༄༅།། སློབ་ཆུང་བོད་སྐད་ཡིག་གི་སློབ་ཁྲིད་གསར་སྐྲུན་བྱེད་སྟངས།

སངས་རྒྱས་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-18


སངས་རྒྱས་སྒྲོལ་མ།


དང་པོ། སློབ་ཁྲིད་བྱེད་སྟངས་ལ་གསར་སྐྲུན་བྱེད་པ།
        “སློབ་ཆུང་སློབ་ཁྲིད་ཀྱི་དམིགས་ཡུལ་ནི་སློབ་ཆུང་སློབ་མར་སློབ་སྦྱོང་བྱེད་ཐབས་ངེས་སུ་འཇུག་པ་དང་། སློབ་སྦྱོང་གི་མོས་པ་གསོ་སྐྱོང་བྱས་པ་བརྒྱུད། སློབ་མས་རང་རྟོགས་སྒོས་སློབ་སྦྱོང་གི་ལས་སུ་ཞུགས་རྒྱུ་དེ་ཡིན།” དེ་ལྟ་ན་ཡང་། སྲོལ་རྒྱུན་གྱི་སློབ་ཐུན་འཚོགས་དུས། དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་དེ་ཧ་ཅང་ཆིག་རྐྱང་ཅན་ཞིག་ཡིན། དེ་ཡང་། གཙོ་བོ་འཁྲིད་པ་གཙོ་ཆེར་འཛིན་པ་སྟེ། དཔེར་ན། མིང་ཚིག་དང་ཀ་ཁའི་སྦྱོར་ཀློག ཚིག་གྲུབ་བཟོ་བ། སློབ་ཚན་བློར་འཛིན་པ་ལྟ་བུའི་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་འཁྲིད་པ་གཙོར་འཛིན་པ་ཡིན། འདི་འདྲའི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མའི་སློབ་སྦྱོང་གི་དགོས་མཁོ་སྐོང་མི་ཐུབ་པའི་ཁར། སློབ་མས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་འདོད་ཀྱི་མོས་པ་གསོ་སྐྱོང་བྱེད་རྒྱུར་ཡང་ཚད་བཀག་བཟོས་ཡོད། དེ་ཡང་། “སློབ་མའི་ལུས་ཁམས་དང་། སེམས་ཁམས། སྐད་བརྡའི་ནུས་རྩལ་གྱི་འཕེལ་རྒྱས་བཅས་ལ་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལྡན་ཞིང་། ནང་དོན་མི་འདྲ་བའི་སློབ་ཁྲིད་ལའང་སོ་སོར་རང་རང་གི་ཆོས་ཉིད་ཡོད་པས། སློབ་རིམ་མི་འདྲ་བའི་སློབ་མའི་ཁྱད་ཆོས་དང་སློབ་ཁྲིད་ཀྱི་ནང་དོན་མི་འདྲ་བ་གཞིར་བཟུང་ནས་འོས་འཚམ་གྱི་སློབ་ཁྲིད་ཐབས་ཇུས་སྤྱད་དེ། སློབ་མའི་སྐད་ཡིག་གི་ཡོན་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་འགྲོ་བར་སྐུལ་མ་གཏོང་བ”ནང་བཞིན། སློབ་ཁྲིད་བྱེད་སྟངས་ལ་ངེས་པར་གསར་སྐྲུན་བྱེད་དགོས། དེ་ཡང་དགེ་རྒན་གྱིས་བོད་ཡིག་ཤེས་བྱ་དང་སློབ་མའི་དངོས་ཡོད་འཚོ་བ་གཉིས་ཟུང་འབྲེལ་སྒོས། འཚོ་བའི་གྲུབ་ཆ་དང་འཁྲིད་བྱའི་ནང་དོན་གཉིས་གཞི་གཅིག་ཏུ་འདྲེས་སུ་བཅུག་ནས། འཚོ་བ་ཅན་གྱི་སློབ་ཁྲིད་བྱེད་པ་བརྒྱུད། སློབ་མར་དཔེ་ཆའི་སྟེང་གི་ཤེས་བྱ་དང་འཚོ་བ་གཉིས་ཀྱི་འབྲེལ་བ་ངེས་སུ་བཅུག་ཅིང་། སློབ་མས་སློབ་དེབ་སྟེང་བསླབས་པའི་ཤེས་བྱ་སྤྱད་ནས་འཚོ་བའི་ཁྲོད་ཀྱི་གནད་དོན་ཆུང་བ་དག་ཐག་གཅོད་བྱེད་ཐུབ་དགོས། འདི་འདྲའི་བྱེད་ཐབས་ལས། སློབ་མར་བོད་ཡིག་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་སྐྱེ་རུ་འཇུག་ཐུབ་ཅིང་། དགེ་རྒན་གྱིས་སློབ་ཁང་སློབ་མར་སྤྲད་དེ། སློབ་མས་རང་བདག་གིས་སློབ་སྦྱོང་བྱེད་པ་དང་། མཉམ་འབྲེལ་སྒོས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དེ། རྩད་གཅོད་ཞིབ་དཔྱད་ཅན་གྱི་སློབ་སྦྱོང་བྱེད་སྒོ་སྤེལ་བ་བརྒྱུད། སློབ་མ་ནི་སློབ་ཁང་དུ་སློབ་སྦྱོང་བྱེད་མི་གཙོ་བོར་འགྱུར་བ་བྱས་ཏེ། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལས་བརྒལ་བར་བྱེད་དགོས། སློབ་ཁྲིད་གསར་སྐྲུན་བྱེད་པ་དེས། དགེ་རྒན་གྱིས་སློབ་མར་འདྲི་གཞི་བཟོ་བ་དང་། སློབ་མས་སྙིང་སྟོབས་ཆེན་པོས་གཅིག་བརྟེན་གཅིག་དྲན་གྱི་བསམ་པའི་འཆར་སྒོ་སྤྱད་དེ། དོགས་འདྲི་དང་རྟོག་ཞིབ་བྱེད་པར་སྣེ་ཁྲིད་བྱས་ནས། སློབ་མས་བསམ་གཞིག་རྒྱ་ཆེར་གཏོང་བ་དང་། སློབ་མའི་སྐད་ཡིག་སྤྱོད་སྒོའི་ནུས་པ་བཅས་གོང་མཐོར་བཏང་བ་བརྒྱུད། སློབ་མས་བོད་ཡིག་གི་ཤེས་ཚོར་གོ་སྟོབས་མཐོར་འདེགས་གཏོང་དགོས།
གཉིས་པ། སློབ་ཁྲིད་ཀྱི་ནང་དོན་གསར་སྐྲུན་བྱེད་པ།
        སློབ་ཁྲིད་གསར་སྐྲུན་བྱེད་པར་དགེ་རྒན་གྱིས་དོ་ཁུར་བྱེད་ཡུལ་གཙོ་ཤོས་ནི་སློབ་ཁྲིད་ལ་གསར་སྐྲུན་བྱེད་རྒྱུ་དེ་ཡིན། དགེ་རྒན་གྱིས་སློབ་ཁྲིད་ནང་དོན་གྱི་རྨང་གཞིའི་སྟེང་དྲ་རྒྱ་སྤྱད་དེ་འབྲེལ་ཡོད་ཀྱི་ནང་དོན་གསལ་པོར་སྟོན་པ་དང་། སློབ་མའི་མཐོང་རྒྱ་སྐྱེད་པ། ཟུང་མང་པོའི་སྒོ་ནས་སློབ་མར་ཆ་འཕྲིན་གྱི་ངར་སྐྱེད་པ་བཅས་ཀྱི་སྒོ་ནས། སློབ་མས་སློབ་ཁྲིད་ཁྲོད་ཀྱི་གནད་དོན་ལ་གསལ་རྟོགས་ཟབ་མོ་དང་ཟུར་མང་པོའི་ངེས་ཤེས་ཆགས་པ་བྱེད་དགོས། དེ་དང་ཆབས་ཅིག དགེ་རྒན་གྱིས་བོད་ཡིག་སློབ་ཚན་གྱི་ནང་དོན་དང་སློབ་ཚན་གཞན་པའི་ནང་དོན་གཉིས་ཟུང་འབྲེལ་སྒོས། བོད་ཡིག་སློབ་ཚན་གྱི་ནང་དོན་ལ་གསར་སྐྲུན་བྱེད་དགོས། དེ་མིན། བོད་ཡིག་གི་སློབ་ཁྲིད་ཁྲོད་དུ། དགེ་རྒན་གྱིས་བོད་ཡིག་སློབ་ཁྲིད་ཀྱི་ནང་དོན་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས། སློབ་ཁྲིད་ཀྱི་ནང་དོན་དང་བསླབ་ཁག་གཞན་པའི་ནང་དོན་ལ་འཕྲེད་འབྲེལ་བྱས་ནས། བསླབ་ཁག་གཞན་པའི་ནང་དོན་དེ་བོད་ཡིག་སློབ་ཁྲིད་བྱེད་སྒོའི་ཁྲོད་དྲངས་ཏེ། བོད་ཡིག་སློབ་ཁྲིད་ཀྱི་ནང་དོན་དང་བསླབ་ཁག་གཞན་པའི་ནང་དོན་ལ་འཕྲེད་འབྲེལ་བྱེད་པ་དང་། སློབ་མར་བོད་སྐད་ཡིག་ནི་འཚོ་བའི་ཁྲོད་མེད་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་ངེས་སུ་བཅུག་ཐོག བསླབ་ཁག་གཞན་པར་སློབ་སྦྱོང་བྱེད་རྒྱུ་དེའང་བོད་ཡིག་དང་འབྲལ་ཐབས་མེད་པ་ཞིག་ཡིན་པ་ངེས་སུ་འཇུག་དགོས། སློབ་མར་བོད་སྐད་ཡིག་སློབ་སྦྱོང་གི་དགོས་གལ་རང་བཞིན་དང་རིན་ཐང་ཡོད་པ་ངེས་སུ་བཅུག་སྟེ། སློབ་མས་བོད་ཡིག་ལ་སློབ་སྦྱོང་བྱེད་འདོད་ཀྱི་མོས་པ་གསོ་སྐྱོང་བྱེད་དགོས། སློབ་ཁྲིད་ནང་དོན་ལ་གསར་སྐྲུན་བྱེད་པར། དགེ་རྒན་གྱིས་སློབ་མར་སྤྲོ་བ་ཡོད་པའི་ནང་དོན་དང་སློབ་མའི་དོ་སྣང་བྱེད་བཞིན་པའི་ནང་དོན་དག་སློབ་ཁྲིད་གོ་རིམ་ནང་དུ་དྲངས་ཐོག བོད་ཡིག་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། བོད་ཡིག་སློབ་ཁྲིད་ཀྱི་སྤྱི་ཚོགས་རང་བཞིན་ཁྱོན་ཡོངས་ནས་མངོན་པར་བྱེད་པ་དང་། སློབ་མའི་བོད་ཡིག་གི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བར་སྐུལ་སྤེལ་བྱེད་དགོས།
གསུམ་པ། སློབ་ཁྲིད་ཀྱི་སྐད་ཆ་གསོན་ཉམས་ལྡན་པ།
        སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་ལ་གསར་སྐྲུན་བྱེད་པར། དགེ་རྒན་གྱིས་སློབ་ཁྲིད་ཀྱི་སྐད་ཆར་གསར་སྐྲུན་བྱེད་པ་གཙིགས་སུ་འཛིན་དགོས། དགེ་རྒན་གྱིས་བོད་སྐད་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་སྐད་ཆའི་སྒྱུ་རྩལ་ཞིག་ལ་བརྩིས་ནས་ཞིབ་འཇུག་བྱེད་དགོས། དེ་མིན། སྐད་ཆའི་བཤད་སྟངས་ལ་འགྱུར་བ་བཟོས་ནས། སློབ་མའི་བོད་སྐད་ཡིག་སྦྱོང་འདོད་ཀྱི་མོས་པ་ཆགས་པར་ངར་སློང་བྱེད་དགོས།
        དེ་ཡང་། སློབ་ཁྲིད་ཀྱི་སྐད་ཆར་གསོན་ཉམས་ལྡན་པ་ཆགས་རྒྱུ་དེ། སློབ་ཆུང་སློབ་མས་སློབ་སྦྱོང་བྱེད་པར་དགོས་གལ་ཤིན་ཏུ་ཆེ། རྒྱུ་མཚན་ནི་སློབ་ཆུང་སློབ་མས་རང་ཉིད་ཀྱི་འདོད་མོས་ལྟར་སློབ་སྦྱོང་བྱེད་པས་ཡིན། གལ་ཏེ། དགེ་རྒན་གྱི་སྐད་ཆ་དེ་རྟག་པ་ཐེར་ཟུག་ཅན་དང་། རྣམ་པ་ཆིག་རྐྱང་ཅན་དུ་ཆགས་ཚེ། སློབ་མའི་སེམས་སུ་དགེ་རྒན་ནི་སྤྲོ་སྣང་མེད་པའི་མི་ཞིག་དང་། མཁྲེགས་བཟུང་ཅན་གྱི་མི་ཞིག་ཏུ་ལྟ་ཞིིང་། སློབ་མས་སྐད་ཡིག་སློབ་འདོད་ཀྱི་མོས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། གལ་ཏེ། དགེ་རྒན་གྱིས་མུ་མཐུད་ནས་རང་ཉིད་ཀྱི་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པར་བཟོ་ཐུབ་ཚེ། སློབ་མའི་སེམས་སུ་དགེ་རྒན་གྱི་སྐད་ཆའི་སྒྱུ་རྩལ་དང་ནུས་ཤུགས་ཆེ་བར་འདོད་ཁར། དགེ་རྒན་གྱི་སྐད་ཆར་དགའ་མགུ་དང་། སྤྲོ་སྣང་ཡོད་པར་སེམས་ཏེ། སློབ་མས་བོད་སྐད་ཡིག་སློབ་ཐུན་ལ་དོ་སྣང་བྱེད་ཤུགས་རིམ་གྱིས་མཐོ་རུ་འགྲོ་ངེས་ཡིན། གཞན་དུ། ཕུན་སུམ་ཚོགས་པའི་སློབ་ཁྲིད་སྐབས་ཀྱི་སྐད་ཆའི་སྒྱུ་རྩལ་གྱིས་སློབ་མའི་བསམ་གཞིག་འཕེལ་རྒྱས་ལའང་ནུས་པ་བླ་ལྷག་འདོན་ཐུབ། སློབ་ཁྲིད་སྐབས་ཀྱི་སྐད་ཆའི་སྒྱུ་རྩལ་མི་འདྲ་བ་རེ་རེས། སློབ་མར་ཚད་མི་འདྲ་བའི་ངར་སློང་བྱེད་ཐུབ་ཅིང་། སློབ་མས་ཀྱང་རིགས་མི་འདྲ་བའི་སྐད་ཆའི་གྲུབ་ཆ་དག་ངེས་སུ་བཅུག་ཐོག སློབ་མའི་བསམ་གཞིག་དང་སྐད་ཆའི་ཡོན་ཚད་ཀྱང་དགེ་རྒན་གྱི་སློབ་སྟོན་འོག་གོང་འཕེལ་འགྲོ་ངེས། དེ་བས། སློབ་ཚན་ཁྲིད་དུས་ཀྱང་གྲགས་ཅན་མི་སྣའི་གཏན་ཚིགས་ཅན་གྱི་གཏམ་སྦྱོར་དག་འོས་འཚམ་སྒོས་སློབ་ཁྲིད་ཁྲོད་སྤྱོད་པའམ། ཡང་ན། འབྲེལ་ཡོད་ཀྱི་ལོ་རྒྱུས་དང་། དགོད་བྲོའི་གཏམ་རྒྱུད་ཐུང་གྲས་སོགས་སློབ་ཁྲིད་ཁྲོད་དྲངས་པ་བརྒྱུད་དེ། སློབ་མས་བསམ་གཞིག་གཏོང་བ་དང་ཤེས་ཚད་རྒྱ་ཆེར་གཏོང་བ་ཆགས་དགོས།
        མཇུག་བསྡུ་བ།
        སློབ་ཆུང་བོད་སྐད་ཡིག་གི་སློབ་ཁྲིད་ཁྲོད་དུ། སློབ་གསོར་གསར་སྐྲུན་བྱས་པ་བརྒྱུད་ནས། སློབ་ཁྲིད་ཁྲོད་ཀྱི་གནད་དོན་དག་སེལ་དགོས་པ་དང་། སློབ་ཆུང་སློབ་མས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པའི་ངར་ཤུགས་བསྐྱེད་ནས། སློབ་མའི་གསར་སྐྲུན་གྱི་ནུས་པ་གོང་འཕེལ་གཏོང་དགོས། དེ་མིན། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་གསར་སྐྲུན་གཙིགས་སུ་བཀུར་བ་དང་། བོད་སྐད་ཡིག་གི་སློབ་ཁྲིད་ལ་གསར་སྐྲུན་བྱས་ཏེ། སློབ་ཁྲིད་ཀྱི་ནང་དོན་དང་། སློབ་ཁྲིད་ཀྱི་སྐད་ཆའི་སྒྱུ་རྩལ་སོགས་ཕུན་སུམ་ཚོགས་པར་བཏང་ནས། སློབ་མའི་སྐད་ཡིག་སློབ་འདོད་ཀྱི་མོས་པ་གསོ་སྐྱོང་དང་། ཁྱོན་ཡོངས་ནས་སློབ་མའི་སྐད་ཡིག་གི་ཡོན་ཚད་གོང་མཐོར་གཏོང་བར་སྐུལ་འདེད་གཏོང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1