལ་རོགས། ཁོ་ཚོ་སླེབས་བྱུང”ཟེར།
ངས་རང་གི་ཕྲག་པ་སྡོམ་རྩིས་བྱེད་བཞིན་པའི་ཁོའི་ལག་པ་ཆེན་པོ་དེ་ཕར་གཡུགས་པ་ལས། སྐད་ཆ་གཞན་ཅི་ཡང་བཤད་མ་འདོད། ཉིན་འདི་དག་གི་རིང་། ང་ནི་ནད་ཁྲིའི་སྟེང་འདི་ལྟར་གན་རྐྱལ་དུ་ཉལ་བར་སྔ་མོ་ནས་གོམས་ཡོད། མིག་འོད་ནི་མཚན་དུས་འཕུར་སྐྱོད་བྱེད་པའི་གནམ་གྲུ་ཡི་གཤོག་སྣེའི་གློག་ཞུ་དང་འདྲ་བར་མུན་ནག་གི་ཀློང་དུ་འོད་འཚེར་འཚེར་བྱེད། ཁང་བའི་གནམ་གཅལ་དུ་རྒྱ་སེ་མེ་ཏོག་གི་དབྱིབས་ཅན་གྱི་འཁྱོག་གཟུགས་གས་སྲུབས་འགའ་རེ་ལས་ཅི་ཡང་མཐོང་རྒྱུ་མི་འདུག ལན་རེར་ངས་ངག་རྒྱུན་ཁྲོད་ཀྱི་མི་དེ་ནི་ཤོག་དྲས་འདྲ་པར་ནང་བཞིན་གནམ་གཅལ་དུ་སྦྱར་ཡོད་ཚུལ་གསལ་ལ་མི་གསལ་བའི་ངང་མཐོང་ཡོང་། བྱིས་པ་དེ་ནི་འཕགས་མ་མ་ལེ་ཡ་ཡི་རུམ་ཁོང་དུ་གུམ་གུམ་བྱས་ནས་བསྡད་ཡོད་དེ། མཆུ་འདབ་ནི་རྔམ་པའི་ཚུལ་དུ་འཕགས་མའི་མཁྲེང་ཞིང་རྒྱས་པའི་མྱོས་བུམ་ཕྱོགས་སུ་བསྲིངས་འདུག
2
ཁོ་ཚོ་འཆམ་འཆམ་ལ་སོང་ནས་ཕྱིར་བུད་ཡོང་།
ཁོ་ཚོ་ནི་ང་དང་ནད་ཁང་གཅིག་པའི་ནད་གྲོགས་ཏེ། ཨན་ཅེ་དང་ཧྭ་ཧྥེ། ཚུའེ་ཚུའེ། ད་དུང་མོའི་རྐང་དྲི་ཅན་གྱི་ཁྱོ་ག་བཅས་ཡིན།
ཨན་ཅེ་ཡིས་ནམ་རྒྱུན་ལྟར་སྐད་ཆ་ཅི་ཡང་མི་བཤད་དེ། ནད་ཁྲིའི་སྟེང་ཀུམ་ཙོག་གིས་ཧྲན་ཐིང་ཧྥང་གིས་འཆད་པའི་སྒྲུང་གཏམ་ལ་ཉན་པ་དང་། ཧྭ་ཧྥེ་ཡིས་རྩིས་འཕྲུལ་གྱི་སྒོ་ཕྱེ་ཞིང་ཉན་ཆས་རྣ་སྒོར་བཙུགས་ཏེ་མིག་ཟུང་ཡོ་བ་མེད་པར《ཀྲེན་ཧོན་གྱི་རྟོགས་བརྗོད》ལ་ལྟ་བར་བྱེད། མོའི་བཤད་ཚུལ་ཡིན་ན་ད་སྔ་ལན་གསུམ་བལྟས་སོང་ཟེར། མོས་ང་ཚོར་མོ་ལ“ཧྭ་ཧྥེ”ཞེས་འབོད་དགོས་ཚུལ་བརྗོད་དེ། དེ་ནི་དགེ་རྒན་གྱི་ལས་དཔང་ངོས་ཀྱི་ལིའུ་ཧྲུའུ་ཧྥང་ཞེས་པའི་མིང་དང་མི་འདྲ་བ་ཡིན། ཚུའེ་ཚུའེ་ཡིས་རྐང་དྲི་ཅན་གྱི་ཁྱོ་གར་རང་ཉིད་ལ་མཉེད་ཕུར་བྱེད་དུ་འཇུག་བཞིན་པས། བར་མཚམས་མེད་པར་བྱི་ལ་ལྟ་བུའི་འབོད་སྒྲ་དེ་བསྒྲགས་བྱུང་།
“ཁྱོད་ཀྱི་བུ་དེ་དུས་ཡུན་རིང་བོ་ཞིག་ལ་མ་ཡོང་བ་རེད།”ཧྭ་ཧྥེ་ཡིས་ཉན་ཆས་བླངས་ཏེ་ཨན་ཅེ་ལ་ཅེར་ནས་ཡུད་ཙམ་བསྡད་རྗེས་དེ་ལྟར་བཤད་པ་དང་། ཡང་ཅི་ཞིག་དྲན་པ་ལྟར“ད་ནི་ཁོ་ལ་ཁ་པར་གཏོང་རན་སོང”ཞེས་ལབ།
“ཁོ་བྲེལ་བ་ཆེ།”ཨན་ཅེ་ཡིས་དལ་མེད་བྲེལ་མེད་དུ་དེ་ལྟར་སྨྲས་ལ། མཐུད་ནས“པེ་ཅིན་དུ་ཉི་མ་འཕུད་རྒྱུ་ཟེར་ན། གཅེར་བུར་གྲི་སོའི་སྟེང་འགྲེ་ལྡོག་རྒྱག་པ་དང་མཚུངས”ཟེར།
དེར་ཧྭ་ཧྥེ་ཡིས་ཤུགས་རིང་ཞིག་ཕྱུང་འཕྲལ། ལུས་པོ་ངའི་ཕྱོགས་སུ་འཁོར་ནས“མཛེས་མ་ལགས། ཁྱོད་ཀྱི་ངོ་ནི་མར་ལུག་སྟེ་གསེར་ཕུད་ལས་ཀྱང་རིང་བར་མངོན། སེམས་སྡུག་ཅི་ཞིག་ཡོད་དམ། ཡོད་ཚེ་ཤོད་དང་། ཨ་ཅེས་ཉན་འདོད”ཅེས་བརྗོད་འོངས།
ང་ཡང་མི་གཞན་དག་ཚོ་དང་འདྲ་བར་མོ་ལ་དགའ་པོ་མེད།“ད་ནི་དྲོས་ཇ་སླེབས་ཟིན་པས། ཁྱོད་ཀྱིས་དཔོན་མོ་བདག་ལ་ཁམས་འདྲི་ཡང་བྱས་མ་སོང་།བདག་གི་སེམས་སུ་ཁྱོད་ཀྱིས་ཁོ་མོ་མིག་ནང་དུ་འཇོག་གིན་མི་འདུག་བསམས་བྱུང་།”
ཧྭ་ཧྥེ་ནི་ཧ་ཧ་ཞེས་བགད་སོང་། མོ་ནི་རང་གི་རྩེད་ཆས་ནང་གི་བྱིའུ་ཆུང་དང་འདྲ་བོ་འདུག་སྟེ། ངོ་ཚུགས་རྒྱགས་ཐོག་སྨྲ་སྒོ་ཧ་ཅང་ཆུང་།“ཁྱོད་ཀྱི་སྐྲ་ལོ་ད་དུང་ལྷུང་གིན་མི་འདུག”མོས་དེ་ལྟར་བཤད་མ་ཐག ཡང“འོན་ཀྱང་ད་རུང་སྨན་བཅོས་རེབ་གཉིས་བྱས་རྗེས། གཞི་ནས་ཤུལ་གཅོད་ཇོ་རྒན་མར་འགྱུར་འགྲོ་བ་ཡིན”ཟེར། མོས་སྐྲ་ལོ་རྫུན་མ་གོན་སྣང་སྟེ། དངོས་པོ་དེ་མགོ་རིལ་བོའི་སྟེང་གོན་ཡོད་པའི་ཚུལ་ནི་ཅི་འདོད་དུ་བསླེས་པའི་རྩི་ཞྭ་ཞིག་དང་དབྱེར་མ་མཆིས། མོས་ད་དུང་རྩི་ཞྭའི་སྟེང་དུ་ཟེར་འོད་ལམ་ལམ་འཕྲོ་བའི་སྐྲ་འཛེར་རིམ་པ་ཞིག་གསེབ་འདུག་ལ། དེ་ཚོ་ནི་མོའི་ནུ་བོས་ཝུའུ་ལུའུ་མུའུ་ཆི་ཡི་ཚོང་ར་ཆེ་བའི་ནང་དུ་ཉོས་པ་ཡིན་ཚུལ་སྨྲ།
ངེད་བཞི་པོ་ནི་སྔ་ཕྱིར་གཤག་བཅོས་བྱས་པ་སྟེ། རྫས་འགྱུར་སྨན་བཅོས་བྱེད་དུས་ཀྱང་ཁང་བ་གཅིག་གི་ནང་བཀོད་སྒྲིག་བྱས་སོང་། སྨན་བཅོས་རེབ་གཅིག་གི་དུས་ཡུན་ནི་ཉིན་དྲུག་ཡིན་ལ། སྨན་ཁང་ལས་བུད་དེ་ཉིན་ཉི་ཤུར་ངལ་གསོས་རྗེས། ཡང་ཕྱིར་སྨན་ཁང་དུ་ཡོང་ནས་རྫས་འགྱུར་སྨན་བཅོས་བྱ་དགོས……ངའི་སེམས་སུ་ང་ཚོ་ལ་དངོས་གནས་ལས་འབྲེལ་འདུག་སྟེ། རེབ་འདི་ནི་ཐེངས་བཞི་པ་ཡིན་པར། ད་ལྟའི་བར་ཁ་ཁར་བཏང་མ་བྱུང་། དེ་བས་མོ་ཚོ་ནི་རང་ལ་མཚོན་ན་སུན་སྣང་སྟེར་ཡང་འདོར་ཐབས་བྲལ་པའི་ཤ་ཉེ་དབུལ་པོ་དག་དང་ཀུན་ནས་མཚུངས།
ཚུའེ་ཚུའེ་ཡིས་རྐང་དྲི་ཅན་གྱིས་རང་ཉིད་ཕུར་མཉེད་བྱེད་དུས་ལག་ལྕི་ཚུལ་ལབ་པར། ཧྭ་ཧྥེ་ཡིས“ཁོས་ཁྱོད་བཙིར་ནས་བསད་རྗེས། ཡེ་ཞང་བག་མར་བསུ་འདོད་པ་རེད། མོ་གང་ལྟར་ཕྱུགས་ཆུང་ཡིན་པས”ཞེས་བརྗོད།
ཚུའེ་ཚུའེ་ཡིས་གཅོམ་ཆུང་སྐད་ཀྱིས“ཧྭ་ཧྥེ། སྐད་མགོ་དམའ་བར་བྱོས། མོ་ཡོང་བཞིན་འདུག”ཅེས་ཟེར།
ཡེ་ཞང་ངོ་མ་ཡོང་བཞིན་འདུག ང་ཚོས་མོའི“ལྟིག་ལྟིག”ཏུ་གྲག་པའི་གོམ་སྒྲ་ཐོས་འོངས། བར་ཁྱམས་ནང་སྒྲ་སྣ་ཚོགས་མཆེད་བཞིན་ནའང་།མོའི་གོམ་སྒྲ་ནི་དེ་འདྲའི་བརླིང་ཞིང་བྲག་ཅ་འཁོར་བ་ཞིག་གོ །ང་ཚོའི་མིག་ལམ་དུ་གློ་བུར་མོའི་རྒྱགས་དྲགས་པའི་རྐང་བ་ཟུང་ནི་དཀའ་ཚེགས་ཆེ་ཞིང་འགྲོས་དལ་བུར་སྔུན་དུ་སྤོ་བའི་མཚུངས་སུ། རྫ་མ་ལྟར་སྦོམ་པའི་རྐེད་པར་མངོན་སྣང་བའི་ཤ་ཚིལ་ནི་གོམ་འགྲོས་སྐྱོ་བོ་དེ་དང་མཉམ་པོར་གཡས་འགུལ་གཡོན་འགུལ་བྱེད་པའི་རྣམ་པ་ཤར་བྱུང་། མོས་སྙིང་གི་ལྡིང་ཚད་སྙོམས་པོར་གཏོང་སླད། ཡུད་ཙམ་རིང་ལག་ནང་གི་ཕྱགས་མ་དང་སྙིགས་གཞོང་། རས་ཕྱིས་བཅས་ཐང་ལ་བཞག་སྟེ། དོག་ཅིང་འོད་མི་གསལ་བའི་བར་ཁྱམས་སུ་ལག་པ་དཀུ་ལ་བརྟེན་ནས་ངལ་ཅུང་ཙམ་གསོ་བར་བྱེད་ལ། མཐུད་ནས་ཀྱང་ཨང་གྲངས་ཞེ་བཞི་པའི་ལྷམ་གོན་སྣང་བའི་རྐང་རྒན་དེས་མཐིལ་ཤིང་ལ་རྡེག་མགོ་བརྩམས་པར། རྡོག་ཞབས་ལས་སོ་ཕག་གིས་ཤེལ་ངོས་འབྲད་པའི་སྒྲ་དེ་འདྲ་ཞིག་མཆེད་ཡོང་། དྲང་མོར་བཤད་ན་ངས་མོ་འདྲ་བའི་བུད་མེད་ཚོན་པོ་ཞིག་ད་སྔ་རིག་མ་མྱོང་། ངའི་སེམས་ནང་མོའི་ལག་པ་ཡ་གཅིག་གིས་ཀྱང་རང་ལྟ་བུ་ནི་ཡར་འགྱོག་ཐུབ་པར་མ་ཟད། ཟླ་བའི་གོ་ལའི་སྟེང་དུ་ལས་སླ་མོར་འཕེན་ནུས་པར་སྙམ།
“ཁྱོད་ཚོའི་གཏེར་ཆུའི་དམ་བེ་སྟོང་བ་མཐའ་དག་ང་ལ་བྱིན་དང་།”ཨན་ཅེ་ཡིས་མཐུད་ནས“སེམས་ལ་ཟུངས། དེ་ལེགས་པོར་གླེབས་རྗེས་གཞི་ནས་ང་ལ་སྟེར་རོགས”ཟེར།
ངས་ཐང་ཆད་པའི་ཉམས་དང་བཅས“ཉིང་མེང་།དེ་འདྲའི་མིག་མཐོང་ནུས་པ་མེད་སོང་བ་ཡིན་ནམ”ཞེས་སྨྲས།
ཁོས་བར་མཚམས་མེད་པར་ལག་འཁྱེར་ཁ་པར་ནང་རྩེད་མོ་རྩེ་བཞིན་འདུག དེ་ནས“ཧེ་ཧེ”ཞེས་དགོད་ཙམ་བྱས་རྗེས། མལ་ཁྲིའི་འོག་ནས་འགྱིག་གི་དམ་བེ་སྟོང་བ་དེ་ཚོ་བླངས་ནས་གླེབས་འཕྲལ། ངོ་དགའི་འཛུམ་དང་བཅས་ང་ལ“ཡེ་ཞང་བུད་ཡོང་བ་ཡིན་ནམ”ཞེས་དྲིས་བྱུང་།
3
ཡེ་ཞང་ནི་སྨན་ཁང་གཙང་སྦྲ་བྱེད་མཁན་ཞིག་ཡིན། མོས་འདི་རུ་ལོ་མང་བོར་ལས་ཀ་དེ་བསྒྲུབས་སོང་། ན་ཚོད་རྒན་པ་དང་གཞོན་པའི་སྨན་པ་དང་ནད་གཡོག་ལས་གཞན། ངོ་ཤ་ཐུར་དུ་ལུག་ཅིང་གདོང་ཡོངས་སྐྱོ་བས་ཁེངས་པའི་ནད་པ་རྙིང་བ་སུ་ཡིན་ཡང་མོ་མི་ཤེས་མཁན་གཅིག་ཀྱང་མེད། མོས་ནམ་རྒྱུན་ནུ་མ་ཆེན་པོ་དེ་བསྡམས་དྲགས་པའི་ཚི་ལེན་སྔོན་པོ་ཞིག་གོན་པར་བྱེད་པས། ལམ་དུ་འགྲོ་བའི་ཚེ་ན་དངོས་གནས་རྩལ་རྩེད་ཚོགས་པའི་ནང་གི་གླང་བོ་ཆེ་སྒྱིད་ལུག་པ་དེ་དང་ཧ་ཅང་འདྲ། ངས་མོའི་མཚང་མིང་གི་ཡོང་ཁུངས་གང་ཞིག་ཡིན་པ་གསལ་བོར་མི་ཤེས། ཅི་ཞིག་ལ་ཡེ་ཞང(རྒོད་ལ་ཤོར་པའི་གླང་ཆེན)ཞེས་འབོད་དེ། ཏ་ཞང(གླང་ཆེན)དང་ཅ་ཞང(ཁྱིམ་གསོས་གླང་ཆེན)ཞེས་མི་འབོད་དོན་ཅི་ཡིན། ངའི་བག་ཆགས་ཁྲོད་དུ་གླང་ཆེན་ནི་བབ་ཆགས་དང་གླེན་ཚུགས་མངོན་པའི་སྲོག་ཆགས་ཤིག་སྟེ། དེ་ནི་རྩྭ་ཟན་སྲོག་ཆགས་ཕལ་མོ་ཆེ་དང་འདྲ་ལ། ཁོ་ཚོའི་གཉེར་མས་ཁེབས་པའི་མིག་ཟུང་མཐོང་བར། སེམས་ནང་རང་དབང་མེད་པར་མལ་སར་ལྷུང་བའི་འདུས་འདྲིལ་གློ་གཅོང་ཕོག་མཁན་དེ་ཚོ་ཤར་འོངས། ཡེ་ཞང་གིས་ཐང་ཕྱགས་པ་དང་མཐིལ་ཤིང་འབྱིད་པ། སྤྱོད་ཁང་གཙང་སྦྲ་བྱེད་པ་བཅས་ལས་གཞན། ད་དུང་དམ་བེ་སྟོང་བ་སྡུད་པར་བྱེད། ལས་ཀ་རྗེས་མ་དེ་ནི་སྨན་ཁང་གིས་གསལ་འགོག་བྱས་འདུག་པར། མོས་ནམ་ཡང་ལྐོག་ལྐོག་སུད་སུད་ཀྱིས་ང་ཚོ་ལ“གཏེར་ཆུའི་དམ་བེ་ཡོད་དམ”ཞེས་དྲིས་ཡོང་།“གཏེར་ཆུའི་དམ་བེ”ཟེར་བའི་ཡི་གེ་བཞི་པོ་མོའི་ངག་སྒོ་ལས་ཕྱིར་འབུད་སྐབས། ཡེ་ཞང་གི་སྐྱ་ཐལ་ལེ་བའི་མིག་འབྲས་ནི་གློ་བུར་ཇེ་གསལ་ལ་བུད་འགྲོ། ཕྱིས་སུ་འདྲིས་ལོབས་སུ་གྱུར་པ་དང་བསྟུན་ནས། མོས་སྐད་ཆའང་གསལ་བོ་མི་བཤད་དེ། ལྕེ་བསྣར་ཞོར་མིག་གཉིས་ཀྱིས་ང་ཚོ་ལ་སྐོར་གཡེང་ཞིག་བྱས་རྗེས། ལག་གཡས་པའི་མཐེབ་ཆེན་དང་དཀྱིལ་མཛུབ་ཀེར་ནས་ཤུགས་ཆེན་པོས་གཡུག་གཡུག་ཅིག་བྱས་ཙ་ན། ངེད་བཞི་པོས་མྱུར་དུ་དམ་བེ་སྟོང་བ་དེ་དག་མོར་བྱིན་འགྲོ། ང་ཚོ་ཁོམ་ནས་ཅང་ལས་རྒྱུ་མེད་སྐབས། ཨན་ཅེ་ཡི་འབོད་སྐུལ་འོག་དམ་བེ་དག་ཐད་ཀར་གླེབས་པར་བརྟེན། ད་ནི་ཡེ་ཞང་གི་ཆེ་ཞིང་ལྗིད་ཀྱིས་ཁྱོགས་པའི་རྐང་བ་དེ་བཀོལ་མི་དགོས་པར་གྱུར།“ཁྱོད་ཚོ་ནི་མི་བཟང་བོ་ཏག་ཏག་རེད།”མོས་ཆུ་ཀུབ་ཆེ་བ་ཞིག་ང་ཚོར་བྱིན་པའི་མཚུངས་སུ། མི་རེ་རེར་དུམ་བུ་བཞི་ལྔ་རེ་བཙན་གྱིས་ཟ་རུ་བཅུག་སོང་། མཐུད་ནས“རྗེས་སུ་ངས་ཁུག་མ་འདི་ཁྱོད་ཚོའི་ནད་ཁང་ནང་འཇོག་ངེས”ཟེར།
མོས་རྒྱུན་དུ་དམ་བེ་སྟོང་བ་དེ་ཚོ་གཅིན་རྒྱུ་ཁུག་མའི་ནང་དུ་འཇོག་པ་ཡིན། སྔོན་ཆད་མོས་ངེས་མེད་རྒོལ་རྡུང་རུ་ཁག་གི་ཐབས་ཤེས་སྤྱོད་བཞིན་ཏེ། དེ་རིང་ཁུག་མ་ཕོའི་སྤྱོད་ཁང་དུ་བཞག་པར། སང་ཉིན་གནས་བརྗེས་ཏེ་མོའི་སྤྱོད་ཁང་དུ་འཇོག་ངེས། ལན་རེར་ད་དུང་རྩུབ་ཅིང་ལུད་རྫས་ཀྱི་དྲི་མ་མཆེད་པའི་ཁུག་མ་དེ་སྨན་པ་ཚོའི་གཞུང་ལས་ཁང་གི་གྱོན་ཆས་འཇོག་སའི་ནང་དུའང་རྫོང་བར་བྱེད། ད་ལྟ་ཤིན་ཏུ་བཟང་སྟེ། མོས་ནམ་རྒྱུན་ཁུག་མ་ནི་ཨན་ཅེ་ཡི་ནད་ཁྲིའི་འོག་རྐང་རྒན་དེས་བརྫངས་འགྲོ། ལས་ཀ་གྲོལ་ཁར། མོས་ནད་ཁང་སྒོ་ཡི་སྒེའུ་ཁུང་ཆུང་ངུའི་ཁ་རུ་སྐད་དམའ་མོས“ཉིང་མེང་། ཉིང་མེང”ཞེས་འབོད་ཙམ་བྱས་པར། ཉིང་མེང་ནི་ཧད་ནས་ཡུད་ཙམ་བསྡད་རྗེས། མྱུར་མོར་སྨི་བརྒྱ་ཡི་མཚམས་ལ་རྒྱུག་པའི་མྱུར་ཚད་ཀྱིས་གློག་སྐས་བར་དུ་བརྒྱུགས་འཕྲལ། རྩེག་རིམ་བཅུ་པ་ནས་དང་པོར་མར་བསྡད་ཅིང་། ཡང་ཡིག་རིགས་གཏོང་ལེན་ཁང་གི་རྒྱབ་རོལ་བསྐོར་ཏེ་འཁོར་ལྷས་ནང་ཕྱིན་པ་ན། ཡེ་ཞང་གིས་རང་གི་ལྭ་བ་བརྗེས་ནས་གཅིན་རྒྱུ་ཁུག་མ་རེ་རེ་ཐོག་ཁང་ལས་ཐད་ཀར་མར་འཕེན་ངེས་ཡིན། མོ་ལ་མཚོན་ན་བོའུ་རྒྱག་པའི་རྩལ་དེ་མ་སྦྱངས་པ་ནི་གྱོང་ཆེན་པོ་རེག་ཡོད། ཁུག་མ་རེ་རེ་ནི་བར་སྣང་ནས་སྐར་ཆ་འགའ་རེར་འཁོར་རྗེས་ཡོ་འཁྱོག་མེད་པར་ཉིང་མེང་གི་རྐང་འགྲམ་དུ་བབས་འགྲོ། དེའི་མུར་མོས་ཐབ་ཕྱགས་ལྟ་བུའི་ལག་པ་ཆེན་པོ་དེ་ཕུར་ཕུར་འགའ་བྱས་ཤིང་། ཡང་ང་ཚོའི་ཕྱོགས་སུ་གཡུག་གཡུག་ཅིག་གནང་རྗེས་སྐད་སྦོམ་པོས“མཛེས་མ་ཚོ། སླར་མཇལ་ཡོང”ཞེས་ལབ་འོངས།
སྤྱིར་བཏང་ང་ཚོར་རྫས་འགྱུར་སྨན་བཅོས་བྱེད་པར་ཉིན་དྲུག་དགོས་ཏེ། ཉིན་དྲུག་གི་རྗེས་སུ་སྨན་ཁང་ནས་འབུད་པ་ཡིན། ང་ཚོ་མེད་དུས་སུ། ནད་པ་གཞན་དག་ནི་ངེད་ཅག་དང་འདྲ་བའི་སེམས་པ་སྙི་མོ་ཅན་ཡིན་མི་སྲིད། ངའི་ཚོར་སྣང་དུ་མོ་ནི་ང་ཚོ་ལ་ཤིན་ཏུ་དགའ་སྟེ། རང་གི་ལས་ཀ་ཡོད་དོ་ཅོག་བསྒྲུབས་ཚར་རྗེས། རྒྱུན་དུ་ངེད་བཞི་པོ་སྡོད་སའི་ནད་ཁང་ནང་ཡོང་ནས་ཁ་བརྡ་སྣ་ཚོགས་གློད་འགྲོ། མོ་ནི་ནམ་རྒྱུན་སྒོ་ཁར་ཁེན་ནས་སྡོད་པར་མོས་ཏེ། གལ་སྲིད་ནད་གཡོག་མ་སོགས་ཚ་དྲོད་གཞལ་དུ་ཡོང་བའི་སྐབས་སུ། གཞི་ནས་མོའི་ལག་པའི་འོག་འཛུལ་ཏེ་ཡོང་དགོས། མོ་ནི་ཨན་ཅེ་ལ་ཁ་བརྡ་བྱེད་པར་དེ་བས་ཀྱང་དགའ་སྟེ། རྒྱུ་མཚན་ནི་ཨན་ཅེའི་གཤིས་ཀ་ཧ་ཅང་འཇམ་ལ། ཧྭ་ཧྥེ་ནང་བཞིན་ནམ་རྒྱུན་མོའི་ཁ་གློང་མི་སྲིད་པས་སོ།།
“ཁྱོད་ཅི་ཞིག་ལ་ལྗིད་འདེགས་ལུས་རྩལ་པ་བྱེད་དུ་མ་སོང་བ་ཡིན་ནམ།”ཧྭ་ཧྥེ་ཡིས“འདི་འདྲའི་ལུས་པོ་བཟང་བོ་ཞིག་ཆུད་ཟོས་སུ་བཏང་སོང”ཟེར།
“ང་ཆུང་དུས་ཤིན་ཏུ་སྐམ་པོ་ཞིག་ཡིན།”ཡེ་ཞང་གིས་ཁ་སྐྱེངས་པའི་ཟོལ་དུ་མཆུ་འདབ་ལྡག་ཙམ་བྱས་རྗེས། ཡང“ང་ལ་མཚོན་ན་དེའི་དུས་བྱེད་འདོད་པ་ནི་རྩལ་སྦྱོང་ལུས་རྩལ་པ་ཡིན། ངོ་མ། ངའི་རྨི་ལམ་དུའང་ཤིང་ལེབ་སྙོམས་པོའི་གཞི་རུ་ལུས་ཧྲིལ་པོ་ཕྱི་ཕྱོགས་སུ་འཁོར་ལྡིང་བྱེད་པ་བཅས་རྨིས་མྱོང”ཞེས་བརྗོད་བྱུང་།
ཧྭ་ཧྥེ་ཡིས་ངོ་གནག་སྟེ“ཁྱོད་ཀྱིས་རྩལ་དེ་མ་སྦྱངས་པ་འགྲིག་འདུག གལ་སྲིད་དེའི་སྟེང་དུ་ལྡིང་ཚེ་ཤིང་ལེབ་སྙོམས་པོ་བརྡིབས་ངེས་པས། ཤན་འབྱེད་པ་ཡིས་ཁྱོད་ལ་སྐར་གྲངས་སྒོ་ང་སྟེར་བར་མ་ཟད། ད་དུང་དངོས་ཆས་དེ་དག་འཚབ་ཏུ་འཇུག་སྲིད”ཅེས་བཤད་འོངས།
“ཁྱོད་ཀྱིས་ལབ་པ་དེ་ཅུང་ཙམ་ཡང་ནོར་མི་འདུག”ཡེ་ཞང་གིས་གདུང་སེམས་དང་བཅས“ང་ལྟ་བུའི་དབུལ་པོ་ཞིག་ལ་མཚོན་ན། ངོ་མ་དངོས་ཆས་དེ་དག་འཚབ་དཀའ་བ་ཡིན”ཟེར།
“མི་དབུལ་ན་དབུལ་ཡང་། སྤོབས་པ་ནི་ནམ་ཡང་ཉམས་མི་རུང་།”ཨན་ཅེ་ཡིས“ཁྱོད་ཀྱི་ལུས་པོ་ཅུང་རྒྱགས་པ་མ་གཏོགས། མིག་ཆེ་བའི་ཁར་ཆ་ག་མངོན་པར་གསལ་བས། མཛེས་མའི་སྐོར་ནང་དུ་བཞག་ཆོག ཅུང་ཆད་ས་ནི་གྱོན་ཆས་ཡག་པོ་མི་གོན་པའི་སྟེང་ལ། ད་དུང་ལུས་སྟེང་དུ་ཟས་དྲི་ངན་པ་ཞིག་འཐུལ་ཡོང”ཞེས་སྨྲ་བར་བྱེད།
“དངོས་གནས་དེ་འདྲ་ཞིག་མ་རེད་དམ།”ཡེ་ཞང་གིས་ང་ཚོ་ལ་ལྡོག་འདྲི་ཞིག་གི་ཚུལ་དུ“ང་ལ་ཇི་ལྟར་ཟས་ཀྱི་དྲི་ངན་ཡོད་སོང་བ་ཡིན་ནམ། དེ་ནི་བསྙོན་འཛུགས་བྱས་པ་རང་རེད། ང་ནི་གཙང་སྦྲ་ལ་དགའ་མཁན་ཞིག་ཡིན་པས། ཟླ་གཅིག་གི་ནང་དུ་ཁྲུས་ལན་གཅིག་རྒྱག་གིན་ཡོད”ཅེས་གསལ་བཤད་བྱས་སོང་།
ངས་གློ་རྡེག་ལ་ཚོང་ཁང་དུ་ལུས་པའི་དངོས་པོ་ཡི་ཁྲོད་དུ་སྦྲུམ་མའི་སྨད་གཡོགས་ཤིག་ཡོད་པ་དྲན་འོངས། རེབ་རྗེས་མར་རྫས་འགྱུར་སྨན་བཅོས་བྱེད་དུས་ཁྱེར་ཡོང་དགོས་སྙམ།“ཨ་ཙི་ཨ་ཙི། ངོ་མ་ང་ལ་བྱིན་པ་ཡིན་ནམ།”མོས་མིག་ལྕིབས་སྟུག་པོ་དེ་རྡེབ་ཞོར་སྨད་གཡོགས་ཁྲ་བོ་དེ་ལ་ལྟ་བར་བྱེད་ཅིང་། ཡུད་ཙམ་འགོར་རྗེས་སེམས་ཁྲལ་དང་བཅས“འཇུག…… ང་འདིའི་ནང་དུ་འཇུག་ནུས་སམ”ཞེས་དྲིས་བྱུང་། ངས་ཚུལ་དེར་གནད་དོན་ཅང་མེད་དེ། མ་གཞིར་སྦྲུམ་མ་རྒྱགས་པོ་ཞིག་ལ་ཆེད་དུ་བཟོས་པ་ཡིན་ཡང་། ཕྱིས་སུ་མོར་མངལ་ཤོར་ཚུལ་བཤད། མོས“ཧ་ཅང་བཟང་བར་འདུག ང་ནི་ཁ་དོག་འདི་ཅན་པོར་དགའ་སྟེ། མེ་ཏོག་དུང་ཆེན་རེ་རེར་སྤྲོ་འཛུམ་རྒྱས་ནས་ཡོད”ཟེར། ངས་དེ་ནི་མེ་ཏོག་དུང་ཆེན་མ་ཡིན་པར་མེ་ཏོག་ཡུས་ཅིན་ཞང་ཡིན་པ་རེད་ཅེས་བརྗོད་པ་ན། མོས་ཁ་ཆེན་པོ་དེ་གདངས་ཞོར་བགད་སོང་ལ། ངག་ནས“ང་ནི་མེ་ཏོག་ཡུས་ཅིན་ཞང་ལ་དགའ་བ་ཡིན། འཇིག་རྟེན་འདིར་ང་ཆེས་དགའ་བའི་མེ་ཏོག་ནི་མེ་ཏོག་ཡུས་ཅིན་ཞང་ཡིན”ཞེས་ལབ་འོངས།
རྗེས་སུ་མོས་མེ་ཏོག་ཡུས་ཅིན་ཞང་ཕབ་ཡོད་པའི་སྦྲུམ་མའི་སྨད་གཡོགས་དེ་གོན་ནས་ལས་ཚོགས་སུ་ཡོང་བར། ང་ཚོ་ཚང་མ་མཚར་ནས་མིག་དག་རི་མོའི་ལམ་ལ་བཀོད། མོས་སྐྲ་ཚུགས་ཀྱང་གསར་བ་བཞག་སྣང་སྟེ། རྫོང་མཐུག་པའི་སྐྲ་ལོ་ནི་ཆུ་ཁོལ་དྲོ་མ་འཇམ་གྱི་ནང་སྟབས་བདེ་ཐུག་པ་སྦངས་པ་ལྟར་ལན་བུ་རེ་རེ་ཕྲག་སྟེང་དུ་དཔྱངས་ནས་ཡོད། མཆུ་འདབ་ཀྱང་བིལ་བའི་མེ་ཏོག་བཞིན་དམར་པོར་བསྒྱུར་ཟིན་ལ། སྐེ་རུ་ཉ་ཕྱིས་ཀྱི་སྐེ་རྒྱན་ཞིག་བཏགས་འདུག་པར་མ་ཟད། རྐང་བའི་སེན་མོ་ཡང་དམར་སྨུག་གི་མདོག་ཏུ་བསྒྱུར་པར་མངོན།
“ཁྱོད་ནི་སུ་ཞིག་ཡིན།”ཧྭ་ཧྥེ་ཡིས“འཛམ་གླིང་ཡག་འདེམ་མཛེས་མ་ཞིག་སྨན་ཁང་དུ་སྤྱི་ཕན་བྱ་འགུལ་སྤེལ་དུ་ཡོང་བ་མ་ཡིན་ནམ”ཞེས་དྲིས་པར།
ཡེ་ཞང་ནི་བསླུག་བསླུག་བགད་ནས་ཁའི་ནང་རོལ་གྱི་གསེར་སོ་ཆེན་པོ་དེའང་ཕྱིར་མངོན་དུ་བཅུག་སྟེ“དངོས་གནས་དེ་འདྲ་མཛེས་སམ”ཟེར།
“བཤད་རྒྱུ་ཞིག་ཡོད་དམ།”ཧྭ་ཧྥེ་ཡིས་བསྐྱར་དུ“གལ་ཏེ་ཐང་རྒྱལ་རབས་ཀྱི་དུས་སུ་སྐྱེས་ཡོད་ཚེ། དབྱང་ཡུས་ཧོན་ལ་དོན་དག་ཅིག་ཡོད་སྲིད་དམ”ཞེས་སྨྲས་བྱུང་།
“སྨད་གཡོགས་ནི་ཅུང་ཙམ་ཐུང་འདུག་པས།”ཨན་ཅེ་ཡིས་མོའི་ལུས་ཧྲིལ་པོར་ཞིབ་ལྟ་ཞིག་བྱས་རྗེས“སི་བཏགས་རྐང་འབོབ་རིང་བོ་ཆ་ཞིག་གོན་པར། སྔར་ལས་ཀྱང་ལྟ་རིན་ཡོད་པ་ཞིག་ཏུ་འགྱུར་ངེས”ཞེས་བརྗོད་སོང་།
“དྲོས་ཇའི་ཚེ་ན་ང་སོང་སྟེ་ཉོས་ཆོག”མོས་སྤྲོ་བའི་ཉམས་ཀྱིས་དེ་ལྟར་བཤད་འཕྲལ། ཡང“ཧྭ་ལེན་རང་འདེམ་ཚོང་རའི་ནང་ཉིན་འདི་ཚོར་གོང་དམའ་མོ་བྱས་ནས་འཚོང་བཞིན་འདུག”ཟེར།
བློ་ཡུལ་ལས་འགོངས་པ་ནི་མོ་ཚུར་ཡོང་ནས་ང་དམ་པོར་བསྡམས་བྱུང་། སྡོམ་པའི་དུས་སུ་མོའི་ལུས་སྟེང་དུ་ཧྭ་ལུའུ་ཆུ་ཡི་དྲི་མ་སྟུག་པོ་ཞིག་གིས་ཁྱབ་ནས་ཡོད།“ཁྱོད་ལ་བཀའ་དྲིན་ཆེ་ཞུ།”ཡུད་ཙམ་འགོར་བར་མོས་གཞི་ནས་ང་ལྷོད་བྱུང་། ངས་དོགས་མི་བདེ་བའི་ངང་མོར་ལྟ་བའི་ཚེ་ན། མོས“རྗེས་སུ་ང་ལ་སྒོར་མོ་ཡོད་སྐབས། ཁྱོད་ལ་ཟོག་གི་རྩིབ་རུས་བསྲེགས་མ་ཡིས་མགྲོན་བྱེད”ཅེས་ལབ་འོངས།
ཉིན་དེར་སྨན་པ་དང་ནད་གཡོག ནད་པ་མཐའ་དག་གིས་གཅན་གཟན་མཚར་བོ་ཞིག་ལ་ལྟ་བ་བཞིན། མོས་བར་ཁྱམས་སུ་རྐང་བ་ཆེན་པོ་དེ་གཉིས་དྲུད་དེ་ཕར་འགྲོ་ཚུར་འོང་བྱེད་པར་བལྟས་འདུག ངོ་ཤེས་པའི་མི་དང་འཕྲད་ཚེ་སྐད་མགོ་མཐོན་པོས་བརྡ་བཏང་འགྲོ་ལ། ཕ་རོལ་པོས་ཚུར་བལྟས་ཙམ་བྱེད་སྐབས། བསྲན་མ་ཚུགས་པར་ངའི་སྨད་གཡོགས་ཨེ་ཡག་གམ་ཞེས་དང་། ངའི་ནུ་མོ་ཡིས་ཉོས་པ་ཡིན། ཁྱོད་ཀྱིས་མེ་ཏོག་འདིའི་མིང་ལ་ཅི་ཟེར་བ་ཨེ་ཤེས། མེ་ཏོག་ཡུས་ཅིན་ཞང་ཟེར་བ་རེད་ཅེས་སྨྲ་བར་བྱེད། གཞན་གྱིས་ལབ་ན་འདོད་མི་འདོད་པའི་ངང་མོར་ཚིག་རེ་བཤད་འགྲོ། མཐུད་ནས་མོའི་ཁའི་གྲུ་ཟུར་དུ་ལྦུ་བ་འཕྱུར་ཞོར་དམ་བེ་སྟོང་བ་ཨེ་ཡོད། ཡོད་ན་ང་ལ་གཅིག་སྟེར་རོགས་ཞེས་རྗོད་པར་བྱེད།
མོས་དམ་བེ་སྟོང་བ་བསྡུ་བའི་སྐབས་སུ་དོན་དག་བྱུང་བ་རེད།
གོ་ཐོས་སུ་ཉིན་དེར་སྨན་ཁང་གི་མགོ་ཁྲིད་གཙང་སྦྲའི་གནས་ཚུལ་ལ་རྟོག་ཞིབ་བྱེད་དུ་ཡོང་བ་ཡིན་འདུག ཁོ་ཚོ་བཀྲུ་བཤལ་ཁང་ནང་དུ་ཡོང་ཚེ། དེ་གའི་གད་སྙིགས་གསོག་པའི་སྣོད་ཆེན་པོ་མདོག་དཀར་བ་དེའི་འགྲམ་དུ་རྐང་བ་ཆེན་པོ་གཉིས་བསྣར་ནས་ཡོད། ཆེས་སྔོན་དུ་འགྲོ་མཁན་ནི་སྨན་ཁང་དེའི་གཞུང་ལས་ཁང་གི་ཀྲུའུ་རེན་ཡིན་པ་ལ། ཁོས་རང་ལ་མཚར་སྣང་སྟེར་བའི་རྐང་བ་ཆེན་པོ་དང་འཕོངས་ཚོས་གཅུད་པའི་སྨད་གཡོགས་དེ་མཐོང་བར་ཏབ་ཅིག་རིང་ངག་ལྐུགས་པར་གྱུར། ཡུད་ཙམ་ནས་ཁོ་མདུན་དུ་ཕྱིན་ཏེ་མོའི་རྐེད་པར་ལན་འགར་རྡེག་པ་ན། ཡེ་ཞང་གིས་གཞི་ནས་དལ་བ་དལ་བུར་མགོ་བོ་གད་སྙིགས་གསོག་པའི་སྣོད་ལས་བླངས་བྱུང་། སྟབས་བདེ་ཐུག་པ་དཔྱངས་འདྲའི་ལན་བུའི་ངོས་སུ་ད་དུང་ཚོད་དཀར་གྱི་ལོ་མ་ལེབ་མོ་རེའང་འབྱར་འདུག ལག་ནང་དུ་དམ་བེ་སྟོང་བ་གཉིས་བཟུང་ཡོད་དེ། ཁ་འདལ་ཞིང་མཆེ་བ་གཙིགས་ཞོར་དུ“ཁྱོད་ཀྱིས་ངའི་འཕོངས་མགོར་རྡེག་ནས་ཅི་བྱེད་བསམས་བྱུང”ཞེས་འདྲི་བར་བྱེད།
ཀྲུའུ་རེན་གྱིས“ཁྱོད་ཀྱི་བཟོ་ལྟས་དངོས་གནས་མི་ལ་འཇིགས་སྐུལ་བྱས་འགྲོ”ཞེས་སྨྲས།
ཡེ་ཞང་ནི་རླུང་ལང་ཞོར“སུ་ཚང་གི་ནད་པ་དེ་འདི་འདྲ་སྤུས་ཚད་དམའ་བ་ཡིན། དམ་བེ་ནི་གད་སྙིགས་གསོག་སྣོད་དུ་འཕངས་འདུག དེར་འཕངས་ན་ཆོག་ཀྱང་། འཕངས་ནས་སྐྱག་པ་འགོས་པར་བྱས་ཡོད”ཅེས་བཤད་འོངས།
ཀྲུའུ་རེན་ནི་ཕྱི་ནུར་འགའ་སྟེག་རྗེས། སྣ་སྒོ་གཅོད་ཞོར“དམ་བེ་ནི་གད་སྙིགས་གསོག་སྣོད་ནང་མི་འཕེན་པར། སྒེའུ་ཁུང་ལས་མར་གཡུགས་དགོས་པ་ཡིན་ནམ”ཞེས་དྲིས་སོང་།
ཡེ་ཞང་གིས་རང་གི་བྲང་ཁ་རྡེག་ཙམ་བྱས་རྗེས། དབུགས་རྩུབ་པོ་ལེན་ཞོར“ང་ཡོད་པ་མིན་ནམ། ང་ནི་གད་སྙིགས་འཐུ་བའི་རྒྱལ་པོ་ཡིན”ཞེས་བསྒྲགས།
ཀྲུའུ་རེན་དེས“ཁྱོད་ཀྱིས་དམ་བེ་འཐུས་ནས་ཅི་ཞིག་བྱེད་བཞིན་ཡོད”ཅེས་དྲིས།
འདྲི་ཚིག་དེས་ལྡོག་སྟེ་ཡེ་ཞང་མཚར་བར་བྱས་སོང་། མོས་ཤོག་བུ་ཡིས་དམ་བེའི་ངོས་ཀྱི་མི་གཙང་བ་དག་འབྱིད་ཞོར་དལ་བྲེལ་མེད་པར“སྒོར་མོར་བརྗེ་བ་ཡིན་ཡ། དམ་བེ་གཅིག་ལ་ཟུར་གཅིག་རེ་སྟེར་བས། ཉི་ཤུ་བཙོངས་པར་སྒོར་གཉིས་ཡིན། སྒོར་གཉིས་ཀྱིས་རང་འདེམ་ཚོང་ཁང་དུ་ཚ་ལུ་མ་ལྔ་ཉོ་ཐུབ་པ་རེད”ཅེས་ལབ། སྐད་ཆ་དེ་བརྗོད་ཚར་བར་མོ་གཞི་ནས་འགྱོད་པ་སྐྱེས་བྱུང་། མོས་རྟོགས་ཡོང་བ་ནི་སྐྲ་ལོ་བྱི་ཞིང་མིག་ཤེལ་ཐོགས་པའི་སྐྱེས་པ་དེའི་རྒྱབ་རོལ་ཏུ། ངོ་མདོག་གནག་ནས་སྡོད་པའི་ནད་གཡོག་མའི་མགོ་པ་ལངས་འདུག་པ་དེ་ཡིན། ཡིན་ནའང་མོས་ད་དུང་གནད་དོན་གྱི་ཚབས་ཆེན་རང་བཞིན་ཤེས་མེད། དུས་ཚོད་ཕྱེད་ལྷག་འགོར་བར་ལས་ཀ་ལས་དབྱུང་བའི་ཡེ་གེ་འབྱོར་བ་ན། ད་གཟོད་དོན་དག་ཅི་བྱུང་ཡོད་པ་གསལ་བོར་རྟོགས། མོ་ནི་བར་ཁྱམས་ཀྱི་གྲུ་ག་རུ་ཞོམ་མེར་ཙོག་ནས་བར་མེད་དུ་འདར་སིག་རྒྱག་གིན་འདུག ལན་རེར་ནད་པ་རེ་མོའི་དྲུང་ནས་ཕར་འགྲོ་བའི་ཚེ་ན་མཚར་ཉམས་ཀྱིས་མིག་འོད་འཕངས་ཡོང་དུས། མོས་ཁ་འདལ་ཞིང་སོ་གཙིགས་ནས་ཕ་རོལ་ཕྱོགས་སུ་འཛུམ་མདངས་རེ་སྟོན་ངེས་ནའང་། སྣའི་གཞོགས་གཉིས་སུ་མིག་ཆུ་ནི་ས་རྡུལ་དང་འདྲེས་ནས་བཞུར་ཚེ། མོའི་འཛུམ་མདངས་དེ་ནི་ཅི་འདྲའི་དགོད་བྲོ་ཞིང་རྙིང་བར་གཏོགས་པས། རྟ་རྩལ་ཚོགས་པའི་ནང་རྒས་ཤིང་འཁོགས་ལ་ནད་ཀྱིས་ཐུབ་པར། གཞི་ནས་ལྕགས་དྲའི་ནང་བཀག་སྟེ་གཟན་ཆས་ཟ་བའི་གླང་ཆེན་ཞིག་དང་ཅིས་མི་འདྲ། ཡང་ཅུང་མི་འདྲ་ས་ཞིག་ཡོད་པ་ནི་གླང་ཆེན་དེའི་སྟེང་མེ་ཏོག་ཡུས་ཅིན་ཞང་གི་རི་མོ་མངོན་པའི་སྦྲུམ་མའི་སྨད་གཡོགས་ཤིག་བཀབ་ཡོད་པ་རང་ངོ་།།
4
ངས་དུས་ཡུན་རིང་བོ་ཞིག་ཏུ་ཉིང་མེང་ལ་ཁ་ཡ་མ་བྱས། བཟའ་ཐོར་བྱེད་བསམ་ཡང་གནས་ལུགས་མེད་པར་དོན་རྐྱེན་བཟོ་བ་ཞིག་མ་ཡིན། རེབ་སྔོན་མར་རྫས་འགྱུར་སྨན་བཅོས་བྱེད་སྐབས་ཨ་མས་ང་སྲུང་བ་ཡིན་པས། ཁོ་རང་ཁྱིམ་ལ་ལོག་ཏུ་བཅུག་སོང་།སྨན་ཁང་ལས་བུད་པའི་ཉིན་དེར། ངས་ཆེད་དུ་ཚལ་སྣ་ཁ་འགའ་རེ་བརྔོས་པར་མ་ཟད། གྲོགས་པོས་ཨོ་སི་ཐྲ་ལི་ཡ་ནས་ཁྱེར་ཡོང་བའི་ཆང་དམར་ཞིག་གི་ཁ་ཡང་ཕྱེ། ཁོ་གཅིག་པུས་དམ་བེ་གང་བོ་འཐུངས་ཚར་ལ། དེ་ནས་རྒྱབ་བསྙེས་ཅན་གྱི་རྐུབ་སྟེགས་སྟེང་གཉིད་དུ་ཡུར་སོང་། ཁོའི་ལག་འཁྱེར་ཁ་པར་སྒྲོག་ཙེ་ཡི་མཐའ་རུ་བཞག་འདུག
ང་ནི་ཁོའི་ལག་འཁྱེར་ཁ་པར་ནང་བལྟས་པ་དེར་བར་མེད་དུ་འགྱོད་པ་སྐྱེས་ཡོང་། བུད་མེད་དེ་དང་ཁ་བརྡ་གློད་པའི་ཟིན་བྲིས་དེར་སེར་པོ་འདྲེས་དྲགས་པས། ལྟ་བའི་ཚེ་ན་སྙིང་ཆུང་དྲག་ཏུ་ལྡིང་ཞིང་ངོ་མདོག་དམར་པོར་གྱུར་འགྲོ། ང་ཆེས་སྙིང་རླུང་ལངས་པ་ནི་མོས་ངེད་ཚང་ལག་མཐིལ་དུ་བླངས་པ་ལྟར་གསལ་བོར་ཤེས་པར་མ་ཟད། ང་ཚོའི་སྡོད་གནས་དང་བུ་ཡི་རུས་མིང་། ངའི་ལས་ཁུངས་བཅས་ཀྱང……མོས་ད་དུང་ཉིང་མེང་གིས་ང་སྔོན་ཆད་དུངས་པའི་ལྕགས་ཀྱུར་འདྲེན་པའི་དུས་སུ། ངེད་ཚང་གི་སྒོ་མདུན་དུ་རྒྱ་སེ་མེ་ཏོག་བཟུང་ནས་ཞག་གང་བོར་བསྡད་ཚུལ་ཡང་རྟོགས་འདུག འོན་ཀྱང་ཉིང་མེང་གི་ངག་སྒྲོས་སུ། ཁོས་མོ་གཏན་ནས་རིག་མ་མྱོང་སྟེ། སྟེས་དབང་གིས་དྲ་ཐོག་ནས་ངོ་ཤེས་པ་ཡིན་ཟེར།
“དེ་ནི་སེམས་སྟོང་བ་རང་སྟེ། ཁྱོད་ཁྱིམ་དུ་མེད་པར་ཁོམ་དྲགས་པས་རང་དགར་ཁ་བརྡ་གློད་ནས་རྩེ་བ་ཙམ་ཡིན།”
“མཁའ་མཐའ་རིང་ངེས་སམ།”
“རིང་བ་ཡིན།”
“འོ་ན་དེ་གར་སོང་ཞིག”
ཁོ་ནི་གཡོ་ཟོལ་བྲལ་པར་དཔེ་ཁང་ནང་ཉལ་བར་ཕྱིན་སོང་།
ང་ནི་ཁ་རོག་གེར་མཚན་ཞག་གཅིག་ལ་ངུས། རང་ལ་ཕོག་པའི་ནད་ནི་ནུ་མའི་འབྲས་སྐྲན་ཡིན་པས། ནུ་མ་ཟུང་ནི་རྩ་བ་ནས་བཅད་ཟིན།
དྲང་མོར་བཤད་ན་ངས་དང་ཐོག་དེ་འདྲའི་ཚབས་ཆེན་ཞིག་ཡིན་པ་མ་ཤེས། དེ་ཡང་གཅོད་དགོས་པའི་ཡི་གེ་ལག་ལ་འབྱོར་ནས་གཤག་བཅོས་སྟེགས་བུའི་སྟེང་ཉལ་བའི་བར་དུ། དུས་ཡུན་ཆུ་ཚོད་གསུམ་ལས་འགོར་མེད། ཉིང་མེང་གི་མ་སྤུན་ཨ་ཞང་ཞིག་ནི་སྨན་ཁང་འདིའི་ཡོན་ཀྲང་གཞོན་པ་ཡིན་པ་རེད་དེ། ནད་ཁྲི་ལག་ཏུ་ཡོང་དཀའ་ཐོག ནད་བཅོས་སྨན་པ་གཙོ་བོ་དེས་པེ་ཅིན་གྱི་ཞེ་ཧོ་སྨན་ཁང་ནང་ཟབ་སྦྱོང་བྱེད་བཞིན་པར། ཁོང་གི་ཁ་པར་གཅིག་གིས་སྨན་པས་པེ་ཅིན་ནས་རླངས་འཁོར་བསྐོར་ནས་བུད་ཡོང་། ཁོས་ལག་པའི་ནང་རྣོ་འོད་ལམ་ལམ་མཆེད་པའི་གཤག་གྲི་བཟུང་བའི་ཚེ་ན། ངས་ཚོར་བ་རབ་རིབ་ནང་ཁོས་དབུགས་རྩུབ་མོ་ཧལ་ཧལ་ལེན་བཞིན་པ་ཐོས་པར་གྱུར།
ཡིན་ནའང་ད་ལྟ་ང་ཉིང་མེང་དང་ཉེ་བར་མ་བཅར་ས་མི་འགྲོ་བས“ཁྱོད་ཀྱི་མ་སྤུན་ཨ་ཞང་གཞུང་དོན་དུ་ཕྱིན་མེད་དམ”ཞེས་འདྲི་དགོས་སོང་།
ཁོའི་གདོང་ལ་དགའ་བའི་ཉམས་ཏོག་ཙམ་མངོན་ཞོར“ཕལ་ཆེར་ཕྱིན་ཡོད་རྒྱུ་མ་རེད”ཟེར།
“ཁྱོད་ཀྱིས་ཁོ་ལ་ཁ་པར་ཞིག་བཏང་སྟེ། ཡེ་ཞང་ལ་མུ་མཐུད་ནས་ལས་ཀ་གཉེར་དུ་འཇུག་རོགས།”
“དེར་གནད་དོན་མེད།”
ངས་ཁོ་ནད་ཁང་ལས་ཕྱིར་བུད་དེ་ཁ་པར་གཏོང་དུ་འགྲོ་བའི་ཚུལ་ལ་བལྟས། ང་ཚོ་ཁ་ཁར་བསྡད་ནས་དུས་ཡུན་རིང་བོ་འགོར་སོང་། ངས་དེ་སྔོན་ནུ་མ་ནི་བུད་མེད་མ་ཟད་སྐྱེས་པ་དག་ལའང་ནང་དོན་ལྡན་མིན་ཐད་བསམ་གཞིག་ཞིབ་མོ་བཏང་མྱོང་། སྔ་འདང་ཕྱི་འདང་ཇི་ལྟར་བརྒྱབ་ཀྱང་བློས་མ་དཔོག ཕྱིས་སུ་སྨན་ཁང་དུ་ཡོད་པའི་དུས་དེབ་རྙིང་བ་ཞིག་ལས་གློ་བུར་སྙན་ངག་ཅིག་ཀློག་ཐུབ་པར་གྱུར། དེ་ནི་པ་པའོ་ལུའུ·ཉེ་ལུའུ་ཏ་རུ་འབོད་པའི་ཆི་ལི་ཡི་མི་ཞིག་གིས་བྲིས་པར་མངོན། ཁོས“ཁྱོད་ཀྱི་ནུ་མ་ནི་མདོག་དཀར་བའི་འབུ་སྐྱོགས་ཆེན་པོ་ཞིག་སྟེ―ཁྱོད་ཀྱི་ཕོ་བའི་ངོས་སུ་མཛེས་སྡུག་གི་ཕྱེ་མ་ལེབ་ཅིག་ཉལ་ནས་ཡོད།―ཨེ་མ། ཁ་མི་གྲག་པའི་བུ་མོ་ཁྱོད”ཅེས་བཀོད་འདུག དེར་བརྟེན་ངས་གཞི་ནས་ཤེས་སོང་སྟེ། ངའི་ནུ་མར་གྲག་རྒྱུ་མེད་སོང་ལ། ང་ལའང་གྲག་རྒྱུ་མེད་པར་གྱུར། ངས་རྟོགས་ཟིན་ཏེ། ཉིང་མེང་ལ་མཚོན་ན་མདོག་དཀར་བའི་འབུ་སྐྱོགས་ཆེན་པོ་རྐྱང་རྐྱང་ཞིག་ཤོར་པས་ག་ལ་ཚད།
“ངས་མ་སྤུན་ཨ་ཞང་ལ་བཤད་ཟིན། གནད་དོན་མེད་ཟེར།”ཉིང་མེང་དགོད་ཞོར་དུ“ང་ཚོས་སླར་ཡང་ཡེ་ཞང་མཐོང་ནུས”ཞེས་སྨྲས་བྱུང་།
ང་ཚོས་ངོ་མ་ཡེ་ཞང་མཐོང་ཐུབ་སོང་། ཡིན་ནའང་མོས་ད་ནི་དམ་བེ་སྟོང་བ་བསྡུ་ནུས་ཀྱིན་མེད། གཙང་སྦྲ་བྱས་ཚར་རྗེས། རྐང་འཇབ་ལག་འཇབ་ངང་ང་ཚོའི་ནད་ཁང་དུ་ཡོང་སྟེ་རྩིག་པར་ཁེན་ནས་ཁ་བརྡ་གློད་འགྲོ། ཧྭ་ཧྥེ་ནི་སྔར་བཞིན་མོའི་ཁ་གློང་བར་དགའ།
“ད་རེབ་ནི་དངོས་གནས་འཇིགས་པ་ཡོད་ཀྱང་ཉེན་ཁ་མེད་པ་རེད་ཡ།”
“ཁྱོད་ཀྱིས་ལྟོས་དང་། ང་ནི་ཅི་འདྲའི་མི་བླུན་པོ་ཞིག་རེད་ཨང་། བསམ་གཟས་ནས་བོའུ་ཡི་མཆུ་ལ་མགོ་གཏད་སོང་། ནད་གཡོག་དཔོན་པོས་སྔ་ཉིན་ནས་ང་ལ་ཉེན་བརྡ་བཏང་ཚར། མོས་ཉིན་འདི་ཚོར་གཙང་སྦྲར་རྟོག་ཞིབ་བྱ་རྒྱུ་རེད་ཟེར། འོན་ཀྱང་ངས་གད་སྙིགས་གསོག་སྣོད་ནང་གི་དམ་བེ་མཐོང་ཚེ། རང་དབང་མེད་པར་དེ་ལེན་འདོད་སྐྱེས་པ་ཡིན།”
“ངོས་སུ་སྐྱག་པ་འགོས་འདུག་ཀྱང་། ཁྱོད་ཀྱིས་ད་དུང་བཏུས་པ་ཡིན་ནམ།”
“ཁྱོད་ཀྱི་མིག་ནང་དུ་སྐྱག་པ་ཡིན་ཡང་། ངའི་མཐོང་སྣང་དུ་སྒོར་མོར་གྱུར་ནས་ཡོད།”
“ཁྱོད་ཀྱི་ལས་བཟང་སྟེ། ལས་དབང་ནང་མི་ཆེན་གྱིས་རོགས་རམ་བྱས་འགྲོ་བ་རེད།”
“ངོ་མ་ཡིན་ནམ།”ཡེ་ཞང་གིས་དོགས་མི་བདེ་བའི་ངང“ང་སྐྲག་ནས་འཆི་ལ་ཁད་བྱས་སོང་། ཁྱོད་ཀྱིས་ཤོད་ཅིག ང་དངོས་གནས་ལས་ཀ་དེའི་སྒང་ནས་ཕབ་ཚེ། གནས་གང་དུ་ཕྱིན་ཏེ་རང་ཉིད་ལག་བྱང་ལ་སོང་བའི་བྱ་བ་ཞིག་སྒྲུབ་བམ། མི་ཚོན་པོར་ཚོན་པོའི་བསོད་ནམས་དེ་མི་འདུག”ཟེར།
“དེ་འདྲ་ལོས་ཡིན།”ཧྭ་ཧྥེ་ཡིས་སྐྲ་ལོ་རྫུན་མའི་སྟེང་གི་དངུལ་གྱི་སྐྲ་རྒྱན་ལ་རེག་ཙམ་བྱས་རྗེས“ད་དུང་རང་གི་སྲོག་སྐྱོབ་མཁན་ལ་བཀའ་དྲིན་མི་ཞུའམ”ཞེས་ལབ་སོང་།
“སྲོག་སྐྱོབ་མཁན་ཟེར་རམ།”
“འུ་ཅག་གི་མཛེས་མས་མི་གཞན་བཙལ་ཏེ་ཞུ་བ་བྱས་པར། ད་གཟོད་ཁྱོད་རྒྱང་འཕུད་མ་བཏང་བ་རེད།”
འདི་ལྟར། ཡེ་ཞང་གིས་རེབ་གཉིས་པར་ང་པང་དུ་བསྡམས་འོངས། ང་ཡང་ཕར་མ་གཡོལ་བར་མོར་རང་འདོད་ཆེན་པོས་བསྡམས་སུ་བཅུག མོས་ཆེ་ཞིང་ནེམ་པའི་ནུ་མ་ངའི་བྲང་ཁར་གཏད་ཡོང་བར། ངའི་མིག་མཐའ་ནི་རང་དབང་མེད་པར་བརླན་གྱིས་བཟུང་བྱུང་།
“ཁྱོད་ནི་མི་བཟང་བོ་ཞིག་རེད།”མོས་ངའི་རྣ་སྒོར་གཏད་ནས་ཤུབ་བུར“འེ། ཅི་ཞིག་ལ་མི་བཟང་བོའི་མགོར་རྐྱེན་ངན་ལྷུང་འགྲོ་བ་ཡིན་ནམ”ཞེས་བཤད་འོངས།
དུས་དེ་ནས་བཟུང་། མོ་ང་ཚོའི་ནད་ཁང་ནང་ཡོང་ཐེངས་སྔར་ལས་ཇེ་མང་དུ་སོང་། ངོ་མ་མོ་ཡོང་དུས་ལག་སྟོང་ཡིན་མི་སྲིད་དེ། ང་ཚོས་ཅང་མ་འགོར་བར་ཡེ་ཞང་གིས་བསྙལ་པའི་ལབ་སེར་དུམ་བུ་དང་། མེ་ལྕེ་མཆེད་པའི་གཡིས་ནང་བརྔོས་པའི་དུང་དཀར་ཆུང་བ་ཁ་ཚ་ཅན། གསར་དུ་བཙོས་མ་ཐག་པའི་ཞོག་ཁོག་དང་མ་རྨོས་ལོ་ཏོག་སྟེ། རིགས་མི་གཅིག་པའི་ཟ་མ་སྔར་ཟོས་མ་མྱོང་བ་སྐོར་ཞིག་ཟ་ཐུབ་པར་གྱུར། དཔེར་ན་ཐེངས་ཤིག་ལ་མོས་འགྱིག་གི་དཀར་ཡོལ་གྲུ་བཞི་མ་ཞིག་བསྣམས་ཡོང་བར། ནང་དུ་ནུ་མགོ་ལྟ་བུའི་མདོག་དམར་པོ་ཅན་གྱི་ཟ་མ་གང་བཅུས་ནས་ཡོད། ང་ཚོས་ལག་ནང་གི་ཐུར་མ་ལན་འགར་བསྐོར་ཀྱང་། སུས་ཀྱང་ཐོག་མ་བྱས་ནས་ཟ་མ་ཕོད། རེབ་དེར་ཡང་ཧྭ་ཧྥེ་ཡིས་བསྲན་མ་ཚུགས་པར“འདི་ཅི་ཞིག་རེད”ཅེས་དྲིས་སོང་།
ཡེ་ཞང་ནི་འདོད་ཐོག་ལ་ཁེལ་པས“གསང་བ་ཡིན། ཁྱོད་ཚོས་རོ་མྱོང་བྱོས་དང་ཤེས་འགྲོ”ཟེར།
དེར་ང་ཚོས་ལྷག་པར་ཟ་མ་ཕོད་པ་ལ། མོས་ཐུར་མ་སྤྱད་དེ་རྡོག་གཅིག་བླངས་ནས་ཨུ་ཚུགས་ཀྱིས་ངའི་ཁ་ལ་འཇོག་ཞོར“ཟོ་ཞིག འདི་ནི་ངས་ཧོ་ཧྭ་ཁེང་ཞོགས་པའི་ཚོང་ར་ནས་ཉོས་ཡོང་བའི་ཕག་གི་ནུ་མ་ཡིན། ཀྲུང་སྨན་ལ་མཁས་པའི་སྨན་པ་རྒན་རབས་དག་གིས་ཅི་ཞིག་ཟོས་ན་དེར་སྨན་ཟེར་བ་མ་ཡིན་ནམ”ཞེས་བརྗོད་བྱུང་།
ང་ཚོ་འཇམ་ཅག་གེར་བསྡད་པའི་མཐའ་ལ། ཨན་ཅེ་ཡིས“ཡེ་ཞང་ལ་བསམ་ཚུལ་བཟང་བོ་འདི་འདྲ་ཡོད་པས། ཁྱོད་ཚོ་ཧད་ནས་བསྡད་དེ་ཅི་བྱེད། ཨ་ཙི། ཟས་འདི་དངོས་གནས་ཞིམ་པོ་འདུག ཁྱོད་ཚོས་རོ་མྱོང་བྱོས་ཤིག རོ་མྱོང་བྱོས”ཞེས་བསྐུལ་འོངས། ཧྭ་ཧྥེ་ཡིས་ང་ལ་ལན་གཅིག་བལྟས་རྗེས། ཐུར་མའི་བར་དུ་རྡོག་འགའ་བླངས་ཏེ“ཅབ་ཅོབ”ཀྱི་སྒྲ་དང་བཅས་ཟ་མགོ་བརྩམས་པར། ཨན་ཅེ་ཡིས“ཁྱོད་ཀྱིས་དལ་མོར་བྱས་ནས་ཟོས་ན་མི་ཆོག་གམ། ད་རུང་མི་དམངས་ཀྱི་དགེ་རྒན་ཡིན་ཟེར་བས། ཙོག་དུས་དྲང་མོར་མི་ཙོག་ལ། ཟ་དུས་ཀྱང་ཟ་ཚུལ་བཙོག་པ་ལ་ཨང”ཞེས་སྨྲ་བར་བྱེད།
ང་ཚོ་ཚང་མས་ཉིན་འདི་དག་གི་རིང་ལ་ཨན་ཅེ་ཡི་སེམས་ཁམས་སྐྱིད་པོ་ཡོང་གིན་མེད་པ་གསལ་བོར་རྟོགས་ཏེ། རྒྱུ་མཚན་ནི་མོའི་བུ་དེ་ཕལ་ཆེར་ཟླ་གཉིས་ལ་ཉེ་བའི་ནང་སྨན་ཁང་དུ་མ་ཡོང་བ་དང་། ཁ་པར་གཏོང་གྲངས་ཀྱང་ཧ་ཅང་ཉུང་བས་རེད།
མོའི་མགོ་སྐྲའང་ཕལ་ཆེར་ལྷུང་ཚར་བས། ང་ཚོའི་ནད་ཁང་འདི་ནི་ངེས་པ་དོན་གྱིས་ཇོ་མོ་དགོན་དུ་གྱུར་ནས་ཡོད།
5
ཨན་ཅེ་ཡི་བུ་དེ་གཞི་ནས་སླེབས་བྱུང་། ཁོ་ནི་ལྷོད་འཇགས་ངང་སྡོད་པར་བྱེད་པའི་གསར་བུ་ཞིག་རེད། མི་སུ་མཐོང་ཡང་འཛུམ་མདངས་བསྟན་འགྲོ། གཟུགས་པོ་ཕྲ་ཞིང་ཁོག་སྟོད་ཅུང་སྒུར་ནས་ཡོད། སྨན་པ་ཕེབས་པར་ཁོས་མགོ་བོ་གུག་ཅིང་རྐེད་པ་སྒུར་བར་བྱས་ནས“ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ངའི་ཨ་མར་བདག་སྐྱོང་མང་བོ་བྱེད་རོགས”ཞེས་ལབ་འགྲོ་བ་དང་། ཡང་ནད་གཡོག་དག་ཡོང་བར་ཡང་དེ་ལྟར་བཤད་ངེས་པར་མ་ཟད། ཡེ་ཞང་ཡོང་དུས་ཀྱང་དེ་ལྟར་བརྗོད་བྱུང་བར། མོས“ཁྱོད་སུ་ཡིན་ནམ”ཞེས་དྲིས་འོངས་པ་ལ། ཁོས་མིག་ཟུང་རུབ་ཞོར“ཁྱེད་ཀྱིས་དཀའ་ལས་མྱངས་སོང་། ང་ནི་ཨན་ཁྲང་ཧོ་ཡིན”ཞེས་ལན་བཏབ།
བུ་དེ་ནི་རྐང་ལག་མྱུར་མོ་ཅན་ཞིག་སྟེ། ཨན་ཅེ་ཡི་མདུན་ཅོག་ཕྱིས་རྗེས་ང་ཚོའི་མདུན་ཅོག་ཀྱང་གཙང་མར་ཕྱིས་འགྲོ། ང་ཚོས་འབྱིད་དུ་མ་བཅུག་པ་ལ། ཁོ་ནི་དོགས་མི་བདེ་བའི་ངང་ང་ཚོར་གཏད་ནས་དགོད་པར་བྱེད་པས། ང་ཚོས་ཀྱང་ཁོར་སེང་རས་དཀར་པོ་གྲ་དག་པ་དེས་ཕྱི་ཤུན་ལྷུང་བའི་མདུན་ཅོག་རྙིང་བ་དེའི་ངོས་ཡང་ཡང་འབྱིད་དུ་བཅུག ཁོས་ལས་ཀ་དེ་ཚོ་བསྒྲུབས་ཚར་བ་ན། གཞི་ནས་ཨན་ཅེ་ལ་ལྟ་བར་བྱེད། མོས་ངོ་གནག་སྟེ་སྐད་ཆ་ཅི་ཡང་ལབ་མ་བྱུང་བར། ཁོས་སྒེའུ་ཁུང་གི་ཤེལ་སྒོ་འབྱིད་མགོ་རྩོམ། ང་ནི་ཤེལ་སྒོ་དེ་ཚོ་སྨན་ཁང་བཙུགས་ནས་ད་བར་དུ་ལན་གཅིག་ཀྱང་ཕྱིས་མེད་པའི་དོགས་རྒྱར་ཚུད་འགྲོ། ཁོ་ནི་དེ་ལྟར་དུས་ཚོད་འགར་མ་ཁོམ་པ་ལ། གཞི་ནས་ཤེལ་སྒོ་ནི་གཙང་སེང་ངེ་བ་ཞིག་འབྱིད་ཐུབ་འདུག དེར་ཁོས་དེ་གར་ལག་པ་དཀུ་ལ་བཙུགས་ནས་ཨེན་ཙམ་བསྡད་རྗེས། སྒེའུ་ཁུང་ཕྱི་རོལ་ཏུ་ལྟ་ཞོར“ཨ་མ། སང་ཉིན་ང་ད་དུང་ཧྲེན་ཀྲེང་ལ་གཞུང་དོན་བསྒྲུབ་པར་འགྲོ་དགོས། སྔ་དྲོའི་དུས་ཚོད་བཅུའི་ཐོག་གི་གནམ་གྲུ་ཡིན”ཞེས་སྨྲས་བྱུང་།
“ཁྱོད་ལ་དོན་དག་ཡོད་ཚེ་ཕྱིར་སོང་ཆོག”ཨན་ཅེ་ཡིས“བྱ་བར་དལ་འགོར་གཏན་ནས་བྱེད་མི་རུང་། ཁྱོད་ད་ལྟ་ད་དུང་སྡེ་ཁག་གི་སྤྱི་གཉེར་པ་གཞོན་པ་ཡིན་ནམ”ཞེས་དྲིས་སོང་།
ཁོས་མགོ་བོ་དཀྱོགས་ཏེ་ཨན་ཅེ་ལ་བལྟས་པར། དུས་ཡུན་ངེས་ཅན་ཞིག་ལ་སྨྲ་སྒོ་བསྡམས་ནས་སྡོད་པར་བྱེད།
ཕྱི་དྲོར་ཁོ་གཏེར་ཆུ་ཉོ་རུ་འགྲོ་དགོས་ཟེར་ནས་ཕྱིན་པར། ཉིན་ཕྱེད་ཙམ་ལ་ཕྱིར་ཡོང་རྒྱུ་མེད་པར་གྱུར། ཨན་ཅེ་ནི་འགྲོ་སྡོད་མི་ཤེས་པར་གྱུར་ཙ་ན། ཧྭ་ཧྥེ་ཡིས་ཁྱོད་འདི་ཅི་འདྲ་ཞིག་རེད། ཚེ་གང་བོར་སེམས་ཁུར་བྱས་ནས་ཡོང་འདུག ཁོ་ད་ལྟ་ཕོ་ལོ་ཉི་ཤུའི་གསར་བུར་གྱུར་ཏེ་གཟུགས་ཕུང་སྐྱེས་ཚུལ་ལ་ལྟོས་དང་། དོན་དག་ཅི་ཞིག་འབྱུང་སྲིད་དམ་ཞེས་ཟེར་བར། མོས་ལན་དུ་ཁྱོད་ཀྱིས་ཤེས་མི་སྲིད། ངའི་བྱིས་པ་འདི་སྙིང་ཆུང་ཙི་གུ་ཞིག་དང་དབྱེར་མ་མཆིས། ལོ་བརྒྱད་ལ་བུད་ཀྱང་རྩྭ་འབུ་ཀ་ལ་མཐོང་བར་སྐྲག་ནས་བར་མེད་དུ་ངུ་བར་བྱེད། རིག་མི་དགོས་པར་ཁོའི་ལ་ཉེ་མེད་པའི་ཕ་རྒན་ལ་རིག་སོང་ཞེས་སྨྲས་བྱུང་། ཧྭ་ཧྥེ་ཡིས་ལ་ཉེ་ཅི་འདྲ་མེད་ཀྱང་། ཁོ་ད་ལྟ་པེ་ཅིན་གྱི་མི་རུ་གྱུར་ཡོད་པ་མ་ཡིན་ནམ། ད་དུང་སྡེ་ཁག་གི་སྤྱི་གཉེར་པ་ཡིན་པར་མ་ཟད། གཞུང་དོན་ལ་གནམ་གྲུར་བསྡད་ནས་འགྲོ་བཞིན་པས། ཁྱོད་ཀྱིས་དེའི་ཡན་ནས་ཅི་ཞིག་འདོད་དམ་ཞེས་དྲིས་འོངས། དེར་ཨན་ཅེ་ཡི་བཞིན་དུ་འཛུམ་མདངས་ཤིག་མངོན་པ་དང་འབྲེལ་ཏེ། ཁོ་ནི་སློབ་སྦྱོང་ལ་དངོས་གནས་བཟང་བ་ཡིན། ལོ་དེར་རང་རེའི་གྲོང་ཁྱེར་འདིར་རྩིས་ཚན་གྱི་ཨང་དང་པོ་བླངས་སོང་ཞེས་བསྟོད་པ་བྱས་བྱུང་།
ཨན་ཁྲང་ཧོ་ཕྱིར་བུད་ཡོང་། ཆེ་རྒྱུ་མེད་པའི་པང་དུ་གཏེར་ཆུའི་དམ་བེ་བཅུ་ལྷག་ཅིག་བསྣམས་འདུག དམ་བེ་དག་ནི་གསེར་གྱི་མཆོད་རྟེན་གྱི་དབྱིབས་སུ་ལེགས་པོར་བསྒྲིགས་སྣང་ལ། ཆེས་ཐོག་མའི་དམ་བེ་དེ་མ་ནེ་ཡིས་དམ་པོར་མནན་ནས་ཡོད། ཚི་ལེན་དཀར་པོ་དེ་ཡོངས་སུ་བརླན་པར། ཕྲག་པའི་རུས་པ་ཟུང་ནི་སྔར་ལས་འབུར་དུ་དོད་པར་མངོན།“ངས་འཁྱག་རོམ་ཆགས་པའི་གཏེར་ཆུ་ཉོ་འདོད་པར། ཐོག་ཁང་འོག་གི་ཚོང་ཁང་ནང་མི་འདུག དེ་བས་ཚོང་ཁང་གཞན་དུ་ཕྱིན་ཚེ། རང་འདེམ་ཚོང་ཁང་དང་བསྡུར་ན་ཟུར་གཅིག་གིས་དཀའ། བློ་ཡུལ་ལས་འདས་པ་ནི་རང་འདེམ་ཚོང་ཁང་དེ་དེ་འདྲའི་ཐག་རིང་དུ་ཡོད་པ་རེད།”ཁོ་ཁ་སྐྱེངས་ཞོར་དུ་དགོད་ཙམ་བྱས་རྗེས“བཟང་ཞིག་ཡོད་པ་ནི་ང་སོང་ན་ཧ་ཅང་མགྱོགས”ཟེར། ཁོས་དེ་ལྟར་བཤད་འཕྲལ་ལག་པ་གཅིག་ཡར་བཀྱགས་ནས་རྔུལ་ཆུ་འབྱིད་འདོད་པ་ལ། མཇུག་འབྲས་ནི་ང་ཚོའི་ཨ་ཧོ་ཡི་འབོད་སྒྲའི་ཀློང་དུ། ཁོའི་པང་གི་གཏེར་ཆུ་མཐའ་དག་ལྟིག་སྒྲ་དང་ཁྲོག་སྒྲའི་ཁྲོད་ནས་ཐང་གཅལ་དུ་ལྷུང་བ་དང་། དེ་དག་ལས་དམ་བེ་འགའ་ཞིག་འགྲིལ་ནས་སྒོའི་ཕྱི་རུ་བུད་སོང་།
“བླུན་པོ་ཁྱོད། ཅང་ལ་མི་ཉན་པའི་བླུན་པོ་འདི།”ཨན་ཅེ་ནི་གློ་བུར་ཁྲོས་འཁྲུག་རྔམས་པར་གྱུར་པས། ངག་ནས“ངས་ཅིའི་ཕྱིར་ཁྱོད་ལྟ་བུ་ཅང་ལ་མི་ཉན་པའི་དངོས་པོ་ཞིག་བཙས་པ་ཡིན་ནམ། རང་འདེམ་ཚོང་ཁང་ནང་གི་གཏེར་ཆུ་ཅི་འདྲའི་རིན་གོང་སླ་མོ་འདུག་ཀྱང་། བསྡོམས་རྩིས་བྱས་ཚེ་སྒོར་གཅིག་ལྷག་གིས་སླ་བ་མ་ཡིན་ནམ། ཁྱོད་ཀྱི་རྐང་བ་ཇི་ལྟར་མགྱོགས་ཀྱང་། རླངས་འཁོར་ལས་མགྱོགས་ངེས་སམ། ཁྱོད་ཀྱིས་གླ་འཁོར་ཞིག་ཀྱང་གླ་མི་ཤེས་པ་ཡིན་ནམ”ཞེས་འདྲི་བར་བྱེད།
ང་ཚོ་ནི་ཧད་ནས་སྡོད་དུ་བཅུག་སོང་། ང་ཚོས་ད་བར་དུ་ཨན་ཅེ་ཡིས་འདི་ལྟར་ཁོང་ཁྲོ་ཕྱིར་འཕུད་པ་མཐོང་མ་མྱོང་། མོ་ནི་སྐད་ཆ་བཤད་པར་ནམ་ཡང་ཚགས་དམ་པོ་ཅན་ཏེ། ལས་ཀ་གང་ཞིག་སྒྲུབ་པར་ཐོག་མར་མི་གཞན་ཚོ་བསམ་འགྲོ། སུས་ཀྱང་བར་དེར་ཁ་གྲག་མ་ཐུབ་པ་ལ། མིག་འོད་ནི་ཐད་ཀར་ཨན་ཁྲང་ཧོ་ཡི་སྟེང་དུ་བསྐོར། ལོ་མང་བོའི་རྗེས་སུ། ངས་ད་དུང་ཉིན་དེའི་རྣམ་པ་གསལ་ལྷང་ངེར་དྲན་ཐུབ། བུ་ཕོ་དེ་གློ་རྡེག་ལ་པུས་བཙུགས་སུ་བསྡད་སོང་སྟེ། དེ་ལྟར་སྡོད་པའི་ཚུལ་ནི་ཧ་ཅང་མྱུར། ཕལ་ཆེར་མཐོང་དུ་མེད་པའི་ཁུ་ཚུར་ཞིག་གིས་ཁོའི་གསོ་མའི་ཤིང་ལྟར་ཕྲ་བའི་རྐེད་པར་དྲག་ཏུ་བརྒྱབ་པ་དང་མཚུངས། ཁོ་པུས་བཙུགས་ཀྱིས་ནུར་ཏེ་ཨན་ཅེ་ཡི་ནད་ཁྲིའི་འགྲམ་དུ་ཕྱིན་རྗེས། མགོ་བོ་ཨ་མའི་རྐང་བ་ཟུང་གི་བར་དུ་བཅུག་ནས་ངུ་ཞོར“ཨ་མ་ལགས། ང་ནི་ཅང་ལ་མི་ཉན་པའི་བུ་ཞིག་རེད། ངས་ཁྱོད་ལ་འཚོ་བ་ཡག་པོ་ཞིག་སྐྱེལ་དུ་འཇུག་མ་ཐུབ། ད་དུང་ཉི་མ་རེ་རེར་ཁྱོད་ཀྱི་སེམས་ཁ་དཀྲུགས་ནས་ཡོད”ཅེས་བརྗོད་འཕྲལ། རང་གིས་རང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་གཉིས་གཞུས་པ་དང་མཉམ་དུ“ང་ནི་ཅང་ལ་མི་ཉན་པའི་མི་ཞིག་རེད། ང་ནི་ཅང་ལ་མི་ཉན་པའི་མི་ཞིག་རེད”ཅེས་བར་མེད་དུ་བཟློས་བྱུང་།
“ངོ་མ་ཤི་རྒྱུ་མེད་པ་དེའི་རྗེས་སུ་འབྲངས་པས། འེ། ཁག་ཅི་ཡོད། སྦལ་བ་ཡི་བུ་ལ་སྤུ་ཞིག་སྐྱེས་རྒྱུ་ག་ལ་ཡོད།”
མཉམ་མ་བཞག་པའི་མཚམས་ནས་ཡེ་ཞང་ནད་ཁང་ནང་ཡོང་འདུག མོས་ཁ་ཆེན་པོ་དེ་གདངས་ནས་ཨན་ཅེ་ལ་བལྟས་ཙམ་བྱས་རྗེས། ཡང་ཨན་ཁྲང་ཧོ་ལ་བལྟས་ཙམ་བྱས་སོང་། མཐུད་ནས་རྐང་བ་ལྗིད་མོ་དེ་ལྟིག་ལྟིག་ལྟིག་ཏུ་སྤོས་སོང་ནས་ལག་པ་ཡ་གཅིག་གིས་བུ་དེའི་གོང་བ་ནས་འཐེན་པར། ཁོ་ནི་ལས་སླ་མོར་ཡར་བསླངས་བྱུང་། དེ་ནས་ཁོའི་མགོ་ལ་བྱིལ་བྱིལ་འགའ་བྱས་འཕྲལ་ཨན་ཅེ་ལ་ཅེར་ཏེ“སྦལ་བའི་བུ་ལ་སྤུ་མ་སྐྱེས་པར། ཁོའི་ཨ་ཕ་ལ་ངན་ཁག་དཀྲིས་ན་འགྲིག་གམ”ཟེར།
“འོ་ན་སུ་ལན་པ་ཡིན།”
“ཁྱོད་ལན་པ་རེད།”
“ང་ཇི་ལྟར་ལན་པ་ཡིན་ནམ། ངས་ས་གདན་བཟོ་གྲྭ་རུ་ལོ་སུམ་ཅུར་ལས་ཀ་ལས་ཟིན། ལོ་རེ་རེར་སྔོན་ཐོན་ལས་ཀ་པར་བདམས་མྱོང་། ད་དུང་གྲོང་ཁྱེར་ནང་གི་ལས་ཀ་པ་དཔེ་ལེགས་ཅན་ཡང་རིག་མྱོང།”
ཡེ་ཞང་གིས་བག་ལྷོད་པའི་ངང་ང་ཚོར་མིག་འོད་ཅིག་བསྐོར་རྗེས“ཁྱོད་ཇི་ལྟར་མི་ལན་ཏེ། ཁྱོད་ཀྱིས་རང་གི་མགོ་བོར་རེག་ཙམ་གྱིས་རྟོགས་ཡོང་བ་ཡིན”ཞེས་ལབ་སོང་།
ཨན་ཅེ་ཡིས་དོགས་ཉམས་དང་བཅས་མགོ་བོར་རེག་རྗེས་ཧུ་ཧུ་ཞེས་དགོད་ཁ་ཤོར། དེར་ང་ཚོ་ཡང་མཐུད་ནས་བགད་པ་ཡིན། བར་འདིར་དགོད་ཁ་མི་འཆོར་བ་ག་ལ་སྲིད་དེ། མོའི་མགོ་ཐོག་ཏུ་སྐྲ་ཉག་གཅིག་ཀྱང་མེད་དོ།།
“བུ་འདི་དེ་འདྲའི་ལམ་ཐག་རིང་བོ་ནས་ཁྱོད་ལ་བལྟ་རུ་ཡོང་བ་ཡིན་པས། ངོ་ཐུར་དུ་ལུག་ནས་སུ་ལ་སྟོན་འདོད་དམ།”ཡེ་ཞང་གིས་སྤྲོ་འཛུམ་དང་བཅས“ཁྱོད་ཀྱིས་ང་ཚོས་མི་ཤེས་པར་འདོད་ཡོད་དམ། དོན་ངོ་མར་ཁྱོད་ཀྱི་སེམས་ནང་སྤྲོ་བ་འབུམ་གྱིས་བརྟས་ཡོད”ཟེར།
ཨན་ཁྲང་ཧོ་ནི་དགོང་མོའི་དུས་སུ་ཕྱིན་པ་ཡིན། ཁོ་འགྲོ་ཁར་ང་ཚོ་རེ་རེར་གུས་འདུད་ཞུས་ཤིང་། ཨ་མར་རོགས་རམ་བྱེད་པར་བསྐུལ་བྱུང་། དེ་ནི་སེམས་པ་སྨེང་ལ་བསྐུར་པའི་སྲོད་དུས་ཤིག་སྟེ། སྒེའུ་ཁུང་ཕྱི་རོལ་གྱི་ལྷག་ཟེར་དམར་པོ་གསེག་འཕྲོས་བྱས་ཡོང་བར། ང་ཚོའི་མཁུར་མགོ་རུ་ཚོས་མདོག་སྲབ་བུ་ཞིག་བསྒོས་སོང་། ངས་ཉིང་མེང་གི་ལག་པ་དམ་དུ་བཅིངས་པར། ཁོའི་རུས་ཚིགས་ཆེན་པོ་ཡིས་ངའི་ལག་མཐིལ་ལ་ན་ཟུག་སྟེར་བར་བྱེད།
ཁྱིམ་དུ་ལོག་རྗེས། ངས་ཁོ་དཔེ་ཁང་ལས་ཉལ་ཁང་ནང་བསྣུར་དུ་བཅུག དགོང་མོ་དེར་ངེད་གཉིས་ཡུན་རིང་ལ་འདོད་པའི་དགའ་སྟོན་དུ་ཞུགས། ཁོས་སྔོན་ཆད་དང་འདྲ་བར་ངའི་ནུ་མ་ལ་འོ་བྱས་མ་སོང་།ལག་པ་རྩུབ་མོ་ནི་ཐེ་ཚོམ་ངང་གནས་དེ་གར་ཁྱེར་ཡོང་མ་ཐག་མྱུར་དུ་ཕྱིར་བསྐུམས་འགྲོ། རང་ཉིད་ཁོའི་ཐེ་ཚོམ་གྱི་ཆ་དེར་སེམས་ཁོང་སྐྱོ་བས་ཁེངས།
སེམས་པ་སྔར་ལས་སྐྱོ་བར་བྱེད་པའི་དོན་ནི་དེའི་འཕྲོས་ཀྱི་ཉིན་འགའི་རྗེས་སུ་བྱུང་བ་ཡིན།
ཉིང་མེང་གིས་བློས་ཐུབ་གྲོགས་པོ་འགའ་བོས་ཏེ་ཁྱིམ་དུ་ཟས་སྟོན་ལ་རོལ། ཁོ་དང་བུད་མེད་དེས་གླེང་མོ་བྱས་པའི་དོན་ནི་ཁོ་ཚོ་ཚང་མས་རྟོགས་འདུག་པས། ཤེས་ལ་མ་ཤེས་པའི་ཚུལ་དུ་ངའི་མདུན་ནས་གྲོགས་པོ་ཁོ་འགྲིག་མེད་ཚུལ་བཤད་ཡོང་། ཉིང་མེང་གིས་མགོ་བོ་ཐུར་དུ་དཔྱངས་པ་ལ། འགྱོད་པ་རྟས་མི་ཟིན་འདྲའི་ཚུགས་ཀ་དེ་བསྟན་བྱུང་། ཁོས་ནམ་ཡང་རང་སྟེང་དུ་དོན་ངན་ཡོད་པ་གྲོགས་པོ་ཚོར་བསྙད་འགྲོ་སྟེ། དེ་ལྟར་བྱས་ན་གཞི་ནས་རང་སེམས་གཙང་མར་ཕྱིས་འདྲའི་སྣང་བ་མངོན། ཆང་འཐུང་དེ་ཚོ་སྔ་མོ་ནས་བཟི་བར་བརྟེན། དུས་ཚོད་བརྒྱད་པའི་སྟེང་རང་རང་སར་བུད་སོང་། ངས་བུ་ཆུང་ཁྲིད་དེ་རྒྱ་སྲང་དུ་འཆམ་འཆམ་བྱས་ཤིང་། ཉིང་མེང་གིས་ཤུལ་དུ་དཀར་ཡོལ་སོགས་བཀྲུས། ཕྱིས་སུ་ངེད་མ་བུ་གཉིས་ཁྱིམ་ནང་ཡོང་དུས་ཁོ་དྲ་བར་ཞུགས་ནས་ཡོད། ང་མཐོང་མ་ཐག ཁོའི་མིག་གི་རྒྱལ་མོ་ནི་ཇེ་ཆེར་རབ་ཅིག་ཕྱིན་འདུག ངས་ཁྱོད་ཀྱིས་སུ་ཞིག་ལ་ཁ་བརྡ་བྱེད་བཞིན་ཡོད་དམ་ཞེས་དྲིས་པར། ཁོས་སུ་ཡང་མིན། ཉོ་བདག་རྙིང་བ་ཞིག་གིས་ང་ཚོར་དངོས་པོ་ལྷག་མ་ཡོད་མེད་འདྲི་བཞིན་མཆི། དུས་ཚོད་ཡོད་སྐབས་ཤིག་ལ་གྱོན་ཆས་གདམ་དུ་ཡོང་ངེས་ཟེར་ཞེས་སྨྲ་བར་བྱེད། ངས་སྐད་ཆ་ལྷག་མ་གཞན་ཅི་ཡང་མ་བཤད་དེ། ཁོ་རྐུབ་སྟེགས་ལས་ཡར་བསླངས་རྗེས“འདི་ན་ཁྱོད་ལ་ལས་ཀ་གཞན་ཅི་ཡང་མེད”ཅེས་ཁྲོ་ཉམས་ཀྱིས་ལབ།
ཁོ་ནི་ངའི་འགྲམ་དུ་ལངས་བསྡད་དེ་འགུལ་ཙམ་ཡང་མི་བྱེད།
ཁོས་དངོས་གནས་ཉོ་བདག་རྙིང་བ་ཞིག་ལ་ཁ་བརྡ་གློད་འདུག མི་དེ་ནི་ངའི་ངོ་ཤེས་ཤིག་སྟེ། སྲིད་གཞུང་གི་ལས་ཀ་གཉེར་མཁན་ཞིག་རེད། སྔོན་ཆད་ཉིང་མེང་གི་ཚོང་ཁང་ནང་གྱོན་ཆས་ཉོ་རུ་ཡོང་བར་ལྟ་སྤྱོད་སྣ་ཚོགས་སྟོན་ལ་རངས། མོའི་ཁྱོ་ག་ནི་ས་ཆ་འདིའི་བཟོ་སྐྲུན་ཀུང་སི་ཆེས་ཆེ་བ་དེའི་ཏུང་ཧྲི་ཀྲང་ཡིན། ཁོའི་རྨི་ལམ་དུའང་འཁོར་དཀའ་བ་ནི། མཛེས་ཤིང་ཞི་འཇམ་དུ་བདོག་པའི་ཆུང་མ་དེ་ཉིད་སྐྱེས་པ་ཚོའི་འདོད་པ་སློང་ལ་མཁས་པ་ཞིག་ཡིན་པ་དེའོ།།
“དུས་ཡུན་ཅི་འདྲ་རིང་བོ་ཞིག་འགོར་སོང་།ཚུགས་ཀར་བལྟས་ན་འགྲོགས་བཟང་རྙིང་བར་གྱུར་ཡོད་པ་རེད།”
“ཁྱོད་ཀྱིས་ཅི་ཞིག་རྗོད་བཞིན་ནམ། མོ་ནི་ཚུལ་མཐུན་གྱི་བུད་མེད་ཡ་རབས་ཤིག་ཡིན།”
“ཚུལ་མཐུན་གྱི་བུད་མེད་འེ། འདི་ལྟར་བྱེད། ངས་མོ་ད་ལྟ་ཁྱིམ་ནང་གདན་འདྲེན་བྱེད། གལ་ཏེ་མོ་བུད་ཡོང་ཚེ། ངས་ཁྱོད་གསོད་རྒྱུ་ཡིན།”
ཁོ་ནི་ངག་ལྐུགས་པར་གྱུར་ཏེ“ང། ང……”ཞེས་ཅི་ཡང་སྨྲ་མ་ཐུབ།
ངས་ཉིང་མེང་གི་བཤད་ཚུལ་ལྟར་མུ་མཐུད་ནས་མོ་དང་ཁ་བརྡ་བྱས། ཁྱོད་ཀྱི་སྲུ་མོར་སྨན་ཁང་ནང་རྫས་འགྱུར་སྨན་བཅོས་བྱེད་བཞིན་པས། ད་ལྟ་ཁྱོད་ཁོམ་ཚེ་འདི་གར་ཡོང་བར་འཚལ། ངས་སྐམས་ཤ་བསྙལ་ཡོད་ལ། འཇར་པན་གྱི་ཆང་ཡང་ཉུང་ཙམ་བཏུང་ཆོག ངས་དེ་ལྟར་བཤད་པར། བུད་མེད་དེས་ཅང་མ་འགོར་བར་འཕྲིན་ལན་བཏང་འོངས། ཡི་གེའི་ནང་ཆུ་ཚོད་ཕྱེད་ཀའི་རིང་ང་ལ་སྒུགས་དང་། ངས་ཁྲུས་ཤིག་བརྒྱག་དགོས་ཟེར།
ངས་རྩིས་འཁོར་གྱི་སྒོ་བརྒྱབ་པར། ཉིང་མེང་ནི་ཉི་ཁྱམས་སུ་ཙོག་ནས་སེམས་ཁྲལ་དང་བཅས་དུ་བ་འཐེན་གྱིན་གདའ། ཆུ་ཚོད་ཕྱེད་ལྷག་འགོར་རྗེས་སྒོའི་གློག་ཅོང་གྲགས་བྱུང་། ཁྱོད་ཀྱིས་མོས་ང་མཐོང་དུས་ཀྱི་རྣམ་པ་རྟོག་འཆར་བྱེད་ནུས་སམ། ཁ་གདངས་དྲགས་ཚུལ་ནི་ཆུ་རྟ་ཞིག་དང་གཉིས་སུ་མེད།“སྲུ་མོ་ཕྱིར་བུད་ཡོང་ངམ། ངས་ཉིང་མེང་དང་དུས་ཆད་བྱས་ནས་གྱོན་ཆས་འགའ་གདམ་རྩིས་ཡིན།”མོའི་རིག་པ་ཧ་ཅང་མྱུར་ཏེ། མཐུད་ནས“ཁྱོད་ཀྱི་ནད་གཞི་ཅི་འདྲ་རེད”ཅེས་དྲིས་འོངས།
ང་དགོད་ཞོར་དུ་མོ་མགྲོན་ཁང་ནང་བསུས་རྗེས། ཁྱོད་ལ་དུས་ཆད་འཇོག་མཁན་ནི་ཉིང་མེང་མིན་པར་ང་ཡིན་ཞེས་ལབ་པ་ན། མོའི་མིག་ཟུང་དེ་ཇེ་ཆེར་རབ་ཅིག་སོང་ལ། འབོལ་ཁྲིའི་སྟེང་ཀུམ་ཀུམ་ཞིག་བྱས་ནས་ཙོག་རྗེས། ལག་པས་བར་མེད་དུ་རྐང་འབོལ་གྱི་སྐུད་པའི་སྣེ་ཞིག་ཡང་ཡང་འཐེན་པར་བྱེད། ངས་ཁྱོད་ཀྱིས་འགྲེལ་བཤད་ཅི་ཡང་རྒྱག་མི་དགོས། ངས་ཡོད་ཚད་ཤེས་ནས་ཡོད། ལན་པ་གཙོ་བོ་ནི་ང་ལ་ནད་བྱུང་བས་ལན་པ་ཡིན། དངོས་པོ་དང་སྒོར་མོའི་ཐད་ཀྱི་འགྲོ་སོང་མང་བས། ཁོའི་སེམས་ཁམས་མི་སྐྱིད་པ་ནི་བཟློག་ཏུ་མེད། བཀའ་དྲིན་ཞུ་འོས་པ་ཞིག་ལ། ཁྱོད་ཀྱིས་བར་སྐབས་འདིར་ཁོར་འགྲོགས་རོགས་བྱས་ཐོག ཆ་རྒྱུས་ལོན་པའི་སྐད་ཆ་མང་བོ་བཤད་པས། ཁོའི་སེམས་ནང་གི་གནོན་ཤུགས་མང་བོ་ཞིག་ཇེ་ཡང་ལ་བཏང་སོང་། ཁྱོད་ཀྱིས་ལྟོས་དང་། ངའི་སྐྲ་ལོ་ཡོད་ཚད་ལྷུང་ཚར། འདི་ནི་ལས་མ་བཟང་བས་ཡིན་པར་བརྟེན། ཁྱོད་ལ་ངན་ཁག་དཀྲིས་ན་མི་འགྲིག་ཅེས་བརྗོད།
མོར་ངུ་ཁ་ཤོར་ཞོར་ང་ཚོའི་བར་འབྲེལ་བ་ཅི་ཡང་མེད་ཅེས་འགྲེལ་བཤད་བྱས་འོངས། འབྲེལ་བ་ཅི་ཡང་མེད་སྲིད་ཀྱང་། རང་ལ་དེ་འདྲའི་དྲན་ཚུལ་ཡོད་མྱོང་བའི་ཆ་ལ་ཁ་སྐྱེངས་པ་འདྲ། དེའི་རྗེས་སུ་མོས་ཉིང་མེང་ལ་འབྲེལ་བ་བྱེད་མི་སྲིད། མོའི་རེ་བ་ནི་ངས་དོན་དེ་མོའི་ཁྱོ་གར་མི་སྨྲ་རྒྱུ་དེ་ཡིན། མཇུག་མཐར་མོས་ངའི་ཕྲག་གོང་སྡོམ་ཞོར་སྐད་ཆུང་ངུས་ངུས་སོང་།
“བཤད་མི་སྲིད།”ངས་མོ་ལ་འཇམ་ཤོག་རློན་པ་ཞིག་བྱིན་རྗེས“མིག་ཆུ་འབྱིད་རོགས། མིག་སྤུ་རྫུན་མའང་སྡེར་མའི་ནང་ལྷུང་ཐལ”ཞེས་ལབ།
6
ཡེ་ཞང་གིས“ཉིང་མེང་ཅི་ཞིག་ལ་ཁྱོད་སྲུང་དུ་མ་ཡོང་བ་ཡིན་ནམ”ཞེས་དྲིས་བྱུང་།
ངས་ཉིང་མེང་གི་ཨ་མེས་ན་བཞིན་པས། ཁོས་བསྲུངས་ནས་ཡོད་ཅེས་ལན་བཏབ།
དེར་མོས“ཁྱོད་སྔར་ལས་ཇེ་སྐེམ་ལ་སོང་འདུག ངོ་གདོང་ལག་མཐིལ་ཙམ་ལས་མེད་པར་བརྟེན། ངས་ཁྱོད་ལ་ཟས་བཅུད་ཅན་བཟའ་རུ་འཇུག་དགོས”ཟེར།
ཨན་ཅེ་རེབ་འདིར་མ་ཡོང་། གོ་ཐོས་སུ་མོའི་ནད་གཞི་ཇེ་བཙོག་ལ་སོང་བས། པེ་ཅིན་གྱི་སྨན་ཁང་དུ་སྤར་བར་བཤད། ང་ཚོས་མོར་ཁ་པར་བཏང་ནས་ཁ་མ་ཐེམས་པར་འཕྲོག་རྩོད་ཀྱིས་བརྗོད་པར། མོའི་སྐད་སྒྲ་ནི་སྔར་དང་མཚུངས་ཏེ། ངག་འཇམ་པོས་གནས་དེའི་ཁོར་ཡུག་བཟང་ལ། རྗེས་སུ་སྨན་ཁང་ལས་བུད་རྗེས་ང་ཚོར་བལྟ་རུ་ཡོང་ཟེར། ད་དུང་ཆེད་དུ་ཚུའེ་ཚུའེ་ལ་རྐང་དྲི་ཅན་གྱི་ཁྱོ་གར་ཐུབ་ཚོད་མ་བྱེད་ཅེས་གདམས་པར་མ་ཟད། ཧྭ་ཧྥེ་ལའང་བརྙན་འཕྲིན་ཉུང་ལྟ་བྱོས་ཞེས་སྨྲས་བྱུང་། ཡིན་ནའང་ཚུའེ་ཚུའེ་ཡིས་སྔར་བཞིན་ཁྱོ་ག་རང་དགར་སྡོད་དུ་མི་འཇུག གལ་སྲིད་རྐང་དྲི་ཅན་གྱི་ཁྱོ་ག་ནི་རྟ་གྱོང་སྐམ་པོ་ཞིག་ཡིན་ཚེ། ཚུའེ་ཚུའེ་ནི་རྟ་རྒན་དེའི་རྔ་མའི་ནང་འཚངས་པའི་ཤ་སྦྲང་ཞིག་ཏུ་ངེས། ཧྭ་ཧྥེ་ཡིས《ཀྲེན་ཧོན་གྱི་རྟོགས་བརྗོད》ལ་རེབ་ལྔ་པར་བལྟས་ཚར། མོས་ད་ནི་སྐྲ་རྫུན་མ་གསར་བ་ཞིག་ལ་བརྗེས་ཡོད་དེ། རེབ་འདིར་སྐྲ་ལོའི་སྟེང་མདོག་གློ་དམར་ཡིན་པའི་སེ་རྒོད་ཅིག་སྤྲས་འདུག“ཨེ་མཛེས་སམ།”མོས་བློ་ཞིབ་མོར་རྒྱུ་རས་ལས་བྱས་པའི་མེ་ཏོག་གི་འདབ་མ་དེ་གཅུ་ཞོར། ངག་ནས“རྒྱལ་པོའི་ཡུམ་ཡིན་ཟེར་བའི་བུད་མེད་གདུག་རྩུབ་ཅན་དེར། ང་དང་འདྲ་བའི་མཆོག་མཛེས་མ་ཞིག་ཡོད་ངེས་སམ”ཞེས་སྨྲ་བར་བྱེད།
ཉིང་མེང་ནི་ཉིན་གཉིས་ཀྱི་རྗེས་སུ་ཡོང་བར། ངས་མིག་གིས་བལྟས་ཙམ་ཡང་མ་བྱས། ཁོས་ང་བཟའ་རྒྱུར་ཆེས་དགའ་བའི་སྤྲེལ་ཁམ་ཉོས་ཡོད་དེ། ཤུན་པགས་ཕྱིས་རྗེས་སེམས་ཆུང་ནེམ་ཆུང་ངང་ང་ལ་གཏད་འོངས། ངས་མ་བླངས་པས་ཁོས་མགོ་བོ་སྒུར་ནས་རང་གིས་ཟོས་སོང་། ཁོ་གྲག་འགུལ་མེད་པའི་ཚུགས་ཀ་དེས་ངའི་སེམས་པ་ན་བར་བྱས། དྲོས་ཇ་འཐུངས་རྗེས། ཁོས་ཕྱི་རུ་འགྲོ་དགོས་ཟེར་ཡང་ངས་ཁ་ཡ་མ་བྱས། བར་དེར་ཡེ་ཞང་ནད་ཁང་ནང་བུད་ཡོང་། མོས་ཕལ་ཆེར་སྤྱོད་ཁང་གད་བདར་བྱས་རྗེས་ཡོང་བ་འདྲ། མགོ་ཧྲིལ་པོ་རྔུལ་ཆུས་བརླན་ནས་ཡོད། ངས་ཡེ་ཞང་ལ་ཁྱོད་ཁོམ་མམ་ཞེས་དྲིས་པར། མོས་སྐད་སྦོམ་པོས་ད་སོ་མ་ལས་ཀ་ལས་ཚར་བ་ཡིན། ཐང་ཆད་ནས་ཤི་ཐལ་ཟེར།
ངས་ཐོག་ཁང་ལས་མར་བལྟས་པ་ན། ཡེ་ཞང་ནི་འཁོར་ལྷས་བརྒྱུད་ནས་སྨན་ཁང་གི་སྒོ་ཆེན་ཕྱོགས་སུ་དལ་བ་དལ་བུར་བུད་སོང་། མོ་ནི་ཉུལ་ཞིབ་པ་ལེགས་ཤོས་ཤིག་མིན་པ་ངས་གསལ་བོར་ཤེས་ཡོད། ལས་ཀ་གསར་བ་འདིར་མོ་མོས་པ་ཆེར་མེད་དེ། དུས་ཡུན་རིང་བོ་མ་འགོར་བར་མོས་ནུ་མ་འབུར་དུ་འདོད་ཞོར་ཕྱིར་བུད་ཡོང་། ཐོག་ཁང་གི་རྩ་རུ་མོས་རྐེད་པ་སྒུར་སྒུར་དང་འཕོངས་ཚོས་གཡུག་གཡུག་བྱེད་ཞོར་རླུང་འཕྲིན་ལུས་སྦྱོང་བྱེད་མགོ་བརྩམས། མོ་རྩེ་ཚུལ་དེ་ནི་མིག་ལ་གཟན་ཏེ། རྒྱུན་ལྡན་གྱི་འགུལ་སྐྱོད་ལས་གཞན་ད་དུང་ཁྱད་མཚར་གྱི་འགུལ་སྟངས་སྣ་ཚོགས་བསྲེས་འོངས། དཔེར་ན་རྐང་བ་མཐོན་པོར་འགྱོག་པ་སྟེ། ཁྱོད་ཀྱིས་གླང་བོ་ཆེས་འཁྲབ་སྟོན་བྱེད་པ་མཐོང་མྱོང་ངམ། མྱོང་ཚེ་ངས་ཁྱོད་ལ་མོའི་འགུལ་སྐྱོད་ནི་གླང་བོ་ཆེ་ལས་ཀྱང་དལ་ཞིང་མཚར་ཉམས་ལྡན་ཞེས་ལབ་ཆོག ཡང་དཔེར་ན་རུས་སྦལ་གྱིི་བགྲོད་སྟངས་ཏེ། རྒྱགས་ཤིང་སྦོམ་པའི་ལག་ཟུང་ནི་སྔ་གཞུག་གཉིས་སུ་འཕྲུལ་ཆས་ལྟར་འགུལ་ཞིང་། སྐེ་མཇིང་ལན་རེར་བསྲིངས་ཤིང་སྐབས་རེར་བསྐུམས་འགྲོ་བའི་མཚུངས་སུ། རྐང་བ་ཆེན་པོ་ནི་གུག་གུག་བྱས་ཏེ་གོམ་འགྲོས་ཆུང་ངུ་ལེན་པར་བྱེད། ཅང་མ་འགོར་བར་མོའི་འགྲམ་དུ་ནད་པ་མང་བོ་འདུས་ཡོང་ནས་ལབ་གླེང་དང་མཛུབ་སྟོན་བྱས་པ་ལ། མོས་ཀྱང་རང་གི་ཚི་ལེན་ཇེ་བདེར་བཏང་ནས་ལྟེ་བ་སོགས་ལེགས་པོར་བཀབ་རྗེས། འགྲོས་དལ་མོར་མགྲོན་བརྒྱུད་ཁང་གི་ཕྱོགས་སུ་དེངས། དེ་ནས་མོ་ངའི་མིག་ལམ་དུ་མངོན་པའི་ཚེ་ན། མོས་གསང་བའི་ཉམས་དང་བཅས་ང་གྱང་རྩར་འཐེན་ཡོང་རྗེས“ང་ཁོའི་རྗེས་དེད་ནས་སྲང་ལམ་གཉིས་ལ་ཕྱིན་པ་ཡིན”ཞེས་བསྙད་བྱུང་།
“ཁོ་སོང་ནས་ཅི་ཞིག་བྱས་སོང་།”
“གླེན་པ་དེས་འགྱིག་ཀྲུམ་དང་ལྦུ་ཆང་ཉོས་རྗེས་ཞིམ་མངར་ལྡན་པའི་སྒོ་ནས་འཐུང་བཞིན་གདའ།”
ངས་མགོ་ལྕོག་ལྡེམ་ལྡེམ་བྱས་པར། མོས“ཉིང་མེང་གླེན་པ་དེ་ལ། ཁྱོད་སེམས་མི་བདེ་རྒྱུ་ཅི་ཞིག་ཡོད་དམ”ཟེར།
ཁོ་ནི་ཕྱི་དྲོའི་དུས་སུ་ཡོང་བ་ཡིན། ཕྱིར་ཡོང་རྗེས་ཀྱང་ཁ་དེ་འདྲ་མི་གྲག་པས། རྐང་དྲི་ཅན་ལ་དུ་བ་ཞིག་བྱིན་རྗེས། གཉིས་ཀ་ཉི་ཁྱམས་སུ་ཕྱིན་ནས་འཐེན་པར་བྱེད།
ཁོ་ཚོ་ཚང་མ་གཉིད་སོང་བར། ང་ཁོ་ནས་མིག་འོད་ཁང་བའི་ཀླད་ངོས་སུ་ཅེར་ནས་བསྡད། དེ་གར་རྒྱ་སེ་མེ་ཏོག་དབྱིབས་ཅན་གྱི་གས་སྲུབས་འགའ་རེ་ལས་ཅི་ཡང་མི་འདུག ང་ལ་མཚོན་ན་སྔོན་ཆད་རྒྱུན་དུ་ངག་རྒྱུན་ཁྲོད་ཀྱི་ཡོད་ཚད་བསྒྲུབས་ནུས་པའི་མི་དེ་ནི་དྲས་གཟུགས་ནང་བཞིན་སྟེང་དུ་སྦྱར་ཚུལ་དེ་རབ་རིབ་ཅིག་མཐོང་ནུས། ཁོང་ཉིད་མ་ལེ་ཡ་ཡི་པང་དུ་ཀུམ་འདུག་སྟེ། ནུ་འདོད་དྲགས་པའི་མཆུ་འདབ་དེ་མོའི་མྱོས་བུམ་ཕྱོགས་སུ་བསྲིངས་ནས་ཡོད། ཡིན་ནའང་ད་ལྟ་ངས་ཅི་ཡང་མཐོང་མི་ཐུབ། ངས་སྟབས་བདེ་མལ་ཁྲིའི་སྟེང་གི་ཉིང་མེང་ལ་བལྟས་ཚེ། ཁོའི་དབུགས་གཏོང་ལེན་བྱེད་ཚུལ་ནི་ཧ་ཅང་སྙོམས། དེར་རྐང་འཇབ་ལག་འཇབ་ཀྱིས་ཕར་ཕྱིན་ཏེ་ཁོའི་ལུས་སྟེང་དུ་སྣམ་བུ་བཀབ། དེའི་དུས་མི་ཞིག་གིས་ངའི་ཕྲག་པར་རྡེག་རྡེག་བྱས་འོངས།
དེ་ནི་ཡེ་ཞང་ཡིན་པར། མོས་སྐད་དམའ་མོས“ངའི་རྗེས་སུ་ཤོག་ཅིག”ཟེར།
ང་ནི་ཐེ་ཚོམ་དང་བཅས་མོའི་རྗེས་འབྲངས་ནས་ནད་ཁང་ལས་ཕྱིར་བུད། མཚན་དུས་ཀྱི་བར་ཁྱམས་སུ་མི་གཅིག་ཀྱང་མི་འདུག འོན་ཀྱང་ངས་རྟོགས་ངེས་པ་ནི་བགྲང་ལས་འདས་པའི་རྣམ་ཤེས་ཚོགས་ནི་འདི་གར་དམིགས་མེད་དུ་རྒྱུ་བར་བྱེད། ཁོ་ཚོ་ཀུན་པོ་འཁྲེང་ཞེན་ཆེ་བའི་རྣམ་ཤེས་ཡིན་སྲིད། སྨན་པའི་གཞུང་སྒྲུབ་ཁང་གི་གློག་འཇལ་རྒྱ་མའི་སྔུན་དུ་མོས་གོམ་མཚམས་བཞག་སོང་།
“ཞིབ་ཏུ་ལྟ་རོགས། ངའི་ལྗིད་ཚད་ལ་ཅི་འདྲ་ཡོད་པར།”མོས་མིག་ལྕིབས་མཐུག་པོ་དེ་རྡེབ་རྡེབ་འགའ་བྱས་རྗེས“ད་ནི་ངས་རྫུ་འཕྲུལ་སྟོན་རྒྱུ་ཡིན”ཞེས་བཤད་ཡོང་།
“ངའི་མིག་ནི་ཉེ་སྒྲིབ་ཅན་དེ་མིན།”ངས་མཆུ་ཏོ་མདུང་མདུང་བྱས་ནས“སྤྱི་རྒྱ་བརྒྱ་དང་ལྔ་ཡོད་པ་རེད”ཅེས་བརྗོད།
མོས“སྐར་མ་གཉིས་ཀྱི་རྗེས་སུ་ཁྱོད་ཀྱིས་ཡང་བསྐྱར་ལྟ་བར་འཚལ། ང་དོན་དམ་པར་རྒྱ་མ་དུ་ཡོད་པ་རེད”ཟེར།
ལས་རེས་བྱེད་པའི་སྨན་པ་ནི་མདུན་ཅོག་ལ་ཁེན་ནས་གཉིད་དུ་ཡུར་འདུག རྩིག་ངོས་ཀྱི་དུས་ཚོད་ཀྱིས“ཐག་ཐག”གི་སྒྲ་སྒྲོག་ཞོར་མདུན་ནས་མདུན་དུ་སྐྱོད་བཞིན་མཆི། མོས་སྐད་དམའ་མོས་གློ་ལུ་ཞིག་བྱས་པར། ངས་གློག་འཇལ་རྒྱ་མའི་ངོས་སུ་བལྟས་རྗེས“སྤྱི་རྒྱ་བརྒྱ་དང་ཉིས་ཚེག་ལྔ་འདུག”ཅེས་སྨྲས། ང་ནི་ཡིད་མ་ཆེས་པར་མོ་ལ་བལྟས་ཙམ་དང་རྒྱ་མར་བལྟས་ཙམ་གྱིས“ཁྱོད་འདིས་ཅི་ཞིག་བསྣོགས་པ་ཡིན”ཞེས་དྲིས།
“ངས་ཅི་ཡང་བསྣོགས་མེད། འདི་ནི་ངའི་གསང་བ་ཡིན།”མོས་ཁྱད་མཚར་གྱི་ཉམས་དང་བཅས“ཚུལ་འདི་ངས་ལོ་ན་གཞོན་དུས་སུ་སྟེས་དབང་གིས་ཤེས་པ་ཡིན”ཞེས་ལན་བཏབ་ཡོང་།
ངས་མོ་བསྐྱོར་ཏེ་རྒྱ་མའི་སྟེང་ནས་འབབ་ཏུ་བཅུག་པར། མོས“ཁྱོད་ཀྱིས་རྒྱ་མ་ལྔ་པོ་དེ་གང་ལ་བྲོས་པ་ཤེས་སམ”ཞེས་དྲིས་བྱུང་།
ངས་མགོ་བོ་གཡུག་གཡུག་ཅིག་བྱས་ཚེ། མོས“རྒྱ་མ་ལྔ་པོ་དེ་ནི་རྣམ་ཤེས་ཀྱི་ལྗིད་ཚད་ཡིན”ཟེར།
ང་དབང་མེད་དུ་དགོད་ཁ་ཤོར་པར། མོས་ཁུང་བུ་ཆེ་བའི་སྣ་དེ་འགུལ་དུ་འཇུག་ཞོར“ངོ་མ་ཡིན། ངས་ཅི་ཡང་དྲན་པར་མི་བྱེད་པའི་སྐབས་ནི། ཏག་ཏག་རྣམ་ཤེས་ཕྱི་རུ་འཁྱར་བའི་དུས་ཚོད་ཡིན་པས། ལུས་ཀྱི་ལྗིད་ཚད་རྒྱ་མ་ལྔ་ཇེ་ཆུང་ལ་སོང་བར་མངོན”ཞེས་ལབ་འོངས།
ངས“ཉོག་གཏམ་མ་བཤད། བརྙན་འཕྲིན་ནང་དུ་མི་ཡི་རྣམ་ཤེས་ཀྱི་ལྗིད་ཚད་ནི་ཁེ་ཉེར་གཅིག་ཡིན་ཟེར”ཞེས་གསོང་བོར་བརྗོད།
“རྒྱ་མ་ལྔའམ་ཁེ་ཉེར་གཅིག་གང་ཡིན་རུང་། མི་ལ་ཆ་བཞག་ན་ཤ་གཟུགས་ཀྱི་ལུས་པོ་ལས་གཞན། ད་རུང་ཅི་ཞིག་ཡོད་པ་རེད།”
“ཚུལ་དེ་འཆུགས་མི་འདུག”ངས་ཧ་བ་ཧོབ་བེའི་ངང་མོ་ལ་བལྟས།
“དོན་ལ་གཞན་ཞིག་འདུག་པ་དེ་ནི་གལ་ཆེ། ལུས་པོ་འདི་བེམ་པོར་གྱུར་རྗེས་བསྲེགས་ནས་ཐལ་བར་གྱུར་ཀྱང་། རྣམ་ཤེས་ནི་ད་དུང་གནས་པ་ཡིན། དེ་ཉིད་དུར་ཁུང་དུ་སྡོད་པའམ། ཡང་ན་རླུང་དང་བསྡོངས་ནས་གང་སར་ཡན་འགྲོ་བར་སྨྲ། ཁྱོད་ཀྱིས་ཤེས་སམ། མི་ལས་སྨྲ་མེད་སྤྲོ་མེད་དག་ནི་འདས་རྗེས་སུའང་རྣམ་ཤེས་ཀྱི་ངོ་ཤོར་ནས་འདུག་པས་འགྲོགས་མཁན་མེད། ཡང་དགའ་ལང་ཁྲ་ལང་བྱེད་མཁན་ཚོ་ནི་ཚེ་འཕོས་ཀྱང་སྤྲོ་བས་མྱོས་པ་ལ་ཕར་ལྡིང་ཚུར་ལྡིང་བྱེད་དེ། ལན་རེར་གློག་སྡོང་རྩེ་རུ་ཁང་བྱིའུ་ལ་ཁ་བརྡ་གློད་ཅིང་། མཚམས་རེར་ཞིང་ས་གཤིན་པོའི་ནང་བྱི་བ་དང་སྙེ་མ་འཕྲོག་རེས་བྱེད། སྐབས་རེར་རྟའི་རྒྱབ་གཞུང་དུ་ལྗི་བ་དང་མཉམ་པོར་སྐབས་རྗེས་མའི་ཨ་མེ་རི་ཁའི་ཙུང་ཐུང་སུ་ཡིན་སྐོར་ལབ་གླེང་བྱས་འགྲོ།”
ང་ནི་བར་མེད་དུ་གླེན་དགོད་བྱས། འོད་ཀོར་ཞིག་གིས་བསྒྲིབས་སྣང་བའི་ལུས་རྒྱགས་པོ་དེ་ནི་དམ་བེ་སྟོང་བ་ཞིག་ལ་ཡང་ཡང་རྔམས་པའི་མི་དེ་མ་ཡིན་པར། གཟབ་ནན་ངང་འགྲེང་སྡོད་པའི་ཡེ་ཤུའི་ཆོས་འཆད་མཁན་ཞིག་དང་ཀུན་ནས་མཚུངས། མོའི་མིག་ཟུང་ནི་དེ་འདྲའི་གསལ་བ་ལ། མེ་སྟག་ཕྲ་མོ་ནི་མིག་གི་རྒྱལ་མོའི་ནང་ཚག་ཚག་འབར་འདྲའི་སྣང་བ་སྟེར།
མོས་མུ་མཐུད་དུ“ཁྱོད་ཉིན་གང་བོར་ངོ་གནག་གནག་ལ་སྡོད་པས། མི་རེ་རེས་ཁྱོད་ལ་དངུལ་སྒོར་གྲངས་མེད་ཅིག་ཆད་པ་དང་འདྲ། ཁྱོད་ནི་ལས་བཟང་བོའི་སྐོར་རེད། ནུ་མའི་འབྲས་སྐྲན་ཡིན་ཡང་སྔ་གྲས་སུ་གཏོགས། ཨན་ཅེ་ལྟ་བུ་ཡིན་ཚེ་ངོ་མ་སེམས་པ་འཁྲུག་སྤྱད་རེད། མ་གཞི་བཟང་བོ་ཅན་ཡིན་ནའང་།བློ་ཡུལ་ལས་འགོངས་པ་ནི་སྐྲན་ངན་གྱི་ཕྲ་ཕུང་གཞན་དུ་འགྱུར་བ་ཡིན”ཞེས་ཟེར།
ངས་བསྐྱར་དུ་རབ་རིབ་ཏུ་གྱུར་པའི་མོའི་མིག་འབྲས་ལ་ལྟ་ཞོར་ཅི་ཞིག་བཤད་ན་བཟང་བ་མ་རྟོགས། ཚུལ་འདི་ནི་མོས་ང་ལ་ཁ་བསླངས་ཏེ་དགའ་རུ་འཇུག་རྩིས་ཡིན་པ་ངས་ཤེས་ཡོད། འོན་ཀྱང་རང་ཉིད་ནི་ཇི་ལྟར་དགའ་སྤྲོ་སྐྱེ་ངེས་སམ།“ང་ལ་སྐྱོན་མེད། ང་ཧ་ཅང་བཟང་།”ངས་མུ་མཐུད་ནས་ངོ་ཐུར་དུ་ལུག་པར་བྱས་ནས“འདི་ནི་རྫས་འགྱུར་སྨན་བཅོས་བྱས་པའི་ནད་བག་ཡིན་ཡང་སྲིད། ཉིན་གང་བོར་ལྷ་འདྲེ་གང་ཞིག་གིས་བཟུང་བ་དང་མཚུངས”ཞེས་ལབ།
“ཁྱོད་ཀྱིས་གསལ་བོར་ཤེས་ཚེ་བཟང་བ་ཡིན།” མོས་མཆུ་འདབ་མཐུག་པོ་དེ་བལྡག་ཙམ་བྱས་རྗེས“ཡིན་ནའང་ངས་ཁྱོད་ལ་ནོར་བཅོས་བྱེད་འདོད་པ་ནི། མི་ཡི་རྣམ་ཤེས་ཀྱི་ལྗིད་ཚད་དེ་ཁེ་ཉེར་གཅིག་མ་ཡིན་པར། རྒྱ་མ་ལྔ་ཡིན་ནོ”ཞེས་བཤད་འོངས།
“རེད་ལགས།”ང་དགོད་ཞོར་དུ“ཁྱོད་ཀྱི་ལུས་པོའི་ལྗིད་ཚད་ནི་ང་ལས་ལྕི་བས། རྣམ་ཤེས་ཀྱི་ལྗིད་ཚད་ཀྱང་དེ་བཞིན་ཡིན་ངེས”ཞེས་བརྗོད་པ་ཡིན།
ཕྱིར་ནད་ཁང་དུ་ཡོང་དུས། ཉིང་མེང་གིས་ཤབ་ཤུབ་ངང་ཁ་པར་ཞིག་གཏོང་བཞིན་འདུག ངས་སུ་རེད་དམ། འདི་འདྲ་འགོར་བར་ད་དུང་གཞན་སྡོད་དུ་མི་འཇུག་པ་ཡིན་ནམ་ཞེས་སྨྲས་པར། ཁོས་དོགས་མི་བདེ་བའི་ངང་ང་ལ་བལྟས་ཙམ་བྱས་རྗེས་གང་མྱུར་ངང་གློག་སྒོ་གཏན་སོང་། དེར་ངས་ལག་འཁྱེར་ཁ་པར་ཁྱེར་ཤོག་དང་། ངས་གཅིག་བལྟ་ཞེས་ལབ་ཚེ། ཁོ་སོམ་ཉིའི་ངང་ཡུད་ཙམ་རིང་བསྡད་བྱུང་། ང་ཕར་ཕྱིན་ཏེ་ལག་འཁྱེར་ཁ་པར་འཕྲོག་རྩིས་བྱས་པ་ལ། ཁོ་ཧད་ནས་ཅུང་ཙམ་འགོར་འཕྲལ་ཁ་ནས་ལྡབ་ལྡིབ་ཅིག་འཆད་ཞོར་ང་ལ་འཕུད་རྒྱག་ཅིག་བྱས་སོང་།ཁོས་དེ་ལྟར་ལག་འགུལ་འགྲོ་བ་ནི་ངའི་བསམ་པའི་དགུ་ལའང་དྲན་མེད་པས། ཅུང་འཁྱར་ནས་ནད་ཁྲིའི་འགྲམ་དུ་སླེབས། ཁོའང་འཚབ་སོང་བར་རྐང་དྲི་ཅན་གྱི་ཐོག་ནས་ལྡིང་འོངས་ཏེ་ང་བསྐྱོར་བར། ངས་ཀྱང་གོ་སྐབས་དེ་དམ་འཛིན་གྱིས་ཁོའི་ལག་གི་ཁ་པར་ཕྲོགས་རྗེས་ཤེད་ཤུགས་གང་ཡོད་བཏོན་ནས་རྩིག་ངོར་གཏད་དེ་བརྒྱབ།
ལག་འཁྱེར་ཁ་པར་ཆག་གྲུམ་དུ་བཏང་བའི་སྒྲ་དེ་མཚན་དུས་སུ་ཧ་ཅང་ཆེ་བས། ཐོག་མར་ཧྭ་ཧྥེ་སད་བྱུང་། མོའི་རང་གི་མགོ་ཡི་སེ་རྒོད་ལ་རེག་རེག་ཅིག་བྱས་འཕྲལ“ཨ་ཡ་ཡ། དབྱང་དབུགས་ཀྱི་ལྕགས་རྫ་གད་པ་ཡིན་ནམ། ས་འགུལ་བྱུང་བ་རེད”ཅེས་བསྒྲགས་འོངས།
ཉིང་མེང་ནི་མགོ་བོ་སྒུར་སྒུར་གྱིས་ནད་ཁང་ལས་ཕྱིར་བུད་སོང་། ཁོ་སོང་རྗེས་ཕྱིར་ཡེ་ནས་མ་ཡོང་།གལ་སྲིད་མི་ངན་འདི་རྒྱ་སྲང་དུ་ཁེངས་ནས་ཤི་བ་ཡིན་ཚེ། ངས་ཁོ་ཤི་རུ་འཇུག་འདོད་དོ།།
7
“ཁྱོད་ཚོ་ལོ་ཆུང་རྣམས་ནི་དོན་དག་ཕྲན་ཚེགས་ཙམ་གྱི་ཆེད་དུའང་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་བ་ཡིན།”ཕྱི་ཉིན་གྱི་དྲོས་ཇའི་སྐབས་སུ་ཧྭ་ཧྥེ་ཡིས་ང་ལ་དེ་ལྟར་ལེ་བདའ་བྱས་འོངས། མཐུད་ནས་ཡང“ཁོ་ལ་མཚོན་ནའང་ལས་སླ་མོ་ཞིག་མ་རེད། ཁྱིམ་ནང་དུ་བྱིས་པར་བདག་བྱེད་དགོས། སྨན་ཁང་དུ་ཁྱོད་བསྙོར་དགོས། ཁྱོད་ཀྱིས་ཁོའི་སེམས་ཁོང་གི་ཁུར་བོ་ཇེ་ཡང་དུ་བཏང་ན་མི་ཆོག་གམ”ཟེར།
ཡེ་ཞང་གིས་ང་ལ་སྒོག་ལྡན་ལྦ་བ་འཇོམས་ཚལ་གཏུབ་མ་ཁྱེར་ནས་བུད་ཡོང་། མོས་དེའི་ནང་དུ་དྲི་ཞིམ་སྣུམ་མང་བོ་ཐིགས་སུ་བཅུག་ཡོད་པས། ཟས་ལ་རོལ་དུས་སྤོད་ཡ་བྱས་ན་ཤིན་ཏུ་བཟང་ཞེས་བཤད་འོངས། མཐུད་ནས་ཚོད་ལྟའི་ཚུལ་དུ“དགོང་མོ……ངས་ཁྱོད་གདན་འདྲེན་བྱས་ནས་འཁྲབ་སྟོན་ལ་བལྟ་རུ་སོང་ན་ཆོག་གམ”ཞེས་འདྲི་བར་བྱེད། ངས་འཁྲབ་སྟོན་ཅི་ཞིག་རེད་དམ་ཞེས་དྲིས་པ་ལ། མོ་ནི་སྨྲ་མི་ཐུབ་པའི་ཚུལ་དུ་བསྡད་སོང་། ངས་མོ་འགུལ་འགུལ་བྱེད་པའི་ཚུགས་ཀར་བལྟས་ནས་བསྲན་མ་ཚུགས་པར་བགད་པ་ཡིན། དེར་མོའི་མིག་ནང་འོད་གསལ་བོ་ཞིག་འཁྱུག་ཞོར“ཁྱོད་ཀྱིས་ཁས་ལེན་བྱས་ཟིན་ནམ། ཧ་ཅང་བཟང་། དགོང་མོའི་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ངས་ཁྱོད་ལ་སྨན་ཁང་སྒོ་ཁ་རུ་བསྒུགས་ནས་འདུག མཛེས་སྤྲས་ཡག་པོ་བྱ་རྒྱུ་མ་བརྗེད”ཅེས་བརྗོད་བྱུང་།
ངས་མཛེས་སྤྲས་མང་བོ་མ་བྱས། སེམས་ཞིབ་མོས་མཛེས་སྤྲས་གནང་འདུག་པ་ནི་ཧྭ་ཧྥེ་རེད། མོས་མཛེས་སྡུག་ལྡན་པའི་ཚ་ཕྱུ་མ་ཞིག་གོན་ཡོད་དེ། ངོས་སུ་གཉེར་མ་རོབ་ཙམ་གདའ། མོ་སྟོན་རླུང་བསིལ་མོའི་ནང་ཚིགས་དྲུག་སྨྱུག་མ་ལྟར་ལངས་སྡོད་དུས། མཛུབ་མགོར་ཁ་ཆུ་བཏབ་སྟེ་གཉེར་མཚམས་སུ་རེག་རེག་བྱེད་པར་མ་ཟད། ད་དུང་རས་ཀྱི་མཐའ་ནས་བར་མེད་དུ་འཐེན་འགྲོ། ཆེས་མཚར་སྣང་སྟེར་བ་ནི་མོའི་ནུ་མ་གཉིས་ཆེས་འབུར་ཞིང་སྒོར་བ་དེ་ཡིན་ཡང་།ངས་འདྲི་བར་དོགས་མ་བདེ་བས་རང་སོར་བསྐྱུར་དགོས་བྱུང་།“ཁྱོད་ཀྱིས་ཤོད་དང་། མོས་ང་ཚོ་གདན་དྲངས་ནས་གླུ་གར་ལ་བལྟ་རུ་འཇུག་བསམ་པ་མིན་ནམ། སྒྲ་སྡུད་འཁོར་ལོའི་ནང་དོ་དགོང་ཡན་ཧྲན་ཟློས་གར་གླིང་དུ་ཧེ་ཧྲན་གླུ་གར་ཚོགས་པས《སའེ་ཨེར་ཝེ་ཡ་ཡི་སྐྲ་བཞར་མཁན》ཞེས་པ་དེ་འཁྲབ་སྟོན་བྱེད་བཞིན་འདུག་ཟེར”ཞེས་སྨྲས་འོངས། ཡིན་ནའང་ཅང་མ་འགོར་བར་མོས་རང་གི་དྲན་ཚུལ་དེ་མིན་པར་བསྒྲུབས་ནས“ཡེ་ཞང་ནི་དེ་འདྲའི་སེར་སྣ་ཅན་ཡིན་པར”ཞེས་ལབ་སོང་། མཐུད་དེ་མོས་རང་གི་མཆུ་འདབས་སུ་བསྒོས་ཚོན་སྟུག་པོ་ཞིག་བསྐུས་རྗེས“རབ་ཡིན་ན་ང་ཚོར‘མི་གཉིས་འཁོར་བ’ཞེས་པ་དེར་བལྟ་རུ་འཇུག་སྲིད། འེ། མོ་ནི་དུས་ནམ་ཡང་སྤྱིར་བཏང་བ་དང་ཚད་རིམ་དམའ་བ་དེ་ཡིན། ཁག་ཅི་ཡོད། གཙང་སྦྲ་བྱེད་མཁན་ཞིག་ཡིན་པས”ཞེས་བཤད་པར་མངོན།
མ་གཞི་ཚུའེ་ཚུའེ་ཡིས་ཀྱང་རྐང་དྲི་ཅན་ཁྲིད་ནས་ཡོང་བསམ་མོད། ཕྱིས་སུ་ཧྭ་ཧྥེ་ཡིས་མོའི་རྣ་ལམ་དུ་ཤབ་ཤུབ་ཅིག་བརྗོད་པར། མོས་གཞི་ནས་ལྡབ་ལྡིབ་ཅིག་སྨྲ་ཞོར་ནད་ཁང་དུ་བསྡད་སོང་། ཧྭ་ཧྥེ་མཐོང་དུས་ཡེ་ཞང་ནི་ཅུང་མཚར་བར་གྱུར། ཡིན་ནའང་མོས་མང་བོ་ཞིག་དྲིས་མ་བྱུང་། དེར་ཧྭ་ཧྥེ་ཡིས་སྐད་རིང་འཐེན་བྱས་ནས“གལ་སྲིད‘མི་གཉིས་འཁོར་བ’ལ་བལྟ་དགོས་ཚེ། ངས་ཚ་ཕྱུ་མ་འདི་རང་དགར་གོན་པ་ཡིན”ཞེས་ལབ་འོངས།
ཡེ་ཞང་གིས་གླེན་ཚུགས་མངོན་པར་བྱས་ཏེ་མོ་ལ་མིག་ཟུར་གྱིས་ལན་གཅིག་བལྟས་རྗེས“ཚ་ཕྱུ་མ་གོན་ནས་ངྷིས་བྲོ་ཁང་ནང་འགྲོ་བ་ནི། ངས་ཐེངས་དང་པོར་རིག་པ་ཡིན”ཟེར།
དྲང་མོར་བཤད་ན་ཡེ་ཞང་གིས་ང་ཚོ་ངྷིས་བྲོ་ཁང་ནང་ཁྲིད་འགྲོ་བ་ནི་ངའི་བློ་ཡུལ་ལས་འགོངས་སོང་། མི་ཚེ་འདིར་ང་ངྷིས་བྲོ་ཁང་ནང་ཕྱིན་ཚུལ་དེ་མཛུབ་མོ་ནང་བཀུགས་བྱས་ནས་བརྩིས་ཆོག་གོ །ཚོད་དཔག་བྱས་ཚེ་ཧྭ་ཧྥེ་ཡང་རང་དང་ཆ་འདྲ་བར་མངོན། སྒོ་ཁར་ཁུག་མ་སོགས་ལ་ཞིབ་བཤེར་བྱེད་ས་རུ། ཧྭ་ཧྥེ་ལ་གནད་དོན་ཆུང་ཆུང་ཞིག་བྱུང་བ་རེད། མོས་ཇི་ལྟར་བྱས་ཀྱང་བདེ་འཇགས་སྲུང་མཁན་ལ་རང་གི་སི་ཝེས་ཙེར་གྱི་དམག་མིའི་གྲི་རྙིང་དེར་དོ་དམ་བྱེད་དུ་མ་བཅུག ཕྱིས་སུ་ཡེ་ཞང་ངེད་གཉིས་ཀྱིས་མོ་གཞོགས་ཤིག་ཏུ་ཁྲིད་ཡོང་བར། མོས“གྲི་འདི་ནི་རང་གི་ཁྱོ་ག་སྔོན་མས་བྱིན་པ་ལ། ད་བར་དུ་ལུས་དང་གྲིབ་མ་ལྟར་ཉར་ནས་ཡོང་བ་ཡིན། གལ་ཏེ་བདེ་འཇགས་སྲུང་མཁན་ཚོས་བོར་བརླག་ཏུ་བཏང་ཚེ་ཇི་ལྟར་བྱེད”ཅེས་སྨྲས་མ་ཐག ཡང་མཆུ་ཏོ་མདུང་མདུང་བྱས་ནས“ཁོ་ཚོས་དམག་གྲི་དེ་ལེགས་པར་འདོད་པས། རང་གིས་ལྐོག་ཉར་བྱེད་ཀྱང་སྲིད”ཅེས་བརྗོད་འོངས། དེར་ཡེ་ཞང་ངེད་གཉིས་ཀྱིས་ཡག་བཤད་མང་བོ་བྱས་པ་ལ། མོས་ད་གཟོད་སྟེར་ན་འདོད་མི་འདོད་ཀྱིས་གྲི་རྙིང་དེ་བདེ་འཇགས་སྲུང་མཁན་ལ་སྤྲད་པ་དང་། ཡང་ཁོ་ཚོ་དཀའ་ལས་ལ་གཏད་ནས་ཉར་ཡིག་འབྲི་རུ་བཅུག་སོང་།
ངྷིས་བྲོ་ཁང་ནང་མི་ཧ་ཅང་མང་། ཡེ་ཞང་གིས་ང་དང་ཧྭ་ཧྥེ་ལ་འདུག་སྟེགས་གཉིས་བཙལ་པ་དང་། ཡང་བཏུང་བ་སོགས་བླངས་རྗེས་ཁ་རོག་གེར་གཞན་ཞིག་ཏུ་བུད་སོང་། ཧྭ་ཧྥེ་ནི་འདུག་སྟེགས་མཐོན་པོར་བསྡད་པར། བར་མེད་དུ་ཚ་ཕྱུ་མ་ཡི་ཕུ་ཐུང་འཐེན་པར་བྱེད། མི་སུས་ཀྱང་ངེད་གཉིས་ནི་ནུ་མ་མེད་པའི་བུད་མེད་གཉིས་ཡིན་པ་རྟོགས་མི་སྲིད།
“ཅི་འདྲའི་འུར་ཆེ་བ་ལ་ཨང་།”ཧྭ་ཧྥེ་ཡིས“དངོས་གནས་སློབ་མ་ཚོ་རྩལ་སྦྱོང་རྩེ་རུ་འགྲོ་དུས་ལས་ཀྱང་འུར་ཆེ། འདི་ཚོ་ནི་ཅི་ཞིག་བྱེད་མཁན་ཡིན་ནམ”ཞེས་དྲིས་བྱུང་།
“ང་ཚོ་དང་འདྲ་བའི་མི་ཏག་ཏག་ཡིན།”
“ངས་ཤེས་ཡོད། གླེན་མ་འདིས་ང་ཚོ་གནས་བཟང་བོ་ཞིག་ལ་རྩ་བ་ནས་ཁྲིད་མི་སྲིད།”
“ང་གནས་འདིར་ཧ་ཅང་དགའ།”
“སྐྱག་པ་དགའ་ངེས། ཅང་ལའང་མི་ཉན་པའི་མི་ཚོགས་འདུ་ས་ཞིག་རེད།”
ཡེ་ཞང་དུས་ཡུན་རིང་བོ་ཞིག་ལ་ཕྱིར་མ་ཡོང་།ང་དང་ཧྭ་ཧྥེ་གཉིས་ཀྱིས་གླེན་ཚུགས་དོད་པོར་བྲོ་རྩེ་བའི་སྐྱེས་པ་དང་བུད་མེད་དེ་དག་ལ་བལྟས་ནས་བསྡད་པར། ངོ་མ་གང་ཞིག་ནི་ཕོ་དང་སུ་དག་ནི་མོ་ཡིན་པ་གསལ་བོར་བཀར་མི་ཐུབ།“ཁྱོད་ཀྱིས་ལྦུ་ཆང་འཐུང་ན་འདོད་དམ།”ཧྭ་ཧྥེ་ཡིས་དེ་ལྟར་དྲིས་འོངས།“ངས་སྔོན་ཆད་ཆང་དཀར་པོ་རྒྱ་མ་གང་ནི་ཅང་གི་ས་ལའང་བཞག་མ་མྱོང་།”ངས་གནས་འདི་ཡི་ཆང་ནི་རིན་གོང་ཆེས་དཀའ་བ་ཡིན་ཞེས་བཤད་པར། མོས་ང་ལ་སྣང་མེད་ཀྱི་མིག་འོད་སྐོར་ཙམ་བྱས་རྗེས“གཏོང་ཕོད་མི་ཆེ་བའི་ཁྱོད་འདིའི་ཚུགས་ཀར་ལྟོས་ཤིག”ཟེར།
ང་ཚོས་ལྦུ་ཆང་འཐུང་མགོ་བརྩམས། ང་ལ་མཚོན་ན་དུས་ཡུན་རིང་བོར་ཆང་མ་འཐུངས། ངའི་དྲན་འཛིན་དུ་ཡོད་པ་ནི་སྔོན་ཆད་ནང་དོན་ཆེར་མེད་དུས་ཉིང་མེང་དང་མཉམ་པོར་ཁྱིམ་དུ་ལྦུ་ཆང་འཐུངས་མྱོང་། ཁོས་ང་ཆང་འཐུང་ན་མི་ཐུབ་བོ། །འདི་ལྟར་ཉིང་མེང་སེམས་ལ་འཁོར་ཡོང་བས། ང་ལ་ཆང་འཐུང་བའི་ཡི་ག་མེད་པར་གྱུར།
“ངའི་ནུ་མ་ཨེ་ཡག་གམ།”ཧྭ་ཧྥེ་ཡིས་དགོད་འཛུམ་ལྷུག་གེར“མི་ལ་འདོད་པ་སློང་བར་བྱེད་པ་དེ་ཡིན་ནམ”ཞེས་དྲིས་འོངས།
“ངས་ཁྱོད་ལ་འདྲི་བར་དོགས་མ་བདེ་བར་ཡོད། ཁྱོད་ཀྱིས་གོན་འདུག་པ་དེ་ཅི་ཞིག་ཡིན་ནམ།”
མོས“ཁྱོད་ཀྱིས་མི་ཤེས་སམ། སྨན་ཁང་གི་ཟ་ཁང་ནས་བཟོས་པའི་རྗེན་ཐོ་ནི། དཀར་ཞིང་ཟླུམ་ལ་སྙི་མོར་བདོག་པ་རེད། འེ། ང་ནི་དངོས་གནས‘དཔུང་བ་དཀར་ཞིང་མཐོ་ལ་ལུས་པོར་མཉེན་ལྕུག་ལྡན། །བླ་སྲོག་བརྐུ་བའི་ནུ་མས་གོས་ལྭ་འབུར་བཏོད་འགྱུར’ཞེས་པ་དེ་ཡིན་ངེས”ཞེས་སྨྲ་བར་བྱེད།
ངེད་གཉིས་ཀྱིས་གནས་དེ་གར་ནང་དོན་ལྡན་ལ་མི་ལྡན་པའི་ཁ་བརྡ་སྣ་ཚོགས་བགྱི་སྐབས་སུ། ཚོམས་ཁང་ནང་གི་གློག་འོད་ནི་གློ་བུར་རབ་རིབ་ཏུ་གྱུར་པར། མི་ཀུན་པོ་ཡང་ཁ་ཁུ་སིམ་མེར་སོང་། མཐུད་ནས་གློག་འོད་ཀྱི་ཀ་བ་ནི་གླུ་དབྱངས་ཀྱི་སྒྲ་དང་འགྲོགས་ཏེ་ལྕགས་སྦུག་གི་ཀ་བའི་མཚམས་སུ་ཤར་འོངས། ང་ཚོའི་མ་ནེ་ནི་ལྷུང་ལ་ཁད་བྱེད་དུས། དཀར་འོད་ལམ་ལམ་འཚེར་བའི་ལྕགས་རིགས་སྦུ་གུ་ཡི་འགྲམ་དུ་བུད་མེད་རྒྱགས་པོ་ཞིག་ལངས་ནས་ཡོད། མོ་ལ་གཟེངས་ཤིང་སེར་ནག་མདོག་ཅན་གྱི་སྐྲ་ལོ་འདུག་ལ། ཆེ་ཞིང་དམར་བའི་མཆུ་འདབ་ལས་གཞན། ཆུ་རྐྱལ་མཁན་ཁོ་ནར་ཡོད་ངེས་པའི་དཔུང་བ་གཉིས་དེ་བདོག ལུས་སྟེང་དུ་གསེར་ཆུ་བྱུགས་པའི་ལྕགས་ལེབ་ཆུང་ངུ་བགྲང་ལས་འདས་པས་ལེགས་པོར་བརྒྱན་པའི་ལྭ་བ་ནག་པོ་ཞིག་གོན་ནས་དེ་གར་ལངས་འདུག་པ་ལ། མཛེས་སྡུག་གིས་ཀུན་ནས་ཁྱོགས་པའི་ཧྥི་ལི་ཕིན་གྱི་གཡོག་མོ་ཞིག་དང་དབྱེར་མ་མཆིས།
“མོ…… མོ་ནི་ཡེ་ཞང་མ་ཡིན་ནམ།”ལྦུ་ཆང་ནི་ཧྭ་ཧྥེ་ཡི་ཁའི་གྲུ་ཟུར་བརྒྱུད་ནས་མར་བཞུར་ཡོང་། “མོ་སྨྱོས་ཟིན་པ་རེད་དམ།”
“མོ་རེད་ཡ།”ངས་རང་གི་བྲང་ཁོག་ཕུར་ཞོར་དུ“ང་ཚོ་སྔོན་མ་བྱས་ནས་ཕར་ཕྱོགས་སུ་འགྲོ། མོ་གར་སྟེགས་ལས་ལྷུང་ཡོང་བ་འགོག་ཨེ་ཐུབ་བལྟ”ཞེས་ལབ།
ཡིན་ནའང་ང་ཚོ་སུ་ཡང་མ་འགུལ། ང་ཚོས་ཡེ་ཞང་ནི་གླུ་དབྱངས་ཀྱི་སྒྲ་དང་འགྲོགས་ནས་ཆེ་ཞིང་རྒྱགས་པའི་མོའི་འཕོངས་ཚོས་འགུལ་བར་བལྟས། ད་དུང་དཀར་འོད་ལམ་ལམ་འཚེར་བའི་ལྕགས་སྦུག་ལ་སྐོར་བ་བྱེད་ཞོར་སྒེག་ཉམས་དོད་པའི་མིག་མདའ་འཕེན་པ་དང་ནུ་མ་འདར་དུ་འཇུག་པ། བར་བར་དུ་གླང་ཆེན་གྱི་རྐང་བ་ལྟ་བུ་དེ་འགྱོག་པ་བཅས་ལ་བལྟས། མོས་རང་ཉིད་ད་དུང་ལོ་བཅུ་བདུན་བཅོ་བརྒྱད་ཅན་གྱི་གཞོན་ནུ་མ་ཞིག་རེད་བསམ་ཡོད་པ་འདྲ། ཤིང་ལེབ་སྙོམས་པོའི་སྟེང་ཧུ་ཨེར་ཅིན་ན་ཡི་ཕྱི་ཕྱོགས་སུ་འཁོར་ལྡིང་བྱེད་པ་བཅས་ཀྱང་བརྩེས་བྱུང་།ངས་མོས་དཀའ་ཚེགས་ཆེན་པོའི་ངང་ལག་པ་ཟུང་གིས་ལྕགས་སྦུག་བཟུང་རྗེས། གཡོན་རྐང་དྲང་མོར་བཀྱགས་ལ། དེ་ནས་ཡང་གཡས་རྐང་དང་གཡོན་རྐང་ཏུའུ་དགུ་བཅུ་རུ་བཀྱེད་པ་ལ། ངའི་སྙིང་དམར་པོ་ནི་གྲེ་བའི་མཚམས་སུ་བཙངས་ཡོང་ནས་ཕྱིར་འབྱིན་ལ་ཁད་བྱས་འགྲོ།
“ངོ་མ་ངར་བ་རེད།”ཧྭ་ཧྥེ་ཡིས་མཆུ་འདབ་འབྱིད་ཞོར“ང་ཚོས་མོར་ཧུར་བརྩོན་གྱི་སྐུལ་མ་བྱེད། ཡེ་ཞང་ཡེ་ཞང་། འཛམ་གླིང་དུ་ཆེས་ངར་བ་དེ་ཡིན”ཞེས་བསྒྲགས།
ངས་ཀྱང་མོའི་རྗེས་འབྲངས་ནས་སྐད་གསང་མཐོན་པོས་འུར་བརྒྱབ། འོན་ཀྱང་ང་ཚོའི་སྐད་སྒྲ་ནི་ཧ་ཅང་ཆུང་བས། ཅང་མ་འགོར་བར་ཚོམས་ཁང་ཧྲིལ་པོར་སྨྱོན་པ་ལྟར་གྱུར་འདྲའི་ཁ་ཤུ་འདེབས་པ་དང་ཐལ་མོའི་རྡེབ་སྒྲ། སེམས་གཏིང་ནས་ཤོར་པའི་ཨག་སྐད་བཅས་ཀྱིས་ཡོངས་སུ་མནན། གལ་ཏེ་ངའི་ཡིད་འཛིན་ལ་ནོར་འཁྲུལ་བྱུང་མེད་ཚེ། ཡེ་ཞང་གི་ཆེས་མཐའ་མའི་སྦྱོར་བ་ནི་ནུ་མ་ལེགས་པོར་བསྐྱོར་རྗེས། རྐང་བ་གཉིས་ཀྱིས་ཏུའུ་བརྒྱ་དང་བརྒྱད་ཅུ་ཅན་གྱི་རྐང་བགྲད་ཅིག་བརྩེས་སོང་བ་དེ་ཡིན། ངས་ནམ་ཡང་རྟོགས་པར་མི་འགྱུར་བ་ནི་མོས་ཅི་ཞིག་ལ་ལག་པ་གཉིས་སར་མི་ཁེན་པ་རང་ལགས་ཏེ། དེ་ལྟར་བྱུང་བར་སྦོམ་ཞིང་ཟླུམ་པའི་པུས་ཚིགས་སྔར་ལས་བརྟན་ཞིང་འཇགས་པར་ས་ལ་ཐུག་འགྲོ་བ་མ་ཡིན་ནམ། མཐར་མོ་ནི་ངོ་མདངས་དམར་པོར་འགྱུར་ཞོར་ཡར་ལངས་བྱུང་བ་ལ། ངས་མོའི་མདོག་ནག་པོ་ཡིན་ལ་རྒྱུ་སེང་རས་ལས་བྱས་པའི་སྨད་གཡོགས་ཀྱི་ཟུར་ཞིག་གཤགས་འདུག་པ་མཐོང་། མོ་དལ་བ་དལ་བུར་གར་སྟེགས་ལས་བབས་དུས། མི་ལ་ལས་ལག་པ་བསྲིངས་ནས་ཤ་འཇུར་ཏེ་ཡོང་བའི་མོའི་བརླ་ངོར་རེག་པར་བྱེད། མོས་ཚུལ་དེར་སྣང་དོགས་ཙམ་ཡང་མི་བྱེད་པར། རེ་གསལ་རེ་ནུབ་ཀྱི་གློག་ཚོན་སྣ་མང་གི་འོག་ཏུ། འཚང་ག་ཤིག་ཤིག་བྱེད་པའི་མི་ཚོགས་བརྒྱུད་ནས་ཧྭ་ཧྥེ་དང་ངེད་གཉིས་ཡོད་སར་བཙངས་ནས་བུད་ཡོང་།
“དགོང་མ་གཅིག་ལ་སྒོར་བཞི་བརྒྱ་རེ་སྟེར།”ཡེ་ཞང་གིས་སྣང་བ་སྐྱིད་པའི་ངང་ལྦུ་ཆང་འཐུང་ཞོར་དུ“ང་ནི་གནས་འདིར་ཆེས་དགའ་བསུ་ཐོབ་པའི་གར་མཁན་དེ་ཡིན”ཟེར།
ང་དང་ཧྭ་ཧྥེ་གཉིས་ཀྱིས་མ་བགྲོས་མཉམ་པོར་མགོ་ལྕོག་ལྡེམ་ལྡེམ་བྱས།
“སེམས་སྐྱིད་དམ། མཛེས་མ།”མོའི་སྣ་ཁུང་ནང་ད་དུང་དབུགས་དྲག་ལེན་བྱེད་ཀྱིན་འདུག“ནུ་མོ་ང་ལ་འདི་འདྲའི་རྩེད་མོ་ཞིག་སྟོན་རྒྱུ་ཡོད་པ་ཡིད་ལ་འཁོར་མེད་དམ། ངྷིས་བྲོ་ཁང་འདིའི་སྦྱིན་བདག་གིས་ང་རེབ་གསུམ་ལ་གདན་འདྲེན་ཞུས་པས། རང་ཉིད་ད་གཟོད་ཡོང་བ་ཡིན”ཞེས་སྨྲས་བྱུང་།
ངས་མོ་ལ་ལྦུ་ཆང་ཕོར་བ་ཆེན་པོ་གང་དྲངས། ང་དངོས་གནས་སེམས་པ་སྐྱིད་པོ་བྱུང་ལ། དུས་མཚུངས་སུ་ཡིད་ནང་དུ་སྡུག་མུན་སྟུག་པོ་ཞིག་ཀྱང་འཁྱིལ་ཡོང་། ངས་གློ་བུར་མོས་བཤད་པའི་རྣམ་ཤེས་ཟེར་བ་དེ་དྲན་པར་གྱུར། རླུང་དང་འགྲོགས་ནས་འཁྱམ་ཉུག་བྱས་འགྲོ་ལ། རྟའི་རྒྱབ་ཏུ་ལྗི་བར་ལབ་གླེང་བྱེད་ནུས་པར་མ་ཟད། ལྗིད་ཚད་ལ་རྒྱ་མ་ལྔ་ཡོད་པར་བརྗོད་པའི་རྣམ་ཤེས་དེའོ།།
8
དགོང་མོ་དེར་ངྷིས་བྲོ་ཁང་ནང་ཕྱིན་པའི་དོན་དེ། ང་དང་ཧྭ་ཧྥེ་གཉིས་ཀྱིས་ཡར་མར་སུ་ལའང་མ་བཤད། ཚུའེ་ཚུའེ་ཡིས་བར་མ་ཆད་པར་ཁྱོད་ཚོས་ལྟད་མོ་མཚར་བོ་ཅི་ཞིག་མཐོང་སོང་ཞེས་དྲིས་འོངས་པ་ལ། ཕྱིས་སུ་ཧྭ་ཧྥེ་ཡིས་མཆུ་ཏོ་མདུང་མདུང་བྱས་ནས“བལྟ་རྒྱུ་ཅི་ཡང་མི་འདུག ཀྲའོ་པུན་ཧྲན་གྱི་སློབ་བུ་དང་ཡང་སློབ་ཚོས་སེར་པོ་འདྲེས་པའི‘མི་གཉིས་འཁོར་བ’ཞེས་པ་རྩེ་བར་བལྟས་པ་ཡིན”ཞེས་ལབ་སོང་།
ཡེ་ཞང་གིས་ང་མཐོང་བར། གཙབ་གདན་བཟུང་ནས་ངོ་ཚ་འདྲེས་མར་དགོད་པར་བྱེད། ངས་མོ་ལ་གཏད་དེ་མཐེབ་ཆེན་བསྟན་པ་ལ། མོས་ཁ་ཆེ་བ་དེ་གདངས་ཞོར་ངའི་ལག་པ་མར་ཕབ་རྗེས་སྐད་སྦོམ་པོའི་ངང“རེབ་རྗེས་མར་སྒོར་མོ་ཉུང་ཙམ་སྟེར་རྒྱུ་མ་བརྗེད་ཨ”ཟེར།
ཡིན་ནའང་རང་གཅིག་པུ་ཡིན་སྐབས། དབང་མེད་དུ་ཉིང་མེང་ཡིད་ལ་འཁོར་ཡོང་། ངའི་ཨ་མས་ཁ་པར་བཏང་སྟེ་ཅི་ཞིག་ལ་ཉིང་མེང་ཕྱིར་ཡོང་དུ་བཅུག་པ་ཡིན། རང་གཅིག་པུ་སྨན་ཁང་དུ་བསྡད་ན་བཟང་ངམ། ཡང་མིན་ན་ཕྱི་དྲོ་ང་བསླེབ་ངེས་ཞེས་སྨྲ་བར་བྱེད། ངས་དེ་ལྟར་བྱེད་མི་དགོས། འདི་གར་མིང་སྲིང་མང་བོ་འདུག་པར་བརྟེན། ཁོར་ཁྱིམ་དུ་བྱིས་པར་བདག་སྐྱོང་ལེགས་པོ་བྱེད་དུ་ཆུགས། ཡང་གཅིག་བཤད་ན་འདི་ནི་ཆེས་མཐའ་མའི་རྫས་འགྱུར་སྨན་བཅོས་དེ་ཡིན་ལ། ཉིན་གཉིས་ཀྱི་རྗེས་སུ་སྨན་ཁང་དང་རྩ་བ་ནས་བྲལ་ཆོག་ཅེས་བཤད་སོང་བར། མོས་ཤུགས་རིང་ནར་ནར་བ་ཞིག་ཕྱུང་རྗེས་ལན་ཅི་ཡང་མི་འདེབ།
སྨན་པས་ངའི་ནད་སོས་པ་ཧ་ཅང་བཟང་བས། ཁྱིམ་དུ་ལོག་ནས་ལྷོད་འཇགས་ངང་ངལ་གསོ་བྱས་པས་ཆོག་ལ། ཕྱིས་སུ་དུས་ཚོད་ལྟར་ལྟ་ཞིབ་བྱེད་དུ་ཡོང་རྒྱུ་མ་བརྗེད་ཟེར། ཧྭ་ཧྥེ་ནི་ཕྱིར་རྫོང་མཁར་དུ་བུད་སོང་སྟེ། ཚ་ཕྱུ་མ་དེ་ཉིན་འགའ་ལ་གོན་རྗེས་གཞི་ནས་ཕུད་བྱུང་། ཚུའེ་ཚུའེ་ནི་དགའ་ནས་ཁ་མ་སུམ་པར་ཡོད་དེ། མོ་ཚང་གི་ཤིང་འབྲས་ལི་ཙིར་ད་ལོར་ལོ་འབྲས་ལེགས་པས། མོས་ང་ཚོ་སང་ལོའི་དཔྱིད་དུས་རི་སྒང་དུ་ཤིང་འབྲས་ལི་ཙི་ཡི་མེ་ཏོག་ལ་བལྟ་བར་གདན་འདྲེན་ཞུས་འོངས། བཤད་ཚུལ་ལ་དེ་ནི་ས་ཐག་རིང་བོར་དྲི་བསུང་གིས་ཁྱབ་པར་བརྗོད། ང་ཚོས་ད་དུང་ཆིངས་ཤིག་བཏབ་པ་ནི། རྗེས་སུ་ཁོམ་པ་བྱུང་བར་ཕན་ཚུན་ལ་རུ་ཉུག་བྱ་རྒྱུ་སྟེ། ཇི་ལྟར་བཤད་ཀྱང་སྨན་ཁང་དུ་བསྡད་ནས་ལྕམ་སྲིང་དུ་གྱུར་ལ། དཀའ་སྡུག་མཉམ་མྱོང་བྱེད་མཁན་ཅི་ལ་མིན། ཡིན་ནའང་དེ་ནི་ཁ་བཤད་ཙམ་ལས། དོན་ཐོག་ཏུ་འཁྱོལ་དཀའ་བ་ངས་གསལ་བོར་ཤེས་ཐུབ། ཉིན་དེར་ངས་ཚགས་པར་ཞིག་ལ་བལྟས་པར། དུས་ནམ་ཡང་ཤེལ་མིག་ནག་པོ་ཐོགས་པའི་ཞང་ཀང་གི་འཁྲབ་ཁྲིད་པ་དེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ང་ཚོ་རྒྱུན་དུ་མི་སྐོར་ཞིག་ལ་འཕྲད་འགྲོ། ཁོ་ཚོ་ནི་གཏན་དུ་ཁེལ་པའི་དུས་ཚོད་ནང་ང་ཚོའི་ཚེ་སྲོག་ཁྲོད་མངོན་ཡོང་སྟེ། རང་ཅག་ལ་དྲན་གསོ་བྱེད་འོས་པ་ཟབ་མོ་རེ་བཞག་རྗེས་ཡལ་འགྲོ་ལ། དེ་ནས་ཚེ་གང་བོར་མཐོང་མི་ཐུབ་ཅེས་བཤད་སོང་། ཁོས་ལབ་པ་ནི་ཅུང་ཙམ་ཡང་ནོར་མི་འདུག
སྨན་ཁང་ལས་འབུད་པའི་སྔ་དགོང་མོར། ཡེ་ཞང་གིས་ང་ལ་ཟོག་གི་རྩིབ་རུས་བསྲེགས་མའི་མགྲོན་བྱེད་ཟེར། ཟ་ཁང་དེ་ནི་ངས་ཤེས་ཏེ། མགྱོགས་ཟས་ཟ་ས་ཞིག་ཡིན། བཟོས་པ་ལེགས་ཤིང་རིན་གོང་སླ་བས་མཚན་སྙན་ཕྱོགས་སུ་རྒྱས་འདུག ང་དེ་གར་ཡུན་རིང་ཙོག་ནས་བསྡད་པར། མོས་གཞི་ནས་དབུགས་བྲེལ་ལེན་བྱེད་ཞོར་སྒོ་ལམ་ནས་འཛུལ་ཡོང་། ང་ཧ་ལས་སུ་བཅུག་པ་ནི་ཡོང་དུས་མོ་ལས་གཞན་ད་དུང་བྱིས་པ་ཞིག་ཀྱང་ཡོད་དེ། བྱིས་པ་དེ་འདྲུད་འཁོར་ནང་བསྡད་ཡོད་ཅིང་། ང་མཐོང་བ་ན་ཐག་རིང་ས་ནས་ལག་བརྡ་བསྟན་བྱུང་།
“ཨ་ཡེ་ཞེས་འབོད་རོགས།”ཡེ་ཞང་གིས་བྱིས་པ་དེར“ཨ་ཡེ་ནི་སྨན་ཁང་ནང་གི་བྱང་ཆུབ་སེམས་མ་ཡིན”ཟེར།
བྱིས་པས་མགོ་བོ་དཀྱོགས་ནས་བགད་སོང་བར། ཁའི་གྲུ་ཟུར་དུ་ཁ་ཆུ་བར་མེད་བཞུར་ཡོང་། ཡེ་ཞང་གིས་ལག་རས་སྲབ་བུ་དེ་བླངས་ནས་བྱང་ཆ་ཡོད་པའི་ངང་ཕྱིས་རྗེས། ཚུར་ཡོང་སྟེ་ངའི་ཁ་གཏད་དུ་བདེ་བར་ཙོག
“འདི་ནི་སུ་ཚང་གི་བྱིས་པ་ཡིན།”ངས་སེམས་ཀྱིས་མ་བཟོད་པར་དེ་ལྟར་སྐད་དམའ་མོར་དྲིས་རྗེས། ཡང“ཁོ་ལ་ཕོག་པ་ནི་ནད་ཅི་ཞིག་ཡིན”ཞེས་ངག་ལས་ཤོར།
ཡེ་ཞང་གིས་ཕལ་ཆེར་མ་གོ་བ་འདྲ། མུ་མཐུད་ནས་རྐེད་པ་དྲང་བོ་དང་ནུ་མ་འབུར་བར་བྱས་ཏེ་བློ་ཞིབ་མོས་ཚོད་མ་འདེམ་བཞིན་འདུག ཞབས་ཞུ་མ་ཕར་སོང་རྗེས་སུ། མོས་སྐད་དམའ་མོར“ཁོ་སྐྱེ་ཁག་པའི་མཐའ་ལ། མགོ་བོར་སྐྱོན་ཕོག་པས་ཀླད་པར་གནོད་པ་ཐེབས་པ་ཡིན། ལམ་དུ་འགྲོ་མི་ཐུབ་པ་མ་གཏོགས། ཁོས་ཡོད་ཚད་ཤེས་ནས་ཡོད། གཅེས་ལོ། ཁྱོད་ཀྱིས་ཨ་ཡེ་ལ་ཐང་རྒྱལ་རབས་ཀྱི་སྙན་ངག་ཅིག་འདོན་རོགས”ཞེས་སྨྲས་པར།
བྱིས་པས་མགོ་བོ་ཡར་བཀྱགས་རྗེས། ལག་པ་ཆུང་ཆུང་དེ་རྒྱབ་ལག་བྱས་ནས་གསལ་དག་ཚང་བར《ལྷིང་འཇགས་མཚན་མོའི་དྲན་པ》ཞེས་པ་བློར་སྐྱོར་འོངས། ཁོས་སྔོན་ཆད་ཐེངས་མང་བློར་སྐྱོར་བ་འདྲ། ཚར་མ་ཐག་ལག་མཐིལ་ཡར་ཀུག་པོར་བསྐོར་ཏེ་ང་ལ་བལྟས་ནས་བསྡད་བྱུང་བར། ཡེ་ཞང་གིས་གང་མྱུར་ངང་ཁོའི་ལག་ནང་འོ་མ་ཀ་ར་ཞིག་བཞག་གོ།
“ཁྱོད་ཀྱི་ཤ་ཉེ་ཡི་བྱིས་པ་ཡིན་ནམ།”
“མིན།”མོས་དུས་ཡུན་རིང་བོ་ཞིག་གི་རིང་ང་ལ་ཅེེར་ནས་བསྡད་རྗེས“ངའི་བུ་ཡིན”ཞེས་ཟེར།
ངས་དེའི་མུར་ཅི་ཞིག་བཤད་རྒྱུའང་ཤེས་མ་སོང་། རང་གིས་རྟོགས་གསལ་ལྟར་ན་མོ་ད་དུང་བཟའ་སྒྲིག་བྱས་མེད། ངས་བསམ་བློ་གཏོང་ཞོར“བྱིས་པ་ཡི…… ཨ་ཕ་ནི”ཞེས་དྲིས།
མོའི་སྐྱ་ཐལ་ལེ་བའི་མིག་ཟུང་ནི་ཇེ་ནག་ཏུ་གྱུར།“ཁོ་ལ་ཨ་ཕ་མེད།”མོས་སོ་ཡིས་མཆུ་འདབ་མཐུག་པོ་དེ་བསྡམས་ཙམ་བྱས་རྗེས་ཡང་བསྐྱར“ཁོ་ལ་ཨ་ཕ་མེད”ཅེས་བཟླས་སོང་།
མོས་ཚིག་དེ་འདྲ་ཞིག་ལབ་འཕྲལ་མགོ་བོ་ཕར་འཁོར་ནས་བྱིས་པའི་ཁ་ཆུ་ཕྱིས། ངས་ཡུད་ཙམ་རིང་འདང་བརྒྱབ་རྗེས་ལྡབ་ལྡིབ་ཀྱི་ངག་གིས“ཁྱོད་ངོ་ཤེས་ནས་དུས་ཡུན་འདི་འདྲ་རིང་བོ་ཞིག་འགོར་སོང་།རྒྱུན་དུ་ཡེ་ཞང་ཡེ་ཞང་ཞེས་འབོད་པ་ལས། དོན་ངོ་མར་ཁྱོད་ཀྱི་མིང་ལ་ཅི་ཟེར་བའང་གསལ་བོར་མི་ཤེས་པར་འདུག”ཅེས་བརྗོད།
མོ་ཧེ་ཧེ་ཞེས་དགོད་ཞོར་དུ“ངའི་རུས་ནི་ལུའུ་ཡིན། ངའི་མིང་ལ་ལུའུ་ཡེ་ཞང་ཟེར། ཁྱོད་ཀྱིས་ང་ལ་ཡེ་ཞང་ཞེས་བོས་པས་ཆོག” མོ་ཁ་སྐྱེངས་ཞོར་དུ“ང་ད་དུང་བཟའ་སྒྲིག་བྱས་མེད་པས། སྲས་མོ་ཡེ་ཞང་ཞེས་བོས་ཀྱང་ཆོག”ཟེར།
བྱིས་པ་རང་ངོས་ནས་ཟོག་གི་རྩིབ་རུས་བསྲེགས་མ་ཟ་ཐུབ་འདུག ཁྲོས་གྲི་དང་ལྕགས་ཚེབ་ཆུང་ངུ་བཀོལ་ཏེ་གོ་རིམ་ཡོད་པའི་སྒོ་ནས་ཤ་དྲས་འགྲོ་སྟེ། ལག་རྩལ་ཁྱད་དུ་འཕགས་པའི་མ་བྱན་ཞིག་དང་མཚུངས། “ངས་རྒྱུན་དུ་ཁོ་ཁྲིད་ནས་ཡོང་བ་ཡིན།” ཡེ་ཞང་གིས་བྱིས་པར་བལྟས་ཙམ་བྱས་འཕྲལ“ཁོའི་ཆེད་དུ་ངས་སྡུག་མ་མྱངས་པ་ཞིག་མེད……”
དེ་ནི་བརྗེད་དུ་མེད་པའི་ནུབ་འཚལ་ཟ་ཐེངས་ཤིག་ཡིན། ཡེ་ཞང་དང་མོའི་བུ་གཉིས་ཀས་ཕལ་ཆེར་ཚོས་ལ་ཉེ་བའི་ཟོག་གི་རྩིབ་རུས་སྡེར་མ་བཞི་དང་།སིལ་ཏོག་གི་པི་ས་རིགས་གཉིས། འཁྱགས་ཞོ་དྲུག་བཅས་བླངས་བྱུང་། མོས་ད་དུང་ཆང་དམར་དམ་བེ་གང་ལེན་རྩིས་བྱས་པ་ངས་བཀག་ཟིན་པས། མོས་ཀྱང་ངའི་འདོད་པར་བསྟུན་སོང་། བུ་དེ་ཡི་ཡི་ག་ཧ་ཅང་བཟང་སྟེ། མོས་བར་མེད་དུ་ཁོའི་སྲབ་ཅིང་སེར་པོར་སྣང་བའི་སྐྲ་ལོར་བྱིལ་བྱིལ་བཏང་འགྲོ། ཚུལ་དེ་ནི་ཐང་ཆད་དྲགས་པའི་གླང་ཆེན་མོ་ཡིས་ཉམ་ཆུང་ཞིང་ནམ་ཡང་ལངས་མི་ཐུབ་པའི་གླང་ཕྲུག་ཅིག་ལ་གཅེས་སྐྱོང་བྱེད་པ་དང་ཡང་དག་མཚུངས། ཁོའི་མིག་ནི་མོའི་མིག་ལྟར་ཆེ་ཞིང་། ཅུང་མི་འདྲ་ས་ནི་མིག་གི་རྒྱལ་མོ་ཧ་ཅང་གསལ་བ་དེ་རེད།
རེབ་དེ་ནི་ངས་ཆེས་མཐའ་མར་ཡེ་ཞང་མཐོང་བ་རང་ཡིན། ཉིང་མེང་ཞོགས་པའི་དུས་སུ་སྨན་ཁང་ནང་ང་ལེན་དུ་ཡོང་དུས། ཡེ་ཞང་ད་རུང་ལས་ཀར་སླེབས་མེད། ད་ནི་སྟོན་གྱི་དུས་ཚིགས་ཤར་བར། ངས་བློ་གཅིག་སེམས་གཅིག་གིས་ཁྱིམ་དུ་ཉལ་གོས་དང་གྱོན་ཆས་སོགས་བཀྲུས་ཏེ་ཉི་ཁྱམས་ནང་བསྐམས་པ་ན། ཉི་འོད་ཀྱང་ཁྱིམ་ནང་འཕྲོ་ས་མི་འགྲོ་བར་བཏང་ནས་ཡོད། ངས་དེ་སྔོན་ཧྭ་ཧྥེ་ཡི་ཁ་པར་བླངས་མྱོང་།མོ་ལས་ཀར་འགྲོ་བཞིན་འདུག་ཟེར་ལ། གལ་ཏེ་སྙིང་དུ་སྡུག་པའི་བྱིས་པ་དེ་ཚོ་མ་རིག་ཚེ། རང་ལ་སྐྱོ་སྣང་རང་བཞིན་གྱི་ནད་འབྱུང་ངེས་པ་ནི་གདོན་མི་ཟ་ཟེར། དགུ་ཟུག་པར་ཉེ་དུས་ཤིག་ལ། ངས་ད་རུང་ཨན་ཁྲང་ཧོ་ཡི་ཁ་པར་ལའང་ཉན་པ་ཡིན། ཁོས་དིག་པའི་ངག་གིས་ཨན་ཅེ་ཚེ་འཕོས་ཚུལ་སྨྲས་འོངས། ཚེ་ལས་འདའ་ཁར་མོས་ད་དུང་ང་ཚོ་ནད་གྲོགས་རེ་རེར་ལེགས་སྐྱེས་རེ་གྲ་སྒྲིག་བྱས་ཡོད་པར་བརྟེན། རྗེས་སུ་ཁོམ་སྐབས་ཤིག་ལ་རླངས་འཁོར་བསྐོར་ནས་ཆེད་དུ་བསྐྱལ་ཡོང་ངེས་ཞེས་བཤད་བྱུང་། ངས་ཁ་པར་ལག་ཏུ་བཟུང་ནས་ཡིག་ཚིག་འབྲུ་གཅིག་ཀྱང་ལབ་མ་ནུས། མིག་ཆུ་ནི་ཆད་པ་མེད་པར་བཞུར་འོངས་ཏེ། ང་ལ་མཚོན་ན་ལོ་མང་བོ་ཞིག་ལ་མིག་ཆུ་བཞུར་མྱོང་མེད།
ང་དང་ཉིང་མེང་བར་གྱི་འབྲེལ་བ་ནི་སྔར་བཞིན་ཡིན། ཉིན་གང་བོར་སྐད་ཆ་མང་བོ་བཤད་རྒྱུ་མི་འདུག ཁོས་ལས་ཀ་སྐོར་ཞིག་ལས་མགོ་བརྩམས་སོང་། ཆེད་དུ་མི་གཞན་ལ་ཕྲེང་བ་བརྐོ་བའམ། ཡང་ན་ཙན་དན་གྱི་ལག་ཕྲེང་འཕྲུལ་རྟ་སྤྲོ་སྐྱིད་ཁང་གི་སྤུན་གྲོགས་ཚོར་བཙོང་བ་བཅས་བྱེད། དེར་ཡོང་འབབ་ཆེར་མེད་ནའང་། སོས་དལ་དུ་སྡོད་པ་ལས་བཟང་བ་ཡིན། མཚན་མོ་ཞིག་ལ་ཁོའི་ལག་གཡོན་པ་མཉམ་མ་བཞག་པར་རྐོ་གྲི་ཡིས་གཤགས་པ་ལ། ཁྲག་གིས་ལག་པའི་རྒྱབ་ངོས་ཡོངས་སུ་བརྫིས་བྱུང་། ང་ནི་འཚབ་པར་གྱུར་པས་ཡུན་ནན་སྨན་དཀར་དང་སེང་རས་སོགས་བསྔོགས་ནས་བཙལ་འཕྲལ། ཁོ་ལ་རོགས་བྱས་ཏེ་རྨ་ཁ་དཀྲིས། དེ་ལྟར་ཆེས་མཐའ་མའི་རྨ་ཁ་དེ་སྡོམ་པའི་ཚེ། ཁོས་ལག་གཡས་པས་གློ་བུར་ངའི་རྐེད་པ་ནས་བསྡམས་འོངས་པར་མ་ཟད། དབུགས་རྩུབ་པོ་ལེན་ཞོར་ང་ནི་བཙན་ཤུགས་ཀྱིས་འབོལ་ཁྲིའི་སྟེང་གནོན་པར་བྱེད། ཁོའི་ཤེད་ཤུགས་ནི་སྔར་དང་འདྲ་བར་ཤིན་ཏུ་ཆེ་བས། ང་ནི་མགོ་ཡོམ་འཁོར་བར་བྱས་སོང……ཁོའི་མཆུ་འདབ་ཀྱིས་ཐེ་ཚོམ་ངང་ངའི་སྙོམས་པོར་བདོག་པའི་བྲང་གཞུང་དུ་འོ་བྱེད་དུས། ངས་ནི་དལ་མེད་བྲེལ་མེད་ཀྱི་སྒོ་ནས་ཁོའི་སྐྲ་ལོ་ཐུང་ངུ་དེ་དག་ཕུར་ཕུར་བྱས། གློག་ཞུ་བཀར་འདུག་པར། ངས་ཅི་བྱེད་མེད་པར་ཁང་བའི་གནམ་གཅལ་དུ་ཅེར་བ་ན། དེ་གར་གས་སྲུབས་ཤིག་ཡོད་པ་རེད། ངས་ཡང་བསྐྱར་ཡོད་ཚད་བསྒྲུབས་ནུས་པའི་མི་དེ་མཐོང་ཡོང་།ཁོང་ནི་བྱིས་པ་ཞིག་གི་རྣམ་པར་ཡོད་དེ། མ་ལེ་ཡ་ཡི་པང་དུ་ཀུམ་ཀུམ་བྱས་ནས་འདུག་པ་ལ། བཞིན་ཧྲིལ་པོར་སེམས་ཁྲལ་དང་མི་བདེ་བའི་ཉམས་དེ་མངོན་ཡོད་པ་རེད།
ཉིང་མེང་གཉིད་རྗེས་སུ། ང་སོང་ནས་སྟབས་བདེའི་ཁྲུས་ཤིག་བརྒྱབ་འཕྲལ། འབོལ་ཁྲིའི་སྟེང་ཙོག་སྟེ་བརྙན་འཕྲིན་ལ་བལྟས། ང་ལ་ཆ་བཞག་ན་བརྙན་འཕྲིན་ལ་ལྟ་བའི་གྲངས་ཀ་ཧ་ཅང་ཉུང་། ཡིན་ནའང་ཉིན་དེར་འདི་ག་གྲོང་ཁྱེར་གྱི་བརྙན་འཕྲིན་ལས་བརྡ་ཁྱབ་སྤེལ་པའི་ལེ་ཚན་སྟེང་བཞག་རྗེས་གང་ལའང་མ་བརྗེས། དེ་ནི་བར་མ་ཆད་པར་བསྐྱར་ཟློས་ཀྱིས་གཏོང་བའི་གྲུམ་བུའི་ནད་ཀྱི་བརྡ་ཁྱབ་ཅིག་སྟེ། མཛེས་ཤིང་ལྟ་ན་སྡུག་པའི་བུད་མེད་རྒྱགས་པོ་ཞིག་གིས་བརྙན་འཕྲིན་འཕྲུལ་ཆས་ཀྱི་པར་མིག་ལ་གཏད་ནས་གླེན་ཚུགས་དོད་པོས་འདི་ལྟར་བཤད་བྱུང་།
ང་ལ་གྲུམ་བུའི་ནད་བྱུང་ནས་ལོ་གསུམ་འགོར་ཟིན། རྐང་བ་གཉིས་ཀ་ན་ཞིང་མཁྲེགས་པོར་གྱུར་ལ། ཆུ་གསོག་པར་བརྟེན། མར་སྒུར་མི་ཐུབ་ལ་ཡར་ལང་རྒྱུའང་ཧ་ཅང་དཀའ། ཐོག་ཁང་དུ་འགྲོ་བར་ལུས་པོ་གསེག་ནས་བསྐྱོད་དགོས་པས། ཟླ་བ་རེ་རེར་གནམ་ཁབ་རྒྱག་པ་དང་སྨན་འཐུང་བ་སོགས་བྱས་ཏེ་ནད་འགོག་ཅི་ཐུབ་བྱས། ནད་གཞི་ཇེ་སྡུག་ཏུ་སོང་བར། སྨན་པས་བདག་གི་རུས་ཚིགས་བརྗེ་བར་བསྐུལ་བྱུང་།དེ་འདྲའི་ཡིད་ནག་ཆད་པའི་སྐབས་སུ། སྟེས་དབང་གི་གོ་སྐབས་ཤིག་ལས། ཁྱོ་གར་མཚོན་ན་ཐའེ་ཝན་གྱི་མཛའ་འབྲེལ་ཚོགས་འདུའི་སྟེང། འཐབ་གྲོགས་བརྒྱུད་ནས་གྲོག་མའི་རྒྱལ་པོའི་གྲུམ་བུ་གསོ་བཅོས་སྤྱིན་ཐུམ་ཤེས་སོང……
མཐུད་ནས་བཤད་ཡོང་བ་ནི་སྨན་དེ་འཐུངས་པས་ཇི་ལྟར་རྩ་བ་ནས་དྲག་སྐྱེད་བྱུང་ཚུལ་བཅས་ཡིན། སྨན་བཅོས་ཕན་འབྲས་མངོན་མཚོན་བྱ་སླད། བུད་མེད་དེས་ད་དུང་བྱང་ཤར་ས་ཆའི་ཞབས་བྲོ་ཆེན་པོ་དབྱང་ཀོ་འཁྲབ་མགོ་བརྩམས། མོའི་རྐང་ལག་བཞི་པོ་ནི་དེ་འདྲའི་ཆེ་ཞིང་ལྗིད་པ་ལ། བྲོ་རྩེ་བའི་ཚེ་ན་སྐྱ་ཐལ་ལེར་མངོན་པའི་གླང་ཆེན་ཞིག་གིས་རོལ་དབྱངས་ཀྱི་སྒྲ་དང་འགྲོགས་ནས་དགོད་བྲོ་བའི་ཟློས་གར་འཁྲབ་པ་དང་གཉིས་སུ་མེད། འཁྲབ་ཞོར་འཁྲབ་ཞོར་མོས་བསྲན་མ་ཚུགས་པར་ཁ་ཆེན་པོ་དེ་གདངས་ནས་དགོད་ཙམ་བྱས་ཡོང་།
དྲང་མོར་བཤད་ན། དེ་ནི་ངའི་རྒྱུན་རིང་ཞིང་བབ་ཐོབ་ཞན་ལ། སིལ་དོན་མང་བོས་གྲུབ་པའི་མི་ཚེ་འདིའི་ནང་མཐོང་བའི་ཆེས་ཡིད་སེམས་སྐྱོམ་པའི་དགོད་འཛུམ་དེ་ཡིན་ནོ།།
(ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་པ་ཁོན་ཐར་རྒྱལ་ཡིན)