གནའ་བོའི་ཤེས་རིག་གི་ཕ་ས། བྷ་པིས་ལོན།

ཚེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-25


        

        འགྲོ་བ་མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལས་ཀུན་གྱིས་ཤེས་ཐུབ་པ་ཞིག་ནི་གཙང་པོ་ནི་མིའི་རིགས་ཀྱི་ཤེས་རིག་གི་སྐྱེད་ཡུམ་ཡིན་པ་དེ་རེད། ཡའོ་ཧྥ་ར་དྷི་གཙང་པོ་དང་ཏིས་གྷི་ལི་སི་གཙང་པོས་མེ་སོའོ་པུའུ་དྷ་སྨི་ཡ་ཞེས་འབོད་པའི་ཐང་ཆེན་དེ་བསྐྲུན་ཞིང་། སྒྲ་ཡངས་འཇུག་ལྟར་ན་གནའ་བོའི་མེ་སོའོ་པུའུ་དྷ་སྨི་ཡ་ནི་དེང་གི་ཨི་རག་དང་སི་རི་ཡའི་མངའ་ཁོངས་ལ་གོ་ལ། སྒྲ་དོག་འཇུག་ལྟར་ན་དེང་གི་ཨི་རག་གི་མངའ་ཁོངས་གཅིག་པུར་ངོས་འཛིན་བྱེད། དེ་གཙོ་བོ་བྷ་པིས་ལོན་ཉི་ཡ་དང་ཡ་ཧྲའོ་གཉིས་ཀྱིས་གྲུབ་ཅིང་། ཞིབ་པར་དབྱེ་ན་བྷ་པིས་ཉི་ཡའང་ཨ་ཁཱ་དྷི་ས་ཁུལ་དང་སོའོ་མེ་ཨེར་ས་ཁུལ་གཉིས་ཀྱིས་གྲུབ། འདིར་གསལ་པོར་ངོས་དགོས་པ་ཞིག་ནི་ཀློག་པ་པོ་དག་ལ་རྒྱུས་མངའ་ཡོད་པའི་གཙང་པོ་གཉིས་ཀྱི་ཤེས་རིག་ནི་དོན་དམ་དུ་མེ་སོའོ་པུའུ་དྷ་མེ་ཡའི་ཤེས་རིག་ལ་གོ་ཞིང་། བྷ་པིས་ལོན་དུས་སྐབས་ནི་ཤེས་རིག་འཕེལ་རྒྱས་ཀྱི་རྩེར་སོན་དུས་སྐབས་ཡིན་པས་རྗེས་སུ་བྷ་པིས་ལོན་ཤེས་རིག་ཅེས་རྒྱུན་འབྱམས་ཀྱི་མིང་བརྡར་གྲུབ། སོའོ་སྨི་ཨེར་ཤེས་རིག་ནི་མེ་སོའོ་པུའུ་དྷ་མེ་ཡ་ས་ཁུལ་དུ་ཆེས་ཐོག་མར་མྱུ་གུ་འབུས་པའི་ཤེས་རིག་ཡིན་ཞིང་། བྷ་པིས་ལོན་ཤེས་རིག་ནི་ཚད་རིམ་ངོས་ཅན་ཞིག་ཏུ་སོའོ་སྨི་ཨེར་ཤེས་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་བྱུང་། དེང་གི་ཆར་ཀུན་གྱིས་གླེང་བཞིན་པའི་བྷ་པིས་ལོན་ཤེས་རིག་ནི་སྒྲ་ཡངས་འཇུག་གི་གོ་བ་ལེན་སྟངས་ཏེ། མེ་སོའོ་པུའུ་དྷ་མི་ཡ་ས་ཁུལ་གྱི་རྒྱལ་ཕྲན་དང་མི་རིགས་ཡོངས་ཀྱིས་བསྐྲུན་པའི་ཤེས་རིག་སྤྱི་ལ་གོ་དགོས། མེ་སུའོ་པུའུ་ངྷ་སྨི་ཡ་ནི《དམ་པའི་གསུང་རབ》ནང་དུ“མཐོ་རིས་ཀྱི་གནས་མཆོག”ཏུ་གོ་འདུག་ལ། ཚིག་ཁུངས་རིག་པའི་ངོས་ནས་གཙང་པོ་གཉིས་ཀྱི་བར་གནས་ཀྱི་གནས་མཆོག་ཅེས་པའི་དོན་ཡིན་འདུག འདིར་གཙང་པོ་གཉིས་ཞེས་པ་ནི་ཡའོ་ཧྥ་ར་དྷི་གཙང་པོ་དང་ཏིས་གྷི་ལི་སི་གཙང་པོ་ཡིན་ལ། གཙང་པོ་འདི་གཉིས་ཀྱི་འགྲམ་རྒྱུད་ཀྱི་ཤེས་རིག་སྤྱིའི་མིང་ལ་བྷ་པིས་ལོན་ཤེས་རིག་ཅེས་བྱ། གཙང་པོ་འདི་གཉིས་ཀྱི་འགྲམ་རྒྱུད་ཀྱི་མི་རྣམས་ནི་བློ་གྲོས་ལྡན་ཞིང་བརྩོན་སེམས་ཆེ་བ། མཐུན་སྒྲིལ་གྱི་འདུ་ཤེས་དང་གསར་གཏོད་ཀྱི་སྙིང་སྟོབས་སོགས་ཀྱི་ལྷན་སྐྱེས་ཡོན་ཏན་མངོན་པར་གསལ་བས་ན། མཚར་འཛིན་གྱིས་ཕྱུག་པའི་ས་ཆེན་དེའི་སྟེང་དུ་ཁོ་ཚོས་འཛམ་གླིང་གི་ཆེས་ཐོག་མའི་གྲོང་ཁྱེར་ཏེ་ཝོ་ཨེར་རྒྱན་ཕྲན་གྱི་གནའ་མཁར་དང་། ཆེས་ཐོག་མའི་ཡིག་བཀོད་ཁྲིམས་གཞུང་སྟེ《ཧྲན་མའོ་ར་བྷི་ཞལ་ལྕེ།》 ཆེས་ཐོག་མའི་ཡི་གེ་སྟེ་ཁྱིའུ་དབྱིབས་ཡི་གེ ཆེས་ཐོག་མའི་དཔེ་མཛོད་ཁང་སྟེ་ཡ་ཧྲོའོ་བྷ་ཉའོ་དཔེ་མཛོད་ཁང་། ཆེས་ཐོག་མའི་ལོ་རྒྱུས་སྙན་རྩོམ་སྟེ《ཅེ་ཨེར་ཅ་མེ་ཧྲི།》སོགས་མིའི་རིགས་ཀྱི་ཤེས་རིག་གི་མཁའ་དབྱིངས་ན་འོད་དུ་འཚེར་བའི་ཤེས་རིག་གི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ཞིག་རྗེས་རབས་པའི་རྟེན་སྐལ་དུ་བསྩལ་བ་ལགས་ན་ང་ཚོས་ཁོང་ཅག་གི་ཤེས་རབ་ཀྱི་སྙིང་སྟོབས་ལ་དད་གུས་དང་ཡི་རངས་བྱེད་པར་འོས་སོ། །

        འཛམ་གླིང་ལོ་རྒྱུས་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་3500ཡས་མས་སུ་འཛམ་གླིང་གི་ཤར་ཕྱོགས་སུ་འགྲོ་བ་མིའི་རིགས་ཀྱི་ཆེས་ཐོག་མའི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་བྱུང་བར་བཞེད་ལ། ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་2250ཡས་མས་སུ་སོའོ་སྨི་ཨེར་མིས་སྔོན་ཐོན་གྱི་ཤེས་རིག་གསར་དུ་གཏོད་ཅིང་། ཁྱིའུ་དབྱིབས་ཡི་གེ་དར་བས་གཙང་པོ་གཉིས་ཀྱི་འབབ་ཡུལ་དེ་ཡི་གེས་ལོ་རྒྱུས་མཚོན་པའི་དུས་སྐབས་སུ་སླེབས། སྤྱི་ལོ་སྔོན་གྱི་2006ལོར་ཨཱ་མའོ་ལི་མི་དམངས་ཀྱིས་ཝོར་དྷི་རྒྱལ་རབས་ཕམ་པར་བྱས་ནས་གནའ་བོའི་བྷ་པིས་ལོན་རྒྱལ་རབས་བཙུགས་པ་རེད།
        གནའ་བོའི་བྷ་པིས་ལོན་དུས་སྐབས་ཀྱི་ཚན་རིག་ནི་རྩིས་རིག་དང་གནམ་རིག་སྐར་རྩིས་ཀྱི་འཕེལ་རྒྱས་ཀྱིས་མཚོན་ཞིང་། ཁོ་ཚོས་ལོ་གཅིག་ལ་ཟླ་བཅུ་གཉིས་དང་ཉིན་མཚན་གཅིག་ལ་དུས་ཚོད་བཅུ་གཉིས། ལོ་གཅིག་ལ་ཉིན་མ་365ལྟར་རྩིས་ཤིང་། གཞན་སའི་གོ་ལའི་སྤྱི་འཁོར་གྱི་ཁྱད་གྲངས་ལྟར་ཟླ་ལྷག་བརྩི་བའི་སྲོལ་དར་ཡོད་པར་བཞེད། གནའ་བོའི་བྷ་པིས་ལོན་མིས་དུས་ཡུན་རིང་བོར་རྟོག་ཞིབ་དང་ཉམས་མྱོང་བརྒྱུད་ལོ་གཅིག་གི་དུས་ཚད་ནི་ཉི་མ་365དང་ཆུ་ཚོད་6དང་སྐར་མ་21དང་སྐར་ཆ་32ཡོད་པའི་བསྡོམས་ཚིག་བཀོད་ཅིང་། དེང་རབས་གནམ་དཔྱད་རིག་པའི་བརྩི་ཐབས་ལས་སྐར་མ་23དང་སྐར་ཆ་33ལས་མང་བ་རེད།
        གནའ་བོའི་བྷ་པིས་ལོན་དུ་ལྷ་སྒྲུང་གཏམ་རྒྱུད་མང་པོ་ཞིག་དར་ཡོད་པ་དང་ལྷ་སྒྲུང་དེ་དག་རིམ་བཞིན་གཞི་གཅིག་ཏུ་འདུས་ནས་ཆོས་ལུགས་གྲུབ་པར་བཞེད། ཆོས་ལུགས་ནི་བྷ་པིས་ལོན་མིའི་འཚོ་བའི་ནང་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། རིག་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྒྱུ་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་ཀྱང་ལགས་པས་ན། ཆོས་ལུགས་ནི་གནའ་བོའི་བྷ་པིས་ལོན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྒྱུ་རྩལ། དམག་དོན་སོགས་དང་གཞི་གཅིག་དུ་འདྲེས་པའི་རིག་གནས་ཀྱི་སྣང་ཚུལ་ཡིན་པ་རེད།
བརྩེ་དུང་གི་དན་རྟགས་ཏེ་བར་སྣང་གི་མེ་ཏོག་ལྡུམ་ར།
        བྷ་པིས་ལོན་རྒྱལ་རབས་གསར་པའི་མཚོན་རྟགས་སུ་གྱུར་བའི་བར་སྣང་གི་མེ་ཏོག་ལྡུམ་ར་ནི་ངོ་མཚར་འབུམ་གྱིས་ཕྱུག་ཅིང་ཡིད་ཀྱི་དང་བ་འདྲེན་པའི་གཏམ་རྒྱུད་སྙན་མོ་ཞིག་གི་རྣམ་ཤེས་སྦྲུམ་པའི་མཚོན་རྟགས་ཤིག་ཡིན་ལ། བར་སྣང་གི་མེ་ཏོག་ལྡུམ་ར་ཞེས་པའི་མིང་འདི་ནི་གྷི་རི་སིའིparadeisosཞེས་པའི་མིང་ལས་འགྱུར་ཞིང་དེའི་དོན་ནི་སྐས་རིམ་ཡང་སྟེང་གི་མེ་ཏོག་ལྡུམ་ར་ཞེས་པར་འགྲེལ་འདུག
        ངག་རྒྱུན་ལྟར་ན། བྷ་པིས་ལོན་རྒྱལ་རབས་གསར་པའི་རྒྱལ་པོ་ཉི་བྷི་ལྗ་ནིས་སན་སྐུ་ཕྲེང་གཉིས་པས་སྲས་མོ་ཨེན་མེ་ཡེ་དྷིས་སི་ཁབ་ཏུ་བཞེས་ཤིང་། སྲས་མོ་ནི་གཟུགས་བྱད་མཛེས་ཤིང་ངང་རྒྱུད་འཇམ་པས་རྒྱལ་པོས་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས། དུས་ཡུན་རིང་བོ་ཞིག་འགོར་རྗེས་སྲས་མོ་བྷ་པིས་ལོན་གྱི་འཚོ་བའི་གོམས་གཤིས་དང་ཆར་ཆུ་དཀོན་པའི་ཁོར་ཡུག་ལ་མ་གོམས་པར་གཡུ་ལོ་ཐགས་སུ་བཀྲ་བའི་ཕ་ཡུལ་གྱི་ནགས་ཀླུང་དང་གོས་ལྗང་ཐང་ལ་བཏིངས་འདྲའི་ཕ་ཡུལ་གྱི་རི་ཀླུང་ཐང་གསུམ། བྱམས་དང་བརྩེ་བས་ཕྱུག་པའི་ཕ་ཡུལ་གྱི་ཡབ་ཡུམ་སོགས་དྲན་ནས་སྡུག་བསྔལ་གྱི་ཀློང་དུ་ཚུད། རྒྱལ་པོས་བཙུན་མོ་དྲན་གདུང་གིས་མནར་བའི་རྒྱུ་རྐྱེན་རྟོགས་རྗེས་མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཀོལ་ནས་བྷ་པིས་ལོན་དུ་མེ་ཏོག་ལྡུམ་ར་ཆེན་པོ་ཞིག་བསྐྲུན་ནས་སྲས་མོའི་ཕ་ཡུལ་དྲན་པའི་གདུང་བ་སེལ་བར་བྱས། མེ་ཏོག་ལྡུམ་ར་འདིའི་གཞི་ཁྱོན་དེ་འདྲའི་ཆེ་རྒྱུ་མེད་ནའང་། བཟོ་བསྐྲུན་གྱི་ལས་བཀོད་ཞིབ་ཚགས་ཡིན་ཞིང་མི་རིགས་ཀྱི་ཁྱད་ཆོས་བླ་ལྷག་ལྡན་པས་གནའ་བོའི་བཟོ་བཀོད་གཞན་དག་ལས་འབུར་ཐོན་གྱི་ཁྱད་ཆོས་ལྡན་ཞེས་ལོ་རྒྱུས་སྨྲ་བ་དང་གནའ་རྫས་རྟོག་ཞིབ་པས་གདེང་འཇོག་གནང་འདུག
ལོ་རྒྱུས་ཀྱི་དྲན་པ་སྟེ་ཁྱིའུ་དབྱིབས་ཡེ་གེ

        གནའ་བོའི་བྷ་པིས་ལོན་ཤེས་རིག་ནི་གཙང་བོ་གཉིས་འགྲམ་རྒྱུད་ཀྱི་ཤེས་རིག་གི་གསོན་དཔེ་གལ་ཆེན་ཞིག་ཡིན་ལ། གཙོ་བོ་སོའོ་མེ་ཨེར་མི་དང་བྷ་པིས་ལོན་མི། ཡ་ཧྲའོ་མི། ཀྱཱ་ལི་ཏིས་མི་བཅས་ཀྱིས་མཉམ་དུ་བསྐྲུན་པར་བཞེད། ཁྱིའུ་དབྱིབས་ཡི་གེ་ནི་སོའོ་མེ་ཨེར་མིས་གསར་དུ་གཏོད་པ་ཡིན་ལ། མིང་འདི་ཆེས་ཐོག་མར་དབྱིན་ཇི་བས་བཏོན་ཞིང་མིང་འདི་ལས་མེ་སོའོ་པུའུ་བྷ་སྨི་ཡའི་ཡི་གེའི་ངོ་བོ་མཚོན་ཡོད་པ་རེད། འཛམ་གླིང་གི་མི་རིགས་གཞན་པའི་ཡི་གེ་ནང་བཞིན་ཁྱིའུ་དབྱིབས་ཡེ་གེའང་འདྲ་གཟུགས་ནས་ཡིག་གཟུགས་སུ་འཕེལ་བའི་འཕེལ་རིམ་བརྒྱུད་ལ། མིའི་རིགས་ཀྱི་ཡི་གེའི་བྱུང་འཕེལ་གྱི་ངོས་ནས་ཁྱིའུ་དབྱིབས་ཡི་གེ་གསར་དུ་གཏོད་པར་དོན་སྙིང་གལ་ཆེན་ལྡན། སོའོ་མེ་ཨེར་མིས་མུའོ་མོའི་ཡི་གེ་སྤྱོད་འགོ་བརྩམས་ནས་སྤྱི་ལོ་སྔོན་གྱི་ལོ་2500ཡས་མས་སུ་ད་གཟོད་ཅུང་མཚན་ཉིད་ཚང་བའི་ཡི་གེར་གྲུབ་པ་དང་། རིམ་བཞིན་ཡ་ཧྲོའོ་མི་དང་བྷ་པིས་ལོན་མི། ཏ་ཟིག་སོགས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རིམ་བཞིན་སྒྲ་གཟུགས་ཟུང་འབྲེལ་གྱི་ཡིག་རིགས་ཤིག་ཏུ་གྱུར། སོའོ་མེ་ཨེར་མིས་ཡི་གེ་ཟོར་ཡང་བའི་ཆེད་དུ་བརྗོད་བྱ་རྣམས་རྡོ་ལེབ་དང་འདེམ་པང་གི་སྟེང་དུ་རྐོ་བའི་སྲོལ་དར་ཞིང་། རྗེས་རབས་པས་དེ་ལ་ནུབ་པ་མེད་པའི་ཡི་གེ་ཞེས་འབོད། ཁྱིའུ་དབྱིབས་ཡི་གེའི་འབྱུང་ཁུངས་ཐད་ལ་བཞེད་པ་མི་མཐུན་པ་མང་པོ་མཆིས་ཏེ། ཅུང་ཚུགས་ཐུབ་ཀྱི་བཞེད་དགོངས་ནི་ཁྱིའུ་དབྱིབས་ཡི་གེའི་བྱུང་བ་མེ་སོའོ་པུའུ་དྷ་མི་ཡ་མིའི་ཉ་ལས་ཀྱི་འཚོ་ཐབས་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་རེད། གཞན་སྔོན་མའི་སུའུ་ལན་སྤྱི་ཚོགས་ཚན་རིག་ཁང་གིས་བསྒྲིགས་པའི་《འཛམ་གླིང་ལོ་རྒྱུས།》ལས་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་དཀྱིལ་དུ་ཁྱིའུ་དབྱིབས་ཡི་གེ་བྱུང་ཞིང་དེ་ནི་སྐབས་དེའི་སྤྱི་ཚོགས་སྒྲིག་གཞི་དང་སྲིད་འཛིན་དོ་དམ་དང་འབྲེལ་བ་དམ་པོར་ཡོད་པར་བསྟན་འདུག
སྤྱི་ཚོགས་ཀྱི་མེ་ལོང་སྟེ《ཧྲན་མོ་ར་བྷི་ཞལ་ལྕེ།》
        དུས་རབས་ཉི་ཤུའི་སྟོད་ཀྱི་ཆར་གནའ་རྫས་རྟོག་ཞིབ་པས་ཨི་རག་ནུབ་ཁུལ་གྱི་སོའོ་སཱ་གནའ་མཁར་དུ་རྡོའི་ཀ་བ་ནག་པོ་ཞིག་གསར་དུ་རྙེད་ཅིང་། རྗེས་ཀྱི་གནའ་རྫས་སྔོག་འདོན་ཁྲོད་གཞན་པའི་རྡོའི་ཀ་བ་དུམ་བུ་གཉིས་རྙེད། རྡོའི་ཀ་བ་དུམ་བུ་གསུམ་མཉམ་དུ་སྦྱར་ཚེ་རྡོའི་ཀ་བ་ཆེན་པོ་ཞིག་གྲུབ་པ་རེད། ཀ་བ་ཆེན་པོ་དེའི་རིང་ཚད་ལ་སྨི་2.25དང་ཞབས་ངོས་ཀྱི་སྐོར་མཐའི་རིང་ཚད་ལ་སྨི་1.9 རྩེ་མོའི་སྐོར་མཐའི་རིང་ཚད་ལ་སྨི་1.65འདུག དེ་ནི་འཛམ་གླིང་གི་ཆེས་ཐོག་མའི་ཡིག་བཀོད་ཁྲིམས་གཞུང་དུ་གྲགས་པའི《ཧྲན་མོ་ར་བྷི་ཞལ་ལྕེ།》ཞེས་པ་དེ་རེད།
        《ཧྲན་མོ་ར་བྷི་ཞལ་ལྕེ།》ནི་གནའ་བོའི་བྷ་པིས་ལོན་གྱི་རྒྱལ་རབས་དྲུག་པའི་རྒྱལ་པོ་ཧྲན་མོ་ར་བྷི་ཡིས་ཁྱབ་བསྒྲགས་བྱས་པའི་ཁྲིམས་ཡིག་ཅིག་ཡིན་ལ། ཁྲིམས་གཞུང་དེ་ནི་སྔོན་འགྲོ་དང་གཞུང་དངོས། མཇུག་བསྡུ་བ་བཅས་གསུམ་གྱིས་གྲུབ། སྔོན་འགྲོའི་ནང་དུ་ཧྲན་མོ་ར་བྷི་ནི་ལྷའི་སྤྲུལ་བ་ཡིན་པར་བསྟན་པ་དང་མཇུག་བསྡུའི་གཏམ་ནང་དུ་ཧྲན་མོ་ར་བྷ་ཡི་མཛད་རྗེས་ལ་བསྔགས་བརྗོད་བྱས་ཡོད་པ་རེད། སྐབས་ཐོག་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་རྒྱབ་ལྗོངས་མཚོན་པའི་ཁྲིམས་གཞུང་འདིར་ཁྱོན་བསྡོམས་དོན་ཚན་283ཡོད་པ་དང་། བརྗོད་དོན་གཙོ་བོ་ནི་རྒྱལ་དབང་ལྷས་གནང་བའི་ལྟ་ཚུལ་དང་བྲན་གཡོག་ཉོ་ཚོང་བྱས་ཆོག་པ་སོགས་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སྒྲིག་གཞི་མཚོན་ཡོད། མ་ལག་ཅུང་འཐུས་ཚང་བའི་ཁྲིམས་གཞུང་འདི་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་1772ལོར་བཀྲམ་པར་གྲགས་ལ། གཞུང་དངོས་ཁྱིའུ་གཟིགས་ཡི་གེ་དང་སྐུ་བརྙན་གྱིས་མཚོན་ཞིང་། ད་ལྟ་ཧྥ་རན་སིའི་ཕེ་རེས་ལུའུ་ཧྥུ་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་འདུག ཁྲིམས་གཞུང་དུ་སྤྱི་དམངས་རིགས་གསུམ་དུ་དབྱེ་ཡོད་དེ། གཅིག་ནི་སྤྱི་དམངས་ཀྱི་དབང་ཆ་ཡོད་པའི་རང་དབང་གི་མི་དང་། གཉིས་ནི་སྤྱི་དམངས་ཀྱི་དབང་ཆ་མེད་པའི་རང་དབང་གི་མི། གསུམ་ནི་བྲན་གཡོག་སྟེ་རྒྱལ་རིགས་དང་རང་དབང་སྤྱི་དམངས་ལ་དབང་བའི་བྲན་གཡོག སྤྱི་དམངས་སྒེར་ལ་དབང་བའི་བྲན་གཡོག་བཅས་གསུམ་མོ།།
སྒྱུ་རྩལ་གྱི་འོད་སྣང་སྟེ་རྩོམ་རིག་གི་རྫོགས་ལྡན་དུས་རབས།
        ཁྱིའུ་དབྱིབས་ཡི་གེ་བྱུང་བ་དང་ལྷན་དུ་རྩོམ་རིག་བརྩམས་ཆོས་དང་ལོ་རྒྱུས་དེབ་ཐེར་སོགས་རིམ་བཞིན་བྱུང་ཞིང་། རྩོམ་རིག་བརྩམས་ཆོས་ལས་ཆེས་ཐོག་མར་བྱུང་བ་ནི་ལོ་རྒྱུས་སྙན་རྩོམ་ཡིན་པར་གྲགས། ཆེས་མིང་དུ་གྲགས་ཤིང་ཆེས་བྱུང་སྔ་བ་ནི《ཨེན་མེར་ཁཱ་ལོ་རྒྱུས་སྙན་རྩོམ།》དང《ལོ་ཀེར་པན་བྷ་ལོ་རྒྱུས་སྙན་རྩོམ།》《ཅེར་གྷ་སྨེ་ཧྲི་ལོ་རྒྱུས་སྙན་རྩོམ།》སོགས་ཡིན། ལོ་རྒྱུས་སྙན་རྩོམ་འདི་དག་གི་ནང་དུ་གཙོ་བོ་རྒྱལ་པོ་དང་དཔའ་བོ་ལ་བསྟོད་བསྔགས་བྱས་ཡོད་པ་རེད། དེ་མིན་གནའ་བོའི་བྷ་པིས་ལོན་ལ་ལེགས་བཤད་བརྩམས་ཆོས་མང་པོ་ཞིག་ཀྱང་དར་ཡོད་ལ། ལེགས་བཤད་དེ་དག་ཏུ་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་རིག་གནས་དང་ཆབ་སྲིད། དཔལ་འབྱོར་འཕེལ་རྒྱས། འཚོ་བའི་གོམས་སྲོལ་སོགས་ཀྱི་ནང་དོན་འདུས། ལེགས་བཤད་དེ་དག་གི་ནང་དོན་ཕྱོགས་གསུམ་དུ་བསྡུས་ཆོག་ཏེ། གཅིག་ནི་གནའ་བོའི་མེ་སོའོ་པུའུ་དྷ་སྨི་ཡ་མིའི་ཆབ་སྲིད་འདུ་ཤེས་དང་སྤྱི་ཚོགས་ལམ་ལུགས་མཚོན་པའི་ལེགས་བཤད། གཉིས་ནི་དབུལ་བོ་དང་ཕྱུག་པོའི་འཚོ་བའི་རྣམ་པ་མཚོན་པའི་ལེགས་བཤད། གསུམ་ནི་མི་དང་མིའི་བར་གྱི་འབྲེལ་བ་མཚོན་པའི་ལེགས་བཤད་བཅས་སོ།།
        གནའ་བོའི་བྷ་པིས་ལོན་གྱི་མིང་དུ་གྲགས་པའི་ལྷ་སྒྲུང་གཏམ་རྒྱུད《ཨེ་ནོ་མཱ•ཨེ་ལེ་ཧྲི།》ནི་སོའོ་མེ་ཨེར་མི་རིགས་ཀྱི་འཇིག་རྟེན་བྱེད་པོའི་བསམ་བློ་མཚོན་པའི་བརྩམས་ཆོས་ཡིན་ཞིང་། གཙོ་བོ་ཨེ་ཨཱ་ལྷ་སྲས་དང་ལྷ་ཆེན་མཱ་ཨེར་ཡི་མཛད་རྗེས་ཞིབ་པར་བརྗོད་ཡོད། སྙན་རྩོམ་འདིར་ཁྱོན་བསྡོམས་ཚིག་ཕྲེང་སྟོང་གཅིག་ཡོད་པ་དང་སྤྱི་ལོ་སྔོན་གྱི་དུས་རབས་བཅོ་ལྔ་ནས་བཅུ་བཞིའི་བར་གྲུབ་པར་གྲགས། སྙན་རྩོམ་འདི་ནི་བྷ་པིས་ལོན་རྩོམ་རིག་ཁྲོད་ཀྱི་ཅུང་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན་པ་དང་། དེ་ལས་བྷ་པིས་ལོན་མིས་འཇིག་རྟེན་བྱེད་པོ་དང་མིའི་རིགས་ཀྱི་འབྱུང་ཁུངས་སོགས་ཀྱི་གནད་དོན་ལ་དོ་སྣང་དང་རང་བྱུང་ལ་གོང་བཀུར་བྱས་པའི་བམས་བློ་མཚོན་ཡོད་པར་མ་ཟད། གཙང་བོ་གཉིས་འབབ་ཡུལ་གྱི་རྒྱལ་སྲིད་གཅིག་གྱུར་གྱི་ལོ་རྒྱུས་བྱུང་རིམ་དང་། ལྷ་མང་དད་མོས་ནས་ལྷ་གཅིག་དད་མོས་ཀྱི་ཆོས་ལུགས་འཕོ་འགྱུར། དེ་མིན་གནའ་བོའི་བྷ་པིས་ལོན་སྤྱི་ཚོགས་མ་དབང་ལམ་ལུགས་ནས་ཕ་དབང་ལམ་ལུགས་སུ་བརྒལ་བའི་ཆབ་སྲིད་ཀྱི་འཕེལ་འགྲོས། གདོད་མའི་སྤྱི་ཚོགས་ནས་བྲན་གཡོག་སྤྱི་ཚོགས་སུ་འཕེལ་བའི་སྤྱི་ཚོགས་ཀྱི་འཕེལ་རྒྱས་སོགས་མཚོན་ཡོད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1