བོད་ལྗོངས་སྨན་རྩིས་ཁང་གིས་ཟླ་བཅུ་པར་གནའ་དཔེ་ལེགས་སྒྲིག་གི་བྱ་བའི་མགོ་བརྩམ་རྒྱུ་རེད།
པདྨ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-21
ན་ནིང་སྨན་རྩིས་ཁང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་རྩོམ་སྒྲིག་གནང་བའི་«གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ»ལེགས་སྐྱེས་སུ་བཏེགས་ཤིང་། དེ་སྔོན་ཕོ་བྲང་དང་དགོན་སྡེ་ཁག་ཏུ་ཉར་ཚགས་བགྱིས་པའི་དཔེ་ཆ་རྩ་ཆེན་དང་། དམངས་ཁྲོད་ཀྱི་འཁྱར་བའི་མ་དཔེ་ཆིག་རྐྱང་ཅན། གསུང་རབ་རྒྱན་སྤྲས་མ། དེ་མིན་རྒྱ་ལས་འགྱུར་བའི་གནའ་དཔེ་སོགས་ཐེངས་དང་པོར་འགྲོ་བ་ཀུན་གྱི་སྤྱན་སྔར་བསྟར་པ་དང་དེའི་རིག་གཞུང་ཞིབ་འཇུག་གི་རིན་ཐང་དང་ཉར་ཚགས་ཀྱི་རིན་ཐང་ནི་འཇིག་རྟེན་དུ་མཐོང་དཀོན་པ་ཞིག་གོ། བསྟན་བཅོས་འདི་དག་ཏུ་བོད་ལུགས་གསོ་བ་རིག་པ་དང་། སྐར་རྩིས་རིག་པ། གསུང་འབུམ་བཅས་རིགས་གསུམ་ཡོད་ལ། དེའི་ཁྲོད་དུ་བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་གླེགས་བམ་83དང་། གནམ་རིག་སྐར་རྩིས་ཀྱི་བསྟན་བཅོས་གླེགས་བམ་46། གསུང་འབུམ་གླེགས་བམ་1བཅས་འདུས། གནམ་རིག་སྐར་རྩིས་ཕྱོགས་ཀྱི་བསྟན་བཅོས་གླེགས་བམ་46དེ་ནི་བོད་ལྗོངས་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ལྟེ་གནས་ཀྱི་ལས་བྱེད་པ་རྣམས་ཀྱིས་ལོ་ངོ་བཅུ་གཅིག་ལ་འབད་འབུངས་ཀྱིས་ཕྱོགས་བསྡུས་གནང་བ་ཞིག་ཡིན་པ་ལགས།
གནའ་དཔེ་དཔེ་སྐྲུན་རེ་ཞིག་རྫོགས་ཀྱང་། རྩོམ་སྒྲིག་ལས་ཀ་མིག་སྔར་ལྷག་ཡོད།
བོད་ལུགས་གསོ་བ་རིག་པ་ནི་འཛམ་གླིང་གསོ་རིག་སྲོལ་རྒྱུན་ཆེན་པོ་བཞིའི་ཡ་གྱལ་ཡིན་ཞིང་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན། དེ་རུ་གཞུང་ལུགས་འཐུས་ཚང་ཞིག་ཡོད་པ་ཀུན་གྱིས་ཁས་འཆེས་པར་ལགས་ཀྱང་། ལོ་རྒྱུས་ཀྱི་འཕེམ་རིམ་ཁྲོད་དུ་བོད་ལུགས་གསོ་བ་རིག་པའི་དཔེ་རྙིང་འཚོལ་སྡུད་དང་། ལེགས་སྒྲིག ཉར་ཚགས། ཞིབ་འཇུག་བཅས་དཀྱུས་གཅིག་ཏུ་བཀོད་པའི་ཞིབ་འཇུག་ལྟེ་གནས་ཆེན་པོ་ཞིག་བཙུགས་ནས་དེར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་སྔ་ན་མེད་པས། གསོ་རིག་བསྟན་བཅོས་ཇི་སྙེད་པ་ཞིག་ནི་རྒྱུན་འཛིན་གྱི་ཁྲོད་ནས་གཞུང་དོན་མི་གསལ་བར་གྱུར་པའམ་གནོད་སྐྱོན་ཚབས་ཆེན་ཐེབས་པའི་གནད་དོན་མི་ཉུང་བ་ཞིག་བྱུང་ཡོད། འདིར་གནོད་སྐྱོན་ཐེབས་པའི་དཔེ་རྙིང་འདི་དག་མྱུར་སྐྱོབ་བགྱི་ཆེད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་2006ལོ་ནས་བཟུང་གནའ་དཔེ་འཚོལ་སྡུད་དང་། ལེགས་སྒྲིག མྱུར་སྐྱོབ་སོགས་ཀྱི་ལས་ཀ་རྣམས་བསྒྲུབས། ཁ་སང་སྔ་དྲོར་གསར་འགོད་པ་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་དུ་བསྐྱོད་པ་དང་། གནམ་རིག་སྐར་རྩིས་ཆེད་མཁས་པ་རྣམས་ཀྱིས་གནའ་དཔེ་ལེགས་སྒྲིག་གི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་མཐོང་། ཁོང་ཚོས་འབད་བརྩོན་དེ་ལྟར་བྱེད་པ་ནི་ཕྱིན་ཆད་གནའ་དཔེ་རྩ་ཆེན་རྣམས་ཀྱི་ཚོན་པར་ལེགས་སྒྲིག་དང་དཔེ་སྐྲུན་བགྱི་དགོས་པའི་རྐྱེན་གྱིས་རེད།
ཤེས་གསལ་ལྟར་ན། གནའ་དཔེ་སྔོག་འདོན་དང་། ཞིབ་འཇུག ལེགས་སྒྲིག དཔེ་སྐྲུན་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ་ལས་བྱེད་པ་རྣམས་ཀྱིས་མ་དཔེའི་རྣམ་པ་ཅི་ལྟ་བ་བཞིན་ཕྱིར་འདོན་གནང་ཆེད་ཚོན་པར་གྱི་བྱེད་ཐབས་སྤྱད་པ་སྟེ། འཚོལ་སྡུད་གནང་ཟིན་པའི་གསོ་རིག་བསྟན་བཅོས་ཀྱི་མ་དཔེ་དེ་ཚོན་པར་བྱས་ཤིང་། གནའ་དཔེ་བཤེར་འབེབས་འཕྲུལ་ཆས་ལ་བརྟེན་ནས་ཐད་ཀར་གློག་ཀླད་སྟེང་ནས་བཤེར་འབེབས་བྱས་ཤིང་། དེ་ནས་དག་སྒྲིག་དང་། ཚོན་པར་བཟོ་བཅོས། པར་འདེབས་བཅས་རིམ་པར་བསྒྲུབས་ནས་གནའ་དཔེ་ཡིག་ཚང་གི་དངོས་ཡོད་རང་བཞིན་དང་འཐུས་ཚང་རང་བཞིན་མངོན་ཅི་ཐུབ་བགྱིས་ཡོད།
གསར་འགོད་པས་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་ནས་དཔེ་སྐྲུན་གནང་ཟིན་པའི་གནམ་རིག་སྐར་རྩིས་ཀྱི་བསྟན་བཅོས་མང་པོ་མཐོང་། འོན་ཀྱང་སྤུས་ལེགས་པའི་བསྟན་བཅོས་འདི་དག་གི་ཕག་རོལ་ན་གང་ཟག་གྲངས་མེད་ཅིག་གིས་ཉིན་མཚན་ལྟོས་མེད་ཀྱིས་ལུས་ཟུངས་འདི་རུ་བསྟིམས་པ་སུ་ཡིས་རྟོགས། བོད་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་གི་འགན་འཛིན་ཚེ་རྡོ་ལགས་ཀྱིས་“ང་ཚོས་ལས་ཀ་འདི་2006ལོ་ནས་བཟུང་མགོ་བརྩམས་པ་དང་། སྨན་རྩིས་ཁང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་དུ་སྐྱེས་སུ་བཏེགས་པ་ལགས་ན། འདིར་བཞུགས་ལྷན་རྒྱས་ནས་ཀྱང་གཟི་བརྗིད་ཅིག་ལ་བསམས་ཡོད” ཅེས་གསུངས།
ཚེ་རྡོ་ལགས་ཀྱིས་མཚམས་སྦྱོར་གནང་དོན། “མིག་སྔར་དཔེ་སྐྲུན་ལས་ཀ་རེ་ཞིག་རྫོགས་ཡོད། དེང་ཕྱིན་ཆད་ང་ཚོས་གནའ་དཔེ་འདི་དག་ཚོན་པར་བགྱིས་ནས་ལེགས་སྒྲིག་དང་དཔེ་སྐྲུན་བྱ་རྒྱུ་ཡིན། སྔོན་དཔག་ལྟར་ན་ལས་ཀ་འདི་ཟླ་10པར་དངོས་སུ་མགོ་བརྩམ་ཐུབ། དེ་མིན་ལེགས་སྒྲིག་བྱས་ཟིན་པའི་གནའ་དཔེ་འདི་དག་འོད་སྡེར་ལ་བཀོད་ནས་དྲ་རྒྱར་འཇུག་དགོས། དེ་ལྟར་ན་མི་མང་པོ་ཞིག་གིས་འདི་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་ཐུབ”ཅེས་དང་། “གནའ་དཔེ་འཚོལ་སྡུད་ལེགས་སྒྲིག་གི་ལས་ཀ་ཡང་མཉམ་འགྲོས་ཀྱིས་བསྒྲུབ་དགོས་པ་སྟེ། སྔོན་ཆད་ལག་སོན་མ་བྱུང་བའི་བསྟན་བཅོས་མང་པོ་སྔར་བཞིན་སྔོག་འདོན་བྱེད་པར་རིགས་སོ”ཞེས་གསུངས།
རྒྱུས་ལོན་བྱུང་བ་ལྟར་ན། «གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོར»བཀོད་པའི་བོད་ལུགས་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་གྱི་བསྟན་བཅོས་འདི་བཞིན་སྡུད་སྒྲིག་བྱས་པ་སྔ་ན་མ་མཆིས་པས། “གང་ཞིག་འདི་ལྟར་བསྒྲུབ་པ་ནི་བོད་ཀྱི་གསོ་བ་རིག་པའི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མི་མང་པོས་རྒྱུས་ལོན་ཤེས་རྟོགས་བྱ་རྒྱུ་དེ་ཡིན”ཞེས་གསུངས།
གནའ་དཔེ་གཅིག་ལེགས་སྒྲིག་བྱེད་པར་ཟླ་བ་གཅིག་གི་དུས་ཚོད་དགོས།
ཤེས་གསལ་ལྟར་ན། བོད་ལུགས་གསོ་བ་རིག་པའི་བསྟན་བཅོས་གང་སར་འཁྱམ་ཞིང་ཁྱབ་ཡུལ་རྒྱ་ཆེ་བས་འཚོལ་སྡུད་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་པ་སྟེ། གང་དུ་གནའ་དཔེ་སྐོར་གྱི་གནས་ཚུལ་ཕྲན་ཙམ་ཐོས་པས་ཀྱང་དེ་རུ་ངོ་བསྐྱོད་ཀྱིས་བརྟག་དཔྱད་བྱེད་དགོས་ཀྱིན་འདུག ཚེ་རྡོ་ལགས་ཀྱིས་མཚམས་སྦྱོར་གནང་དོན། “གནའ་དཔེ་འཚོལ་སྡུད་ཀྱི་བྱ་བར་དགོན་སྡེ་ཆེ་ཁག་དང་དུད་ཁྱིམ་ནང་དུ་འགྲོ་དགོས་པ་མ་ཟད། སྨན་པ་གྲགས་ཅན་དང་ཞིབ་འཇུག་པ་རྣམས་ལའང་བཀའ་འདྲི་ཞུ་དགོས”ཞེས་དང་། “ང་ཚོས་འཛམ་གླིང་ན་དཀོན་པའི་མ་དཔེ་ཆིག་རྐྱང་མ་དང་མ་དཔེ་ཡ་མེད་ཅན་མང་པོ་འཚོལ་སྡུད་བྱས་ཡོད་པ་མ་ཟད། ཁག་ཅིག་ནི་སྨན་པ་རྒན་གྲས་རྣམས་ཀྱིས་ཀྱང་མཐོང་མྱོང་མེད་པའི་སྐོར་ཡིན་པས། ཞིབ་འཇུག་གི་རིན་ཐང་བླ་ལྷག་ཏུ་ལྡན་ནོ”ཞེས་གསུངས།
ལོ་ངོ་བཅུ་ཕྲག་རིང་ཁོང་ཚོའི་ལས་ཀ་ནི་འཚོལ་སྡུད་དང་། ལེགས་སྒྲིག སྔོག་འདོན། མྱུར་སྐྱོབ་བཅས་སུ་གཞོལ་ཅིང་། འཚོལ་སྡུད་ནི་ལས་ཀ་མཐའ་དག་གི་རྨང་གཞི་སྟེ། གནའ་དཔེ་དག་དམངས་ཁྲོད་དང་དགོན་སྡེ་སོགས་སུ་འཁྱར་བས་དེ་དག་འཚོལ་ཕྱིར། ལས་བྱེད་མི་སྣ་རྣམས་ཀྱིས་བྱེད་ཐབས་སྣ་དགུ་སྤྱད་ཅིང་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བསྐྱོད། སྐབས་འགར་མི་སྒེར་གྱིས་ཉར་ཚགས་བྱས་པའི་གནའ་དཔེར་འཕྲད་སྐབས། ཚེ་རྡོ་ལགས་ཀྱིས་“ང་ཚོས་བཤེར་འབེབས་འཕྲུལ་ཆས་ཁོང་ཚོའི་ཁྱིམ་དུ་སྤར་ནས། དམངས་ཁྲོད་དུ་འཁྱར་བའི་གནའ་དཔེ་དག་ཀུན་གྱི་སྤྱན་སྔར་བསྟར་ཕྱིར་མྱུར་སྐྱོབ་ཀྱི་ལས་ཀ་དག་བསྒྲུབས་པ་ཡིན”ཞེས་གསུངས།
ཤེས་གསལ་ལྟར་ན། ཐེངས་འདིའི་འཚོལ་སྡུད་བྱ་བའི་ཁྲོད་ནས་གནམ་རིག་སྐར་རྩིས་སྐོར་གྱི་གནའ་དཔེ་རྩ་ཆེན་མང་པོ་རྙེད་པ་དང་། དེ་དག་གི་རིན་ཐང་ནི་དངོས་ནས་གཞལ་དུ་མེད། དཔེར་ན་གནམ་རིག་སྐར་རྩིས་སྐོར་གྱི་དཔེ་རྙིང་«གཟའ་སྐར་གསལ་བའི་སྒྲོན་མེ»ཞེས་པ་དང་། «སྐར་རྩིས་རིག་པ་བྱིས་པའི་འཇུག་སྒོ»སོགས་ལྟ་བུ། དེ་ཡང་གནའ་དཔེ་ཕལ་མོ་ཆེ་ནི་ཕྱག་བྲིས་ཡིན་ཞིང་འགའ་ཞིག་ནི་བརྡ་རྙིང་གིས་བཅིངས་པས་ཡིག་འབྲུ་རེ་རེ་བཞིན་དཀྲོལ་དགོས། ཞིབ་འཇུག་ཁང་གི་ཆེད་མཁས་པ་ཞིག་གིས་“སྤྱིར་བཏང་གནའ་དཔེ་གཅིག་ལེགས་སྒྲིག་བྱེད་པར་ཟླ་བ་གཅིག་གི་དུས་ཚོད་དགོས་ལ། གལ་སྲིད་དེ་ནི་བརྡ་རྙིང་གིས་བཅིངས་པ་ཞིག་ཡིན་ཚེ་དུས་ཚོད་དེ་ལས་རིང་བ་དགོས་ཀྱི་ཡོད”ཅེས་དང་། “སྤྱིར་བཏང་གི་གནས་ཚུལ་འོག་གནའ་དཔེ་གཅིག་གི་སྟེང་ལ་ཉིན་10ནས་20གཏོང་གི་ཡོད། དེ་ཡང་ང་ཚོས་གཞུང་ཧྲིལ་བོ་གོ་བ་བླངས་རྗེས་གཙོ་གནད་བཟུང་སྟེ་ལོ་ཙཱ་བྱེད་དགོས”ཞེས་གསུངས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1