༄༅།། སྲོལ་རྒྱུན་སློབ་གསོ་ལེགས་ཆ་ལ་བླངས་ནས་སློབ་འབྲིང་སློབ་མའི་ཀུན་སྤྱོད་མཐོར་འདེགས་གཏོང་བའི་སྐོར་རགས་ཙམ་གླེང་བ།
དཀོན་མཆོག་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18
དཀོན་མཆོག་དོན་གྲུབ།
སློབ་འབྲིང་གི་སྐབས་ནི་སློབ་མའི་ཀུན་སྤྱོད་རྒྱུད་ལ་འབྱམས་པའི་དུས་སྐབས་གཙོ་བོ་ཞིག་ཡིན་ཏེ། སློབ་མའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལ་རྨང་གཞིའི་ཆ་ནས་ནུས་པ་འདོན་ཐུབ་པས། སློབ་གསོ་དོན་དུ་གཉེར་མཁན་ཞིག་ལ་མཚོན་ན་ཐོག་མར་ཀུན་སྤྱོད་སློབ་གསོ་གཙིགས་སུ་འཛིན་དགོས་པ་དང་། དེ་དང་མཐུན་པའི་སློབ་གསོ་བྱེད་ཐབས་ཞིག་འཚོལ་རྒྱུ་ནི་དགེ་སློབ་གཉིས་ཀར་ཕན་པའི་ལས་དོན་ཞིག་ཡིན།
དང་བོ། ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་དང་དེའི་དོན་སྙིང་།
དེང་སྐབས་རྒྱལ་སྤྱིའི་ཚན་རིག་ལག་རྩལ་དང་། ཤེས་རིག་དཔལ་འབྱོར་གོང་དུ་འཕེལ་ཞིང་ཕན་ཚུན་འགྲན་རྩོད་ཀྱི་རྣམ་པ་ཉིན་རེར་ཇེ་དྲགས་སུ་འགྲོ་བ་བཅས་སྐྱེ་དགུ་ཡོངས་ཀྱིས་འཛམ་གླིང་ཞི་བདེ་ལ་མཐའ་གཅིག་ཏུ་སྙེག་བྱེད་པའི་སྐབས་འདིར། སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཡོང་བའི་རྨང་གཞིར་གྱུར་ལ། ཀུན་སྤྱོད་ལེགས་པོ་ཞིག་ཆགས་རྒྱུ་ནི་དེའི་རྩ་བ་ཡིན་པ་ཀུན་གྱིས་ངོས་འཛིན་བྱེད་བཞིན་ཡོད། ཀུན་སྤྱོད་ལེགས་པོ་ཞིག་བསྐྱེད་སྲིང་བྱ་རྒྱུ་ནི་སྤྱི་ཚོགས་བདེ་འཇགས་དང་ཞི་བདེ་འཕེལ་རྒྱས་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ། རྒྱལ་དམངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོར་འདེགས་སུ་གཏོང་ཐུབ་ན་མི་རིགས་ཀྱི་རང་མཚན་མངོན་པར་མཚོན་ཐུབ་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་གཅིག་གྱུར་ལ་ཡར་སྐུལ་བྱེད་ཐུབ་པ་དང་། དཔལ་ཡོན་གསུམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཐུབ། རང་རྒྱལ་ལ་མཚོན་ན་བཅོས་སྒྱུར་སྒོ་འབྱེད་ཀྱི་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་རྒྱལ་དར་དམངས་ཕྱུག་གི་དཔལ་འབྱོར་གནས་ཚུལ་གནམ་ས་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པ་དངོས་ཡོད་ཀྱི་འཚོ་བ་ལས་མཐོང་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་ཀུན་སྤྱོད་བྱ་བཞག་སྣང་ཚུལ་ཅུང་ཟད་མི་བཟང་བ་དང་། ནང་སྒོས་སུ་སློབ་གྲྭའི་ན་གཞོན་མང་བོའི་བསམ་བློ་ལ་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད་དེ། དཔེར་ན། རང་ལ་བཀའ་དྲིན་ཆེ་བའི་ཕ་མ་དང་དགེ་རྒན་ལ་བརྩི་བཀུར་མེད་པ། ཁྲིམས་ཀྱིས་གཅུན་ཡང་ཚུལ་མིན་གྱི་བྱ་སྤྱོད་ཇེ་མང་དུ་འགྲོ་བ། སློབ་མ་ཉུང་བ་ཞིག་ང་རྒྱལ་ཆེ་བ། གཞན་ལ་འབྲེལ་འདྲིས་བྱེད་མི་འདོད་པ།བརྩོན་པ་ཆུང་བ། གནད་དོན་གྱི་ལེགས་ཉེས་ལ་བསམ་གཞིགས་མི་བྱེད་པ། འ་འུར་གྱི་རྗེས་སུ་འབྲང་རྒྱུར་དགའ་བ།ཆང་དང་ཐ་མག་སྤྱོད་པར་རྔམ་པ་སོགས་སྤྱོད་ངན་སྣ་ཚོགས་འགོག་ཆེད་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་རྒྱ་ཆེར་སྤེལ་བར་གལ་ཆེའི་རང་བཞིན་དང་དོན་སྙིང་ཆེན་པོ་ལྡན་འདུག་གོ །
གཉིས་པ། སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོ་ཇི་ལྟར་སྤེལ་བའི་ཐད་ཀྱི་བསམ་འཆར་འགའ།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། མི་ཆོས་ཀུན་སྤྱོད་སྐོར་གྱི་ལེགས་བཤད། བསྟན་བཅོས་སོགས་ཀུན་སྤྱོད་སློབ་གསོའི་ནང་དོན་གཞིར་བྱས། རང་རྒྱལ་གྱི་རུའུ་ལུགས་ཀྱི་སྲོལ་འབྱེད་མཁན། རླབས་ཆེ་བའི་བསམ་བློ་བ་དང་སློབ་གསོ་བ་ཆེན་མོ་ཁུང་ཙེས་མཛད་པའི་རུའུ་ལུགས་ཀྱི་གཞུང་ལས་བྱམས་པ། བདེན་པ། གུས་བཀུར། ཤེས་རིག་ཡིད་རྟོན། སྤྱོད་བཟང་བཅས་མི་གཤིས་རྣལ་མ་ཞིག་གི་དཔེ་ཚད་འཛིན་སྐོར་གྱི་ནང་དོན་དང་མིའི་འབྲེལ་བ་སྣ་ཚོགས་མཐུན་སྦྱོར་བྱ་ཆེད། སྤྱི་ཚོགས་ཀྱི་མི་ཆོས་རིག་པ་དང་ཁྱིམ་ཚང་གི་མི་ཆོས་རིག་པ་ཆ་ཚང་ཞིག་གསར་འཛུགས་བྱས་པ་དཔེར་ན། རྒྱལ་བློན་བར་ལ། བློན་པོ་རྒྱལ་བོ་ལ་བློ་དཀར་བ།རྒྱལ་བོས་བློན་པོར་ཐུགས་བརྩེ་བ། ཕ་བུའི་བར་ལ།ཕ་ལ་བྱམས་བརྩེ་དང་བུ་ལ་གུས་ཞབས། གཅེན་གཅུང་བར་ལ།ཕུ་བོས་ནུ་བོར་གཅེས་སྐྱོང་དང་ནུ་བོས་ཕུ་བོར་བརྩི་འཇོག་བྱེད་པ། གྲོགས་པོ་བར་ལ། ཕན་ཚན་ཡིད་ཆེས་བྱེད་པ་ལས་བསླུ་བྲིད་བྱ་མི་རུངབའི་སྐོར་གྱི་སློབ་གསོ་གཏོང་བ། མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་འདི་ལ་མི་རྣམས་ཀྱིས་་བརྩི་མཐོང་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་གཅིག་གྱུར་བྱས་པ་རེད། དུས་རབས་གང་འདྲ་ཞིག་ཡིན་རུང་། ཕ་མ་ལ་བསྙེན་བཀུར་བྱེད་པ་དང་། གཅེན་གཅུང་བར་ལ་བརྩེ་བ་ལྡན་པ། བཟའ་ཟླའི་བར་ལ་འགྲིག་མཐུན་བྱེད་པ། གྲོགས་ཀྱི་བར་ལ་ཡིད་ཆེས་བྱེད་པ་སོགས་སྤྱོད་ལམ་ཕུན་སུམ་ཚོགས་པ་ཞིག་ལྡན་འདུག འདིར་རང་རྒྱལ་སྤྱི་ཚོགས་རིང་ལུགས་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་འབད་འབུངས་བྱེད་པའི་སྐབས་ཀྱི་གྲུབ་ཆ་གཙོ་བོར་གྱུར་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་པའི་སྐབས་སུའང་ཁུང་ཙེའི་སློབ་གསོའི་བསམ་བློའི་འོད་ཟེར་མུ་མཐུད་དུ་འཕྲོ་བཞིན་ཡོད་དོ། དེ་ལ་བོད་མི་རིགས་རང་ལ་མཚོན་ན་དངོས་པོའི་ལོངས་སྤྱོད་ཞན་རུང་བསམ་བློའི་ལོངས་སྤྱོད་ཤིན་ཏུ་མོད། ཀུན་སྤྱོད་སློབ་གསོའི་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་པས།བྱམས་བརྩེ་དང་གཞན་ཕན། གཤིས་བཟང་གཞུང་དྲང་། རྒན་བཀུར་ཆུང་བྱམས། ལས་རྒྱུ་འབྲས་ལ་བརྩི་མཐོང་བྱེད་པ་ལ་སོགས་ཀྱི་ལེགས་བཤད་དང་བསྟན་བཅོས། དཔེར་ན། ས་སྐྱ་ལེགས་བཤད། མཁས་འཇུག དགེ་ལྡན་ལེགས་བཤད། ཆུ་ཤིང་བསྟན་བཅོས། དཔེ་ཆོས་རིན་ཆེན་སྤུངས་པ། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གཞུང་གང་མང་ཞིག་ཡོད་ལ་མི་ཆོས་ཀུན་སྤྱོད་དང་སྲོལ་རྒྱུན་ཀུན་སྤྱོད་བཟང་བོ་ལྡན་པ་ནི་ང་ཚོས་ཀུན་སྤྱོད་སློབ་གསོ་བྱེད་སྐབས་ཀྱི་བརྗོད་བྱ་བྱས་ཏེ་སློབ་གསོ་བཏང་ན། ད་གཟོད་སློབ་བུའི་ཀུན་སྤྱོད་ཐད་ལ་ཕན་འབྲས་ཐོན་པར་གདོན་མི་ཟ།
གསུམ་པ། སྔོན་ཐོན་རྒྱལ་ཁབ་ཁག་གི་ཀུན་སྤྱོད་སློབ་གསོའི་ལེགས་ཆ་སྡུད་ལེན་བྱ་དགོས།
ཧྥ་རན་སི་སོགས་ཀུན་སྤྱོད་སློབ་གསོའི་བྱ་གཞག་གོ་ལེགས་པའི་ཆ་ནང་འདྲེན་བྱས་ཏེ་སློབ་མའི་མི་ཚེའི་ལྟ་ཚུལ་དང་མིའི་ཚེའི་རིན་ཐང་ལྟ་ཚུལ་བཅས་ལ་སློབ་གསོ་གཏོང་དགོས། དཔེར་ན། ཨ་རི་ལྟ་བུ་མཚོན་ན་ཀུན་སྤྱོད་སློབ་གསོ་ལ་ཧ་ཅང་མཐོང་ཆེན་མཛད་དེ། ཨ་རིའི་སྲིད་འཛིན་ནཱ་ཀྲི་པུའུ་ཧྲི་ཉིད་ཀྱིས་《ཀུན་སྤྱོད་སློབ་གསོ་གཙིགས་འཛིན་བྱེད་པ།》ཞེས་པའི་གསུང་དེབ་ནང་སློབ་གྲྭ་ཁག་གི་རིམ་པ་ལྟར་སློབ་མའི་རིག་སྟོབས་འཕེལ་རྒྱས་གཏོང་དགོས་པ་མ་ཟད། རིག་སྟོབས་དང་ཀུན་སྤྱོད་གཤིས་རྒྱུད་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་འདི་ད་གཟོད་སློབ་གསོའི་དམིགས་བྱ་ཡིན་ཞེས་བསྟན་ཡོད། དབྱིན་ཇིས་སློབ་མའི་བསམ་བློ་ཀུན་སྤྱོད་དང་། སྤྱི་ཚོགས་ཤེས་རིག་བཅས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ་ནི་རྒྱལ་ཁབ་སློབ་ཚན་གྱི་དམིགས་ཡུལ་ཐོག་མ་དང་། སློབ་ཚན་བརྒྱུད་ནས་སློབ་མར་མུ་མཐུད་དུ་སློབ་གསོ་བྱེད་པ་ནི་སློབ་གྲྭའི་ཀུན་སྤྱོད་ཀྱི་ཐབས་ལམ་གཙོ་བོ་ཡིན། འཇར་མན་གྱིས་བསམ་བློ་དང་མི་གཤིས་གསོ་སྐྱོང་བྱེད་པའི་དམིགས་ཡུལ་ནི་ལྷ་དབང་ལ་དད་གུས་དང་ཆོས་ལུགས་དད་མོས་བྱ་རྒྱུ་ལས་གཞན། ད་དུང་རྒན་བཀུར་ཆུང་བྱམས་ཀྱི་གུས་ལུགས་ལྡན་པ། རྫུན་དང་ཕྲ་མ་སྤོང་བ། རྒྱལ་ཁབ་དང་མི་རིགས། རང་ཁྱིམ་ལ་དགའ་ཞིང་བརྩེ་བ་བཅས་ཀྱི་སློབ་གསོའི་ནང་དོན་གཏན་ཁེལ་བྱས་ཡོད། ཧྥ་རན་སི་ལ་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་གསོའི་འཆའ་གཞི་ཡོད་པ་དང་། དེའི་ཁྲོད་དུ་སློབ་གྲྭའི་སྤྱི་དམངས་ཀུན་སྤྱོད་ཐད་ཀྱི་འཆར་འགོད་འདུས་ཡོད། སྤྱི་དམངས་ཀྱི་ཀུན་སྤྱོད་དེ་ཐོག་མཐའ་བར་གསུམ་དུ་སློབ་གྲྭ་རིམ་པ་ཁག་གི་གཡོལ་ཐབས་མེད་པ་དང་ཁུར་དུ་ལེན་འོས་པའི་འགན་འཁྲི་ཡོན་པ་གཏན་ཁེལ་བྱས་ཡོད།
རང་རྒྱལ་གྱིས་དེང་རབས་དཔལ་འབྱོར་གྱི་འཕེལ་རིམ་དང་བསྟུན་ནས་ཡང་བསྐྱར་ཀུན་སྤྱོད་བྱ་གཞག་ལ་ཤུགས་སྣོན་དང་གལ་ཆེན་རང་བཞིན་བསྟན་པ་ནི་《ཀྲུང་གུང་ཀྲུང་དབྱང་གིས་སྔར་ལས་ལྷག་པར་སློབ་གྲྭའི་ཀུན་སྤྱོད་བྱ་གཞག་ཐད་ཀྱི་ལྟ་ཚུལ་འགར་ལེགས་བཅོས་བྱས་པ།》ཞེས་པ་ལས། ད་ལྟའམ་མ་འོངས་པའི་ལོ་ངོ་བཅོ་ལྔ་ལྷག་ལ་སློབ་གསོ་སྐྱོང་བྱས་ཟིན་པའི་སློབ་མ་རྣམས་ཀྱི་བསམ་བློ་ཀུན་སྤྱོད་དང་ཚན་རིག་ཤེས་བྱའི་སྤུས་ཚད་ཇི་འདྲ་ཡིན་པ་དེ། དུས་རབས་ཉེར་གཅིག་པའི་ཀྲུང་གོའི་རྣམ་པ་ལ་ཐད་ཀར་འབྲེལ་བ་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་མ་ཟད། ཏང་གི་རྩ་བའི་ལམ་ཕྱོགས་ལོ་ངོ་བརྒྱ་ལ་གཡོ་འགུལ་མི་བྱེད་པར་རྒྱུན་འཁྱོངས་བྱེད་ཐུབ་མིན་ལའང་འབྲལ་བ་ཡོད་ཅེས་བསྟན་ཡོད། གར་ལྟར་ཀྱང་ཀུན་སྤྱོད་བཟང་བོ་ཞིག་ལྡན་དགོས་པ་ནི་དོན་གཉིས་འགྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དང་ཤེས་ཡོན་ཚད་མཐོར་སླེབས་པའི་རྟགས་མཚན་ཞིག་ཡིན་པས། ང་ཚོས་ངེས་པར་དུ་འདིའི་ཐད་ཀྱི་ངོས་འཛིན་དང་སློབ་གསོར་ཤུགས་སྣོན་བྱ་དགོས།
མདོར་ན། སྤྱི་འཛམ་གླིང་ཡོངས་དང་། བྱེ་བྲག་ཏུ་རྒྱལ་ཁབ་སོ་སོ། དེ་ལས་ས་ཁུལ་སོ་སོས་སློབ་གསོ་འདི་རང་ཉིད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་པས། ལྷག་པར་དུ་རང་རིགས་ལྟ་བུའི་སྲིད་འབྱོར་རིག་གསུམ་ཅུང་རྗེས་ལུས་ཡིན་པའི་ས་ཁུལ་ལ་མཚོན་ན་འདི་ལྷག་པར་དགོས་མཁོ་ཆེ་ལ་གལ་ཆེའི་རང་བཞིན་ཡང་ལྡན་འདུག་སྙམ། ད་སྐབས་སློབ་གཉེར་བྱེད་པའི་ན་གཞོན་འདི་དག་ནི་ལྗང་མྱུག་ལྟ་བུ་ཡིན་ལ། དེ་ནི་མ་འོངས་པའི་མི་རིགས་ཀྱི་དར་རྒྱས་དང་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ཁོ་ཚོར་རག་ལས་པས། སློབ་གསོ་སྤེལ་མཁན་ཞིག་ཡིན་ཚེ། རང་ཉིད་ཀྱི་ཆ་རྐྱེན་དང་མིག་སྔའི་ཁེ་ཕན་ཙམ་ལ་མི་ལྟ་བར། ལྷག་བསམ་རྣམ་དག་གིས་སློབ་གསོའི་བྱ་བཞག་ལ་བློ་དཀར་བ་སྟེ། 《 བྱང་ཆུབ་ལམ་རིམ་ཆེན་མོ།》ལས་སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་ཞེས་གསུངས་པ་ལྟར། རང་གི་སློབ་བུ་དག་ཀུན་སྤྱོད་ལྡན་ལ་སྤྱོད་ལམ་མཛེས་པ། མི་གཤིས་བཟང་བོ་ཞིག་དང་། སྤྱི་ཚོགས་དང་མི་རིགས་བཅས་ལ་ཕན་པའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་དགོས་པ་ནི་རང་རེའི་ཕྲག་ཏུ་བབས་པའི་བླ་མེད་ཀྱི་འགན་ཡིན་པར་འདོད་དོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1