ཅི་ཞིག་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཟེར།
ཁོར་ཡུག་སྲུང་སྐྱོབ་ཟེར་བ་ལ་དེང་སྐབས་རྒྱལ་སྤྱིའི་ཐོག་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གི་རིགས་གཉིས་སུ་འདུས་ཡོད་དེ། རང་བྱུང་ཁོར་ཡུག་ནི་ས་རྡོ་རི་བྲག་དང་། མཁའ་དབུགས། ཆུ་དང་སྲོག་ཆགས། རྩི་ཤིང་། གཏེར་རྫས། ཉི་འོད་འདུས་འཕྲོ། སྐྱེ་དངོས་སོགས་ཀྱིས་གྲུབ་པ་ཡིན། སྤྱི་ཚོགས་ཁོར་ཡུག་ནི་འགྲོ་བ་མིའི་རིགས་ཀྱི་རང་གི་ལོ་རྒྱུས་ཐོག་ནས་བརྒྱུད་ཡོང་བའི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཡར་རྒྱས་སུ་བཏང་བ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་ཞིག་གི་ཁྲོད་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་གསར་གཏོད་དང་འཛུགས་སྐྲུན་བྱས་པའི་མིའི་རིགས་ཀྱི་འཚོ་གནས་ཀྱི་བྱེད་སྒོ་དང་མིས་བཟོས་པའི་ཁོར་ཡུག་ཅིག་གི་མིང་ལ་ཟེར་བ་རེད།
རང་བྱུང་ཁོར་ཡུག་ཟེར་བ་འདི་ལ་ད་ལྟའི་གོ་བ་ལེན་སྟངས་ལྟར་བརྗོད་ན། མི་གཙོ་བོ་དང་མིའི་རིགས་སྙིང་པོ་བྱས་ཏེ་སའི་གོ་ལའི་སྟེང་གི་སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་དང་བྱེད་སྒོ་སྤེལ་སའི་གནས་ཤིག་ལ་གོ་བ་ལེན་དགོས་པར་འདོད་ལ། ཁོར་ཡུག་སྲུང་སྐྱོབ་ཟེར་བ་འདི་འདྲའི་གུ་དོག་པོ་ཞིག་ཡིན་ན་ཧ་ཅང་ཁྱབ་རྒྱ་ཆུང་དྲག་པར་འདོད། ང་རང་ཉིད་ཀྱི་བསམ་བློ་བཏང་ན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་འདི་གཙོ་བོ་ཕྱིའི་ཁོར་ཡུག་སྲུང་སྐྱོབ་དང་ནང་གི་ཁོར་ཡུག་སྲུང་སྐྱོབ་རིགས་གཉིས་སུ་བསྡུས་ན་ཁྱབ་ཁོངས་ཧ་ཅང་ཆེ་བར་འདོད།
ཕྱིའི་ཁོར་ཡུག་ཡིན་ན་ང་ཚོའི་རི་ར་བ་ཁང་ཁྱིམ་ལོས་ཡིན། དེ་མིན་སྟོང་གསུམ་གྱི་འཇིག་རྟེན་ཁམས་ཆེན་མོའི་གཟའ་དང་རྒྱུ་སྐར། ཉི་མ་དང་ཟླ་བ་ལ་སོགས་པའང་འདིའི་ནང་དུ་འདུས་བཞིན་ཡོད་སྙམ་ལ། ནང་གི་ཁོར་ཡུག་སྲུང་སྐྱོབ་དེ་ཅི་ཞིག་ཡིན་ཟེར་ན། གཙོ་བོ་མིའི་སེམས་བཅའ་རྒྱུ་དེ་ཡིན་པ་དང་། མིའི་སེམས་དེ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་གྱི་དབང་དུ་འགྲོ་བར་མི་འཇུག་པར་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་དང་སྟོང་དཀྲུགས་འོ་མའི་མར་ལོ་ལྟ་བུའི་རིན་ཐང་ཞིག་དངོས་བརྒྱུད་གང་རུང་ན་ཡོད་པར་འདོད། དེ་འདྲ་ཡིན་པས་ང་ཚོས་དཔེ་ཞིག་བཞག་ན་ཡང་སྐར་རྩིས་རིག་པའི་ནང་དུ་སའི་གོ་ལ་འདི་སྙིང་པོ་བྱས་ནས་དེའི་མཐའ་འཁོར་གྱི་ཁྱིམ་བཅུ་གཉིས་དང་གཟའ་བཅུ། རྒྱུ་སྐར་ཉེར་བརྒྱད་སོགས་ཀྱིས་ཁོར་ཡུག་སྙོམ་སྒྲིག་དང་སྲུང་སྐྱོབ་མ་བྱས་ན་འཇིག་རྟེན་འདིར་ཕན་པ་དང་བདེ་བ་ཆ་ཚང་ཞིག་འབྱུང་མི་ཐུབ་པ་དང་། ཕྱི་ཡི་འགལ་འདུ་ལ་སྙོམས་སྒྲིག་བྱེད་མ་ཐུབ་པའི་དབང་གིས་ང་ཚོའི་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ལ་བདེ་བ་འབྱུང་མི་ཐུབ་པས་མི་ཞིག་ལ་མཚོན་ན་སེམས་ལ་བདེ་བ་འབྱུང་རྒྱུ་ནི་གལ་ཆེན་པོ་ཞིག་རེད་འདོད། ནང་དོན་རིག་པའི་ངོས་ནས་བཤད་ན། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཀྱི་ཐོག་ནས་དུས་ཡུན་ཧ་ཅང་རིང་པོ་དང་ནང་སྒོས་སུ་ལས་ཀྱི་ས་བོན་གྱི་རྒྱུ་དེ་བཏབ་པ་ན། འབྲས་བུ་དེ་དུས་སུ་སྨིན་པ་དང་། གཞན་ཡང་སྐྱེ་བ་གཞན་དུ་མྱོང་རྒྱུ་ལ་སོགས་པའི་སྒོ་ནས་དུས་ཚོད་རིང་པོ་དང་། བར་སྟོང་རིང་པོ་དེ་འདྲ་གཞི་རྒྱ་ཆེ་བ་ཞིག་ཡིན་ལ། མི་མང་སྤྱི་མཐུན་གྱི་སྔར་བྱས་ལས་ཀྱི་ས་བོན་ལས་འབྲས་བུ་དུས་སུས་སུ་སྨིན་པས་ཕྱི་ཡི་འཇིག་རྟེན་ལ་མིག་མཐོང་ལག་ཟིན་གྱི་ས་འགུལ་རྒྱུགས་པ་དང་། ཆུ་ལོག་བྱུང་བ། རླུང་འཚུབ་གཡུག་པ། མེ་རི་འཕྱུར་བ། ཐ་ན་ཆར་བ་རྡོ་འདྲ་བ་འབབ་པ་སོགས་ཀྱི་སྣང་ཚུལ་མང་པོ་འབྱུང་བཞིན་ཡོད།
མདོར་ན། ང་ཚོ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཟེར་བ་འདི་དེང་སྐབས་འཛམ་གླིང་ཐོག་བཤད་པའི་ལྟ་བ་དང་བསྡུར་ནས་སོང་ན་ཧ་ཅང་མིག་རྒྱང་རིང་བ་དང་། རྒྱ་ཆེ་བ། ལྟ་བ་གཏིང་ཟབ་མོ་ཞིག་ཡིན་པའི་རྐྱེན་གྱིས་ང་ཚོའི་ཁོར་ཡུག་སྲུང་སྐྱོབ་ཟེར་བ་འདིར་ཕྱི་ཡི་ཁོར་ཡུག་སྲུང་སྐྱོབ་དང་ནང་གི་ཁོར་ཡུག་སྲུང་སྐྱོབ་ཟེར་བ་གཉིས་ཡོད་པ་ལས་ཀྱང་གཙོ་བོ་ནང་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདི་ལེགས་པོར་འཛིན་པ་དང་བཅོས་བསྒྱུར་བྱ་རྒྱུ་དེ་གཙོ་བོ་རེད། མི་རང་རང་གི་ནང་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདི་གལ་ཆེན་ནང་གི་དོན་ཆེན་ཡང་རེད་བསམ་བཞིན་ཡོད།
ད་བར་འཛམ་གླིང་གིས་ཁོར་ཡུག་སྲུང་སྐྱོབ་འདི་རིག་པ་ཞིག་གི་སྟེང་ནས་བཤད་པ་ཡིན་ན། སྐྱེ་ཁམས་རིག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་གཞུང་ཚན་ཁག་གཅིག་ཏུ་བསྡུས་ཏེ་མིང་བཏགས་ཡོད་པ་རེད། འོ་ན་སྐྱེ་ཁམས་རིག་པ་ཟེར་བ་འདི་ཅི་འདྲ་ཞིག་ལ་གོ་བ་རེད་ཟེར་ན། དེང་རབས་སྐྱེ་དངོས་སྨྲ་བ་རྣམས་ཀྱིས་གསུངས་པ་ལྟར་ན། སྐྱེ་དངོས་དང་དེ་ཉིད་འཚོ་གནས་ཀྱི་ཁོར་ཡུག་བར་གྱི་ཕན་ཚུན་འབྲེལ་བ་ཅན་གྱི་ཚན་རིག་ཅིག་ཡིན། དེ་ཡང་སྐྱེ་དངོས་ཀྱི་ཁོངས་སུ་སྲོག་ཆགས་དང་རྩི་ཤིང་། ཕྲ་བའི་སྐྱེ་དངོས་འདུས་ཡོད་ལ། སྐྱེ་དངོས་རིག་པ་བས་སྡོམ་རྩིས་བྱས་པ་ལྟར་ན། སྐྱེ་དངོས་དེབ་ཐེར་དག་ཏུ་བཀོད་པའི་སྲོག་ཆགས་རིགས་ཕལ་ཆེར་ཁྲི་200ལྷག་དང་། ཤིང་རིགས་ཕལ་ཆེར་ཁྲི་30ལྷག ཕྲ་བའི་སྐྱེ་དངོས་རིགས་ཕལ་ཆེར་ཁྲི་10ལྷག་ཡོད་ཟེར། ཅི་ཞིག་ལ་ཁོར་ཡུག་སྲུང་སྐྱོབ་ཟེར་བ་དང་། དེང་སྐབས་འཛམ་གླིང་གི་དེར་གོ་བ་ཅི་འདྲ་ལེན་བཞིན་ཡོད་པ། ང་ཚོ་བོད་ཀྱི་དེར་གོ་བ་ཅི་འདྲ་ཞིག་བླངས་ན་འགྲིག་གི་ཟེར་ན། ཕྱིའི་ཁོར་ཡུག་སྲུང་སྐྱོབ་དང་ནང་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་གཉིས་ལས་གཙོ་བོ་ནང་སེམས་ཀྱི་ཁོར་ཡུག་སྲུང་སྐྱོབ་གལ་ཆེ་བ་རེད། ནང་གི་བསམ་བློའི་ཁོར་ཡུག་འདི་ཡག་པོ་ཞིག་འབྱུང་བཏུབ་ན། ཕྱིའི་ཁོར་ཡུག་འདི་ཞར་དང་ཞོར་ནས་ལེགས་པོ་ཞིག་འོང་ཐུབ་པ་རེད། །(མུ་འགོད།)